འཇམ་དཔལ་དྲག་པོ་ཕ་རོལ་རྒོལ་འཇོམས་ཀྱི་བསྙེན་ཟིན་བདུད་དཔུང་ཚར་གཅོད།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-005
Wylie title 'jam dpal drag po pha rol rgol 'joms kyi bsnyen zin bdud dpung tshar gcod JKCL-KABUM-06-CHA-005.pdf
Location chos kyi blo gros bka' 'bum
Volume 6, Text 5, Pages 19-29 (Folios 1a to 6a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam dbyangs mkhyen brtse chos kyi blo gros. 'jam dpal drag po pha rol rgol 'joms kyi bsnyen zin bdud dpung tshar gcod. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 19-29. Bir, H.P.: Khyentse Labrang, 2012.
Genre Notes - zin bris  ·  Recitation Manual - bsnyen yig
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity 'jam dpal pha rol rgol 'joms
Colophon

།ཅེས་པའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་གསུང་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་པས་ཟིན་ཐུན་དུ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ།།

/ces pa'ang gdong sna mchog sprul rin po che'i gsung bskul ngor 7chos kyi blo gros pas zin thun du btab pa sid+d+hi rastu/__mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །འཇམ་དཔལ་དྲག་པོ་ཕ་རོལ་རྒོལ་འཇོམས་ཀྱི་བསྙེན་ཟིན་བདུད་དཔུང་ཚར་གཅོད་ཅེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། བདུད་ཀྱི་དགྲ་སྟེ་དུས་ཀྱི་གཤེད་ཆེན་པོ། །ཁམས་གསུམ་ཟ་བྱེད་འཇམ་དཔལ་ཁྲོ་བོའི་རྒྱལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་ལྷར། །གུས་པས་བཏུད་ནས་བསྙེན་པའི་རེག་ཟིན་སྤེལ། གང་ཞིག་སྲིད་པའི་དུཿཁ་རྣམ་པར་འཇོམས་ཤིང་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་གཞོལ་བར་འདོད་པས་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཉིན་མོར་བྱེད་པའི་མཚན་དཔེའི་སྐུ་བསྒོམ་པ་དང་། རིག་སྔགས་བཟླས་པ་ལ་བརྩོན་པར་བྱེད་ན་སྙིགས་མའི་དུས་འདིར་འགྲུབ་སླ་ཞིང་། དེའང་གདུལ་དཀའི་འགྲོ་བ་རྣམས་ཞི་བའི་སྟོབས་ཀྱི་མི་ཐུལ་བས