གཉགས་ལུགས་ཐུགས་དམ་ཕུར་གཅིག་མའི་དམར་ཆེན་གཏོར་ཟློག་གི་ལས་རིམ་རྡོ་རྗེའི་སྒྱོགས་ཆེན།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-009
Wylie title gnyags lugs thugs dam phur gcig ma'i dmar chen gtor zlog gi las rim rdo rje'i sgyogs chen JKCL-KABUM-06-CHA-009.pdf
Location chos kyi blo gros bka' 'bum
Volume 6, Text 9, Pages 111-158 (Folios 1a1 to 24b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. gnyags lugs thugs dam phur gcig ma'i dmar chen gtor zlog gi las rim rdo rje'i sgyogs chen. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 111-158. Bir, H.P.: Khyentse Labrang, 2012.
Genre Activity Practices - las tshogs  ·  Averting or Dispelling Rites- zlog pa  ·  Torma-offering Rituals - gtor chog
Deity rdo rje phur pa
Colophon

།ཅེས་པའང་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་གཟིགས་ལས་ཐོག་མའི་སྣོད་ལྡན་དུ་དབུགས་དབྱུང་ཞིང་རྒྱལ་ཀུན་ཕྲིན་ལས་སྤྱི་དཔལ་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པ་ཕྲིན་ལས་རིགས་མཆོག་གྲུབ་པའི་སྡེའམ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བགྱིས་པ་འདིས་ཀྱང་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་བར་ཆད་མེད་པར་བགྲོད་པའི་རྒྱུར་གྱུར་ཅིག །།།

/ces pa'ang gter chen bla ma thams cad mkhyen gzigs las thog ma'i snod ldan du dbugs dbyung zhing rgyal kun phrin las spyi dpal mkhyen brtse'i dbang po'i mtshan gyi byin rlabs thob pa phrin las rigs mchog grub pa'i sde'am/__'jam dbyangs chos kyi blo gros zhes pas rdzong gsar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du bgyis pa 'dis kyang 'gro kun dpal he ru ka'i go 'phang bar chad med par bgrod pa'i rgyur gyur cig__///

1 Texts in this Section (sde tshan or chos tshan)

[edit]
༄༅། །གཉགས་ལུགས་ཐུགས་དམ་ཕུར་གཅིག་མའི་དམར་ཆེན་གཏོར་ཟློག་གི་ལས་རིམ་རྡོ་རྗེའི་སྒྱོགས་ཆེན་ཞེས་བྱ་བ་བཞུགས་སོ། ། ན་མཿབཛྲ་ཀུ་མཱ་རཱ་ཡ། ཁྲོ་རྒྱལ་ཀུན་གྱི་ཕྲིན་ལས་སྟོབས་འདུས་པ། །རྡོ་རྗེ་སྲིན་པོ་གཏུམ་ཆེན་འཇིགས་པའི་སྐུ། །བཞད་པའི་ང་རོས་ས་གསུམ་དངངས་བྱེད་པ། །བླ་མ་དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད། །གང་དེའི་སྒྲུབ་ཐབས་རིགས་མཆོག་འབུམ་སྡེའི་སྲོག །པཎ་ཆེན་བི་མའི་ཐུགས་ཀྱི་བཅུད་ཕྱུངས་ནས། །གཉགས་ཆེན་ཛྙཱ་ནར་གདམས་པའི་ཟབ་ཏིག་གི། སྨད་ལས་ཟློག་པའི་སྒྱོགས་ཆེན་འདིར་དབྱེ་བྱ། དེ་ལ་འདིར་གཉགས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་ལ་རྣམ་པ་བཞིའི་བྱེ་བྲག་གདུལ་བྱ་ཞེ་སྡང་དང་སྤྲོས་པ་ཅན་དགྲོལ་བ་བསྐྱེད་རིམ་སྲིད་པ་ཕུར་བུའི་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། མཚན་མ་རྫས་ཀྱི་ཕུར་བུས་སྨད་ལས་དགྲ་བགེགས་བསྒྲལ་བའི་སྒྲུབ་ཐབས་གཉིས་ཀྱི་བྱེ་བྲག་ལས་ཁ་ཚར་གྱི་སྒྲུབ་ཐབས་འབྱུང་བའི་བསྟན་བྱའི་གཙོ་བོ་དམར་ཆེན་གཏོར་ཟློག་གི་ལས་རིམ་ཁྲིགས་བསྡེབས་སུ་བཀོད་པ་ལ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྒྲུབ་པ་པོ་དབང་ཐོབ་དམ་ཚིག་ལ་གནས་ཤིང་ལྟ་བའི་གདེང་དང་ལྡན་ཞིང་བསྙེན་སྒྲུབ་ཀྱི་དྲོད་ཐོབ་པས། ཐ་ཆུང་བཞིའི་དམར་ཕྱོགས་ཟད་པའི་དུས་ཉི་མ་ལྷོ་བགྲོད་སོགས་གཉན་ལ་རྩུབ་པའི་དུས་སུ་དུར་ཁྲོད་སོགས་དྲག་པོའི་སའམ། ཡིད་མཐུན་གྱི་གནས་ཁང་རྒྱན་དང་བཀོད་པས་མཛེས་པ་བྱི་དོར་བྱས་པའི་གུང་དུ་རྡོ་རྗེ་ཕུར་པའི་སྐུ་བཀྲམ་པའི་མདུན་སྟེགས་སུམ་རིམ་གྱི་དང་པོ་ལ་གཞུང་མཐུན་གྱི་རྟེན་གཏོར། སྟེགས་བར་མར་བསྐང་གཏོར་དང་མཆོད་གཏོར་དཔལ་བཤོས་འཁོར་བཅུ་ཅན། གཡས་གཡོན་དུ་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་སྤྱི་དང་བྱེ་བྲག་གི་མཆོད་གཏོར། ཆད་བརྟན། གཏེར་གཞི། སྨན་རཀ་རྫས་ལྡན། སྟེགས་མཐའ་མར་དྲག་པོའི་ཉེར་སྤྱོད། ཉིན་རེ་བཞིན་འབུལ་གཏོར་བཅས་ཕྲེང་ཚར་དུ་བཤམ། དེའི་མདུན་དུ་སྟེགས་གྲུ་བཞི་མཐོ་བར་ཞིང་ངམ་གཅན་གཟན་ལྤགས་པས་བཀབ་པའི་སྟེང་རྡུལ་ཚོན་གྱིས་མ་ཏྲཾ་གྱི་ཁོག་པར། ཆོས་འབྱུང་མཐིང་ནག་རྩེ་མོ་དཀྱིལ་འཁོར་གྱི་ལྷོར་བསྟན་པའི་དབུས་སུ་དྲག་པོ་མཚོན་ཆའི་འཁོར་ལོ་སྔོ་ནག་རྩིབས་བཅུ་པ། བར་མཚམས་ཕྱོགས་མདོག་གམ་མཐིང་ནག་བྱས་པ་དེའི་ལྟེ་བར་གྲུ་གསུམ་མཐིང་ནག་ཁ་ཁྱེར་ལ་རྡོ་རྗེས་མཚན་པའི་དབུས་སུ་རྡོ་རྗེ་སྔོན་པོར་གདེངས་པ་བྲི། དེའི་སྟེང་ལྕགས་སྣོད་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གི་ཆུས་སྦྲུས་པའི་ཟོར་གཏོར་ཐོག་མདེལ་གྱི་དབྱིབས་ཅན་ཁྲུ་གང་ལས་མི་ཆུང་བ། དེ་ལས་སུམ་ཆས་དམན་པའི་འཁོར་རང་འདྲ་བཅུས་བསྐོར། དེའི་གཡས་གཡོན་དུ་གཏོར་ཆུང་གཉིས་རེ་སྟེ་ཉི་ཤུ། དེའི་མཐའ་སྐོར་དུ་ཤྭ་ན་མ་བཞི་ལ་དམར་གཏོར་བཞི། བསེན་མོ་བཞི་ལ་ཁྲག་ཞག་འོ་མ་མར་ཁུའི་མཚོ་བཞིའི་གཟུགས། རེ་མ་ཏི་བཞི་ལ་དམར་གཏོར་སྙིང་གིས་མཚན་པ་བཞི། སྒྲོལ་གིང་གསུམ་ལ་དཔུང་རོང་གསུམ། བར་རྣམས་དབང་ཕྱུག་སོགས་བཀའ་སྡོད་ལ་ཁྲག་ཀྱུ་ཁ་ཕྱིར་བསྟན་གྲངས་མེད་ཀྱིས་བསྐོར་ཞིང་གཏམས། མཚེ་རྩང་ནང་ཁྲོལ་སོགས་དྲག་རྒྱན་གྱིས་རྔམས་པར་བྱས་ལ་སྐུ་ཙཀ་དང་དར་གདུགས་ཀྱིས་བརྒྱན། སྒོམ་བཞི་མཚོན་པའི་རྩང་ཕུར་ལས་བཞིའི་དབྱིབས་ཅན་སོ་སོའི་སྔགས་བྱང་། ཡུངས་ཀར། རིན་ཆེན་ཕྱེ་མ། མེ་ཏོག་དམར་པོ། དུག་སྣའི་ཐུམ་བུ་ཅན་ཕྱོགས་བཞིར་བཙུགས། ལྟས་ངན་དམིགས་ཀྱི་ཟློག་པ་དང་འབྲེལ་ན་ཕྲ་ཐབས་ཀྱི་ཕུར་ཟློག་སེང་ལྡེང་ངམ་སྐྱེར་པའི་ཕུར་པ་སོར་བཞི་པའི་མགུལ་དུ་ཡུངས་ཀར་ཁྲག་གིས་སྦགས་པར་རང་སྔགས་བཟླས་པའི་ཤམ་བུ་གདགས། དབལ་རྩེར་རཀྟ་བྱུགས་ཤིང་བྷྱོ་ཟློག་བྲི། འཆང་བཟུང་ལ་རང་སྔགས་དུག་ཁྲག་གིས་བྲིས་པའི་བྱང་བུས་དཀྲིས་པ་ཕྱོགས་རེར་གཉིས་གཉིས་ཏེ་ཉི་ཤུ་ཕུར་གདན་ལ་བཙུགས་པས་བསྐོར། དེའི་ཕྱིར་འབྱུང་བཞི་གཡོ་འཁྲུག་དང་ཡམས་ནད་སོགས་ཆགས་ཆེ་ཉམ་ངའི་ཚོགས་བཀའ་སྡོད་ཀྱི་ཟློག་པའི་དོན་དུ་ཕུར་པའི་ཟོར་ཀོང་ཕྱི་རོ་སོལ་གྱིས་བྱུགས་པའི་ནང་དུ་དུག་ཁྲག་བླུག་པ་དྲག་པོའི་རྩང་ཕུར་གསུམ་རེས་མཚན་པ་བཞི་བཅུས་བསྐོར་བ་བཅས་འདུ་བྱ། ལྟས་ངན་དང་ཡམས་རིམས་སོགས་དམིགས་གསལ་མེད་ན་ཕྲ་ཐབས་དང་བཀའ་སྡོད་ཀྱི་ཟློག་པ་མ་སྦྱར་ཡང་ཆད་སྐྱོན་མེད། གང་ལྟར་ཡང་ཟོར་མཐར་དུག་ཆུའི་ཨརྒྷཾ་སོགས་དྲག་པོའི་ཉེར་སྤྱོད་གཡོན་བསྐོར་དུ་བཤམ་གཞན་ཡང་ལྕགས་ཧོམ་དུ་ལིངྒ། གསེར་སྐྱེམས། ལྕགས་ཀྱུ་སོགས་བཞི། སྒྲོལ་གྲི། ཐོ་གཏུན། ཧོམ་གཟར་སོགས་གདབ་ཁའི་ཆས་དང་། དཀར་བགེགས། ཚོགས་མཆོད་སོགས་དང་། སློབ་དཔོན་གྱི་མདུན་གདབ་ཕུར། གཡབ་དར། རོལ་མོའི་རིགས་བཅས་འདུ་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་བཟླས་ཏིང་འཛིན་གྱི་རྫོང་བཅའ། དྲག་པོའི་ལས་ཀྱི་གཡུལ་བཤམས། ཟློག་པའི་ཕྲིན་ལས་བཅོལ་བའོ། །དང་པོ་ནི་བརྒྱུད་འདེབས་ནས་བརྩམས་བཟླས་པའི་བར་རྩ་བའི་ལས་བྱང་ལྟར་མཐར་ཆགས་སུ་བཏང་། བཟླས་པའི་འགོར་ཛབi་ཁང་དབྱེ་སྟེ་མདུན་བསྐྱེད་དང་བཟློག་དཀྱིལ་དབྱེར་མེད་དུ་གསལ་ལ། སྒྲུབ་པའི་དམིགས་བཟླས་གཙོ་བོར་བྱ། ལས་སྦྱོར་གྱི་གཤམ་དུ་སྲུང་ཟློག་གི་དམིགས་པ་སྦྱར་དགོས་པས་དང་པོ་སྲུང་དམིགས་ནི། བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ འཕྲོས་པའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ ཁྲོ་བོ་བཅུ་ཡིས་རང་འདྲའི་སྐུ༔ ཕྱོགས་བཅུའི་ཁྱོན་སྤྲོས་གདོན་ཚོགས་བཏུལ༔ གནད་ལ་བཀར་ཞིང་འབངས་སུ་བཀོལ༔ བཀའ་ལ་མི་ཉན་འབྱུང་པོའི་ཚོགས༔ ཕུར་ཐུན་གཟིར་བས་དམིགས་མེད་བཅོམ༔ ཁྲོ་ཚོགས་ཚུར་འདུས་ཕྱོགས་མཚམས་ཀུན༔ ཁྲོ་བོའི་དམག་གི་གུར་དུ་འཁྲིགས༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཕུར་བུ་ཡི༔ གུར་ཆེན་རིམ་པ་དྲུག་གིས་གཏམས༔ བར་མཚམས་མེད་པའི་ཐོག་ཟེར་འཕྲོ༔ ཕྱི་རོལ་ཡེ་ཤེས་བསྐལ་མེ་ནི༔ ཁ་དོག་ལྔ་ལྡན་ཤུགས་དྲག་ཏུ༔ འུར་འུར་ཆེམ་ཆེམ་འབར་བ་ཡིས༔ མི་ཤིགས་སྲ་བརྟན་གུར་ནང་དུ༔ བདག་ཅག་དཔོན་སློབ་བསྲུང་བྱ་ཀུན༔ ཚུད་དེ་དཔལ་ཆེན་སྲོག་དང་འདྲེས༔ གནོད་པ་གང་གིས་མི་ཚུགས་པའི༔ ཡེ་ཤེས་ཕྱག་རྒྱས་བཏབ་པར་བསམ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནི་ལ་དཎྜ་ཧཱུྃ་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་ཁྲོ་བཅུའི་སྔགས་རེ་རེ་བཞིན། མ་མ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ ཞེས་བཏགས་པ་བཟླ། ཐུན་མཐར་གཏང་རག་གི་མཆོད་བསྟོད་ནས་བརྩམས། གསོལ་ཁ། ཚོགས་བཤགས་པའི་བར་ལས་བྱང་ལྟར་བྱའོ། །གཉིས་པ་དྲག་པོའི་ལས་ཀྱི་གཡུལ་བཤམ་པ་ལ་བཅུ་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། སྤྲོས་བཅས་དང་འབྲེལ་ན་སློབ་དཔོན་བདུད་ཆས་སུ་ཞུགས་པའི་དཀྱིལ་འཁོར་གྱི་མདུན་དང་། བྱང་གང་བདེར་བཞུགས། བྲུབ་ཁུང་མདུན་དུ་བཀོད། སྒྲུབ་པ་པོ་རྣམས་ཀྱང་ཞྭ་སོགས་གཟི་བྱིན་བསྐྱེད་ལ། རྐང་གླིང་སོགས་དྲག་པོའི་རོལ་མོ་དང་བཅས་པའི་དབྱངས་ཀྱིས་ཐོག་མར་བླ་མ་རིག་འཛིན་བསྐུལ་བ་ནི། ཧཱུྃ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ ཕུར་བུ་སྒྲུབ་པའི་རིག་འཛིན་རྣམས༔ སྔོན་ཚེ་ཕུར་པ་སྒྲུབ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ དུར་ཁྲོད་སྐུ་ལ་རྫོགས་སོགས་ནས༔ བྲམ་ཟེ་པྲ་བྷ་ཧསྟི་ཡི༔ གསེར་གླིང་མུ་སྟེགས་ནག་པོ་ལ༔ ཇི་ལྟར་རྟགས་བསྟན༴ཕུར་བུ༴། རྒྱ་གར་རྡོ་རྗེ་གདན་མཆོག་ནས༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ གངྒཱ་ལྷ་ཡི་ཆུ་བོ་ལ༔ ཇི་ལྟར༴ཕུར་བུ༴དབུས་འགྱུར་འོད་མི་འགྱུར་བ་རུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ རྒྱ་གར་ཙན་དན་ནགས་ཚལ་ལ༔ ཇི་ལྟར༴ཕུར་བུ༴ལྷོ་བྲག་མཁར་ཆུའི་དབེན་གནས་སུ༔ གཉགས་ཆེན་ཡེ་ཤེས་གཞོན་ནུ་ཡིས༔ ནམ་མཁར་ཕུར་པའི་བྱ་རོག་ལ༔ ཇི་ལྟར༴ཕུར་བུ༴ནམ་རིང་སེངྒེ་རྫོང་གསུམ་ནས༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕ་མེས་ཟ་འདྲེ་ངན་པ་ལ༔ ཇི་ལྟར༴ཕུར་བུ༴བསམ་ཡས་དབུ་རྩེ་རིམ་གསུམ་ནས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་ཡིས༔ ཕུད་བྱེད་དམ་སྲི་གདུག་ཅན་ལ༔ ཇི་ལྟར༴ཕུར་བུ༴འོད་གསལ་རྡོ་རྗེའི་གསང་མཛོད་ནས༔ ལྷ་དང་རིག་འཛིན་མཁའ་འགྲོ་ཡིས༔ པདྨ་མདོ་སྔགས་གླིང་པ་ལ༔ བཀའ་གཏེར་ཕུར་པའི་རྒྱུད་ལུང་དང་༔ མན་ངག་བཀའ་བབ་བརྙེས་པའི་ཚེ༔ ཇི་ལྟར༴ཕུར་བུ༴རང་སྣང་ཟངས་མདོག་དཔལ་རི་ནས༔ ཀློང་ཆེན་ནམ་མཁའ་འོད་གསལ་ལ༔ རྡོ་རྗེ་ཕུར་པའི་བཀའ་བབ་ནས༔ བོད་ཡུལ་ལྷ་འདྲེར་དབང་བསྐུར་ཚེ༔ ཇི་ལྟར༴ཕུར་བུ༴གཞན་ཡང་རྩ་བརྒྱུད་བླ་མ་ཡིས༔ རྡོ་རྗེ་གཞོན་ནུ་སྒྲུབ་པ་ཡི༔ གྲུབ་པའི་རྟགས་མཚན་མངོན་གྱུར་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ གཉིས་པ་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ་བ་ནི། ཧཱུྃ༔ མཐིང་ནག་གྲུ་གསུམ་ཨེ་ཡི་དབྱིངས༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་མཉམ་པར་སྦྱོར་བ་ལས༔ སྤྲུལ་པ་བདུད་འདུལ་ཁྲོ་བོ་བཅུ༔ སྦྱོར་བའི་ཡུམ་མཆོག་ཁྲོ་མོ་བཅུ༔ ཁྲ་ཐབས་ཕོ་ཉ་ཉི་ཤུ་དང་༔ སྲས་དང་སྒོ་མ་བཀའ་སྡོད་བཅས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ སྙིང་རྗེ་ཁྲོས་པའི་ཤུགས་ཀྱིས་བཞེངས༔ ༔ འབར་བའི་བརྟུལ་ཞུགས་ཆེན་པོ་བསྐྱེད༔ ཁྱེད་རྣམས་སྟོབས་བཅུའི་ཡེ་ཤེས་བདག༔ ལས་ཀུན་དབང་བསྒྱུར་ཐོགས་པ་མེད༔ བདག་གིས་རྩེ་གཅིག་གསོལ་ལགས་ན༔ མ་གཡེལ་ཐུགས་རྗེའི་རྩལ་ཤུགས་སྐྱེད༔ ཡེ་ཤེས་དབྱིངས་སུ་རྟོག་བྲལ་ཡང་༔ ཕྲིན་ལས་འགྲོ་བ་སྒྲོལ་བའི་ཕྱིར༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྡིག་ཅན་དགྲ་ལ་ལས་མཛོད་ཅིག༔ གནོད་པའི་བགེགས་ལ་རྟགས་ཕྱུངས་ཤིག༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ མངོན་སྤྱོད་ཕྲིན་ལས་སྒྲུབ་པར་མཛོད༔ གཉིས་པ་གསེར་སྐྱེམས་ནི། རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿ ཧཱུྃ། ལན་གསུམ་གྱིས་བྱིན་བརླབ་བྱ། ཧཱུྃ། རྒྱལ་བ་དགོངས་པའི་བརྒྱུད་པ་དང་། །རིག་འཛིན་རིག་པའི་བརྒྱུད་པ་དང་། །སྙན་ནས་སྙན་བརྒྱུད་བླ་མ་མཆོད། །ཕྲིན་ལས་ཕུར་པའི་རིག་འཛིན་རྣམས། །རྩ་བ་བརྒྱུད་པར་བཅས་པ་ཡི། །དཔལ་ལྡན་བླ་མ་དམ་པ་སོགས། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ། །འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ་དང་། །སྤྲུལ་པའི་ཁྲ་ཐབས་ཉི་ཤུ་དང་། །ཡེ་ཤེས་སྒོ་མ་བཞི་པོ་དང་། །སྲས་མཆོག་ཕུར་པའི་ལྷ་ཚོགས་རྣམས། །གསེར་སྐྱེམས་ཕུད༴། དགྲ་བགེགས༴། བྱ་སྤྱོད་རྣལ་འབྱོར་བླ་མེད་པའི། །རྒྱུད་སྡེ་བཞི་ཡི་ཡི་དམ་རྣམས། །གསེར་སྐྱེམས༴། དགྲ་བགེགས༴། དཔལ་མགོན་ཕོ་རྒྱུད་མོ་རྒྱུད་སོགས། །ཆོས་སྐྱོང་སྲུང་མ་རྒྱ་མཚོ་དང་། །དམ་ཅན་བཀའ་སྲུང་བཅུ་གཉིས་དང་། །གིང་ཆེན་དགེ་བསྙེན་འཁོར་བཅས་མཆོད། །ཕྱི་ནང་མཁའ་འགྲོ་འཁོར་དང་བཅས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་མཆོད། །ཕོ་ཉ་ཕྲ་མེན་འབར་མ་དང་། །མ་བདུན་སྲིང་བཞི་ལ་སོགས་མཆོད། །བདུད་འདུལ་ནག་མོ་མཆེད་བཞི་དང་། །དཔལ་ལྡན་རེ་མ་ཏཱི་ལ་སོགས། །མདོར་ན་སུམ་བརྒྱ་དྲུག་ཅུ་རྣམས། །གསེར་སྐྱེམས༴། དགྲ་བགེགས༴། ཕྱོགས་བཅུའི་འཇིག་རྟེན་སྐྱོང་རྣམས་དང་། །གནས་བདག་ཀུན་དང་ཡུལ་བདག་ཀུན། །ས་ཡི་ཕྱོགས་ནི་འདི་ཉིད་ན། །སའམ་མཁའ་ལ་འཁོད་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །འབྱུང་པོ་མང་པོ་གང་འཁོད་པ། །གསེར་སྐྱེམས༴། དགྲ་བགེགས༴གསུམ་པ་གཟུ་དཔང་གསོལ་བ་ནི། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ གདུག་པའི་རུ་དྲ་ནག་པོ་ཡིས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་ཚེ༔ མངོན་སྤྱོད་རྩལ་གྱིས་བསྒྲལ་བ་བཞིན༔ ད་དུས་བསྐལ་པའི་སྙིགས་མ་ལ༔ ལས་ངན་སྤྱི་སྒོས་རུ་དྲ་འདིས༔ སངས་རྒྱས་བསྟན་པ་ཐབས་ཀྱིས་བཤིག༔ འགྲོ་བའི་བདེ་སྐྱིད་ངང་གིས་བཅོམ༔ ཉེས་མེད་རྣལ་འབྱོར་གཤེ་ཞིང་སྡང་༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ སྣོད་བཅུད་དཔལ་འབྱོར་འཇོམས་པ་ཡི༔ ཕུང་བྱེད་བསྟན་པའི་ནང་དམེ་མཁན༔ རྡོ་རྗེ་ཐེག་པའི་བསྟན་ལ་སྡང་༔ དགེ་འདུན་འདུ་བའི་སྒོ་འཕྲོག་ཅིང་༔ དབེན་གནས་ཆོས་འཁོར་འཇིག་པ་སོགས༔ ཉམས་པ་དུ་མས་འཚེ་བྱེད་པས༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པ༔ བསྒྲལ་བའི་ཞིང་དུ་འདི་གྱུར་པས༔ ལེགས་ཉེས་ཤན་འབྱེད་ཁྱེད་རྣམས་ཀྱིས༔ བདེན་རྫུན་གཉིས་ཀྱི་དཔང་པོ་མཛོད༔ དཀར་ཕྱོགས་རྒྱབ་བརྟེན་ཁྱེད་རྣམས་ཕྱིར༔ ར་མདར་ལྡོག་ཅིག་ས་མ་ཡ༔ བཞི་པ་ཧོམ་བསྐྱེད་པ་ནི། སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབ་པ། སྟེང་ན་གཏི་མུག་གི་མུན་པ་འཐིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པ་འཁྲུག་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུག་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ། སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས་དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ལྔ་པ་བདེན་སྟོབས་དགུག་པ་ནི། གཡབ་དྲིལ་དང་བཅས་འགུགས་བརྒྱབས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ཆོས་ཀྱི་བཀའ༴དགེ་འདུན་གྱི་བཀའ༴གསང་སྔགས་རིག་སྔགས་གཟུངས་སྔགས་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ཆོས་ཉིད་གདོད་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ཁྱད་པར་དུ་ཡང་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུ་བདུད་འདུལ་ཕུར་པ་ཕྲིན་ལས་རོལ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་གནོད་ཅིང་འཚེ་བའི་གཟུགས་ཅན་སྡང་བའི་དགྲ། གཟུགས་མེད་གནོད་བྱེད་ཀྱི་བགེགས་རིགས་ལོག་པར་འདྲེན་པ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་གར་བྲོས་ཀྱང་དམིགས་པའི་རྟེན་འདི་ལ་གཉིས་སུ་མེད་པར་ཁུག་ཅིག །ཀཱི་ལ་ཡའི་དྲག་སྔགས་རྗེས་མའི་མཐར། ཛཿཧཱུྃ་བྃ་ཧོཿཔྲ་ཝེ་ཤ་ཡ་ཕཊ༔ ཨཱ་ཝེ་ཤ་ཡ་ཨཱཿ ས་དགུག་གཞུག་བཅིང་སྡོམ་མྱོས་དབྱེ་དབབ་ཀྱི་རྒྱ་དང་དམིགས་པས་གཟིར་བ་ལན་གསུམ་བྱ། དྲུག་པ་ཕྱག་རྒྱ་བཞིས་བཅིང་པ་ནི། ཧཱུྃཿ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་དང་༔ ཕོ་ཉ་དམ་ཅན་རྒྱ་མཚོའི་ཚོགས༔ འདིར་གཤེགས་བཞུགས་ཤིང་བྱིན་ཕོབ་ལ༔ དམ་སྲི་གདུག་པའི་དགྲ་དང་བགེགས༔ རྒྱལ་བའི་བཀའ་ལས་འདའ་བྱེད་ཅིང་༔ རྣལ་འབྱོར་སྐུ་ལ་སྡོ་བ་རྣམས༔ རྒྱལ་བས་བསྒྲལ་བར་གསུངས་པའི་ཕྱིར༔ གནས་པའི་ཡུལ་ནས་ཡུད་ཙམ་གྱིས༔ རྟེན་དང་ཁྲོལ་ལ་ཁྲིད་ལ་ཤོག༔ རྒྱབ་དང་ཁྲོལ་ལ་ཁྲིད་ལ་ཤོག༔ ས་གཞི་ཡན་ཆད་ཐོབ་ལ་ཤོག༔ བདུན་རྒྱུད་ཚུན་ཆད་ཁུག་ལ་ཤོག༔ མ་ཐོགས་མྱུར་དུ་ཁུག་ལ་ཤོག༔ ཨོཾ་བཛྲ་ཨངྐུ་ཤ་ཛཿཛཿལྕགས་ཀྱུས་གདབ། བཛྲ་པཱ་ཤ་ཧཱུྃ༔ ཞགས་པས་བཅིང་། བཛྲ་སྥོ་ཊ་བྃ༔ ལྕགས་སྒྲོག་གིས་བསྡམ། བཛྲ་གཎྜེ་ཧོཿདྲིལ་བུའི་སྒྲས་མྱོས་སུ་གཞུག །ཕྱག་མཚན་རྣམས་དངོས་སུ་མ་འབྱོར་ཡང་ཏིང་འཛིན་དང་ཕྱག་རྒྱ་བྱས་པས་ཀྱང་རུང་། བདུན་པ་ཕུར་བུ་གདབ་པ་ནི། གཡས་གཡོན་གྱི་སོར་མོ་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བར་དུ་ཕུར་བུ་བཟུང་བའི་ཧཱུྃ་ལས་སྲས་མཆོག་ཏུ་བསྐྱེད་ལ་བསྒྲལ་ཕུར། ཧཱུྃ༔ ང་ནི་ཁྲོ་རྒྱལ་བཛྲ་ཀཱི་ལ་ཡ༔ སངས་རྒྱས་ཀུན་གྱི་འབར་བའི་ཡེ་ཤེས་སྐུ༔ ཁམས་གསུམ་འཁོར་བ་ཐལ་འབྱིན་ཕུར་པ་ནི༔ ཡཀྴ་ཀྲོ་དྷ་ཁྲོ་བོའི་རྗེ་བཙན་ཏེ༔ ཀླད་ལ་བསྐོར་བས་བདག་ཅག་འཁོར་བཅས་སྲུང་༔ གཡས་སུ་འདྲིལ་བས་ཕོ་རྒྱུད་དབང་དུ་འདུས༔ གཡོན་དུ་འདྲིལ་བས་མོ་རྒྱུད་ལས་ལ་བཀོལ༔ སྐེད་ལ་བསྐོར་བས་མི་ལྡོག་དགྲ་ལ་ཐེབས༔ འཕྱར་བ་ཙམ་གྱིས་ལྷ་ཡང་སྐྲག་བྱེད་ཅིང་༔ བཏབ་པའི་མོད་ལ་དགྲ་བགེགས་གུམ་གུམ་སྒྱེལ༔ རྣོ་ངར་ལྡན་བས་ཐལ་བར་རློག་པ་འདི༔ བཏབ་བོ་ཉམས་པ་བདུན་ལྡན་རུ་དྲར་ཡ༔ སྲིད་པ་མིང་མེད་གྱིས་ཤིག་མཱ་ར་ཡ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ མོ་ཧ་ཡ་བྷ་ག་ཝཱན༔ བི་ཀྲི་ཤཱིཏྟ་བཛྲ་ཧཱུྃ་ཀ་ར་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿསརྦ་བིགྷྣཱན༔ བཛྲ་ཀཱི་ལི་ཡ་ཧཱུྃ་ཕཊ༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཨ་ཨ༔ ཞེས་བརྗོད་པས་བསྣུན་ཚེ་ཁྲུས་གནས་སྤར་གྱི་དགོངས་པ་དང་ལྡན་པས་ཕུར་པ་གདབ་སྟེ་ཀུན་གཞི་རྩད་གཅོད། ཚོགས་བརྒྱད་བསྒྲལ་ཕྱིར་ཁྲོ་བཅུའི་ཕུར་པ་སོ་སོའམ། གཅིག་ལ་དེར་མོས་པ་བཏབ་སྟེ། ཧཱུྃ༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ གནོད་ཅིང་གདུག་པའི་དགྲ་དང་བགེགས༔ བདུད་དང་བར་དུ་གཅོད་པ་དང་༔ དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས༔ ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས༔ ཡུད་ཙམ་གྱིས་ནི་འདིར་ཁུག་ལ༔ མངོན་སྤྱོད་ཕྲིན་ལས་སྒྲུབ་པར་མཛོད༔ ལུས་ངག་རྡུལ་དུ་བཤིག་ནས་ཀྱང་༔ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད༔ ཧ་ན་ཧ་ན་བཛྲ་སརྦ་བིགྷྣཱན་རྣམ་རྒྱལ་དཔྲལ་བ། བྃ་ཧཱུྃ་ཕཊ༔ ད་ཧ་ད་ཧ་དབྱུག་སྔོན་དཔུང་གཡོན། བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ པ་ཙ་པ་ཙ་གཤིན་རྗེ་ལྟེ་བ། བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ མ་ཐ་མ་ཐ་མི་གཡོ་དཔྱི་གཡོན། བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཛྭ་ལ་ཛྭ་ལ་རྟ་མགྲིན་མགྲིན་པ། བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ སུ་རུ་སུ་རུ་བཛྲ་འདོད་རྒྱལ་དཔྱི་གཡས། སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ མུ་རུ་མུ་རུ་བཛྲ་ཧཱུྃ་མཛད་སྤྱི་བོ། སརྦ་བགྷྣཱན་བྃ་ཧཱུྃ་ཕཊ༔ ཀ་ཊཾ་ཀ་ཊཾ་སྟོབས་ཆེན་གསང་གནས། ཡེ་བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཛ་ཡེ་བི་ཛ་ཁམས་གསུམ་རྣམ་རྒྱལ་དཔུང་གཡས། བཛྲ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་བདུད་རྩི་འཁྱིལ་བ་སྙིང་གབཛྲ་སརྦ་བིགྷྣཱུན་བྃ་ཧཱུྃ་ཕཊ༔ ། དྲག་སྔགས་བརྗོད་པས་ཐུན་བྲབ། བརྒྱད་པ་རྡུལ་དུ་བརླག་པ་ནི། རལ་གྲི་ཐོགས་ཏེ། རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་པ༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས༔ ཀླད་པ་ཚལ་པ་བརྒྱ་རུ་ཁོས༔ ཉོན་ཅིག་བགེགས་དང་ལོག་འདྲེན་རྣམས༔ ང་ཡི་བཀའ་ལས་འདའ་མ་བྱེད༔ མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་ན་ནད་དྷི་མ་མ་ཀརྨ་ཤཱིགྷྲཾཀ་ཡེ། ཕུང་པོ་དུམ་བུར་གཏུབ། དགུ་པ་གཏུན་དུ་བརྡུང་བཞིན་ཐོ་བས་བསྣུན་ཏེ། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ བཀའ་ལས་འདའ་བྱེད་སྡིག་ཅན་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཁྲོ་མོ་འབར་བའི་གཏུན་ཁུང་དུ༔ རྡོ་རྗེ་ཐོ་བས་བརྡུངས་བྱས་ནས༔ ལྷ་ཡང་རུང་སྟེ་བསྒྲལ་བར་བྱ༔ ཁ་ཏཾ་ཁ་ཏཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཕཊ་ཕཊ་ཕཊ༔ བཛྲ་རཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བཅུ་པ་ཞལ་བསྟབ་ནི། ལིང་རོ་བདུད་རྩིས་བྲན་ལ་འབུལ་ཏེ། ཧཱུྃ༔ ཁམས་གསུམ་གདུག་ཅན་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་ཀུན༔ ཁྲག་འཐུང་རྡོ་རྗེའི་ལྷ་ལ་འབུལ༔ འཁོར་བ་རྡོ་རྗེ་སྒྲུབ་མཛོད་ཅིག༔ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི༔ ཞེས་ཕུལ་བས་ལྷ་རྣམས་དགྱེས་པས་ཧ་ཧ་ཞེས་བཞད། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བདག་ལ་དངོས་གྲུབ་སྩལ༔ ཕཊ་ཕཊ་ཕཊ༔ ཅེས་སྒྲོལ་པའི་ཕྲིན་ལས་མཐར་ཕྱིན་པར་བསམ། དེ་ནས་ཚོགས་ལ་རོལ་བའི་ལྷག་མ་བསྡུས་ཏེ་བྱིན་བརླབ་བསྔོ་བ་སྨོན་ལམ་གདབ་པ་བཅས་ལས་བྱང་ལྟར་བྱའོ། །གསུམ་པ་བཟློག་པའི་ལས་བཅོལ་བ་ལ་གཉིས་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། གཏོར་ཆུང་དང་ཁྲག་སྐྱེམས་ལིང་རོ་སོགས་འབུལ་ཚིག་དང་བསྟུན་ཟོར་དུ་ཕུལ་ལ། ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་པའི་ཞིང་ཁམས་ནས༔ སྣང་སྲིད་འབར་བ་གྲུ་གསུམ་ཨེ་ཡི་ཀློང་༔ རྡོ་རྗེ་བྲག་ཆེན་པདྨ་ཉི་ཟླ་དང་༔ བདུད་བཞི་ཕོ་མོ་གན་རྒྱལ་ཁ་བུབ་བསྒྱེལ༔ འབར་བ་ཡེ་ཤེས་མེ་ཡི་དཀྱིལ་འཁོར་དབུས༔ མ་བཅོས་རྫོགས་པའི་སངས་རྒྱས་ཀཱི་ལ་ཡ༔ ཕྲིན་ལས་ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་མི་སྡུག་སྲིན་པོ་ཁྲོས་པའི་གཟུགས༔ གར་དགུའི་ཉམས་ལྡན་གདུག་པ་ཐབས་ཀྱིས་འདུལ༔ མཚན་དཔེ་ཡོན་ཏན་རྫོགས་པས་སྒེག་སྒེག་འདྲ༔ ཁམས་གསུམ་སྤྱི་ནས་གནོན་པས་རྔམ་རྔམ་འདྲ༔ དུར་ཁྲོད་དཔལ་གྱི་ཆས་རྫོགས་དཔའ་དཔའ་འདྲ༔ འཇིགས་རུང་སྐུ་ཡི་ཆོ་འཕྲུལ་རྩལ་ཕྱུང་ལ༔ སྔོན་གྱི་ཐུགས་དམ་གཉན་པོ་དུས་ལ་བབ༔ སྣང་ཆོས་འདོད་ཁམས་དག་པའི་བྷནྡྷ་རུ༔ ཕུང་ལྔ་རིགས་ལྔར་རྫོགས་པའི་ལིངྒ་བཤམས༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་པའི་མཆོད་པ་བཞེས༔ འདོད་ཆགས་སྲིད་པའི་རྩ་བ་སྟོང་པར་མཛོད༔ འབར་བའི་ཞལ་གྱི་ཧོམ་ཁུང་གདང་བ་ལས༔ མཆེ་གཙིགས་ལྗགས་འདྲིལ་དྲག་པོའི་རྐན་སྒྲ་རྡེབ༔ ཧ་ཧའི་གད་མོ་སྒྲོག་པས་རྒོད་རྒོད་འདྲ༔ དྲག་པོའི་བཤུག་གླུ་འབྱིན་པས་གཤེ་གཤེ་འདྲ༔ སོད་ཆོམ་ང་རོ་སྒྲོག་པས་འཇིགས་འཇིགས་འདྲ༔ དྲག་ཤུལ་གསུང་གི་ཆོ་འཕྲུལ་རྩལ་ཕྱུང་ལ༔ རྡོ་རྗེའི་སྔགས་ཀྱི་ཕྲིན་ལས་དུས་ལ་བབ༔ ཕྱི་སྣང་གཟུགས་ཁམས་དག་པའི་བྷནྡྷ་རུ༔ རླུང་བཅུད་དབུ་མར་བསྐྱིལ་བའི་བ་ལིང་བཤམས༔ གསལ་སྟོང་བདེ་བ་ཆེན་པོའི་མཆོད་པ་བཞེས༔ ཞེ་སྡང་འཁྲུལ་རྟོག་བག་ཆགས་གཅོད་པར་མཛོད༔ མི་འགྱུར་རྟོག་བྲལ་ཆོས་ཉིད་ཞི་བའི་ཐུགས༔ རྟག་ཏུ་མི་གཡོ་འོད་གསལ་ཁྱབ་ཅིང་བརྡལ༔ གདུལ་དཀའ་ལྷག་པར་འདུལ་བས་བརྩེ་བརྩེ་འདྲ༔ གཟི་བྱིན་ཕྱོགས་བཅུར་རྒྱས་པས་རྔམ་རྔམ་འདྲ༔ ཀུན་ཁྱབ་ཕྱོགས་ལྷུང་བྲལ་བས་ཞི་ཞི་འདྲ༔ མི་རྟོག་ཐུགས་ཀྱི་དགོངས་པའི་གདིང་བསྐྱེད་ལ༔ ཁམས་གསུམ་དབྱིངས་སུ་སྒྲོལ་བའི་དུས་ལ་བབ༔ མི་སྣང་གཟུགས་མེད་དག་པའི་བྷནྡྷ་རུ༔ དཀར་དམར་ཉི་ཟླ་ཞུ་བའི་བ་ལིང་བཤམས༔ བདེ་སྟོང་ལྷན་སྐྱེས་ཡེ་ཤེས་མཆོད་པ་བཞེས༔ གཏི་མུག་གློ་བུར་རྟོག་འཁྲུལ་འཇོམས་པར་མཛོད༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མི་སྡུག་སྲིན་པོ་ལྟར་ཁྲོས་སྡང་སྡང་འདྲ༔ བྷ་ག་ཡབ་ལ་སྟོབ་པས་ཆགས་ཆགས་འདྲ༔ གཅེར་བུ་མྱོས་པའི་ཚུལ་སྟོན་རྨོངས་རྨོངས་འདྲ༔ དུག་གསུམ་རྒྱན་དུ་རྫོགས་པ་སྦྱོར་བའི་ཡུམ༔ མྱུར་མཛད་ཕྲིན་ལས་ཁྲོ་མོའི་དུས་ལ་བབ༔ འཁོར་བ་དབྱིངས་སུ་རྒྱས་འདེབས་ལས་མཛོད་ཅིག༔ རྣམ་ཐར་གསུམ་རྫོགས་པདྨའི་བྷནྡྷ་རུ༔ ཐབས་ཀྱི་རྡོ་རྗེ་སྦྱོར་བའི་བ་ལིང་བཤམས༔ བཅུ་དྲུག་དགའ་བཞི་རྫོགས་པའི་མཆོད་པ་བཞེས༔ རྒྱུད་དྲུག་དབྱིངས་སུ་སྦྱོར་བའི་ཕྲིན་ལས་མཛོད༔ གཡོན་ནས་ཡུམ་ཆེན་ཨེ་ཀ་ཛ་ཊཱི་མ༔ བདེ་སྟོང་ནུ་འཕྱང་བྷ་གའི་དཀྱིལ་འཁོར་རྒྱས༔ འོད་གསལ་སྤྱན་བགྲད་མཆེ་གཙིགས་སྐྱེ་ཤི་གཅོད༔ རྣམ་པར་མི་རྟོག་མུན་པའི་མདོག་ཏུ་སྟོན༔ སྐུ་གསུམ་ཡེ་ཤེས་རྫོགས་པ་སྒྲོལ་བའི་ཡུམ༔ དབྱིངས་ཀྱི་རྒྱལ་མོའི་ཐུགས་དམ་དུས༴ཁམས་གསུམ་ཐིག་ལེ་ཆེན་པོའི་དབྱིངས་སུ་སྒྲོལ༔ ལྕང་ལོ་འཕྱང་བ་རློན་པའི་བྷནྡྷ༴དོན་ལྔ་སྣོད་དྲུག་ཤ་རུས་བ་ལིང་༴དུག་གསུམ་ཀློང་དུ་དག་པའི་མཆོད༴བདུད་བཞི་རྩད་ནས་གཅོད་པའི་ཕྲིན་ལས༴ཕྱོགས་བཅུ་མཐིང་ནག་ཨེ་ཡི་རྩིབས་བཅུ་ལས༔ བར་ཆད་གདོན་འདུལ་དཔལ་ཆེན་ཁྲོ་རྒྱལ་བཅུ༔ རང་རང་བདེ་བསྐྱེད་ཡུམ་དང་གཉིས་མེད་སྦྱོར༔ སྤྲུལ་པའི་ཕྲ་མེན་ཉི་ཟེར་རྡུལ་ལྟར་སྤྲོ༔ སྔོན་གྱི་ཐུགས་དམ་གཉེན་པོའི༴ཕ་རོལ་ཕྱིན་བཅུས་སྲིད་པའི་ཉོན་མོངས་ཆོམས༔ སྣང་བ་ཨེ་ཡི་དལ་རྫོགས༴སྲིད་པ་རྡོ་རྗེའི་ལྷར་ཤར་བ་ལིང་༴གཉིས་མེད་དག་པ་རབ་འབྱམས༴ཕྱོགས་བཅུའི་གདོན་ཚོགས་འདུལ་བའི་དུས༴དམར་ནག་ཟླ་གམ་ཁྲག་མཚོ་འཁྱིལ་བ་ནས༔ སྙིང་རྗེས་སྒྲོལ་པའི་སྲས་མཆོག་ཉི་ཤུ་གཅིག༔ རུ་དྲ་དམ་སྲིའི་སྙིང་ལ་གཟིར་ཞིང་རོལ༔ གར་དགུའི་རྔམ་བས་བསྐལ་པའི་མེ་ལྟར་འབར༔ གདུག་ཅན་སྙིང་རྗེས་ཟིན་ནས་མ་གཏོང་ཞིག༔ མངོན་སྤྱོད་རོལ་པའི་ཕྲིན་ལས་དུས༴། མཐིང་ནག་གྲུ་གསུམ་འབར་བའི༴དགྲ་བགེགས་སྙིང་ཁྲག་འཁྲུག་པའི་བ་ལིང་༴བདེ་ཆེན་རྡོ་རྗེའི་དམ་ཚིག༴ཁམས་གསུམ་སྐུ་གསུམ་དག་པའི་ལས་མཛོད་ཅིག༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་ཀྱི་གྲྭ་བཞི་ནས༔ ཕྲིན་ལས་བཞི་མཛད་རིགས་བཞིའི་ཀཱི་ལ་ཡ༔ ཚད་མེད་ཐུགས་རྗེས་གང་འདུལ་དེར་སྣང་སྟོན༔ རང་རང་སྤྲུལ་པས་ལས་བཞི་ཐོགས་པ་མེད༔ ཤེས་རབ་སྟོང་ཉིད་དབྱིངས་ཀྱི༴ཐབས་མཆོག་རིག་པ་ཡེ་ཤེས་བ༴འདུ་འབྲལ་མེད་པ་རྒྱན་གྱི༴ཚར་གཅོད་རྗེས་སུ་འཛིན་པའི་དུས༴རང་སྣང་ཡེ་ཤེས་འཁོར་ལོའི་སྒོ་བཞི་ནས༔ ཐོགས་མེད་ལས་མཛད་མ་མོ་སྒོ་མ་བཞི༔ མི་འགྱུར་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ ཆགས་ཐོགས་མེད་པ་ཐུགས་རྗེའི་ཕོ་ཉ་བསྐུལ༔ འཁོར་བ་མ་སྤངས་དག་པའི༴མྱང་འདས་ཡོན་ཏན་རྫོགས་པའི་བ༴སྤང་བླང་ལས་འདས་མཉམ་པའི༴དྲག་ཤུལ་རོལ་པའི་མཐུ་རྩལ་ད་སྟོན་ཅིག༔ ཁོར་ཡུག་དུར་ཁྲོད་ཁྲག་གི་རྒྱ་མཚོ་ལས༔ ཕུར་པའི་སྲུང་མ་མ་སྲིང་མཁའ་འགྲོ་གིང་༔ རང་རང་ལས་མཛད་དཔལ་གྱི་ཐ་ཚིག་ཉོན༔ ཅི་བགྱིད་བཀའ་ཡི་མངག་གཞུག་ཐམས་ཅད་ལ༔ སྐྱེ་འགག་མི་གནས་རང་བྱུང་བྷནྡྷ་རུ༔ རང་གསལ་ཡེ་ཤེས་ཆེན་པོའི་བ་ལིང་བཤམས༔ ཀུན་ནས་མི་ཕྱེད་རྡོ་རྗེའི་མཆོད་པ་བཞེས༔ རང་རྩལ་རྩོལ་མེད་ཕྲིན་ལས་མྱུར་དུ་མཛོད༔ རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཕུར་པ་རོལ༔ སྣང་སྲིད་ཡེ་ཤེས་དག་པའི་འཁོར་ལོར་བཞེངས༔ དྲག་ཤུལ་མངོན་སྤྱོད་རོལ་པ་ཆེན་པོ་ཡི༔ རྡོ་རྗེའི་དམ་ལས་མ་འདའ་ས་མ་ཡ༔ ། གཉིས་པ་བཟློག་པའི་ཕྲིན་ལས་དངོས་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་གཙོ་འཁོར་ལྷ་ཚོགས་སྤྱི་ལ་བཟློག་པའི་ཕྲིན་ལས་གསོལ་བ་ལའང་སྐུ་ཆོས་ཅན་རྟགས་ཀྱི་ཟློག་པ་དང་། གསུང་དྲག་པོ་སྔགས་ཀྱི་ཟློག་པ་དང་། ཐུགས་ཆོས་ཉིད་དོན་གྱི་ཟློག་པ་བྱ་བ་གསུམ་ལས། དང་པོ་ནི། བྷྱོཿནམ་མཁའི་མཐའ་མཉམ་དྲག་པོ་ཨེ་ཡི་ཞིང་༔ ཆོས་ཉིད་དབྱིངས་ཀྱི་ཁྲོ་རྒྱལ་མཁའ་ཁྱབ་སྐུ༔ ཡེ་ཤེས་ཕྱག་རྒྱ་གང་འདུལ་ཅི་ཡང་བསྒྱུར༔ གཙོ་འཁོར་རོལ་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ ཐུགས་རྗེས་འདུལ་མཛད་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན༔ རྫུ་འཕྲུལ་ཞབས་བསྒྲད་གར་གྱི་ཉམས་དགུ་ལྡན༔ དབུས་ཞལ་མཐིང་ནག་མཚན་འཛིན་རྟོག་འཁྲུལ་ཟློག༔ གཡས་དཀར་བཞད་པས་ལྷ་གདོན་ཉམས་བྱེད་ཟློག༔ གཡོན་དམར་གཤེ་བས་གཏི་མུག་ཀླུ་གདོན་ཟློག༔ མདོག་ནག་ཁྲོ་གཉེར་ནག་ཕྱོགས་བདུད་གདོན་ཟློག༔ འབར་བའི་སྤྱན་གྱིས་གཟའ་གདོན་ཧུར་ཐུམ་ཟློག༔ ཁྲོས་པའི་ཤངས་གཉེར་གཤིན་རྗེའི་ཁྲམ་ཁ་ཟློག༔ རྣོན་པོའི་མཆེ་གཙིགས་བཙན་གྱི་གཟེར་ཁ་ཟློག༔ འཁྱུག་པའི་ལྗགས་གཡོས་མ་མོའི་དལ་ཡམས་ཟློག༔ དབུ་སྐྲ་གྱེན་བརྫེས་རྒྱལ་པོའི་སྨྱོ་འབོག་ཟློག༔ འབར་རྔམ་རོལ་པས་གནོད་སྦྱིན་འཕྲུལ་གདོན་ཟློག༔ རྡོ་རྗེ་རིན་ཆེན་གཤོག་པས་སྟེང་གདོན་ཟློག༔ སྣ་ཚོགས་མཚོན་ཆའི་ཕྱག་གིས་བར་གདོན་ཟློག༔ བརྐྱང་བསྐུམ་ཞབས་ཀྱི་བྲོ་ཡིས་འོག་གདོན་ཟློག༔ སྐུ་ཆེ་ཡན་ལག་རགས་པས་སྣང་སྲིད་གཡོ༔ གསུང་བརྗིད་དྲག་ཤུལ་རོལ་པས་ཁམས་གསུམ་འདར༔ ཐུགས་མཆོག་རྟོག་བྲལ་ཞི་བས་དབྱིངས་ལ་སྤྱོད༔ ངོ་མཚར་རྨད་བྱུང་ཁྲོ་བོའི་རྗེ་བཙན་ཆེ༔ དཔལ་ཆེན་འབར་བ་མངོན་སྤྱོད་ལས་ལ་བཞེངས༔ བཟློག་བསྒྱུར་རོལ་པའི་ཕྲིན་ལས་དུས་ལ་བབ༔ འཁོར་འདས་ཐམས་ཅད་རྡོ་རྗེ་ཕུར་པའི་དབྱིངས༔ ཡེ་ཤེས་ཕྱག་རྒྱའི་ཆོ་འཕྲུལ་ཤུགས་ཕྱུང་ལ༔ གཉིས་སྣང་གདོན་བགེགས་སྒྲོལ་བའི་དུས་ལ་བབ༔ སྣང་སྲིད་འཁྲུལ་འཁོར་སྡང་བའི་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མ༔ ཨུཏྤལ་དུང་ཁྲག་བསྣམས་པས་བདེ་ཆེན་བསྐྱེད༔ ཆོས་ཀུན་མཁའ་དབྱིངས་དག་པའི་རོལ་རྩེད་ཀྱིས༔ སྣང་སྲིད་བདེ་ཆེན་ཕྱག་རྒྱས་རྒྱས་ཐོབ་ཅིག༔ སྒྲོལ་བའི་ཡུམ་མཆོག་མ་མོ་ཨེ་ཀ་ཙ༔ ཡེ་ཤེས་ལས་དང་འཇིག་རྟེན་ཕོ་ཉ་སྤྲོས༔ སྲིད་པ་མོ་རྒྱུད་འཁྲུགས་པའི་གདོན་བགེགས་དགྲ༔ ཀུན་ཀྱང་བདེ་སྟོང་རྡོ་རྗེའི་དབྱིངས་སུ་ཟློག༔ ཧཱུྃ་བྷྱོཿསྟེང་གི་ཁྲོ་ཆེན་བུདྡྷ་ཧེ་རུ་ཀ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ ལས་མཛད་ཕྲ་མེན་ཕག་དང་སྨྲིག་བུ་ཅན༔ སྟེང་ཕྱོགས་སྣང་མཛད་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཚངས་པའི་གདོན་གྱི་ཆག་ཆེ་ཉམ་ང་ཟློག༔ ཤར་གྱི་ཁྲོ་ཆེན་རྡོ་རྗེ་རྣམ་པར་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྙེམས་མ་སྦྱོར༔ ལས་མཛད་ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཤར་ཕྱོགས་རྡོ་རྗེ་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ དྲི་ཟའི་གདོན་གྱི་ཆག་ཆེ༴ཤར་ལྷོའི་ཁྲོ་བོ་ཆེན་པོ་དབྱུག་སྔོན་ཅན༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྡེར་མོ་མ༔ ལས་མཛད་ཕྲ་མེན་གཡག་དང་བྱ་རོག་མགོ༔ ཤར་ལྷོའི་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་ཤ་ཁྲག་གཏོར་མ༴མེ་ལྷའི་གདོན་གྱི༴ལྷོ་ཡི་ཁྲོ་ཆེན་རཏྣ་གཤིན་རྗེའི་གཤེད༔ གཉིས་མེད་ཡུམ་ཆེན་དུར་ཁྲོད་བདག་མོ་སྦྱོར༔ ལས་མཛད་ཕྲ་མེན་ཤ་བ་འུག་པའི་མགོ༔ ལྷོ་ཕྱོགས་རིན་ཆེན་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས༴གཤིན་རྗེའི༴ལྷོ་ནུབ་ཁྲོ་བོ་ཆེན་པོ་མི་གཡོ་མགོན༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ ལས་མཛད་ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ལྷོ་ནུབ་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས་སྲིན་པོའི༴ནུབ་ཕྱོགས་ཁྲོ་ཆེན་པདྨ་རྟ་མགྲིན་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་ཙནྜ་ལཱི༔ ལས་མཛད་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ནུབ་ཕྱོགས་པདྨ་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས༴ཀླུ་ཡི༴ནུབ་བྱང་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ ལས་མཛད་ཕྲ་མེན་སྤྱང་ཀི་ཁྲ་མགོ་མ༔ ནུབ་བྱང་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས༴རླུང་ལྷའི༴བྱང་ཕྱོགས་ལས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ ལས་མཛད་ཕྲ་མེན་སེང་གེ་ཕ་ཝང་མགོ༔ བྱང་ཕྱོགས་ལས་རབ་ཞིང་གི་སྟོན་པ་ཡིས༔ དགྲ་བགེགས༴གནོད་སྦྱིན༴བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་གསོད་བྱེད་མ༔ ལས་མཛད་ཕྲ་མེན་དྲེད་དང་སྲེ་མོང་མགོ༔ བྱང་ཤར་ཞིང་གི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས༴དབང་ལྡན༴འོག་ཕྱོགས་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ༔ གཉིས་མེད་ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ༔ ལས་མཛད་ཕྲ་མེན་དོམ་དང་བྱི་བའི་མགོ༔ འོག་ཕྱོགས་གཤིན་རྗེའི་སྟོན་པ་ཧེ་རུ་ཀས༔ དགྲ་བགེགས༴ས་བདག༴ཧཱུྃ་བྷྱོ༔ དམར་ནག་ཟླ་གམ་དབང་གི་ཞིང་ཁམས་ཀྱི༔ གཡས་ཕྱོགས་སྐུ་ཡི་སྲས་བདུན་ལྗང་ལ་གཏུམ༔ གཡོན་ནས་གསུང་གི་སྲས་བདུན་དམར་ལ་རྔམ༔ མདུན་དུ་ཐུགས་ཀྱི་སྲས་བདུན་མཐིང་ནག་འབར༔ ཟག་མེད་གསང་བས་ཁམས་གསུམ་སྙིང་རྗེས་བསྒྲལ༔ སྲིད་པ་རྡོ་རྗེ་ཕུར་པའི་ཁྲོ་བོ་ཡིས༔ དགྲ་བགེགས༴སྒོ་གསུང་འཁྲུལ་པ་སྐུ་གསུམ་ཐུགས་སུ་ཟློག༔ སྟེང་འོག་བར་གདོན་ཆག་ཆེ༴ཧཱུྃ་བྷྱོ༔ ཁྲག་འཐུང་རོལ་པའི་ཞིང་གི་ཕྱོགས་བཞི་ནས༔ ཐོགས་མེད་ལས་བཞི་སྒྲུབ་མཛད་རིགས་བཞིའི་སྐུ༔ འབར་བའི་ཁྲོ་རྒྱལ་ཆེན་པོ་རྣམ་པ་བཞིས༔ དགྲ་བགེགས༴རྟག་ཆད་མཐའ་བཞིའི་འཁྲུལ་སྣང་ལས་བྱུང་བའི༔ བར་ཆད་གདོན་གྱི༴ཧཱུྃ་བྷྱོ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་སྒོ་བཞི་ནས༔ ཚད་མེད་བཞི་ལྡན་ཕོ་ཉ་མཁའ་འགྲོ་བཞི༔ ཕྲ་མེན་སྤྲུལ་པའི་ཌཱ་ཀི་ཆེན་པོ་ཡིས༔ དགྲ་བགེགས༴ཕྱོགས་མཚམས༴ཧཱུྃ་བྷྱོ༔ དཀྱིལ་འཁོར་མུ་རན་སྐྱོང་བའི་མངག་གཞུག་ཆེ༔ ཕུར་པའི་སྲུང་མར་ཞལ་བཞེས་དམ་ཚིག་ཅན༔ མ་མོ་ཆེན་མོ་བཅུ་གཉིས་དཔུང་དང་བཅས༔ འབར་བའི་ཆོ་འཕྲུལ་ཐོགས་མེད་ཅིར་ཡང་སྟོན༔ སྔོན་ཚེ་ཕུར་པ་སྒྲུབ་པའི་རིག་འཛིན་གྱི༔ སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རེ་ཏཱི་ཕོ་ཉ་ཤྭ་ན་མཆེད་བཞི་ནི༔ ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ༔ དེ་ལ་འཇིགས་པའི་ལྕགས་ཀྱི་མི་མོ་ཞོན༔ ལག་ན་ལྕགས་ཕུར་འདྲིལ་ཞིང་དགྲ་ལ་འདེབས༔ ཤྭ་ན་མུ་ཁ་ཁྱེད་ཀྱི་དུས་ལ་བབ༔ དགྲ་བོ་སྒྲོལ་ཞིང་གདོན་བགེགས་བཟློག་པར་མཛོད༔ གསེར་གྱི་འཕར་བ་འཇིགས་པའི་ལྕེ་བརྒྱད་མ༔ དེ་ལ་གསེར་གྱི་མ་མོ་འཇིགས་པ་ཞོན༔ ལག་ན་གསེར་ཕུར་བསྒྲིལ་ཞིང་དགྲ་ལ་འདེབས༔ སྲི་ལ་མུ་ཁ་ཁྱོད་ཀྱི་དུས༴དགྲ་བོ་སྒྲོལ་ཞིང་༴ཟངས་ཀྱི་ཝ་མོ་རྒྱུག་པའི་རྐང་གསུམ་མ༔ དེ་ལ་ཟངས་ཀྱི་མི་མོ་གཏུམ་མོ་ཞོན༔ ལག་ན་ཟངས་ཀྱི་ཕུར་འདྲིལ་དགྲ་ལ་འདེབས༔ ཀྲྀ་ཏ་མུ་ཁ་ཁྱོད་ཀྱི༴དགྲ་བོ་སྒྲོལ་ཞིང་༴གཡུ་ཡི་ཁྱི་མོ་གཡུ་རལ་མཆེ་གཙིགས་ཅན༔ དེ་ལ་གཡུ་ཡི་མི་མོ་གདུག་པ་ཞོན༔ ལག་ན་གཡུ་ཕུར་འདྲིལ་ཞིང་དགྲ་ལ༴སྲི་ལ་མུ་ཁ་ཁྱོད་ཀྱི༴དགྲ་བོ་སྒྲོལ་ཞིང་༴ཧཱུྃ་བྷྱོཿནམ་གུང་ལས་བྱེད་རེ་ཏཱི་སྲིད་རྒྱལ་བཞི༔ མཐིང་ནག་འཇིགས་བྱེད་དཔལ་ལྡན་རེ་མ་ཏཱི༔ མཆོག་ཕུར་འདྲིལ་བ་དགྲ་བོའི་མགོ་ལ་རྒྱོབས༔ དྲེལ་རྟ་ཞོན་ནས་སྟོང་གསུམ་ཡུད་ཀྱིས་བསྐོར༔ ལྟས་ངན་བརྒྱད་ཅུའི་གནོད་པ་དགྲ་ལ་ཟློག༔ ཟ་བྱེད་ཆེན་མོ་དཔལ་ལྡན་རེ་མ་ཏཱི༔ གསེར་གྱི་ཟོར་བས་དགྲ་བགེགས་ཕྱག་མས་འདེབས༔ གསེར་ཤྭ་ཞོན་ནས་འཇིག་རྟེན་ཀུན་ཏུ་ཉུལ༔ ཆག་ཆེ་ཉམ་ང་ཐམས་ཅད་དགྲ་ལ་ཟློག༔ ཕུང་བྱེད་ཆེན་མོ་དཔལ་ལྡན་རེ་མ་ཛ༔ ཁྲམ་ཤིང་ནད་རྐྱལ་དམ་ཉམས་དགྲ་ལ་འདེབས༔ ཆུ་གླང་རྔ་མོང་ཞོན་ནས་ཕྱོགས་བཅུར་རྒྱུག༔ རྨི་ལམ་མཚན་ལྟས་ངན་ཀུན་དགྲ་ལ་ཟློག༔ ལས་མཁན་ཆེན་མོ་དཔལ་ལྡན་རེ་མ་ཛུ༔ ཁྲམ་བྱང་དམར་ནག་དགྲ་བོ་རིས་སུ་བྲིས༔ ལྟས་ངན་རྔ་མོང་ཞོན་ནས་ཁམས་གསུམ་ཉུལ༔ རིམས་ཡམས་དལ་ནད་ཐམས་ཅད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཐོ་རེངས་ལས་མཁན་བདག་ཉིད་ཆེན་མོ་བཞི༔ རྡོ་རྗེ་ཡ་བྱིན་བདུད་རྟ་ནག་པོ་ཞོན༔ ལྕགས་ཀྱི་ཕུར་པའི་ཚྭ་ཚྭ་དགྲ་ལ་འདེབས༔ སྲིད་པའི་མ་མོའི་ཁྲམ་ཁ་དགྲ་ལ་བྷྱོ༔ རྡོ་རྗེ་དེ་བྱིན་གཟའ་རྟ་དམར་པོ་ཞོན༔ གསེར་ཕུར་འདྲིལ་ཞིང་ཞགས་པས་དགྲ་བགེགས་འཆིང་༔ ཕུང་དལ་མ་ཡམས་ལྟས་ངན་དགྲ་ལ་བྷྱོ༔ རྡོ་རྗེ་བསེ་བྱིན་གློག་དམར་རྟ་ལ་ཞོན༔ ལྕགས་ཀྱུས་དགྲ་སྙིང་འདྲེན་ཞིང་དགྲ་ལ་འདེབས༔ མཚོན་གྲུག་དུག་རླང་སྡང་བའི་དགྲ་ལ་བྷྱོ༔ རྡོ་རྗེ་ཕག་བྱིན་ཀླུ་རྟ་སྔོ་ནག་ཞོན༔ ཞགས་པས་དགྲ་བོ་འཆིང་ཞིང་མཆོག་ཕུར་འདེབས༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོ༔ ཧཱུྃ་བྷྱོ༔ ཐབས་ཀྱི་སྲིན་པོ་གཤིན་རྗེ་བདུད་གནོད་སྦྱིན༔ ལག་ན་གྲི་རིང་ཕུར་ཐོགས་དགྲ་མགོ་གཅོདཿཉམས་པའི་ཤ་ཁྲག་ཟས་སུ་ད་ཟོ་ལ༔ ཕྱོགས་བཞི་གདོན་གྱི་གནོད་པ་བཟློག་ཅིང་བསྒྱུར༔ ཤར་ལྷོ་ནུབ་བྱང་རྒྱུ་བའི་བདུད་ཆེན་བཞི༔ དཀར་སྔོན་ལྗང་ནག་འཇིགས་རུང་སྐྱེ་བོའི་གཟུགས༔ ལག་ན་ཕུར་ཐོགས་གཅིག་ཏུ་དགྲ་ལ་རྔམ༔ མི་མཐུན་གནོད་པ་ཐམས་ཅད་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཕྱོགས་བཞིའི་མིང་པོ་གིང་ཆེན་སྡེ་བཞི་ནི༔ རང་མདོག་ཁྲོ་ཚུལ་སྟོན་ཅིང་མཚོན་ཆ་ཐོགས༔ སྲིན་པོའི་གནོད་པ་གཤིན་རྗེའི་ཁྲམ་ཁ་སྟོན༔ ཀླུ་ཡི་མཛེ་རིགས་ཀི་ཀང་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ དགེ་བསྙེན་ཆེན་པོ་ཉི་ཤུ་རྩ་གཅིག་ནི༔ སྐུ་ཡི་དགེ་བསྙེན་ཆེན་པོ་དཀར་པོ་བདུན༔ གསུང་གི་དགེ་བསྙེན་ཆེན་པོ་དམར་པོ་བདུན༔ ཐུགས་ཀྱི་དགེ་བསྙེན་ཆེན་པོ་ནག་པོ་བདུན༔ ཀུན་ཀྱང་གོ་ཁྲབ་སྲ་ལ་རྣོ་མཚོན་ཐོགས༔ འཁོར་གསུམ་སྐེད་བསྐོར་བ་དན་ཕུར་པ་འཕྱར༔ རང་མདོག་རྟར་ཞོན་ཀི་བསྭོ་དམག་དཔུང་སྤྲོ༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་གནོད་པ་ཟློག༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་མཐའ་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་ཆུང་མ་སྟེ༔ འཁོར་འདས་སོ་མཚམས་འཛིན་པའི་མ་མོའི་ཚུལ༔ གཡག་གི་མགོ་སོགས་ཕྲ་མེན་མི་བཟད་མ༔ མཚོན་ཆ་ཐོགས་ནས་སྲིད་གསུམ་ཕོ་ཉས་བཀང་༔ ལས་བཞིའི་རོལ་པས་ཕྱོགས་མཚམས་དགྲ་བགེགས་ཟློག༔ དཔལ་གྱི་བཀའ་བཞིན་སྣང་སྲིད་བྷྱོ་ཡིས་ཐོབ༔ གཉིས་པ་གསུང་དྲག་པོ་སྔགས་ཀྱི་ཟློག་པ་ནི། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་བཅུ་ཕྲ་ཐབས་ཉི་ཤུ། སྒོ་མ་བཞི། དམ་ཅན་རྣམས་བསྐུལ་ཏེ། དེ་དག་ལས་སྤྲུལ་པ་ཡང་སྤྲུལ་དང་ཉིང་སྤྲུལ་གྲངས་མེད་པ་སྤྲོས། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་རྣམས་ཕྱེ་མར་བྱས་ཤིང་ཁྲོ་བོ་ཕྲ་ཐབས་སྒོ་མ་རྣམས་ཀྱང་ཞལ་ཕྱིར་གཟིགས་ཏེ། གནོད་པ་ཕྱིར་བཟློག་པའི་ལས་མཛད་པར་བསམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཤིག་ཤིག་རྦད་ནན༔ དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཞེས་པ་ཕྲེང་བར་ཕྱིར་བསྒྱུར་ཏེ་ཇི་ལྟར་རིགས་པ་བཟླ། གསུམ་པ་ཐུགས་ཆོས་ཉིད་དོན་གྱི་ཟློག་པ་ནི། ཧཱུྃ་བྷྱོ༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ཕྱོགས་བཅུ་སྟོང་གི་འཇིག་རྟེན་ཁམས༔ ཀུན་ཀྱང་རྡོ་རྗེ་ཕུར་པའི་ཞིང་༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ རྡོ་རྗེ་ཕུར་པ་དབྱིངས་ཀྱི་ལྷ༔ ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཕེན༔ ཞལ་ནས་ཕུར་པའི་ཛབi་བཟློས་ཤིང་༔ རྔམ་པའི་སྟངས་སྟབས་ཁྲིགས་སེ་ཁྲིག༔ སྣང་སྲིད་ཁྲོ་བོའི་ཞིང་དུ་ཤར༔ ཀུན་ཀྱང་འཇིགས་མཛད་ཁྲག་འཐུང་ཆེ༔ སྐུ་ནི་མ་ངེས་ཅིར་ཡང་འགྱུར༔ ཡེ་ཤེས་སྐུ་ལ་ཕྱོགས་རིས་མེད༔ ཁ་དོག་སྣ་ཚོགས་མ་འདྲེས་སྟོན༔ ཞལ་དང་ཕྱག་ནི་ཅི་འདོད་སྣང་༔ ནམ་མཁའ་ཁྱབ་པའི་རྡོ་རྗེའི་གཟུགས༔ སྣང་སྟོང་མི་ཕྱེད་མཉམ་པ་ཉིད༔ གཙོ་དང་འཁོར་དུ་བསམ་ཡས་སྟོན༔ སྐུ་གཅིག་ཞིང་ཁམས་རབ་འབྱམས་ཁྱབ༔ ཞིང་ཀུན་བ་སྤུ་གཅིག་ཏུ་རྫོགས༔ ཕྱོགས་བཅུའི་ཞིང་རེར་སྐུ་དུ་མ༔ མ་ངེས་ཆོ་འཕྲུལ་བསམ་ཡས་པ༔ སྣང་བ་རྡོ་རྗེ་གཞོན་ནུ་ཡིས༔ དེ་རིང་བཟློག་པའི་ཕྲིན་ལས་མཛོད༔ གཟུགས་ཕུང་རྟག་པའི་རྒྱལ་པོ་སྟེ༔ དེ་བཞིན་གཤེགས་པ་ཀཱི་ལ་ཡ༔ ཚོར་བ་རྡོ་རྗེ་ཉི་མ་ནི༔ རིན་ཆེན་འོད་འཕྲོ་ཀཱི་ལ་ཡ༔ འདུ་ཤེས་གར་གྱི་དབང་ཕྱུག་དབང་༔ པདྨ་མཐའ་ཡས་ཀཱི་ལ་ཡ༔ འདུ་བྱེད་རྟ་ཡི་རྒྱལ་པོའི་རིགས༔ ལས་ཀྱི་རིགས་མཐུན་ཀཱི་ལ་ཡ༔ རྣམ་ཤེས་ཧེ་རུ་ཀ་དཔལ་ཆེ༔ རྡོ་རྗེ་འཛིན་པ་ཀཱི་ལ་ཡ༔ ཡེ་ཤེས་དྲུག་པའི་རིགས་ཆེན་པོ༔ ཁྱབ་བདག་སེམས་དཔའ་ཀཱི་ལ་ཡ༔ སྤྲུལ་པའི་ཕོ་ཉ་བཅས་པ་ཡང་༔ དབྱིངས་ནས་དགོངས་པའི་རྩལ་མ་ཞན༔ ཐུགས་རྗེ་དྲག་ཤུལ་རྡམ་པ་ཡིས༔ སྣང་བཅས་འདོད་ཁམས་འཁྲུལ་རྟོག་གི༔ ལུས་ཀྱི་ན་ཚ་ངན་པ་ཟློག༔ གཟུང་འཛིན་རྩ་ཡི་ཉེར་ལེན་ལས༔ བྱུང་བའི་སྲིད་པའི་སྣང་ཆ་ཟློག༔ འདོད་ཆགས་སེམས་ཀྱི་རྣམ་རྟོག་ལས༔ སྡེ་བརྒྱད་བསེན་མོའི་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་སྣང་སྲིད་ཞིང་དུ་སྒྱུར༔ ཕྱག་རྒྱ་གཉན་པོའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཇི་སྙེད་འཇིག་རྟེན་རབ་འབྱམས་ན༔ གྲགས་པའི་སྒྲ་རུ་ཤར་བ་ཀུན༔ ཤར་དུས་ཉིད་ནས་སྟོང་པ་ཉིད༔ གྲགས་སྟོང་སྐྱེ་མེད་རྡོ་རྗེའི་སྒྲ༔ ངོ་བོ་ནཱ་དའི་ཆོས་ཉིད་དེ༔ རྣམ་པ་དྲག་པོ་སྔགས་ཀྱི་སྒྲ༔ ལས་ཀུན་བྱེད་ལ་ཐོགས་པ་མེད༔ གསུང་གི་རྡོ་རྗེའི་ཅི་ཡང་ཤར༔ ངོ་མཚར་རྡོ་རྗེ་གསང་བའི་ཚིག༔ ཨེ་མ་རྨད་དུ་བྱུང་བ་ནི༔ ཀཱི་ལ་ཡ་ཡི་སྔགས་སུ་རྫོགས༔ བཟླས་ཤིང་མོས་པའི་ནུས་མཐུ་ཡིས༔ དེ་རིང་ཟློག་པའི་ལས་མཛོད་ཅིག༔ བདེ་གཤེགས་འཛབ་ནི་འགྱུར་བ་མེད༔ རིན་ཆེན་འཛབ་དབྱངས་ཀུན་ཁྱབ་རྒྱས༔ པདྨའི་འཛབ་དབྱངས་འགག་མེད་སྒྲོགས༔ ལས་ཀྱི་འཛབ་ནི་ཐོགས་མེད་གྲགས༔ རྡོ་རྗེའི་འཛབ་དབྱངས་དབྱིངས་སུ་ཞི༔ རང་སྣང་ཀུན་ཁྱབ་ཡི་གེ་ཆེ༔ ཅིར་ཡང་འབྱུང་ཞིང་འཆར་བ་ནི༔ རྣམ་པ་ཐམས་ཅད་འཁོར་ལོ་ཆེའི༔ འོད་གསལ་གཟུགས་ཁམས་སྲིད་པ་ཡི༔ བྱུང་བའི་འཁྲུལ་སྣང་རྒྱུར་བཅས་ཟློག༔ རླུང་བཅུ་བསྐྱེད་དང་སྡུད་པ་ཡི༔ རྣམ་རྟོག་སེམས་ཀྱི་བཞོན་པ་ཟློག༔ ཞེ་སྡང་ཀུན་རྟོག་འབར་བ་ལས༔ སྡེ་བརྒྱད་རྒྱལ་འགོང་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ བསྒྱུར་རོ་སྒྲ་གྲགས་སྔགས་སུ་སྒྱུར༔ ཆོས་ཀྱི་ཕྱག་རྒྱའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཕྱོགས་བཅུའི་ཞིང་གི་སྐྱེ་འགྲོ་ཡི༔ ཡིད་ཀྱི་རྟོག་པའི་རྒྱུ་བ་ཀུན༔ སྐྱེ་འགག་གནས་དམིགས་འགྲོ་འོང་བྲལ༔ ཆོས་ཉིད་ཀློང་ནས་སྐྱེ་འགག་གནས༔ ཤར་ཡང་གང་དུ་མི་གནས་པ༔ སྟོང་པའི་ཡེ་ཤེས་བདེ་བར་ཤར༔ འོད་གསལ་སྣང་བ་བསམ་ཡས་འཕྲོ༔ རྟོག་པ་མེད་ཅིང་བློ་ལས་འདས༔ ཡེ་ཤེས་ལྔ་རུ་འཆར་ཞིང་གསལ༔ ཆོས་ཀྱི་དབྱིངས་ནི་རྟོག་པ་བྲལ༔ མེ་ལོང་ལྟ་བུར་འགག་པ་མེད༔ མཉམ་པ་ཉིད་ལ་བླང་དོར་མེད༔ སོ་སོར་ཀུན་ཏུ་རྟོགས་པ་གསལ༔ རྩོལ་མེད་བྱ་བ་ལྷུན་གྱིས་གྲུབ༔ རང་བྱུང་རང་ཤར་གཅིག་ཏུ་སྟོན༔ ཐུགས་རྗེའི་མཐུ་དང་ནུས་པ་ཕྱུངས༔ ཐོགས་པ་མེད་པའི་ལས་མཛོད་ཅིག༔ མི་རྟོག་གཟུགས་མེད་ཁམས་གནས་པའི༔ ཀུན་འབྱུང་སེམས་ཀྱི་འཁྲུལ་པ་ཟློག༔ ཟག་བཅས་ཐིག་ལེ་གཡོས་པ་ཡིས༔ སྣང་གསུམ་ཡིད་ཀྱི་བག་ཆགས་ཟློག༔ རྟོག་པའི་གཏི་མུག་མ་རིག་གདོན༔ སྡེ་བརྒྱད་ཀླུ་ཡི་གནོད་པ་ཟློག༔ བཟློག་གོ་ཕྱི་ནང་བར་ཆད་ཟློག༔ སྒྱུར་རོ་དྲན་རྟོག་ཡེ་ཤེས་སྒྱུར༔ ཕྱག་རྒྱ་ཆེན་པོའི་དམ་ཚིག་ལས༔ ཀུན་ཀྱང་མ་འདའ་ས་མ་ཡ༔ ཧཱུྃ་བྷྱོ༔ ཁམས་གསུམ་མ་ལུས་སྐུ་གསུང་ཐུགས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཀུན་ཀྱང་དག་པ་ཡེ་ཤེས་ཆེ༔ ཡེ་ཤེས་ལ་ནི་ཡེ་ཤེས་རོལ༔ གཉིས་སུ་མེད་ཀྱང་གཉིས་མེད་སྟོན༔ གཉིས་མེད་མཉམ་པའི་ཆོ་འཕྲུལ་ནི༔ ཆོས་ཀྱི་དབྱིངས་ལས་བྱུང་ཞིང་གནས༔ རྟག་ཏུ་འཕོ་འགྱུར་མེད་པ་ལ༔ ཕྱི་ནང་འབྱུང་བཞི་འཁྲུགས་པའི་དགྲ༔ ཡུམ་ཆེན་ལྔ་ཡི་མཁའ་རུ་ཟློག༔ ནང་བཅུད་ཕུང་ལྔའི་སྡུག་ཀུན་གདོན༔ རིགས་མཆོག་ཡེ་ཤེས་ལྔ་རུ་ཟློག༔ ཡུལ་དབང་སྐྱེ་མཆེད་རྣམ་ཤེས་ཀྱི༔ ཉེར་ལེན་གནོད་པ་དབྱིངས་སུ་ཟློག༔ བྱ་བྱེད་རྟག་ཆད་མཚན་མའི་བློ༔ ཚད་མེད་སྒོ་བཞིའི་ཀློང་དུ་ཟློག༔ བཟློག་པའི་མཚན་མ་མ་དམིགས་ཀྱང་༔ གདོད་ནས་ངོ་བོ་སྟོང་པ་ཉིད༔ བསྒྱུར་བའི་རྣམ་རྟོག་མ་མཆིས་ཏེ༔ མཚན་མའི་འདུ་བྱེད་ཡེ་མི་གནས༔ གཉིས་མེད་མཉམ་པའི་ཆོས་ཉིད་ལ༔ ཐོབ་དང་སྨོན་པའི་ཡུལ་ཀུན་བྲལ༔ མི་གནས་རྡོ་རྗེ་གཞོན་ནུ་ཡིས༔ འདུ་བྱེད་གློ་བུར་རྟོག་པ་ཟློག༔ སྐྱེ་མེད་འཁོར་ལོ་རྒྱས་འདེབས་མས༔ ཆོས་སུ་འཛིན་པའི་ཀུན་རྟོག་ཟློག༔ ཁྲོ་བོ་རྡོ་རྗེ་ཧཱུྃ་ཀཱ་རས༔ གཟུང་བ་ཡུལ་གྱི་འཆིང་བ་ཟློག༔ རྡོ་རྗེ་རྣམ་པར་རྒྱལ་བ་ཡིས༔ ཞེ་སྡང་མེ་ལོང་དབྱིངས་སུ་ཟློག༔ ཁྲོ་བོ་གཤིན་རྗེ་གཤེད་ཆེན་གྱིས༔ ང་རྒྱལ་མཉམ་ཉིད་དབྱིངས་སུ་ཟློག༔ ཁྲོ་བོ་རྟ་མགྲིན་རྒྱལ་པོ་ཡིས༔ འདོད་ཆགས་སོར་རྟོགས་དབྱིངས་སུ་ཟློག༔ ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས༔ ཕྲག་དོག་བྱ་གྲུབ་དབྱིངས་སུ་ཟློག༔ ཁྲོ་བོ་དབྱུག་པ་སྔོན་པོ་ཡིས༔ ཀློང་གྱུར་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་མི་གཡོ་མགོན་པོ་ཡིས༔ འདའ་དཀའ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས༔ དབྱིངས་སྒྲོལ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱིས༔ མཐའ་གྲོལ་ཡེ་ཤེས་ཕྱག་རྒྱས་ཟློག༔ ཁྲོ་བོ་སྟོབས་ཆེན་འབར་བ་ཡིས༔ འཛིན་པ་སེམས་ཀྱི་ཞེན་རྟོག་ཟློག༔ ཕྲ་མེན་ཆེན་མོ་ཉི་ཤུ་ཡིས༔ ཉེ་བའི་ཉོན་མོངས་དབྱིངས་སུ་ཟློག༔ དཔལ་གྱི་སྲས་མཆོག་ཉེར་གཅིག་གིས༔ དུག་གསུམ་རྒྱུ་འབྲས་མ་ལུས་ཟློག༔ རིགས་བཞིའི་ཁྲོ་རྒྱལ་ཆེན་པོ་ཡིས༔ མཐའ་བཞིའི་རྟོག་པ་དབྱིངས་སུ་ཟློག༔ སྒོ་སྲུང་ཁྲོ་མོ་ཁྲ་ཐབས་བཞིས༔ བདུད་བཞི་ཡེ་ཤེས་ཀློང་དུ་ཟློག༔ ཕུར་སྲུང་དབང་མོ་བཅུ་གཉིས་ཀྱིས༔ བདེན་དོན་དབུ་མའི་དབྱིངས་སུ་ཟློག༔ བཟློག་གོ་གཞི་དབྱིངས་ཀློང་དུ་ཟློག༔ བསྒྱུར་རོ་གཞི་སྣང་ཡེ་ཤེས་སྒྱུར༔ འཁྲུལ་པ་ཀ་དག་ཆེན་པོ་ལ༔ ལྷུན་གྲུབ་འོད་གསལ་ཕྱག་རྒྱས་ཐོབ༔ འཁོར་འདས་བདེ་ཆེན་རྡོ་རྗེ་ཡིས༔ དམ་ལས་མ་འདའ་ས་མ་ཡ༔ ། གཉིས་པ་ལ་གསུམ། དང་པོ་ཕྲ་ཐབས་ཉི་ཤུས་ལྟས་ངན་བཟློག་པ་ནི། རང་དང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྤྲུལ་པའི་ཕྲ་ཐབས་ཉི་ཤུའི་ཐུགས་རྒྱུད་བསྐུལ་ཏེ་དེ་དག་དང་ཕུར་ཐུན་ཟོར་རྫས་དབྱེར་མེད་པ་ལས་སྤྲུལ་པ་དང་ཡང་སྤྲུལ་ཉིང་སྤྲུལ་གྲངས་མེད་སྤྲོས། དགྲ་བགེགས་ཀྱི་ལུས་ངག་ཡིད་གསུམ་རྣམས་ཕྱེ་མར་བྱས་ཤིང་ཁྲོ་བོ་ཕྲ་ཐབས་སྒོ་མ་རྣམས་ཀྱང་ཞལ་ཕྱིར་གཟིགས་ཏེ་གནོད་པ་ཕྱིར་བཟློག་པའི་ལས་མཛད་པར་བསམས་ཏེ། སྒྲུབ་སྔགས་ཀཱི་ལ་ཡ་བརྒྱ་ཙམ་བཟླ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་གརྫ་གརྫ༔ ཧ་ན་ཧ་ན༔ ད་ཧ་ད་ཧ༔ པ་ཙ་པ་ཙ༔ བྷནྡྷ་བྷནྡྷ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ ཚིནྡྷ་ཚིནྡྷ༔ བིནྡྷ་བིནྡྷ༔ སྥོ་ཊ་སྥོ་ཊ༔ ཕྱོགས་བཅུའི་མཚན་ལྟས་ངན་པ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་ཉེར་གཅིག་ཙམ་སོགས་གལ་ཆེ་ཆུང་ལྟར་བཟླས། མཐར་ཕུར་ཟོར་རིགས་ལ་ཡུངས་ཀར་དཀར་ནག་གིས་ཐུན་བྲབ། རཀྟས་བྲན། གུ་གུལ་གྱིས་བདུག །གཏོར་ཆུང་ཁྲག་གིས་བྱུགས་པ་ལྷ་གྲངས་ཟོར་ནང་དུ་ཕུལ་ལ་བཟློག་པའི་གྱེར་ནི། ཧཱུྃ༔ སྒྲོལ་བྱེད་དཔལ་ཆེན་ཀཱི་ལ་ཡའི༔ ཡེ་ཤེས་རང་སྣང་ཁྲོ་རྒྱལ་བཅུ༔ ཐབས་ཤེས་བདེ་ཆེན་རོལ་པ་ལས༔ བྱུང་བའི་ཕྲ་མེན་ཕོ་མོ་ནི༔ མི་ཡི་ལུས་ལ་དུད་འགྲོའི་གདོང་༔ མགོ་དང་ལུས་སུ་མི་འཚམས་པས༔ ལྟས་ངན་བཟློག་པའི་རྒྱལ་པོ་ཡིན༔ ཞེ་སྡང་རུས་མཐར་རྒྱས་པ་ཡི༔ སྟག་གདོང་ལ་སོགས་གཅན་གཟན་གདོང་༔ འདོད་ཆགས་གཤོག་མཐར་རྒྱས་པ་ཡི༔ བྱ་རྒོད་ལ་སོགས་འདབ་ཆགས་གདོང་༔ གཏི་མུག་འཆོལ་བར་སྤྱོད་པ་ཡི༔ མི་ཡི་ལུས་ལ་དུད་འགྲོའི་མགོ༔ དུག་གསུམ་ཡེ་ཤེས་དག་པའི་ཕྱིར༔ ཁྲོ་རྒྱལ་རྣམས་ཀྱི་སྲས་སུ་བྱུང་༔ ཁྱོད་རྣམས་དཔལ་གྱི་ཕོ་ཉ་སྟེ༔ ལས་ལ་མྱུར་ཞིང་བར་ཆད་སྒྲོལ༔ ཐུགས་རྗེའི་མཐུ་རྩལ་ནུས་པ་ཆེ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྐུ་ནི་གཅེར་བུ་གར་དང་བཅས༔ འཇིགས་པའི་ཞལ་གདང་མཆེ་བ་གཙིགས༔ རྔམ་པའི་ཆོ་འཕྲུལ་མི་བཟད་པས༔ བཟློག་བསྒྱུར་ཆེན་པོའི་ལས་ལ་བཞེངས༔ ཕྱག་ན་ཟློག་བྱེད་ཕུར་པ་འདྲིལ༔ མགོ་བོ་རྒྱ་མདུད་སྲུང་བའི་རྫོང་༔ མི་ཤིགས་མི་ཕྱེད་རྡོ་རྗེ་མདུད༔ འཆང་བཟུང་ཟུར་བརྒྱད་དཀྱིལ་འཁོར་རྫོགས༔ ཕོ་ཉ་སྤྲོས་པས་དགྲ་བགེགས་གསོད༔ ཟུར་གསུམ་དབལ་ལས་མཚོན་ཆར་འབེབས༔ གང་ལ་དམིགས་ཀྱང་མིང་མེད་བརླག༔ བསྒྲིལ་བས་ལྷ་ཡང་འདུལ་བྱེད་ན༔ བཏབ་པས་བགེགས་ལ་སྨོས་ཅི་དགོས༔ དེ་ཕྱིར་ཁྲོ་རྒྱལ་དམག་དཔུང་གིས༔ ཕུར་པའི་མཚོན་གྱིས་ལྟས་ངན་ཟློག༔ དུར་བྱས་ཉ་ཁྱེར་མ་མོ་དང་༔ ཀླུ་ཡི་ལྟས་ངན་དགྲ་ལ་ཟློག༔ བྱ་གསུམ་བར་སྣང་སྡེར་འཛིང་བྱེད༔ ཕུར་སྲིའི་ལྟས་ངན་དགྲ་ལ༴རྒོད་བཞི་གཤོག་འཛིང་བྱེད་པ་ཡང་༔ གནམ་ལྷའི་ལྟས་ངན༴རྨ་བྱས་མི་ཡི་རོ་ཟ་བ༔ སྲིད་རྒྱལ་ལྟས༴གནམ་ནས་བྱ་གསུམ་ཤ་གཅིག་འདྲད༔ བདུད་རྒྱལ༴འདབ་ཆགས་གཅིག་ལ་གཅིག་ཞོན་པ༔ སྲི་ལངས༴སྟེག་གི་ཕྲ་མེན་བྱ་རྒོད་གདོང་༔ ལ་སོགས་འདབ་ཆགས་མགོ་ཅན་གྱིས༔ འདབ་ཆགས་ལྟས་ངན་མི་འདྲ་རྣམས༔ ཉི་ཤུ་དམ་སྲི་དགྲ་ལ༴དོམ་གསུམ་མི་ཡི་རོ་གཅིག་ཁྱེར༔ མ་མོའི་ལྟས་ངན༴དུག་སྦྲུལ་ནག་པོ་ཐུར་དུ་རྒྱུག༔ ཀླུ་ཡི་ལྟས༴ཝ་མོ་དུར་དུ་བརྒྱལ་བ་ཡང་༔ དུར་སྲིའི༴ནེའུ་ལེའི་ཁ་ན་བྱི་རོ་ཁྱེར༔ ཆུང་སྲིའི༴སྤྱང་གསུམ་དུས་གཅིག་འོ་དོད་འབོད༔ རྒྱལ་བཙན༴ཁྱི་ཡིས་སྙིང་ཁྱེར་ལྷ་ཡི་བདུད༔ ཁྲོས་པའི་ལྟས༴ཐོ་རངས་སྒོ་ཁྱི་ངུ་ཟུག་བྱེད༔ མ་བདུད༴བྱི་བས་ཕོ་མོའི་སྐྲ་ནས་ཟ༔ གནམ་སའི༴སྟེང་གི་ཕྲ་མེན་སྟག་གདོང་སོགས༔ སྡེར་ཆགས་མགོ་བོ་ཅན་རྣམས་ཀྱིས༔ སྡེར་ཆགས་ལྟས་ངན་མི་འདྲ་རྣམས༔ ཉི་ཤུ་དམ་སྲི༴ཅང་ཤེས་གྲུལ་བུམ་ཤེལ་མིག་ཅན༔ ཡ་བདུད༴རྟེའུ་ཕྲུག་གླང་མགོ་སྐྱེས་པ་ཡང་༔ ཀླུ་བཙན༴རྔ་མོང་མི་རོ་བཀལ་བ་རྒྱུག༔ ཕུང་གསུམ༴ཕྲུ་གུ་མགོ་བརྙན་ཅན་བྱུང་བ༔ དགྲ་སྲིའི༴དྲེའུའི་སྟེང་དུ་བྱ་རྒོད་བབས༔ དམ་སྲིའི༴མིང་སྲིང་སྲིད་པའི་བུ་བྱུང་བ༔ གདབ་སྲིན༴བོང་བུ་སྦྲུལ་མཐུར་ཅན་བྱུང་བ༔ མ་བདུད༴བོང་ཕྲུག་མགོ་གསུམ་བྱུང་བ་ནི༔ མ་ཡམས༴ཤར་ལྷོའི་ཕྲ་མེན་གཡག་གདོང་སོགས༔ རྨིག་ཆགས་མགོ་བོ་ཅན་རྣམས་ཀྱིས༔ རྨིག་ཟླུམ་ལྟས་ངན་ཉི་ཤུ་པོ༔ དགྲ་བགེགས་དམ་སྲིའི་སྟེང་དུ་ཟློག༔ སྤྲེའུའི་ལག་ན་ཁྲམ་ཤིང་ཐོགས༔ ཐེའུ་རང་༴སྤྲེལ་གསུམ་སྟག་ཞོན་འགྲོ་བ་ཡང་༔ ཕུང་གསུམ༴འདབ་ཆགས་དྲེད་ལ་ཞོན་ནས་རྒྱུག༔ རྒྱལ་བློན༴སྤྱང་ཕྲུག་མི་རོ་ཟ་བ་ནི༔ མ་ཡམས༴སྦལ་བས་ལག་ན་སྦྲུལ་ཁྱེར་བ༔ ས་བདག༴བུད་མེད་འཐབ་འཛིང་བྱེད་པ་ནི༔ བསེན་མོའི༴དྲེད་མོར་སྐྲ་འབལ་བྲང་བརྡུང་བ༔ མ་བདུད༴ཕོ་མོ་ལྷ་མདུན་མནོལ་བྱེད་པ༔ ལྷ་ཀླུའི༴རྨིག་བུ་ལ་སོགས་སྟེང་ཕྱོགས་ཀྱི༴ཕྲ་མེན་གདོང་ཅན་རྣམས་ཀྱིས་ཀྱང་༔ གདོང་ཅན་ལྟས་ངན་ཉི་ཤུ་པོ༔ དམ་སྲི་དགྲ་བགེགས་སྟེང་དུ་ཟློག༔ མཛོ་ལ་དུར་གྱི་བྱ་ཞོན་པ༔ རྒྱལ་པོའི༴སྲོད་ལ་དུས་མིན་བྱ་ཕོ་འཚེར༔ གཟའ་ཡི༴ནམ་གྱི་གུང་དུ་རྟ་འཚེར་བ༔ ཡུལ་འདྲེའི༴ཐོ་རེངས་སྒོ་ཁྱི་ངུ་བ་ཡང་༔ དགྲ་བླའི༴ཐད་ནས་ཤིང་ཆག་ཤིང་འདུ་འབྲལ༔ ཡུལ་ལྷའི༴ཁྱིམ་དུ་བྱ་དང་རི་དྭགས་འཛུལ༔ གནོད་སྦྱིན༴ཕུག་གདུང་ཀ་བ་ཆག་པ་ཡང་༔ ཁྱིམ་ལྷའི༴གློ་བུར་རི་ལས་ཆུ་བོ་བརྡོལ༔ སྡེ་བརྒྱད༴ཕ་ཝང་ལ་སོགས་ལུས་གཅིག་ལ༔ གཟུགས་ཀྱི་རྣམ་པ་དུ་མ་ཅན༔ ཕྲ་མེན་ཆེན་མོས་མ་མངོན་པའི༔ ལྟས་ངན་དམ་སྲི་དགྲ་ལ་ཟློག༔ མདོར་ན་རྟེན་འབྲེལ་ལོག་པ་ལས༔ བཀྲ་མི་ཤིས་པའི་ལྟས་ངན་བྱུང་༔ ཀུན་ཀྱང་ཁྲོ་རྒྱལ་ཡབ་ཡུམ་སྲས༔ ཁྲ་ཐབས་ཉི་ཤུས་དབྱིངས་སུ་ཟློག༔ རང་བྱུང་ཡེ་ཤེས་དབྱིངས་སུ་སྒྱུར༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད༔ གོང་ལྟར་ཁྲ་ཐབས་ཀྱི་སྔགས་སྤྱི་དྲིལ་མཐར། མ་ཧཱ་ཤ་རི་རཾ་སརྦ་དུཥྛ་ན་པྲ་ཏྱཾ་གི་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་དྲག་ཏུ་བཟླ་ཞིང་ཐལ་མོ་བརྡབ། གཉིས་པ་སྒོ་མའི་རྩང་ཟློག་ནི། གཏོར་མ་ཁྲག་གིས་བྱུགས་པ་ཟོར་གྱི་ཕྱོགས་བཞི་ནས་ཕུལ་ཏེ། ཧཱུྃ༔ ཞི་བའི་བསམ་པས་ཞི་བ་སྟེ༔ ཞི་བྱེད་རྡོ་རྗེ་མཁའ་འགྲོ་མ༔ གཞལ་ཡས་ཤར་གྱི་སྒོ་སྐྱོང་བ༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་དཀར་པོ་རྟ་གདོང་ཅན༔ ཞི་བྱེད་ཆེན་མོ་ལྕགས་ཀྱུ་བསྣམས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དངུལ་ལམ་ཞི་བའི་ཤིང་དག་ལས༔ ཞི་བའི་རྩང་ཕུར་ཟླུམ་ལ་འདྲིལ༔ དཀར་པོ་བདུད་རྩི་འོད་ཟེར་འཕྲོ༔ འོད་ལས་ཞི་བྱེད་ཆར་དུ་འབེབས༔ འཇིགས་པ་བརྒྱད་སོགས་མི་མཐུན་ཕྱོགས༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཟློག༔ ཛཿཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱས་པའི་བསམ་པས་རྒྱས་པ་སྟེ༔ རྒྱས་མཛད་རིན་ཆེན་མཁའ་འགྲོ་མ༔ གཞལ་ཡས་ལྷོ་ཡི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་ཞགས་པ་མ༔ སྐུ་མདོག་སེར་མོ་ཕག་གི་གདོང་༔ རྒྱས་པའི་ལས་མཛད་ཞགས་པ་འཕེན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གསེར་རམ་རྒྱས་པའི་ཤིང་དག་ལས༔ རྒྱས་པའི་རྩང་ཕུར་གྲུ་བཞི་ལམ༔ སེར་པོ་ལྷ་རྫས་ཆར་དུ་འབེབས༔ འདོད་རྒུ་འགྲུབ་པའི་དཔག་བསམ་ཤིང་༔ འབྱོར་བ་དྲུག་སོགས་ལེགས་པའི་ཕྱོགས༔ རྫས་སྔགས་ཏིང་འཛིན་འདི་ཡིས་སྤེལ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ ཧཱུྃ༔ དབང་གི་བསམ་པས་དབང་བསྒྱུར་ཏེ༔ དབང་མཛད་པདྨ་མཁའ་འགྲོ་མ༔ གཞལ་ཡས་ནུབ་ཀྱི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་དམར་མོ་སེང་གེའི་གདོང་༔ དབང་མཛད་སྡོམ་པའི་ལྕགས་སྒྲོག་འཕེན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཟངས་སམ་དབང་གི་ཤིང་དག་ལ༔ དབང་གི་རྩང་ཕུར་ཟླ་གམ་མཛེས༔ དམར་པོ་འོད་དམར་རླུང་ཞགས་སྤྲོ༔ ཟེར་གྱི་ལྕགས་ཀྱུས་གང་འདོད་འགུག༔ འགྲོ་ཀུན་སློབ་དཔོན་རྒྱལ་པོ་དང་༔ ཕ་མ་མོས་པ་བཞི་ལ་སོགས༔ སྣང་སྲིད་འཁོར་འདས་མ་ལུས་པ༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཁུག༔ བྃ་ཝ་ཤཾ་ཀུ་རུ་ཛ༔ ཧཱུྃ༔ དྲག་པོའི་བསམ་པས་དྲག་པོ་སྟེ༔ དྲག་མཛད་ལས་ཀྱི་མཁའ་འགྲོ་མ༔ གཞལ་ཡས་བྱང་གི་སྒོ་སྐྱོང་བའི༔ མ་མོ་ཆེན་མོ་མཐུ་རྩལ་ཅན༔ སྐུ་མདོག་ལྗང་མོ་སྤྱང་ཀིའི་གདོང་༔ མྱོས་མཛད་དྲིལ་བུ་དཀྲོལ་ཞིང་རྒྱུག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ལྕགས་སམ་དྲག་པོའི་ཤིང་དག་ལས༔ དྲག་མཛད་རྩང་ཕུར་ཟུར་གསུམ་མཛེས༔ མེ་རླུང་འཁྲུག་པའི་མཚོན་ཆར་འབེབས༔ མངོན་སྤྱོད་ལས་ཆེན་བཅུ་གཉིས་སོགས༔ དགྲ་བགེགས་གདུག་པའི་སྟེང་དུ་འཕེན༔ རྫས་སྔགས་ཏིང་འཛིན་འདི་ཡིས་ཆོམས༔ ཧོཿམཱ་ར་ཡ་ཕཊ༔ དྲག་པོ་ཤིང་གི་རྩང་རྣོན་ནི༔ དམར་ནག་སྲིན་མོའི་དྲག་ཤུལ་འགྲོས༔ ཡར་རྩེ་སྲིད་པའི་རྩེ་མོར་འགྲོ༔ སྤྲིན་དང་སྐྱི་སེར་ཤ་ར་ར༔ མར་རྩེ་དམྱལ་བའི་གཏིང་དུ་འབིགས༔ ཁྲོ་ཆུའི་རྦ་ཀློང་ཆི་ལི་ལི༔ སྐེད་པ་ཉི་ཟླ་བསྐོར་ཞིང་འགྲོ༔ ཚ་གྲང་འབྱུང་བ་ནང་ནས་འཐབ༔ ཡར་སྟོད་འདབ་ཆགས་ཁྱུང་བཞིན་ལྡིང་༔ གཡུ་འབྲུག་ངར་སྐད་འུ་རུ་རུ༔ ཁྱུང་ཆེན་གཤོག་འགྱུར་ལམ་སེ་ལམ༔ རྡོ་རྗེའི་མཆུ་སྡེར་དགྲ་ལ་འདེབས༔ མར་སྨད་གཅན་གཟན་གདུག་པ་ཅན༔ སྟག་གཟིག་དོམ་དྲེད་ངར་ཞིང་འགྱིངས༔ ང་རོ་དགྲ་ལ་འོ་དོད་འབོད༔ མཆེ་བ་སྡེར་མོ་གཟེངས་སེ་གཟེང་༔ སྐེད་པ་ཤ་ཟ་ལས་མཁན་འཕྱོ༔ སྐྲ་གཟིང་སྡང་མིག་ཁྲོ་གཉེར་ཅན༔ སྤུ་གྲི་མཚོན་ཆ་ཐོགས་ཤིང་རྒྱུག༔ བསྟན་པའི་དགྲ་ལ་ཞེ་རེ་གནག༔ བར་གྱི་རེའུ་མིག་རེ་རེར་ཡང་༔ མཚོན་ཆ་སྣ་ཚོགས་ཐོ་ལོ་ལོ༔ ཐོག་སེར་མང་པོ་ཤ་ར་ར༔ གང་ལ་དམིགས་ན་མདའ་ལྟར་འགྲོ༔ ཟོར་ཆེན་དམག་གི་རྫོང་ཡིན་ཏེ༔ ཁྲོ་རྒྱལ་འཁོར་བཅས་བཞུགས་པའི་གནས༔ ཟོར་མདའ་རྩང་རྣམས་དམག་གི་དཔུང་༔ ཕོ་ཉའི་ཆམས་རྒྱུག་གློག་བཞིན་འཁྱུག༔ ཀུན་ཀྱང་རང་སྲུང་རྡོ་རྗེའི་གོ༔ དགྲ་བགེགས་རླག་བྱེད་འབར་བའི་མཚོན༔ ཉམས་པའི་གློ་སྙིང་རྒྱུ་མས་བརྒྱན༔ ཁྲག་གི་ཁ་ཆུ་ཛ་ར་ར༔ ཞེ་སྡང་གདུག་རྩུབ་གཟིངས་སེ་གཟིང་༔ མཐུ་རྩལ་མ་ཆུང་ལས་ལ་ཆོས༔ རྫས་ནི་རླག་བྱེད་མཚོན་ཆའི་དཔལ༔ སྔགས་ཀྱི་ངར་གདོང་ཤུགས་དང་ལྡན༔ ཏིང་འཛིན་དམོད་པས་ལྷ་རུ་བསྒོམ༔ བསྐུལ་ལོ་གཞེངས་ཤིག་མཱ་ར་ཡ༔ ལས་ལ་ཆོས་ཤིག་བང་མ་བུལ༔ ལས་འདི་མྱུར་དུ་འགྲུབ་པར་མཛོད༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་ཕཊ༔ གསུམ་པ་ཕུར་སྲུང་བཀའ་སྡོད་ལ་བརྟེན་ནས་སྣང་སྲིད་གཡོ་འཁྲུག་བཟློག་པའི་བྱང་བུ་ནི། སྤྲོས་བཅས་དང་འབྲེལ་ན་སྒྲུབ་པ་པོ་རྣམས་ཞྭ་ནག་ཕོད་ཀ་བཅས་ཧེ་རུ་ཀའི་ང་རྒྱལ་གྱིས་ལག་ཏུ་ཟོར་ཀོང་རཀྟས་བྲན་པ་ཐོགས་ཏེ་དཀྱིལ་འཁོར་ལ་གཡོན་བསྐོར་ཐལ་མོ་ཕྱིར་བསྒྱུར་བ་དང་བཅས་ཏེ། ཧཱུྃ༔ སྣང་སྲིད་བདེ་བ་ཆེན་པོའི་མཁའ༔ ཡེ་ཤེས་ཀློང་ལས་མ་གཡོས་པའི༔ བཀོད་པ་ཆེན་པོའི་ཆོ་འཕྲུལ་ལས༔ དབྱིངས་ཀྱི་མ་མོའི་བདེ་ཀློང་འཁྱིལ༔ རང་ཤར་ཡེ་ཤེས་ཆེན་པོ་ལྔས༔ བཀྲག་གསལ་འབར་སོགས་རྟག་རྒྱལ་ལྔ༔ རིགས་ཀྱི་འཁོར་ལོས་བསྒྱུར་བ་ཡི༔ ཟིལ་གནོན་མ་མོ་ཆེན་མོར་ཤར༔ སྣང་སྲིད་ཐམས་ཅད་མཁའ་ལས་འབྱུང་༔ འཁོར་འདས་ཀུན་ཁྱབ་སྤྲོ་ཞིང་སྡུད༔ འཇིག་རྟེན་ལས་ཀྱི་མ་མོ་སོགས༔ སྣ་ཚོགས་བཀོད་པ་ཅིར་ཡང་སྟོན༔ ལེགས་ཉེས་སྟངས་འཛིན་རྗེས་གཅོད་མཁན༔ འདས་དང་མ་འདས་སོ་མཚམས་འཛིན༔ སྣ་ཚོགས་ཡུམ་གྱི་རྒྱལ་པོ་ཡི༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ ཕུར་སྲུང་མ་མོ་བཅུ་གཉིས་སོགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ཀུན་ཀྱང་ཡེ་ཤེས་དབྱིངས་ནས་བཞེངས༔ སྔོན་གྱི་ཐུགས་དམ་དུས་ལ་བབ༔ ཆོས་ཉིད་ཁྱབ་བརྡལ་ཆེན་པོ་ལ༔ བཟང་ངན་ཕྱོགས་ལྷུང་བྲལ་ན་ཡང་༔ མ་རྟོགས་དུག་ལྔར་ཞེན་པའི་འགྲོ༔ སྣང་སྲིད་གཡོ་འཁྲུག་ཅི་ཡང་འབྱུང་༔ ཕྱི་འབྱུང་ས་ཆུ་མེ་རླུང་མཁའ༔ བྱེར་དང་སྡུད་པའི་ཆོ་འཕྲུལ་ལས༔ ས་གཡོ་རི་བསྙིལ་ཤྭ་འུད་དང་༔ ཐོག་སེར་མེ་ཐན་དྲག་པོའི་རླུང་༔ སྣོད་ཀྱི་འབྱུང་བ་རྒུད་པའི་རྐྱེན༔ བཙའ་སད་སྒང་གཤོང་མི་སྙོམས་ཤིང་༔ ནང་འབྱུང་སྲ་གཤེར་དྲོད་དང་གཡོ༔ བུ་ག་སྟོང་པའི་ཁམས་རྣམས་ཀྱང་༔ ཆ་མི་སྙོམས་པ་རླུང་མཁྲིས་ཁྲག༔ བད་ཀན་འདུས་པའི་ནད་རྣམས་བྱུང་༔ དེ་ལ་བརྟེན་པའི་གདོན་གྱི་ཚོགས༔ རྒྱལ་བཙན་རྨུ་བདུད་ཀླུ་ལ་སོགས༔ འཁྲུག་འཁོན་གློ་བུར་ཉེས་པའི་ཁམས༔ མི་བཟོད་ཚོར་བས་ལུས་ངག་སེམས༔ གདུང་ཞིང་མནར་བའི་ཚོགས་ཀུན་དང་༔ གསང་བ་བརྟེན་དང་མཉན་དྲོ་ཡང་༔ གསལ་བ་ཡུམ་གྱི་དབྱིངས་ཀྱི་མཁའ༔ མ་རྟོགས་ཡུལ་དང་ཡུལ་ཅན་དུ༔ ཞེན་པས་གཟུང་འཛིན་མཐུ་བརྟས་ཏེ༔ གནས་གདོན་ལུས་ཀྱི་འཇིག་རྟེན་གསུམ༔ འཁྲུལ་པའི་ཐང་ལ་འཁྱམས་པ་ཡང་༔ ཡུམ་གྱི་བྷ་ག་ཡངས་པའི་ཀློང་༔ བདེ་བ་ཆེན་པོའི་བདག་ཉིད་དུ༔ བྱུང་ཡང་དབྱིངས་ཀྱི་མཁའ་ལས་བྱུང་༔ བཟློག་ཀྱང་སྟོང་པའི་ཀློང་དུ་ཟློག༔ བསྒྱུར་རོ་དབྱིངས་ཀྱི་རྒྱན་དུ་སྒྱུར༔ རཀྟ་ཁྲག་གི་རྒྱ་མཚོ་ནི༔ རྒྱུད་དྲུག་བསྒྲལ་བ་ཆགས་པའི་མདངས༔ ལྦུ་བ་རི་རབ་ཙམ་དུ་བརྩེགས༔ རྦ་རླབས་ནམ་མཁའ་ཁྱབ་པར་འཕྱོ༔ རླངས་སྤྲིན་དམར་ནག་དུག་ཏུ་འཕྱུར༔ མ་དང་མཁའ་འགྲོའི་སྐྱེམས་ཀྱི་མཆོག༔ སྣང་སྲིད་ལྷ་འདྲེའི་ཡིད་སྒྱུར་རྫས༔ འདོད་ཡོན་མཆོད་པའི་རྫས་ཆེན་པོ༔ དང་པོ་མཆོད་པའི་མཆོག་ཏུ་འབུལ༔ མ་དང་མཁའ་འགྲོ་མཉེས་པའི་རྫས༔ བར་དུ་ཁྲག་ཀོང་ནད་ཀྱི་ཟོར༔ བཟློག་བསྒྱུར་དྲག་པོའི་རྫས་ཀྱི་མཆོག༔ ཐ་མ་དགྲ་བགེགས་རླག་བྱེད་པ༔ མཚོན་གྱི་མཆོག་ཏུ་འདི་བྱུང་བས༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང་༔ ཕྱི་རུ་འབྱུང་བཞིའི་གཡོ་འཁྲུག་ཟློག༔ སྣང་སྲིད་མཁའ་འགྲོའི་ཞིང་དུ་བསྒྱུར༔ ནང་དུ་འདུ་བའི་ནད་རྣམས་ཟློག༔ ལྷ་སྲིན་སྡེ་བརྒྱད་བསུན་ཁ་སྒྱུར༔ གསང་བ་རྣམ་རྟོག་གཡོ་འཁྲུག་ཟློག༔ ཅིར་སྣང་ཡེ་ཤེས་འཆར་བར་མཛོད༔ བཟློག་དང་མི་ཟློག་རྣམ་པར་རྟོག༔ རྣམ་རྟོག་ཡེ་ཤེས་ཆོས་སྐུའི་རྩལ༔ རོལ་པ་འགག་མེད་རྒྱན་དུ་ཆེ༔ བདེ་བ་ཆེན་པོ་ས་མ་ཡ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤྲཱི་གྷྲཱཾ་ཀརྨ་ཀ་ར་ཡེ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ སརྦ་ཨ་པ་ཀ་ར་ཤ་ཏྲཱུན་བིགྷྣཱན་བྷྱོ་ཟློག༔ ཨ་ཨ་ཨ༔ གསུམ་པ་རྗེས་ཀྱི་ལས་རི་མེ་ལ་བཞི་ལས། དང་པོ་ཟོར་བསྒྲུབ་སྟེ་སྒོ་དབྱེ་བ་ནི། མདུན་བསྐྱེད་གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་ནོངས་བཤགས་རྗེས། སྤྲུལ་གཞིའི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁར་འདེགས། སྤྲུལ་པ་དམ་ཚིག་གི་འཁོར་ལོ་ཡོངས་སུ་གྱུར་པ་ལས། གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཕྱག་སྒོ་མ་བཀའ་སྲུང་སྡེ་བརྒྱད་དྲེགས་པའི་དཔུང་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ་ནད་མཚོན་དུག་གི་ཆར་འབེབས་པས་དགྲ་བོ་སྒྲོལ་བའི་ལས་ལ་རྔམ་པར་གྱུར༔ ཅེས་དམིགས་ལ་གཙོ་འཁོར་ཐམས་ཅད་ཀྱི་རྩ་སྔགས་ལ། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་སྤེལ་ཚིག་ཅན་དང་། དྲག་སྔགས་འདུས་པ་སྤེལ་ཚིག་ཅན་གྱི་ཤམ་བུ་དྲག་ཏུ་བཟླས་ལ་ཟོར་རྫས་ནུས་ལྡན་དུ་བསྒྲུབ། དམར་གཏོར་ཁྲག་སྐྱེམས་དང་བཅས་པར་དགྲ་བགེགས་འགུགས་འདྲེན་ཞལ་སྟབ་ཀྱི་དམིགས་པ་དང་བཅས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་གཏོར་ཆེན་དུ་ཕུལ། ལས་གཞུང་གི་ཆད་མདོ་བཏང་། ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ གནས་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ རིག་འཛིན་བདག་གི་བཀའ་ལ་ཉོན༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ དཀར་པོའི་ཕྱོགས་ལ་མི་འཕེན་ནོ༔ ཁྱེད་རྣམས་རང་རང་གནས་སུ་གཤེགས༔ ཧཱུྃ༔ རྣལ་འབྱོར་ཟོར་འཕེན་གང་དུ་འཕེན༔ སྡང་དགྲ་གནོད་བྱེད་ཕྱོགས་སུ་འཕེན༔ ཕྱོགས་དེར་གནས་པའི་གཞི་བདག་རྣམས༔ སྐུ་བཟུར་དབུ་སྨོད་ཞབས་བསྡུས་ལ༔ དོ་ནུབ་ཟོར་གྱི་ཟོར་ལམ་ཕྱེ༔ འཁོར་བཅས་དྲག་པོའི་དམག་སྣ་དྲོངས༔ སྡང་དགྲ་གནོད་བྱེད་ཕྱོགས་སུ་ཁྱེར༔ དཔའ་བའི་འཁྲུལ་འཁོར་དེར་གཤོམས་ཤིག༔ ཅེས་བསྐུལ་བས་ནམ་མཁའ་བཞུགས་པའི་ལྷས་ཟོར་དཔུང་བསྐྱེད། ཟོར་རྫས་ཕོ་ཉ་བཅས་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟར་ཟ་ཟ་རྔམ་རྔམ་དུ་བྱས་པར་བསམས་ལ། ཕུད་དང་རུ་མཚོན་གྱིས་དྲངས་པའི་ཟོར་ཆེན་རྣམས་དང་སྒྲུབ་པ་པོ་བཅས་རྒྱུ་ཕྱོགས་དང་བསྟུན་པའི་སར་སོང་ལ། །གཉིས་བ་ཟོར་དཔུང་བསྐྱེད་ཅིང་བསྐུལ་བ་ནི། ཧཱུྃ༔ དགྲ་བོའི་ཡུལ་དུ་དམག་འདྲེན་ནོ༔ དམག་དཔོན་རྡོ་རྗེ་གཞོན་ནུས་མཛོད༔ དམག་སྣ་ཁྲོ་བཅུས་ཕྱོགས་བཅུར་དྲོངས༔ སྒོ་བཞི་མ་མོས་དམག་དཔུང་སྡུས༔ གིང་ཆེན་ཇག་པ་ཕྱོགས་བཅུར་ཁྱེས༔ གནོད་བྱེད་དགྲ་བགེགས་བླ་ཁུག་ལ༔ སྲས་མཆོག་ཉེར་གཅིག་གཏོར་ཟོར་རྒྱོབ༔ ཁྲག་ཟོར་ཕུར་ཟོར་རྡོ་ཟོར་དང་༔ མདའ་ཟོར་ཐུན་ཟོར་དུག་ཟོར་རྒྱོབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ༔ མ་རཀྨོའི་རྗེས་ལ། དགྲ་བགེགས་ཤ་ཧཱུྃ། མཱ་ར་ཡ་རྦད་བྷྱོཿཞེས་བསྐུལ་བ་སྔོན་དུ་འགྲོ་བས། །གསུམ་པ་ཟོར་རྡེག་པ་ནི། ཟོར་ཆེན་བཏེག་སྟེ། ཧཱུྃཿདམར་ཆེན་གཏོར་ཟོར་ཕུར་བུའི་ཚོགས༔ སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས༔ དགྲ་དང་བགེགས་ཀྱི་སྟེང་དུ་རྦདཿསྲིད་པ་གཡོ་ཞིང་འཁྲུག་བྱེད་པའི༔ དམག་དཔུང་དེར་བསྐྱོད་གཡུལ་ངོ་སྤྲོད༔ དགྲ་དཔུང་ཆོམས་ལ་བགེགས་དཔུང་ཐུལ༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ དུས་ལ་བབ་པོ་མཐུ་རྩལ་སྐྱེད༔ དྲག་སྔགས་ཟློག་ཤམ་ཅན་བཟླ་བཞིན་གཏོར་ཆེན་བརྡེག་པས་དགྲ་བོའི་གཟུགས་ཕུང་བཤིག །རྣམ་ཤེས་མར་མེ་བསད་པ་ལྟར་ཡལ། གནས་གཞིས་ལོངས་སྤྱོད་དང་བཅས་པ་རྗེས་མེད་དུ་བརླག་པར་བསམས་ལ་རོལ་མོ་དྲག་པོ་དང་བཅས་ཐལ་མོ་དང་དུལ་མོ་བརྡེག་གོ །མཐའ་སྡུད་མནན་སྲེག་གི་ལས་སྦྱོར་སྤྲོ་ན་གཞན་དུ་བལྟའོ། །བཞི་པ་རྗེས་གཅོད་ནི། སྒོ་དྲུང་དུ་ལོག་པ་དང་བརྟན་མ་སྐྱོང་། རྟ་བྲོ་སྲུང་འཁོར་ཤིས་བརྗོད་མདོར་བསྡུས་བྱ། ནང་དུ་སོན་པ་དང་། མཆོད་བསྟོད་ནོངས་བཤགས་རྗེས། ཚེ་འགུགས་བསྐུལ་བ་ནི། བདག་མདུན་བཛྲ་ཀུ་མཱ་རའི༔ ཐུགས་ལས་འོད་ཟེར་མཁའ་ཁྱབ་སྤྲོས༔ ཕོ་ཉ་བཅུ་གཉིས་ལས་ལ་བསྐུལ༔ སྲིད་པ་གསུམ་གྱི་གཏིང་སྤྲུགས་ཏེ༔ བླ་ཚེ་ཆད་ཉམས་ཡར་བ་ཁུག༔ སྣོད་བཅུད་དངས་མ་དབང་མེད་བསྡུས༔ ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས༔ མྱ་ངན་འདས་པའི་རྣམ་གྲོལ་དབྱིག༔ ཐིག་ལེ་གཅིག་ཏུ་བསྐྱིལ་བ་ལས༔ མི་འགྱུར་རྟག་པའི་སྲོག་ཐོབ་གྱུར༔ སྒྲུབ་སྔགས་མཐར། བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཅུང་ཟད་བཟླས་ལ། མདའ་དར་གཡབ་སྟེ། ཨོཾ༔ དང་པོ་ཐུགས་བསྐྱེད་རྗེས་སུ་དགོངས༔ བར་དུ་སྒྲུབ་པའི་རྟགས་མཚན་དབྱུང་༔ ཐ་མ་རིག་འཛིན་བདག་ཅག་གིས༔ རྩེ་གཅིག་བསྙེན་པ་ཆུད་མ་གསོན༔ སྐུ་གསུང་ཐུགས་ཀྱི་གཟི་བྱིན་བསྐྱེད༔ ཡོན་ཏན་ཕྲིན་ལས་ཆོ་འཕྲུལ་སྟོན༔ ཕོ་ཉ་སྤྲུལ་པས་འཇིག་རྟེན་ཁེངས༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་དཔལ༔ རྣལ་འབྱོར་བདག་གི་ལུས་ལ་ཞུགས༔ སྒོ་གསུམ་ཐིག་ལེའི་དབྱིངས་སུ་བསྟིམ༔ བླ་ཚེ་ཆད་ཉམས་ཡར་བ་གསོས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ༔ བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་བསྐུལ། དངོས་གྲུབ་ལེན་པ་ནས་ཤིས་བརྗོད་པར་ལས་བྱང་བཞིན་མཐར་དབྱུང་ངོ་། །དེ་ལྟར་བརྩོན་པས་གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་ལེགས་ཚོགས་རྒྱས་པ་དང་། རྡོ་རྗེའི་ལམ་གྱི་རྣལ་འབྱོར་མཐར་སོན་པས་ཕྱོགས་ལས་རྣམ་རྒྱལ་དཔལ་ཧེ་རུ་ཀའི་གོ་འཕང་བདེ་བླག་ཏུ་ཐོབ་པ་ནི་རྒྱུད་དང་གཏེར་གཞུང་རྡོ་རྗེའི་ཚིག་གིས་བསྔགས་པར་ངེས་པའོ། །རིགས་མཆོག་འབུམ་སྡེའི་ཟབ་གསང་དགོངས་པའི་སྲོག །བཱི་མ་པད་འབྱུང་གཉགས་ཀྱི་དགོངས་པའི་བཅུད། །ཀུན་འདུས་ཟབ་གཏེར་དབྱིག་གི་སྙིང་པོའི་ཕུལ། །དུས་ཀྱི་མཐར་ཡང་སྐལ་བཟང་བཙས་ཐོབ་བཞིན། །འཇུག་བདེའི་ཁྲིགས་བསྡེབས་རིག་འཛིན་གོང་མ་ཡི། །ཕྱག་བཞེས་ཁྱད་འཕགས་མན་ངག་ཟུང་འཇུག་པ། །འདིས་ཀྱང་ནག་ཕྱོགས་ཡིད་སྲུབས་མཐར་བྱས་ཏེ། །བསྟན་འགྲོའི་དགེ་མཚན་རྫོགས་ལྡན་དཔལ་གྱུར་ཤོག །ཅེས་པའང་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་གཟིགས་ལས་ཐོག་མའི་སྣོད་ལྡན་དུ་དབུགས་དབྱུང་ཞིང་རྒྱལ་ཀུན་ཕྲིན་ལས་སྤྱི་དཔལ་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པ་ཕྲིན་ལས་རིགས་མཆོག་གྲུབ་པའི་སྡེའམ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བགྱིས་པ་འདིས་ཀྱང་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་བར་ཆད་མེད་པར་བགྲོད་པའི་རྒྱུར་གྱུར་ཅིག །།།

Footnotes

Other Information