ཟབ་གསང་པདྨའི་ཡང་ཏིག་ལས༔ གུ་རུ་དྲག་པོའི་སྒྲུབ་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-09-TA-030
Wylie title zab gsang pad+ma'i yang tig las: gu ru drag po'i sgrub pa JKCL-KABUM-09-TA-030.pdf
Location chos kyi blo gros bka' 'bum
Volume 9, Text 30, Pages 499-507 (Folios 1a to 5a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. zab gsang pad+ma'i yang tig las gu ru drag po'i sgrub pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 499-507. Bir, H.P.: Khyentse Labrang, 2012.
Genre Sadhanas - Evocation Ritual - sgrub thabs
Cycle ཟབ་གསང་པདྨའི་ཡང་ཏིག་ (zab gsang pad+ma'i yang tig)
Deity bla ma pad+ma drag po
Recension Link Other Versions on this site: ཟབ་གསང་པདྨའི་ཡང་ཏིག་ལས༔ གུ་རུ་དྲག་པོའི་སྒྲུབ་པ༔
Colophon

ཅེས་པའང་སྔགས་རིག་འཛིན་པ་པདྨ་ཡེ་ཤེས་རྡོ་རྗེས་ལྕགས་འབྲུག་ལོར་གྲུབ་དབང་རྫོགས་ཆེན་དྲུག་པ་ཕེབས་སྐབས། རྟེན་ཁྲོད་ཀྱི་དཔའ་བོ་ལས་རབ་རྩལ་གྱི་གཏེར་བྱོན་སྐུ་ཚབ་གདན་མེད་ཀྱི་ཐུགས་ཀའི་བརྡ་ཡི་ཡི་གེའི་རྐྱེན་ལས་རིག་པའི་ཀློངས་ནས་ཤར་བ་སྟོད་ཀྱི་ཕྲིན་ལས་བྲིས་ནས་འཕྲོ་ལུས་པ། སྨད་ཀྱི་བྱང་བུ་སླར་རྣམ་རྒྱལ་ཆུ་སྦྲུལ་ཟླ་༣པའི་ཚེས་༣ལ་སྔར་གྱི་བྲིས་པ་མཐོང་རྐྱེན་གྱིས་རིག་ངོར་གསལ་བ་བཞིན་ཤར་མར་བྲིས་པ་འདིས་ཀྱང་། དམ་སྲི་རྒྱལ་འགོང་གི་གདོན་པ་ཐམས་ཅད་ཞི་ཞིང་། བསྟན་དང་དེར་འཛིན་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

ces pa'ang sngags rig 'dzin pa pad+ma ye shes rdo rjes lcags 'brug lor grub dbang rdzogs chen drug pa phebs skabs/__rten khrod kyi dpa' bo las rab rtsal gyi gter byon sku tshab gdan med kyi thugs ka'i brda yi yi ge'i rkyen las rig pa'i klongs nas shar ba stod kyi phrin las bris nas 'phro lus pa/__smad kyi byang bu slar rnam rgyal chu sbrul zla 3pa'i tshes 3la sngar gyi bris pa mthong rkyen gyis rig ngor gsal ba bzhin shar mar bris pa 'dis kyang /__dam sri rgyal 'gong gi gdon pa thams cad zhi zhing /__bstan dang der 'dzin dar zhing rgyas pa'i rgyur gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཟབ་གསང་པདྨའི་ཡང་ཏིག་ལས༔ གུ་རུ་དྲག་པོའི་སྒྲུབ་པ་བཞུགས༔ གྷ་ཉ་ཐཱ་དྷ་ཐཱི༔ གཉིས་མིན་གཉིས་སུ་སྣང་བ་ལས༔ བདག་ཉིད་གདུལ་དཀའི་འགྲོ་བ་རྣམས༔ གདུལ་ཕྱིར་ཡང་གསང་དྲག་པོ་ཡི༔ སྒྲུབ་པ་གནད་ཀྱི་སྙིང་པོ་བསྟན༔ ཨཿཆོས་ཀུན་དམིགས་མེད་སྟོང་པའི་ངང་༔ སྙིང་རྗེ་སྒྱུ་མའི་རང་རྩལ་ལས༔ རིག་པ་ཧཱུྃ་དམར་མེ་འོད་འཕྲོ༔ ནམ་མཁའི་དབྱིངས་སུ་དལ་གྱིས་བྱུང་༔ དེ་ཉིད་ལས་འཕྲོས་ཨེ་ཡྃ་རྃ༔ བྃ་དང་སུྃ་བྷྲཱུྃ་ཆད་པ་ལས༔ འབྱུང་ལྔ་རིམ་བརྩེགས་རི་རབ་སྟེང་༔ རྡོ་རྗེའི་སྲུང་འཁོར་ཡངས་པའི་དབུས༔ དྲག་པོའི་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་འཁོར་ལོ་རྩིབས་བཞིའི་དབུས༔ པད་ཉི་རྒྱལ་བསེན་ཕོ་མོ་རྣམས༔ བྱི་ཆིངས་བསྣོལ་བའི་གདན་གྱི་སྟེང་༔ ཧཱུྃ་བབས་སྤྲོ་བསྡུའི་སྦྱོར་བ་ལས༔ པདྨ་དྲག་པོ་དམར་ནག་འབར༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་༔ དུང་ཁྲག་འཛིན་ཅིང་སྐུའི་གནས་ལྔར༔ སངས་རྒྱས་པདྨ་རྡོ་རྗེ་དང་༔ རིན་ཆེན་ལས་ཀྱི་ཁྲོ་བོ་ལྔ༔ རྣམ་པ་སྡིག་པ་རིགས་ཀྱི་མདོག༔ འཇིགས་སུ་རུང་བའི་ཚུལ་གྱིས་རྔམ༔ སྐུ་ལ་དུར་ཁྲོད་དཔལ་ཆས་དང་༔ རྡོ་རྗེ་ལྕགས་སྡིག་རྒྱན་གྱིས་བརྒྱན༔ བསྐལ་མེ་འཁྲུགས་པའི་ཀློང་དུ་བཞུགས༔ ཡུམ་མཆོག་མཐིང་འོད་འབར་མ་ནི༔ སྔོ་སྐྱ་པདྨ་ཐོད་ཁྲག་སྟོབས༔ ཁྲོ་མོའི་ཆས་ལྡན་ཡབ་ལ་འཁྲིལ༔ རྩིབས་བཞིར་ཤར་དུ་གསང་བའི་བདག །སྔོ་ནག་རབ་ཁྲོས་རྡོ་དྲིལ་འཁྲོལ༔ པད་ཉི་དྲེགས་པའི་གདན་ལ་རོལ༔ ལྷོ་རུ་འཇམ་དཔལ་གཤིན་རྗེའི་གཤེད༔ སེར་ནག་འཁོར་ལོ་བེ་ཅོན་འཛིན༔ པད་ཉི་ཆུ་གླང་སྟེང་ན་འགྱིང་༔ ནུབ་ཏུ་རྟ་མགྲིན་དམར་ནག་ནི༔ པདྨ་ཐོད་དབྱུགས་ཞགས་པ་འཛིན༔ པད་ཉི་ཀླུ་བརྒྱད་གདན་ལ་རོལ༔ བྱང་དུ་ཡཀྴ་མེ་དབལ་ནག༔ ཐོ་བ་དང་ནི་ལྕགས་ཀྱུ་འཛིན༔ པད་ཉི་གནོད་སྦྱིན་གདན་ལ་རོལ༔ ཀུན་ཀྱང་དུར་ཁྲོད་དཔལ་ཆས་རྫོགས༔ མེ་དཔུང་འབར་བའི་ཀློང་ན་བཞུགས༔ གནས་གསུམ་ཡིག་འབྲུས་མཚན་པ་ལས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་གྱུར༔ སྔོན་བསྐལ་མ་ཡི་སྤྱན་འདྲེན་དང་༔ ཧཱུྃ་ཧཱུྃ༔ འོག་མིན་མེ་རི་འབར་བའི་ཞིང་༔ དུར་ཁྲོད་ཆེན་པོའི་གཞལ་ཡས་ནས༔ པདྨ་དྲག་པོ་གཤེགས་སུ་གསོལ༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ བཛྲ་ས་མཱ་ཛཿསྤྱན་འདྲེན་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿརྔམ་བརྗིད་རོལ་པའི་གཞལ་ཡས་སུ༔ དམ་ཡེ་འདུ་འབྲལ་མེད་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ རང་ལས་སྤྲུལ་པས་བརྡ་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པས་མཆོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ནས། སྤཪྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ རྡོ་རྗེའི་གླུ་ཡིས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿངོ་བོ་འོད་གསལ་རང་བྱུང་པདྨ་འབྱུང་༔ གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུར་བསྟན་པ༔ རིག་འཛིན་བླ་མ་པདྨ་དྲག་པོ་ལ༔ གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཛབ྄་ཀྱི་ཐུགས་དམ་བསྐུལ་བ་ནི༔ གཙོ་མཆོག་པདྨ་ཧེ་རུ་ཀའི༔ ཐུགས་ཀློང་པདྨ་འབྱུང་གནས་ཀྱི༔ ཐུགས་དབུས་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧཱུྃ་དམར་སྔགས་ཀྱིས་བསྐོར༔ འོད་འཕྲོས་བདག་གཞན་དོན་གཉིས་བྱས༔ དྲེགས་ཚོགས་མ་ལུས་དབང་དུ་སྡུད༔ སྣོད་བཅུད་པདྨ་དྲག་པོ་ཡི༔ དཀྱིལ་འཁོར་གསུམ་གྱི་ངོ་བོར་རྫོགས༔ ཨོཾ་ཨཱཿཧཱུྃ་ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝཱ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་རྦད༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ལ༔ དགོངས་པ་མི་འགྱུར་གཟེར་གྱིས་གདབ༔ དེས་ནི་དྲག་པོ་འགྲུབ་པར་འགྱུར༔ ས་མ་ཡ༔ རྗེས་ཀྱི་ལས་རིམ་ཚོགས་མཆོད་ནི༔ ཐབས་ཤེས་རྫས་རྣམས་བཟང་དུ་བཤམས༔ རྃ་ཡྃ་ཁྃ༔ སྣོད་ནི་བདེ་ཆེན་ཀ་པཱ་ལར༔ བཅུད་ནི་ཤ་ལྔ་བདུད་རྩི་ལྔ༔ རིགས་ལྔ་ཡེ་ཤེས་ལྔའི་ངོ་བོ༔ ཚོགས་མཆོད་འདོད་ཡོན་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ཞིང་རྣམས་སྤྱན་འདྲེན་པ༔ ཧཱུྃ་ཧྲཱི༔ འོག་མིན་གསང་བ་ཆེན་པོའི་ཞིང་༔ པདྨ་དྲག་པོའི་གཞལ་ཡས་ནས༔ མ་ཧཱ་གུ་རུའི་ལྷ་ཚོགས་རྣམས༔ འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡ་ཛ་ཛ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ ཨོཾ་ཨཱཿཧཱུྃ༔ བཟའ་བཅའ་བཏུང་བ་ཕུན་སུམ་ཚོགས༔ འདོད་ཡོན་མཆོད་པའི་སྤྲིན་འཕྲོ་བ༔ དྲག་པོའི་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོད་བཞེས་དབང་དང་དངོས་གྲུབ་སྩོལ༔ སརྦ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་པས་བཤགས་པ་བྱ་བ་ནི། ཧོཿཚེ་རབས་ཐོག་མེད་ནས་བསགས་པའི༔ སྡོམ་དང་དམ་ཚིག་ཉམས་ཆགས་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཉེས་ལྟུང་བྱང་ཞིང་དག་པར་མཛོད༔ ས་མ་ཡ་ཤུདྡྷེ་ཨ་ཨ་ཨ༔ ཐ་མ་བསྒྲལ་ཞིང་བསྟབ་པ་ནི༔ ཨེ་ལས་ལྕགས་སྒྲོམ་མེ་རླུང་འཁྲུགས༔ འཇིགས་ཤིང་སྐྱི་གཡའི་ནང་ཁོངས་སུ༔ ལིངྒ་དགྲ་བགེགས་དངོས་སུ་གསལ༔ རྣམ་ཤེས་གཟུགས་ཕུང་རྟེན་ལ་དགུག༔ ནྲྀ་ཏྲི་ཨ་ན་ཡ་ཛཿཧཱུྃ་བྃ་ཧོཿཧཱུྃ༔ བདག་ཏུ་འཛིན་པའི་རྒྱལ་འགོང་ཚོགས༔ བདག་མེད་རྡོ་རྗེ་ཕུར་པས་བཏབ༔ རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྲུན༔ གཟུགས་ཕུང་དུམ་བུར་གཏུབ་པར་བྱ༔ ཨོཾ་པདྨ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤཱ་ཏཱུཾ་མཱ་ར་ཡ་རྦད༔ ཙིཏྟ་གཏབ་གཏུབ༔ མྱོག་མྱོག༔ སོད་སོད༔ བསྒྲལ་བའི་ལིང་རོ་ཞལ་དུ་བསྟབ༔ ཧཱུྃ༔ དྲག་པོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་གཟུགས་ཕུང་ཤ་ཁྲག་རུས༔ ལྷག་མ་མེད་པར་སྟོབ་པར་བྱ༔ རྔམ་བརྗིད་འབར་བའི་ཞལ་དུ་བཞེས༔ པདྨ་ཤྲཱི་ཧེ་རུ་ཀ་དགྲ་བགེགས་ལྔ་ཕུང་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྣལ་འབྱོར་ཕོ་མོ་བརྡ་ལེན་གྱི༔ ཚོགས་རྫས་བདག་ལུས་བདུད་རྩིའི་མཆོད༔ དམ་ཚིག་ལྡན་པའི་ལྷག་མ་ལ༔ དཔལ་གྱི་ཕམ་ཕབ་བསྣན་བྱས་ཏེ༔ ཞལ་ཆབ་འབར་བའི་ཕྱག་རྒྱས་བཏབ༔ པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱི༔ ཕཻཾ་ཕཻཾ༔ བྷྱོཿལྷག་ལ་དབང་བའི་བཀའ་ཉན་ཚོགས༔ རྡོ་རྗེའི་གར་སྟབས་དང་བཅས་ཏེ༔ རྣལ་འབྱོར་ཕུད་ལྷག་འདི་བཞེས་ལ༔ ཧེ་རུ་ཀ་ཡི་དམ་མ་འདའ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཧོཿཔདྨ་དྲག་པོའི་དཀྱིལ་འཁོར་དུ༔ ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས༔ ཡེ་ཤེས་སྣང་བ་རབ་རྒྱས་ནས༔ དྲག་པོའི་གོ་འཕང་མྱུར་ཐོབ་ཤོག༔ རྒྱུད་གསུམ་དྲེགས་པའི་ཚོགས་རྣམས་ལ༔ གཏོར་མ་སྦྱིན་ཞིང་ཐ་ཚིག་བསྒྲགས༔ ཧཱུྃ་ཧྲཱིཿཐོག་མ་བར་དང་ཐ་མའི་དུས༔ རྒྱུད་གསུམ་དམ་ཅན་དྲེགས་ཚོགས་རྣམས༔ དབང་གི་རྒྱལ་པོ་པདྨ་ཡིས༔ དབང་དུ་བསྡུས་ཤིང་དམ་ལ་བཏགས༔ ཐ་ཚིག་བསྒོ་བ་ཇི་བཞིན་དུ༔ ཤ་ཁྲག་མཆོད་གཏོར་འདི་བཞེས་ལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབ༔ ཟབ་གསང་བསྟན་པ་རྒྱས་པར་མཛོད༔ ཤྲཱི་དྷརྨ་པཱ་ལ་ནི་དྷི་པཱ་ཏི་སརྦ་ས་མ་ཡ་བཛྲ་རཀྵནྟུ༔ ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ བཤལ་ཆུས་བོད་སྐྱོང་བརྟན་མ་མཆོད༔ བྷྱོ༔ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་༔ མ་སྲིང་བརྟན་མ་བཅུ་གཉིས་རྣམས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད༔ མ་མ་བ་ལིཾ་ཏ་ཁཱ་ཧིཿདངོས་གྲུབ་གཉན་པོ་གསོལ་བ་ནི༔ ཧོཿཔདྨ་དྲག་པོའི་ལྷ་ཚོགས་རྣམས༔ དེང་འདིར་བསྙེན་ཅིང་སྒྲུབ་ལགས་ན༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ མི་གནས་ཡེ་ཤེས་གསང་བ་གསུམ༔ དེང་འདིར་འགྲུབ་པའི་དངོས་གྲུབ་སྩོལ༔ སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ དངོས་གྲུབ་བདུད་རྩིར་རོལ་གར་བྱ༔ མཆོད་ཅིང་བསྟོད་ལ་ནོངས་པ་བཤགས༔ དཀྱིལ་འཁོར་ལྷ་ཚོགས་སྒྲུབ་པ་ལ༔ འགལ་འཁྲུལ་ཉེས་པའི་སྐྱོན་རྣམས་ཀུན༔ སྙིང་ནས་འགྱོད་པས་བཤགས་པར་བགྱི༔ དག་ཅིང་ཚངས་པ་སྩལ་དུ་གསོལ༔ ས་མ་ཡ་ཨ་ཨ་ཨ༔ ལྷར་སྣང་བསྡུ་ཞིང་གསལ་བ་ནི༔ སྣང་སྲིད་དཀྱིལ་འཁོར་ལྷ་ཡི་ཚོགས༔ འོད་གསལ་གཉུག་མའི་དབྱིངས་སུ་ཐིམ༔ སླར་ཡང་སྣང་གྲགས་རིག་པའི་དབྱིངས༔ དྲག་པོའི་སྐུ་གསུང་ཐུགས་སུ་ཤར༔ དགེ་བ་བསྔོ་ཞིང་ཤིས་པ་བརྗོད༔ ཧོཿདུས་གསུམ་བསགས་པའི་དགེ་ཚོགས་ཀུན༔ དམིགས་མེད་ཆོས་དབྱིངས་ཆེན་པོར་བསྔོ༔ ཟུང་འཇུག་པདྨ་དྲག་པོ་ཡི༔ གོ་འཕང་དམ་པ་མྱུར་ཐོབ་ཤོག༔ ཨོཾ༔ བྱིན་རླབས་ཆར་འབེབས་བླ་མ་དང་༔ དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ༔ ཕྲིན་ལས་སྒྲུབ་མཛད་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མའི་བཀྲ་ཤིས་ཤོག༔ ནེ་ལྟར་པདྨ་དྲག་པོ་ཡི༔ ཕྲིན་ལས་བྱང་བུ་འདི་ཉིད་ཀྱང་༔ རིག་འཛིན་བླ་མའི་བརྡར་བརྟེན་ནས༔ སྐལ་ལྡན་སྐྱེས་བུའི་སྙིང་ལ་སད༔ ལས་ཆེན་འགའ་ཡི་དོན་དུ་འགྱུར༔ ས་མ་ཡ༔ ཅེས་པའང་སྔགས་རིག་འཛིན་པ་པདྨ་ཡེ་ཤེས་རྡོ་རྗེས་ལྕགས་འབྲུག་ལོར་གྲུབ་དབང་རྫོགས་ཆེན་དྲུག་པ་ཕེབས་སྐབས། རྟེན་ཁྲོད་ཀྱི་དཔའ་བོ་ལས་རབ་རྩལ་གྱི་གཏེར་བྱོན་སྐུ་ཚབ་གདན་མེད་ཀྱི་ཐུགས་ཀའི་བརྡ་ཡི་ཡི་གེའི་རྐྱེན་ལས་རིག་པའི་ཀློངས་ནས་ཤར་བ་སྟོད་ཀྱི་ཕྲིན་ལས་བྲིས་ནས་འཕྲོ་ལུས་པ། སྨད་ཀྱི་བྱང་བུ་སླར་རྣམ་རྒྱལ་ཆུ་སྦྲུལ་ཟླ་༣པའི་ཚེས་༣ལ་སྔར་གྱི་བྲིས་པ་མཐོང་རྐྱེན་གྱིས་རིག་ངོར་གསལ་བ་བཞིན་ཤར་མར་བྲིས་པ་འདིས་ཀྱང་། དམ་སྲི་རྒྱལ་འགོང་གི་གདོན་པ་ཐམས་ཅད་ཞི་ཞིང་། བསྟན་དང་དེར་འཛིན་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

Footnotes

Other Information