གྲུབ་ཐོབ་ཐུགས་ཏིག་གི་བཀའ་བརྒྱད་ཀྱི་ལུས་དཀྱིལ་རྒྱུན་དུ་ཉམས་སུ་བླངས་བའི་ངག་འདོན་མདོར་བསྡུས་ཡེ་ཤེས་བཅུད་ཐིག།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-055
Wylie title grub thob thugs tig gi bka' brgyad kyi lus dkyil rgyun du nyams su blangs ba'i ngag 'don mdor bsdus ye shes bcud thig JKCL-KABUM-05-CA-055.pdf
Location chos kyi blo gros bka' 'bum
Volume 5, Text 55, Pages 663-671 (Folios 1a to 5a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People ཐང་སྟོང་རྒྱལ་པོ་ (thang stong rgyal po)
Citation 'jam dbyangs mkhyen brtse chos kyi blo gros. grub thob thugs tig gi bka' brgyad kyi lus dkyil rgyun du nyams su blangs ba'i ngag 'don mdor bsdus ye shes bcud thig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 663-671. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Liturgy - ngag 'don  ·  Sadhanas - Evocation Ritual - sgrub thabs
Cycle ཁྲག་འཐུང་བདེ་གཤེགས་འདུས་པ་ (khrag 'thung bde gshegs 'dus pa)
Parent Cycle གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (grub thob chen po'i thugs tig)
Deity bka' brgyad
Colophon

།ཅེས་པའང་ཆབ་མགར་ཉ་རིང་ཚེ་དཔལ་ནས་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་ཁྲིག་སུ་བསྡེབས་པ་འདིས་ཀྱང་ཟུང་འཇུག་དྭངས་མའི་ཡེ་ཤེས་ཀྱི་སྐུ་དཀའ་བ་མེད་པ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། །།

/ces pa'ang chab mgar nya ring tshe dpal nas bskul ngor/__pad+ma ye shes rdo rjes khrig su bsdebs pa 'dis kyang zung 'jug dwangs ma'i ye shes kyi sku dka' ba med pa myur du thob pa'i rgyur gyur cig__/mang+ga laM/__//

1 Texts in this Section (sde tshan or chos tshan)

[edit]
༄༅། །གྲུབ་ཐོབ་ཐུགས་ཏིག་གི་བཀའ་བརྒྱད་ཀྱི་ལུས་དཀྱིལ་རྒྱུན་དུ་ཉམས་སུ་བླངས་བའི་ངག་འདོན་མདོར་བསྡུས་ཡེ་ཤེས་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། འཁོར་འདས་ཀུན་ཁྱབ་བྱང་ཆུབ་སེམས། །རང་རིག་ཡེ་ཤེས་ཆེན་པོའི་གཟུགས། །ཁྱབ་བདག་བླ་མ་དཔལ་ཆེན་པོར། །བཏུད་ནས་རྒྱུན་གྱི་རྣལ་འབྱོར་བྲི། །དེ་ལ་འདིར་དཀྱིལ་འཁོར་ཆེན་པོར་དབང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་ཤིང་དྲང་དོན་ཐུན་མོངས་ཕྱི་ཡི་བསྐྱེད་རིམ་ལ་བསྙེན་སྒྲུབ་ཚད་དུ་ཕྱིན་ཅིང་ཅུང་ཟད་བརྟན་པ་ཐོབ་པའམ། མ་ཐོན་ཀྱང་རུང་སྟེ་རྫོགས་རིམ་ལ་གཙོ་བོར་བྱེད་པར་འདོད་ལ། ནང་ངེས་དོན་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་སྒོམ་པ་ཉིད་གཙོ་ཆེ་བར་གསུངས་པས་དེ་ཡང་སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཉམས་ལེན་ནོ། །དང་པོ་སྔོན་འགྲོ་ལ། ཐུན་མོངས་དང་། ཐུན་མིན་ནི། དང་པོ་ནི། དབེན་པའི་གནས་སུ་བདེ་བའི་སྟན་ལ་ལུས་གནད་བསྲང་། རླུང་རོ་བསལ། རྣམ་རྟོག་གི་སྡུན་ཐག་བཅད་དེ་འཁོར་བ་ལ་ངེས་འབྱུང་གི་བློ་བཅོས་མ་མ་ཡིན་པ་རྒྱུད་ལ་འཁྲུངས་ངེས་སུ་བྱས་པས་ལམ་