་ཚར་བཅད་དྲག་པོས་རྗེས་སུ་བཟུང་བའི་ཕྱིར་འཇམ་དཔལ་ཁྲོ་བོའི་རྣལ་འབྱོར་ལ་བརྩོན་པས་བྱང་ཆུབ་སྒྲུབ་པའི་བར་ཆད་ཞི་ཞིང་། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཆེན་པོ་ཐོབ་པར་བྱེད་པའི་ཐབས་མཆོག་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྡེ་རིག་འཛིན་སྨྲ་བའི་སེང་གེ་ཞི་དྲག་གཉིས་ཀྱི་ཡ་གྱལ་དྲག་པོ་ཕ་རོལ་རྒོལ་འཇོམས་ཀྱི་བསྙེན་སྒྲུབ་བྱ་བར་འདོད་པས་སྨྲ་སེང་ཞི་སྒྲུབ་ཀྱི་བསྙེན་པ་སྔོན་དུ་ངེས་པར་འགྲོ་དགོས། འདི་ལ་འཇུག་པའི་སྣ་སེལ་དུ། བསང་དང་། མདོ་འདོན་པ། སཱ་ཙྪ་བཏབ་པ། གཏོར་མ་བསྔོ་བ་སོགས་ཚོགས་བསགས་ཅི་འགྲུབ་བྱ། ཟླ་བ་གང་ཡང་རུང་བའི་མར་ངོ་དྲག་པོའི་ལས་ལ་བསྔགས་པའི་བདུད་ཉི་སོགས་གཟའ་སྐར་འཕྲོད་སྦྱོར་རྩུབ་པར་གནས་ཁང་བྱི་དོར་བྱས་པའི་གོང་དུ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ། སྟེགས་ཀྱི་ཁར་འབྲུ་ནག་གི་ཕྱེ་མས་སྦྲུས་པའི་འཇམ་དཔལ་ཁྲོ་བོའི་གཏོར་མ་ཟུར་གསུམ་བཅད་ཁ་མདུན་བསྟན་བཞི་བརྩེགས་ཀྱི་སྟེང་གཏོར་མ་བྲ་གཟུགས་མ་ཁྲམ་རིས་རྩི་དམར་པོ་ཅན་ལ་དྲག་རྒྱན་མེ་རི་དར་གདུགས་སོགས་མཛེས་པར་སྤྲས་པ་དང་། ལས་གཤིན་གྱི་གཏོར་མ་དམར་གཏོར་དཔུང་རང་རྩེ་བཅད་ལྷ་གྲངས་དང་མཉམ་པའི་དམར་གཏོར་རམ་མཐེབ་ཀྱུས་བསྐོར། དམ་ཅན་སྤྱིའི་གཏོར་སྤུངས། ཆད་ཐོ། བརྟན་མ་རྒྱུན་བཞག །དེ་དག་གི་གཡས་སུ་སྨན་དང་། གཡོན་དུ་རཀྟ། མདུན་དུ་ཞི་དྲག་གི་མཆོད་པ་སྦྲེངས་ཚར་གཡས་གཡོན་ནས་མགོ་ལེན་ཚུལ་གོ་ལྡོག་ཏུ་བཤམས་པ་དང་། ཕྱི་རོལ་དུ་གཏོར་མ་ཆ་གསུམ། གསེར་སྐྱེམས། རྒྱལ་ཐོའི་མཆོད་གཏོར། བགེགས་གཏོར་དང་ཚོགས་འདོན་མིན་སྐབས་དང་བསྟུན། ཐུན་ཐམས་ཅད་ཀྱི་མཐར་བཏང་རྒྱུ་གཏོར་ཆུང་ཁྲག་གི་སྦགས་པ་སོགས་ཀྱང་འདུ་བྱ། རང་གི་གདན་འོག་ཏུ་ཀུ་ཤ་དང་། ས་དཀར་གྱི་གཡུང་དྲུང་རིས་བཀོད། ཕྱི་དྲོའི་ཆར་རང་སྡོད་ས་དེར་མ་ཡིན་པའི་ལོགས་ཞིག་ཏུ་འཁོད་ནས། སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས། སྡེ་བརྒྱད་གསེར་སྐྱེམས་གཏོང་། དེ་ནས་གཏོར་མ་ཆ་གསུམ་གྱི་ཕྱི་རྒྱུད་ལ་གཏོར་བསྔོ། ཐོ་བཀོད་པའི་མདུན་མཆོད་གཏོར་ཕུལ། ཕྱི་མཚམས་གཅོད། ནང་དུ་ལོག་ནས། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊཿརང་ཉིད་གཤིན་རྗེ་གཤེད་མཐིང་ནག་བེ་ཅོན་དང་བསྡིགས་མཛུབ་མཛད་པའི་སྐུར་གྱུར། བགེགས་གཏོར། རྃ་ཡྃ་ཁྃ། ཨོཾ་ཨཱཿ ཧཱུྃ། ལན་གསུམ་དང་། ཧ་ཧོ་ཧྲིཿས་བྱིན་གྱིས་བརླབས། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ཀྱིས་བསྔོས་ལ་ལས་གཞུང་གི་བཀའ་བསྒོས་མཐར་བགེགས་གཏོར་དོར། གུ་གུལ་གྱི་རྟེན་རྫས་གནས་ཁང་ལ་བདུག །དྲག་སྔགས་ཡུངས་ཐུན་གྱིས་བསྐྲད། སྲུང་འཁོར་བསྒོམ། འདི་སྐབས་མཚམས་འོག་འཇུག་དགོས་རྣམས་སྲུང་གུར་དུ་ཚུད་པར་བསམ། སྲུང་འཁོར་མི་བསྡུ་བར་ཐུན་ཐམས་ཅད་ཀྱི་མགོར་གསལ་འདེབས་རེ་བྱས་ན་བར་ཆད་བསྲུང་བ་ལ་མཆོག་ཏུ་འགྱུར། ཡེ་དྷར་དང་། སུ་པྲ་ཏིཥྛ་སོགས་ཀྱིས་བརྟན་བཞུགས་བྱ། དེ་ནས་རང་མལ་དུ་སྡོད་ལ་རླུང་རོ་བསལ། ངེས་འབྱུང་གིས་བློ་བཅོས་རང་འདོད་ཀྱི་འཁྲི་བ་མེད་པའི་སེམས་བསྐྱེད་ཡུན་རིང་དུ་བསྒོམ། མཚམས་འདི་མ་གྲུབ་བར་རྐྱེན་གང་གིས་ཀྱང་འཕྲོག་པ་མེད་པའི་ཞེ་དམ་དྲག་པོ་ཡང་གལ་ཆེ། དེ་ནས་ཚིག་བདུན་གསོལ་འདེབས་དང་། ལེ་བདུན་གྱི་འཇམ་དཔལ་ཡ་མཱནྟ་ཀའི་དགོངས་པ་ཡི༔ སོགས་གསོལ་འདེབས་དང་། བརྒྱུད་འདེབས། སྐྱབས་སེམས། བཤགས་པ་ནས་བརྩམས་བསྟོད་པའི་བར་དང་། མཆོད་པ་བྱིན་བརླབ་ཀྱི་སྨན་རཀ་གཏོར་གསུམ་སྔགས་རྣམས་ཐུན་མགོ་མའི་སྐབས་འདིར་ལན་བདུན་རེ་ཙམ་དང་། ཕྱིན་ཆད་གསུམ་རེས་ཆོག །བཟླས་པའི་མགོར་དུང་ཆེན་གྱི་ཕྲེང་བའམ། འཇམ་དཔལ་ལ་བསྔགས་པའི་རུ་རཀྴའི་ཕྲེང་བ་གྲངས་ལྡན་བཟུང་ནས། ཕྲེང་བ་བྱིན་བརླབ་ནི། ལག་གཡོན་པར་ཕྲེང་བ་མདོ་འཛིན་སྟེང་དུ་ཡོད་པ་བྱས་ཏེ། ཡ་མཱནྟ་ཀས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་བ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་མཐིང་ནག་ཞལ་གསུམ་ཕྱག་དྲུག་གི་གཡས་གསུམ་རྡོ་རྗེ་འཁོར་ལོ་རལ་གྲི། གཡོན་གསུམ་ལྕགས་ཀྱུ་གཏུན་ཤིང་དགྲ་སྟྭ། ཡུམ་གཏུམ་མོ་དུག་ཧྲུལ་མ་དམར་ནག་བེ་ཅོན་བྷན་ཁྲག་འཛིན་ཅིང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་ཞིང་གཤིན་རྗེ་བྱེ་བའི་འཁོར་གྱིས་བསྐོར་བར་གྱུར། ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿབསྟིམ། བཛྲ་པུཥྤེ་སོགས་ཉེར་སྤྱོད་ཀྱིས་མཆོད། ཧཱུྃ༔ ཕ་རོལ་རྒོལ་འཇོམས་རིག་པ་འཛིན༔ སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། ཡ་མ་སོ་གཉིས་དང་དབྱངས་གསལ་རྟེན་སྙིང་ཅི་རིགས་དང་། ཨོཾ་རུ་ཙི་ར་མ་ཎི་པྲ་ཝ་རྟ་ན་ཡ་རཏྣ་མ་ཎི་དྷཱ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པས་སྔགས་དང་མེ་ཏོག་ལས་འོད་ཟེར་འཕྲོས་བགྲང་ཕྲེང་ལྷར་གསལ་བ་ལ་ཐིམ། ལྷ་འོད་དུ་ཞུ་ནས་ཕྲེང་བར་གྱུར་པར་བསམ་ལ་ཤིས་པ་བརྗོད་ཅིང་མེ་ཏོག་གཏོར་རོ། །ཕྲེང་བ་འགོམ་ཡུག་སོགས་མ་ཤོར་ན་ཐུན་ཕྱི་མ་རྣམས་ལ་བྱིན་རླབས་སྔགས་ཁ་ཤས་རེ་བཟླས་པས་ཆོག །ཕཊ་ཛཿཞེས་ཛཔi་ཁང་དབྱེ་ནས་རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོས་ཏེ་མདུན་གྱི་ནམ་མཁར་བཞུགས་པར་བསམ་ལ། ཛཔi་དགོངས་བདག་མདུན་གཉིས་ཀར་གསལ་བཏབ་འོད་ཟེར་སྤྲོ་བསྡུས་དམིགས་པ་དང་བཅས། ཡ་མ་སོ་གཉིས་བཟླ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་ཡེ་དྷར་རྣམས་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་སྐོངས། སྟོང་ཚིག་མཆོད་བསྟོད་བྱ། ཛཔi་ལྷ་རང་ལ་བསྟིམ། དམར་གཏོར་རཀྟས་བྲན་ལ་དམིགས་རྟེན་དུ་བྱས་ཏེ་གཏོར་འགུགས། ན་མོ། རྩ་བརྒྱུད་བླ་མ་སོགས་ནས་བསད་བསྒྲལ་བསྟབ་པ་དང་། ཉི་མ་བཞི་པའི་སྔགས་ཞེས་པ་ཡ་མ་སོ་གཉིས་མཐར་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་དུ་འབུལ། ཨོཾ༔ མཁྱེན་རབ་མངའ་བདག་སོགས་ཀྱི་ཕྲིན་བཅོལ། གཏོར་མ་གོང་གཏོར་དུ་ཕུལ་བའམ་ཕྱི་རོལ་དུ་མཆོད། དམོད་པའི་ཐལ་བརྡེབ་གཞུང་བཞིན་བྱ། དེ་ནས་བཀའ་གཏེར་སྲུང་མ་སྤྱི་དང་། ལས་གཤིན་གཏོར་འབུལ། ཚོགས་འདོན་ན་ལྷག་མ་བསྔོ་བའི་བར་བཏང་། ལྷག་མ་སྒྲུབ་པ་མ་གྲོལ་བར་ཕྱིར་མི་བཏང་སྒྲུབ་ཁང་གི་ལྷོ་ནུབ་ཏུ་བསོགས། དེའང་བསྒྲལ་བ་བསྡུས་པ་བྱ་སྟེ་ཚོགས་བཤགས་གྲུབ་ནས། ན་མོ་རིག་འཛིན་སོགས་ཀྱི་འགུགས་པ་ཚར་གཅིག །ཧཱུྃ༔ བདག་ཉིད་བཅོམ་ལྡན་དཔལ་ཆེན་པོ༔ ཁྲག་འཐུང་འཇམ་དཔལ་གཤིན་རྗེའི་གཤེད༔ རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགཿརྩ་སྔགས་མཐར། ཨ་ནྲྀ་སུ་ཏྲི་པྲེ་དུ་ནྲྀ་ཏྲི་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ༔ ནྲྀ་བྷྲཱུྃ་ཧཱུྃ་ཛཿཨེ་སྥ་ར་ཎ་ཕཊཿཅེས་བསྒྲལ། ལིང་རོ་བདུད་རྩིས་བྲན་ཏེ། ཧཱུྃཿའཇམ་དཔལ་ཁྲག་འཐུང་ལྷ་ཚོགས་ཞལ་ཕྱེས་ཤིག །དགྲ་བགེགས་དུག་ལྔ་བསྒྲལ་བའི་ཤ་ཁྲག་རུས༔ ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས་ཏེ་འབུལ༔ རྔམ་བརྗིད་དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ སརྦ་ཤ་ཏྲུན་བིགྷྣཱན་མཱ་ར་ཡ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧིཿནམ་མཁའ་མཛོད་སྔགས་ལན་གསུམ་གྱི་སྐོང་རྫས་བརླབ། སྐོང་བ་ཉེས་པའི་གཡུལ་རྒྱལ་འདོན། ཚོགས་ལ་རོལ་ཞིང་ཕུད་ལྷག་བསྲེས་ལ། ཨོཾ་ཨཱཿ ཧཱུྃ༔ གིས་ཞལ་ཆབ་བྲན། བྷྱོ༔ དཔལ་གྱི་བཀའ་ཉན་སོགས་ལས་གཞུང་ལྟར་ལྷག་མ་བསྔོ། ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུ། །སོགས་སྨོན་ལམ་བཏབ། གཏོར་འབུལ་ཡོད་ན་གཏོར་སྐྱོངས་བྱ། ཚོགས་འདོན་པ་ཡིན་ན་ཚོགས་མགྲོན་ལ་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་དང་། གང་ལྟར་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བྱ། སང་ཐོར་ཐུན་ལ་ངག་བྱིན་བརླབ་སོགས་དང་། ལས་བྱང་རྒྱས་པའམ་བསྡུས་པ་རྗེ་མཁྱེན་བརྩེའི་གསུང་གནམ་ལྕགས་འཁོར་ལོ་གཉིས་གང་རུང་འདོན། སྤྱིར་ཐུན་བཞི་ལ་ཐུན་གང་རུང་གཅིག་ལ་ཕྲིན་ལས་རྒྱས་པ་དང་། གཞན་གསུམ་ལས་བྱང་བསྡུས་པ་བཏང་ན་རྒྱས་བསྡུས་འཚམས་ཤིང་། དེ་ལྟར་ཐུན་བཞི་ཀའི་མཇུག་ཏུ་གཏོར་འབུལ་དམོད་བཅོལ་རྣམས་འདོན་དགོས་ཤིང་། མི་ཁ་བཟློག་པ་རྒྱུན་དུ་མ་བྱས་ཀྱང་རུང་། བསྙེན་པའི་དམ་ཚིག་གསང་བ་སྤྱི་འགྲོའི་བསྙེན་ཡིག་ལྟར་ལ། ཐུན་སྒང་ངག་བཅད་དམ་པ་དང་། སྔགས་སྒྲ་དག་ཅིང་ཆད་ལྷག་མེད། གླལ་དང་། ལུ་བ། སྦྲིད་པ། གཉིད་སོགས་སྤངས་ལ། དེ་རྣམས་བྱུང་ན་ཕྲེང་རྡོག་ཁ་ཡར་གྲངས་སུ་མི་བརྩི་བ་དང་། བརྫུན་དང་། སྒོག་ཙོང་། ལྕེ་ཤ་བཟའ་བ། དམ་ཚིག་མི་གཙང་བའི་ལག་ནས་བྱུང་བའི་ཟས་གོས་སོགས་སྤངས། མལ་སྟན་སྤྲུགས་པ། སྐྲ་སེན་བྲེག་པ། ཁ་ལག་བཀྲུ་བ། མཚོན་རྩེ་ཁར་གཞུག་པ། རང་གི་མལ་དུ་གཞན་སྡོད་པ། ཁྱི་དང་བུད་མེད་སྒྲུབ་ཁང་དུ་ཞུགས་པ། མཚམས་འོག་ཏུ་མེད་པའི་མི་གསར་པ། དངོས་རྫས་གསར་པ་ཞག་རེ་ཙམ་ཕྱི་རོལ་དུ་མི་འཇོག་པ་ནང་དུ་ཁྱེར་བ་སོགས་འཛེམ། སེམས་ལྷ་སྔགས་ཏིང་ངེ་འཛིན་ལ་མི་གཏོད་པར་རྣམ་རྟོག་རྒྱ་འབྱམས་སུ་གཡེངས་བ་ནི། སེམས་གཞན་གཡེངས་པའི་བཟླས་པས་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་གསུངས་པས་ནེ་ཚོས་མ་ཎི་འདོན་པ་ལྟར་འགྱུར་ཞིང་སྔགས་ཀྱི་འབྲས་བུ་མི་འབྱིན་པ་དང་། ཉོན་མོངས་དུག་ལྔ་དྲག་པོ་སྐྱེས་པ་དང་། ཆོས་དང་བླ་མ་ལ་ཡིད་མི་ཆེས་ཤིང་ཐེ་ཚོམ་ཟ་བ། སྒྲུབ་པ་མཐར་མི་ཕྱིན་པ་གཞན་དུ་འགྲོ་བ་སོགས་ཕྱི་ནང་གསང་བའི་མཚམས་རལ་བའི་རྒྱུ་རྣམས་སྤངས་ནས་དད་མོས་རྩེ་གཅིག་པས་བསྙེན་སྒྲུབ་ལ་འབད་པ་གལ་ཆེ་སྟེ། ཇི་སྐད་དུ། ཏིང་འཛིན་མེ་དང་འདྲ་བ་ལ། བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་གསུངས་སོ། །འཇམ་དཔལ་དྲག་པོ་འདི་ལྷ་སྔགས་ཅུང་ཟད་རྩུབ་པས་ཞི་བསྙེན་གྲངས་ཇི་ཙམ་མང་ན་དེ་ཙམ་གྱིས་དྲག་བསྙེན་འཇམ་ལ་གེགས་ཆུང་བ་དང་། བསྟན་པ་དང་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ལས་རང་འདོད་ཀྱི་བསམ་སྦྱོར་ངན་པས་ཀུན་ནས་བསླང་སྟེ་དྲག་པོའི་བསྙེན་སྒྲུབ་བྱེད་ན་བར་ཆད་ཆེ་ཞིང་ཕྱི་མར་ངན་སོང་གི་རྒྱུ་བྱེད་པས་ཀུན་སློང་རྣམ་པར་དག་པ་གལ་ཆེ་བའང་འཕྲོས་དོན་དུ་སྨྲས་པའོ། །དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ཡ་མ་སོ་གཉིས་རབ་འབྲུ་འབུམ། འབྲིང་འབུམ་ཕྲག་བཅུ་དྲུག །ཐ་མ་ལས་རུང་ཙམ་ལ་འབུམ་ཕྲག་བཞི་ཁ་སྐོངས་དང་བཅས་པ་བཟླ་ཟིན་ནས། ལས་སྦྱོར་བཟློག་པ་ཞག་བདུན་གསུམ་ལྔ་གང་རིགས་བྱས་ན་ལེགས་པས་དེ་ཡི་བཤོམ་དང་ཆོ་ག་རྣམས་ལས་བྱང་རྡོ་རྗེ་ཕ་ལམ་དུ་གསལ་བ་དང་། བཟློག་པ་འཕང་བ་སོགས་གྲུབ་ནས་དངོས་གྲུབ་བླངས་བ་ལ། སང་བླངས་རྒྱུའི་དོ་དགོང་ནས་མཆོད་གཏོར་རྣམས་ཁ་གསོ་སྟེགས་ཀྱི་ཁར་དངོས་གྲུབ་ཀྱི་འབྲང་རྒྱས་དར་གདུགས་ཀྱིས་བརྒྱན་པ་དང་། ཐོད་པ་བདུད་རྩིས་གཏམས་པ་ཟས་སྣ་ཚོགས་ཚད་བཤམས། སང་སྔ་བར་བསྐྱིད་བཟླས་གཏོར་བསྔོ། ཚོགས་མཆོད་དང་ལྷག་མ་བཙོན་འཛིན་དུ་བྱས་པ་དང་བཅས་ཕྱི་རོལ་དུ་མཆོད། ཆོས་སྐྱོང་གཏོར་འབུལ་དང་། ཆད་བརྟན། རྟ་བྲོ་བཅས་གྲུབ་ནས་དངོས་གྲུབ་ཀྱི་རྫས། ཨོཾ་སུཾ་བྷ་ནི་སོགས་གུལ་ཡུངས་བཅས་ཀྱིས་བགེགས་བསྐྲད། ཡེ་ཤེས་སྐུ་མཆོག་གི་བཤགས་པ་བྱ། ལས་བྱང་གི་བྱིན་འབེབས་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་བདུད་དང་དམ་སྲི་དགྲ་བགེགས་བྱད་ཕུར་རྦོད་གཏོང་ཐམས་ཅད་ཚར་བཅད་དམིགས་མེད་ཀྱི་དབྱིངས་སུ་བསྟིམ། སྣོད་བཅུད་ཐམས་ཅད་འཇམ་དཔལ་ཞི་ཁྲོའི་དཀྱིལ་འཁོར་དུ་གྱུར། བདེ་གཤེགས་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བྱིན་བརླབ་ནུས་མཐུ་ཐམས་ཅད་དང་། འཁོར་འདས་ཀྱི་མཁྱེན་བརྩེ་བློ་གྲོས་ཚེ་བསོད་དཔལ་འབྱོར་གྱི་དྭངས་བཅུད་ཐམས་ཅད་བསྡུས་ཏེ་བདག་དང་དངོས་གྲུབ་ཀྱི་རྫས་ལ་ཐིམ་པར་བསམ་ལ། རྩ་སྔགས་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་སྟོང་རྩ་བཟླ། སྐྱ་རེངས་ཤར་བ་དང་བསྟུན། ཧཱུྃ་ཧྲཱིཿསྙིང་པོ་བྱང་ཆུབ་སེམས་ཀྱི་སོགས་ཀྱིས་དངོས་གྲུབ་བསྐུལ། རྟེན་གཏོར་གནས་གསུམ་དུ་བཞག །དངོས་གྲུབ་ཀྱི་རྫས་ལ་རང་ཉིད་དང་སྒྲུབ་གྲོགས་དམ་ཚིག་ལྡན་པར་སྦྱིན་པ་ལས་ཕྱི་མི་དང་། བྱ་ཁྱི་སོགས་ལ་མི་སྦྱིན་པར་བདག་གིར་སྤྱོད་དོ། །སླར་ཡང་མཆོད་པ་ཁ་གསོས་ལ་མཆོད་བསྟོད་རྒྱས་པར་བྱ། དམ་ཚིག་གི་བྲིས་སྐུ་སོགས་ཡོད་ན་རྟེན་བཞུགས་དང་། མེད་ན། ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱ། རྒྱལ་ཐོ་མདུན་མཆོད་གཏོར་བཤམས་ནས་ཐོ་འགྲོལ། ཉིན་ཁ་ཤས་ལ་ལས་བྱང་རྒྱས་བསྡུས་གང་རེད་ཚར་རེ་དང་། ལྷག་ཆད་སྐོང་ཕྱིར་ཡིག་བརྒྱ་ཅི་ནུས་བརྗོད། རིམ་གྱིས་གྲོགས་དམ་ལྡན་རེ་ཟུང་དང་འཕྲད་པ་སོགས་བསྙེན་སྒྲུབ་སྤྱི་ལྟར་ཤེས་པར་བྱ་ཞིང་། ལས་སྦྱོར་གཏོར་བཟློག་འདི་དངོས་གྲུབ་སྔོན་དུ་བླངས་ནས་རྗེས་ལ་བྱས་ཀྱང་ཆོག་གོ །དེ་ལྟར་བརྩོན་པའི་དགོས་པའང་། གཞུང་ལས། སྙིགས་མའི་འགྲོ་བ་ལས་ངན་ཅིང་༔ རྨུ་རྒོད་ཕྲག་དོག་ཆེ་བའི་རྒྱུས༔ བྱད་ཕུར་ལྡང་ཞིང་མི་ཁ་འཁྲུགས༔ གློ་བུར་ཚེ་ལ་བར་གཅོད་པའི༔ རྣམ་མང་གེགས་ཀྱིས་འཚེ་བ་ན༔ བླ་མ་འཇམ་དཔལ་སྨྲ་བའི་སེང་༔ དྲག་པོའི་རྣལ་འབྱོར་འདི་ཀ་བསྒོམ༔ ཞེས་སྙིགས་དུས་ཚེ་ཐུང་ནད་མང་གློ་བུར་གྱི་རྐྱེན་ངན་སྣ་ཚོགས་ལྡང་བའི་སྐབས་འདིར་འཇོམས་བྱེད་རྡོ་རྗེའི་རིག་སྔགས་ཀྱི་གོ་ཆ་བླ་ན་མེད་པ་འདི་ཉིད་ལ་བརྩོན་པར་བྱ་ཞིང་། བསྙེན་སྒྲུབ་ཐེམ་པས་གཏེར་གཞུང་གི་དངོས་བསྟན་ལས་ཀྱི་ཚོགས་རབ་འབྱམས་རྣམས་སྒྲུབ་ན་རང་གཞན་ལ་ཕན་བདེ་བླ་ན་མེད་པ་སྦྱིན་པའི་གསོས་སུ་གྱུར་པའོ། །རབ་འབར་རྡོ་རྗེའི་མེ་འོད་འཕྲོ་བ་ཡི། །མ་རུངས་བདུད་དང་གཤིན་རྗེ་འཇོམས་མཛད་ལྷ། །ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཆེན་གྱི། །བསྙེན་ཟིན་བློ་དམན་འཇུག་བདེའི་གསོས་སུ་སྤེལ། །དེ་ལས་ཐོབ་པའི་དགེ་ཚོགས་རིན་ཆེན་རྡུལ། །ལྷུན་པོར་སྤུངས་འདི་བསྟན་དང་འགྲོ་ལ་བསྔོ། །ཀུན་ཀྱང་བདེ་དགའི་དཔལ་གྱིས་འབྱོར་པ་དང་། །བསྟན་པ་རིན་ཆེན་གསལ་བའི་རྒྱུར་གྱུར་ཅིག །ཅེས་པའང་གདོང་སྣ་མཆོག་སྤྲུལ་རིན་པོ་ཆེའི་གསུང་བསྐུལ་ངོར་༧ཆོས་ཀྱི་བློ་གྲོས་པས་ཟིན་ཐུན་དུ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ།། །།

Footnotes

Other Information