གྲུབ་རྒྱལ། ཞེས་པ་ལ་ལྡེབ།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-006
Wylie title grub rgyal/ zhes pa la ldeb JKCL-KABUM-10-THA-006.pdf
Location chos kyi blo gros bka' 'bum
Volume 10, Text 6, Pages 29-32 (Folios 1a1 to 2b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People མ་གཅིག་གྲུབ་པའི་རྒྱལ་མོ་ (ma gcig grub pa'i rgyal mo)
Citation 'jam dbyangs mkhyen brtse chos kyi blo gros. grub rgyal zhes pa la ldeb. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 29-32. Bir, H.P.: Khyentse Labrang, 2012.
Genre Guru Yoga Texts - bla ma'i rnal 'byor  ·  Sadhanas - Evocation Ritual - sgrub thabs
Colophon

ཅེས་པ་འདི་ལ་རྗེ་གྲུབ་པའི་རྒྱལ་མོའི་བྱིན་རླབས་ཀྱི་མཚན་མ་ཤས་ཙམ་སྔ་ནས་ཐོབ་ཅིང་། འདིའི་སྒྲུབ་སྐོར་ས་གཏེར་ཞིག་ཡོད་སྙམ་བྱེད་ཀྱང་གསལ་ཆ་མ་བྱུང་། ཆུ་སྦྲུལ་ཧོར་ཟླ་བརྒྱད་པའི་ཚེ་ཕུར་པའི་བསྙེན་པ་སྐབས་ཀྱི་ཚེས་ཉེར་དགུའི་སྔ་ཐུན་ལ་སྐུ་ཡི་རྣམ་པ་ཉམས་ལ་གསལ་བས་རྐྱེན་བྱས་ཏེ་པདྨ་ཡེ་ཤེས་རྡོ་རྗེས་གང་ཤར་བྲིས་པ་བསྟན་འཛིན་སྐྱེས་ཆེན་རྣམས་འཆི་བདག་བདུད་ལས་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།།

ces pa 'di la rje grub pa'i rgyal mo'i byin rlabs kyi mtshan ma shas tsam snga nas thob cing /__'di'i sgrub skor sa gter zhig yod snyam byed kyang gsal cha ma byung /__chu sbrul hor zla brgyad pa'i tshe phur pa'i bsnyen pa skabs kyi tshes nyer dgu'i snga thun la sku yi rnam pa nyams la gsal bas rkyen byas te pad+ma ye shes rdo rjes gang shar bris pa bstan 'dzin skyes chen rnams 'chi bdag bdud las rgyal ba'i rgyur gyur cig__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
གྲུབ་རྒྱལ། གཟུང་འཛིན་མི་དམིགས་བསམ་བརྗོད་བྲལ། །ཀུན་སྣང་སྙིང་རྗེ་སྒྱུ་མའི་ངང་། །རང་རིག་ཧྲཱིཿདཀར་འོད་ཟེར་འབར། །འཇའ་ཟེར་ཐིག་ལེའི་ཀློང་ཆེན་པོར། །པད་དཀར་ཟླ་བ་རྒྱས་པའི་དབུས། །ཧྲཱིཿབབ་སྐད་ཅིག་དྲན་རྫོགས་སུ། །གྲུབ་པའི་རྒྱལ་མོ་སྐུ་མདོག་དཀར། །དུང་ལ་ཕོ་ཚོས་བྱུགས་འདྲ་བའི། །ཅུང་ཟད་དམར་བའི་མདངས་དང་ལྡན། །ཞི་འཛུམ་དར་དང་རིན་ཆེན་རྒྱན། །དབུ་སྐྲ་ཐོར་ཚུག་ཕྱེད་གྲོལ་ཞིང་། །པཉྩ་ལི་ཀ་དཀར་པོ་ཡི། །གཟན་གྱིས་དཀྲིས་ཤིང་ཞབས་གཉིས་ནི། །ལོང་བུ་བསྣོལ་ཞིང་ཙོག་པུའི་ཚུལ། །ཕྱག་གཡས་མདའ་དར་གཡོན་ཐུགས་ཀ །ཐོད་པ་བདུད་རྩིས་གང་བའི་དབུས། །ཚེ་བུམ་དམར་པོ་བདུད་རྩིས་གཏམས། །གནས་གསུམ་ཡིག་འབྲུས་མཚན་པ་དང་། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། ཕྲིན་ལས་ལས་བྱང་དུ་རྒྱས་འདོད་ན་མཁྱེན་བརྩེའི་ཞབས་ཀྱི་དག་སྣང་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་སྦྱར། མཆན། དམ་ཚིག་ཡེ་ཤེས་འདུ་འབྲལ་མེད། །རང་རིག་མཇལ་བའི་ཕྱག་གིས་བཏུད། །སྣང་སྲིད་ཡེ་རྫོགས་མཆོད་པ་འབུལ། །བསམ་མི་ཁྱབ་པའི་ངང་དུ་བསྟོད། །ཐུགས་ཀར་ཚེ་དཔག་མེད་མགོན་ནི། །མཉམ་བཞག་ཚེ་བུམ་ལོངས་སྐུའི་ཆས། །གོས་དཀར་ཡུམ་དང་གཉིས་མེད་སྦྱོར། །ཐུགས་དབུས་ཉི་ཟླའི་གའུ་རུ། །ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར། །སྤྱི་བོར་བླ་མ་པདྨ་འབྱུང་། །མཚོ་སྐྱེས་རྡོ་རྗེ་དཀར་དམར་མདངས། །རྡོ་རྗེ་ཐོད་པ་ཚེ་བུམ་འཛིན། །མནྡ་ར་བ་དམར་གསལ་ནི། །མདའ་དར་ཚེ་བུམ་འཛིན་དང་སྦྱོར། །ཨོཾ་བྷྲཱུྃ་བཛྲ་ཨ་ཡུ་ཥེ་ས་ར་རེ་ཤྭ་ར་རེ་ཧཱུྃ། ཞེས་གསོལ་བ་མང་དུ་བཏབ། སྐུ་ལས་འོད་འཕྲོས་འཁོར་འདས་ཀྱི། །བཅུད་བསྡུས་བླ་མར་ཐིམ་པ་དང་། །སྐུ་ལས་བདུད་རྩིའི་རྒྱུན་བབ་པས། །རང་ལུས་བདུད་རྩིའི་གང་བར་བསམ། ཨོཾ་གུ་རུ་ཨཱ་ཡུར་སིདྡྷི་ཧྲཱིཿཧཱུྃ་བྷྲཱུྃ་ཨ་མ་ར་ནི་ཛི་ཝནྟི་ཡེ་སྭཱ་ཧཱ། ཞེས་བཟླས་དབང་བླང་། ཐུགས་ཡིད་བསྲེ་ཞིང་ལྟ་བ་བསྐྱང་། རང་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་སྤྲོ་བསྡུས་སྣོད་བཅུད་ཀྱི། །སྒྲིབ་སྦྱངས་དྭངས་བཅུད་ཚུར་བསྡུས་ཤིང་། །སླར་ཡང་རྒྱལ་བ་སྲས་བཅས་ཀྱི། །བྱིན་རླབས་བསྡུ་བསྟིམ་ཕྱོགས་བཅུ་ཡི། །གདོན་གྱིས་བརྐུ་འཕྲོག་ཉམས་པ་རྣམས། །ཨ་ནྲྀཿཧྲཱིཿདང་འོད་ལྔ་ཡི། །རྣམ་པར་བསྡུས་ནས་ཐིམ་པ་དང་། །བླ་ཚེ་བཀྲག་མདངས་ཡར་བ་དང་། །འབྱུང་ལྔའི་ཁམས་ནས་ཚེ་ཉམས་གསོས། །བླ་སྲོག་བརྟན་ཅིང་རྩ་ཐིག་རླུང་། །མི་འགྱུར་བདེ་བ་ཆེན་པོར་སྨིན། །འཆི་མེད་རྡོ་རྗེའི་སྲོག་ཐོབ་བསམ། ཨོཾ་གུ་རུ་ཨ་ཡུརྫྙཱ་ན་ཧྲཱིཿབྷྲཱུྃ་ན་མོ་བྷཱ་ག་ཝ་ཏེ་ཨ་པ་རི་མི་ཏ་སོགས། ཚེ་ཡི་གཟུངས་སྔགས་འབུམ་ཕྲག་དང་། །གོང་གི་བསྙེན་སྔགས་འབུམ་ཕྲག་བཅུ། །བཟླས་པས་རྡོ་རྗེའི་སྐུ་ཐོབ་པའི། །དངོས་ཉམས་མཚན་ལྟས་བཟང་པོ་འབྱུང་། །དེ་ཚེ་དངོས་གྲུབ་སྤྱི་ལྟར་བླངས། །རྗེས་ཆོག་ཚོགས་ཀྱི་མཆོད་པ་སོགས། །འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ་ལྟར། །སྦྱར་བས་དོན་རྣམས་ཚང་བར་འགྱུར། །སྐབས་སུ་རྫོགས་པའི་རིམ་པ་ནི། །རླུང་དུག་བསལ་ཞིང་སྟོང་ར་སྒོམ། །རྩ་འཁོར་ལྔ་བསྐྱེད་འཁོར་ལོ་ལྔ། །འབྱུང་ཁམས་དྭངས་མའི་ཐིག་ལེ་སྒོམ། །བུམ་ཅན་བཟུང་ཞིང་ཐིག་ལེ་ལས། །འབྱུང་བ་སོ་སོའི་བཅུད་བསྡུས་བསྟིམ། །ལྟེ་བར་ཧྲཱི་དམར་སྤྱི་བོར་ཧཾ། །འབར་འཛག་འཕྲོ་འདུའི་བདེ་འོད་ཀྱིས། །འཁོར་འདས་བསྲེགས་བཞུས་ཐིག་ལེར་བསྟིམ། །མཐར་ནི་སྙིང་ཁའི་ཧྲཱིཿལ་བསྡུ། །མི་རྟོག་ཡེ་ཤེས་ཚེ་དཔག་མེད། །དོན་གྱི་རང་ཞལ་མངོན་སུམ་བསྐྱངས། །བོགས་འབྱིན་ནམ་མཁའི་ཟས་ཟ་དང་། །ཕྱི་རོལ་ཉི་ཟླའི་བཅུད་བསྡུས་ཏེ། །ནང་གི་ཉི་ཟླར་བསྟིམ་པར་བྱ། །ཐབས་ལྡན་རིག་མ་མཚན་ལྡན་ལ། །སྦྱོར་བས་པདྨའི་བཅུད་བསྡུས་བསྟིམ། །བྱ་བས་ལམ་གྱི་བོགས་འདོན་འགྱུར། །སྨིན་བྱེད་དབང་གི་རིམ་པ་ཡང་། །སྲོག་སྒྲུབ་དབང་ལྟར་བསྐུར་བས་འགྲུབ། ས་མ་ཡ༔ ཅེས་པ་འདི་ལ་རྗེ་གྲུབ་པའི་རྒྱལ་མོའི་བྱིན་རླབས་ཀྱི་མཚན་མ་ཤས་ཙམ་སྔ་ནས་ཐོབ་ཅིང་། འདིའི་སྒྲུབ་སྐོར་ས་གཏེར་ཞིག་ཡོད་སྙམ་བྱེད་ཀྱང་གསལ་ཆ་མ་བྱུང་། ཆུ་སྦྲུལ་ཧོར་ཟླ་བརྒྱད་པའི་ཚེ་ཕུར་པའི་བསྙེན་པ་སྐབས་ཀྱི་ཚེས་ཉེར་དགུའི་སྔ་ཐུན་ལ་སྐུ་ཡི་རྣམ་པ་ཉམས་ལ་གསལ་བས་རྐྱེན་བྱས་ཏེ་པདྨ་ཡེ་ཤེས་རྡོ་རྗེས་གང་ཤར་བྲིས་པ་བསྟན་འཛིན་སྐྱེས་ཆེན་རྣམས་འཆི་བདག་བདུད་ལས་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

Footnotes

Other Information