གྱི་གཞི་འདེངས་ཏེ། གཉིས་པ་ལ་ལྔ་ལས་དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་མངོན་སུམ་བཞིན་དུ་བཞུགས་པར་ལ་མོས་གུས་འདུན་པ་དྲག་པོས། ན་མོ༔བྱིན་རླབས་རྩ་བ་བླ་མ་དང་༔བསླུ་མེད་དཀོན་མཆོག་རྣམ་པ་གསུམ༔མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ༔སྙིང་ནས་གུས་པས་སྐྱབས་སུ་མཆི༔ཅི་ནུས་སུ་བྱའོ། །གཉིས་པ་ནི། སྨོན་འཇུག་གི་སེམས་བསྐྱེད་ཀྱི་དོན་དྲན་བཞིན་པས་ངག་ཏུ། མ་གྱུར་རིགས་དྲུག་སེམས་ཅན་ལ༔བྱམས་དང་སྙིང་རྗེས་ཀུན་བསླངས་ཏེ༔སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ཞེས་ལན་མང་དུ་བརྗོད་ཅིང་བློ་སྦྱང་པར་བྱའོ། །གསུམ་པ་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོས་མཚན༔སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ཞབས་ཀྱི་མཐེ་བོང་ལས་བརྒྱུད་རང་ལ་ཐིམ༔ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་གྱུར༔ཡི་གེ་བརྒྱ་པ་བརྒྱ་སྟོང་ཁྲི་འབུམ་དུ་བཟླ༔མཐར་རང་ལ་བསྟིམ༔རང་རྡོ་རྗེ་སེམས་དཔར་གསལ་ལ༔ཨོཾ་བཛྲ་ས་ཏྭ་ཧཱུྃ༔ཞེས་བཟླས་པའི་མཐར་ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་སེམས་རྡོ་རྗེ་སེམས་དཔའི་ངང་ལ་བཞག་གོ། འདི་ཉིད་སྒྲིབ་པ་བྱང་བའི་རྟགས་ཡང་ཡང་མ་བྱུང་བར་དུ་འབད་པ་གལ་ཆེའོ། །བཞི་པ་ནི་འདི་ལྟར་གསལ་བཏབ་པར་བྱ་སྟེ། རང་སྣང་དག་པའི་ཞིང་ཆེན་པོ། །མཆོད་སྤྲིན་རྒྱ་མཚོས་བསྐོར་བའི་དབུས། །རང་མདུན་ནམ་མཁར་འཇའ་ཟེར་ཀློང་། །དཀོན་མཆོག་རྒྱ་མཚོ་བཞུགས་པར་བསམ། ན་མོ༔བདག་དང་མཁའ་མཉམ་སེམས་ཅན་ཀུན༔ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་ཏེ༔སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད༔སྡིག་ལྟུང་འགྱོད་པས་སྙིང་ནས་བཤགས༔བྱང་ཆུབ་སྤྱོད་ལ་རྗེས་ཡི་རང་༔ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔མྱ་ངན་མི་འདའ་བཞུགས་སུ་གསོལ༔དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་ལན་གྲངས་མང་དུ་བརྗོད། མཆོད་པའི་མཎྜལ་ཚོམ་བུ་སོ་བདུན་མ་སོགས་སྤྱི་ལྟར་བཀོད་ཅིང་འབུལ་བ་དང་། ཁྱད་པར་རང་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཎྜལ་དུ་ཕུལ་ལ། ཨོཾ་ཨཱཿཧཱུྃ༔བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔བཀོད་པ་རབ་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ཨོཾ་སརྦ་ཏ་ཐཱ་ག་ཏེ་བྷྱེཿམཎྜ་ལ་པཱུ་ཛ་ཧོཿམཐར་ཚོགས་ཞིང་རང་ལ་བསྟིམ༔འདིའང་ཚོགས་རྫོགས་པའི་རྟགས་མ་མཐོང་གི་བར་དུ་འབད་དོ། །ལྔ་པ་ནི། ཐོག་མར་རྟེན་གསལ་གདབ་སྟེ། ཨོཾ་ཨཱཿཧཱུྃ༔དབྱིངས་ནི་རྣམ་པར་དག་པ་ཆོས་ཀྱི་སྐུ༔རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔སྐུ་གསུམ་དབྱེར་མེད་ཀུན་ཏུ་འཆང་ཆེན་པོ༔ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་རྒྱན༔སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ཡི་དམ་ཞི་ཁྲོ་རབ་འབྱམས་འཇའ་ལྟར་ཤར༔མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ཅེས་དམིགས་ལ་བྱང་གཏེར་བླ་མ་སྐུ་གསུམ་མའི་གསོལ་འདེབས་སྤྲོས་བྲལ་བདེ་ཆེན། འདི་ཉིད་ཀྱི་བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། མདོར་བསྡུས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔འདི་ནས་བྱང་ཆུབ་སྙིང་པོའི་བར༔བདག་ལ་རེ་ལྟོས་ཁྱེད་ལས་མེད༔ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔སྡུག་བསྔལ་འཁོར་བའི་འདམ་ནས་དྲོངས༔ཞི་བསིལ་བདུད་རྩིའི་ཆར་ཆེན་ཕོབ༔སྐུ་གསུང་ཐུགས་ཀྱིས་རྗེས་སུ་ཟུངས༔སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ཞེས་མོས་གུས་གདུང་ཤུགས་དྲག་པོས་བྱིན་རླབས་ཞུགས་པའི་ཉམས་མ་སྐྱེས་བར་ཅི་ནུས་སུ་གསོལ་བ་བཏབ་ལ། མཐར། ཨོཾ་ཨཱཿཧཱུྃ་གིས་ཐུགས་དམ་བསྐུལ་བས། འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་སྤྲོས། རང་གི་གནས་གསུམ་དུ་རིམ་དང་ཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། མཐར་ཤེལ་འོད་ནང་དུ་ནུབ་པ་བཞིན་འཁོར་རྣམས་བླ་མ་ཡབ་ཡུམ་ལ་ཐིམ། བླ་མ་ཡབ་ཡུམ་རང་རིག་པ་སྐྱེ་མེད་ཀྱི་ངང་དུ་ཐིམ་པར་བསམས་ལ་དགོངས་པ་བསྐྱང་། ཐུན་འཇོག་པ་ན་བསྔོ་བས་རྒྱས་གདབ། སྣང་གྲགས་རིག་གསུམ་བླ་མའི་དཀྱིལ་འཁོར་ལམ་དུ་བྱའོ། །གཉིས་པ་དངོས་གཞི་རྫོགས་རིམ་གྱི་སྔོན་འགྲོ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ནི། ཆོས་ཐམས་ཅད་གདོད་ནས་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ངང་ལས། སྐད་ཅིག་གིས་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྣོལ་བའི་གདན་གྱི་སྟེང་དུ། རང་རིག་སྐད་ཅིག་གིས་དཔལ་ཆེན་པོ་སྐུ་མདོག་མཐིང་ནག་ནམ་མཁའ་དྭངས་པའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་སྒེག་པ་ལ་སོགས་པའི་ཉམས་དགུས་བརྗིད་པ། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་དང་། གཡོན་པས་དུང་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ་དཔལ་གྱི་ཆས་བཅུ། དུར་ཁྲོད་རུས་པའི་རྒྱན་གྱིས་བརྒྱན་ཅིང་ཞབས་བརྐྱང་བསྐུམ་བཞེངས་སྟབས་ཀྱི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གསལ་བའི་སྤྱི་གཙུག་ཏུ་བླ་མ་རྡོ་རྗེ་ཆོས་དཀར་དམར། དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད། མགྲིན་པར་དབང་ཆེན་རྟ་མགྲིན་དམར་སྨུག །ཐུགས་ཀར་དཔལ་ཆེན་ཡང་དག །ལྟེ་བར་རྡོ་རྗེ་གཞོན་ནུ། གསང་བར་མངོན་རྫོགས་རྒྱལ་པོ། བརླ་གཡས་དྲེགས་པ་ཀུན་འདུལ། བརླ་གཡོན་སྟོབས་ལྡན་ནག་པོ། ཐམས་ཅད་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་མཚན་དང་རྒྱན་ཆ་ལུགས་གཙོ་བོ་མཚུངས་པར་གསལ་བར་གྱུར། དེ་ཉིད་རྡོ་རྗེའི་ཚིག་གིས་གསལ་འདེབས་པར་སྤྲོ་ན། རང་ཉིད་དཔལ་ཆེན་ཧེ་རུ་ཀ༔ཕྱག་རྒྱ་གཅིག་པའི་སྐུར་གསལ་བའི༔ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང་༔ནང་གི་རྩ་རླུང་ཐིག་ལེའི་ཁམས༔སེམས་དང་དབྱེར་མེད་དཀྱིལ་འཁོར་ཏེ༔སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ཡང་དག་ཆེ་མཆོག་ཀཱི་ལ་ཡ༔ནོར་བུ་བླ་མེད་བརླ་གཡས་གཡོན༔དྲེགས་པ་དྲག་སྔགས་ལྷ་ཚོགས་གསལ༔ཅེས་བརྗོད་ལ་ལུས་སེམས་ཀྱི་སྣང་ཞན། དཔལ་ཆེན་པོའི་སྐུ་དང་ང་རྒྱལ་དུ་ཤར་བ་དང་། ཅིར་སྣང་ཐམས་ཅད་ཀྱང་ལྷ་སྐུ་སྒྱུ་མ་ལྟ་བུ་བཅོས་ཏེ་བསྒོམ། མཐར་མ་བཅོས་རང་བྱུང་གི་ཏིང་འཛིན་རྩེ་གཅིག་པ་ལ་བསླབ་བོ། །དེས་སྐྱོ་ན། གཙོ་བོའི་ཐུགས་ཀར་མི་འགྱུར་བའི་ཐུགས་སྲོག་ཧཱུྃ་ཡིག་མཐིང་ནག་མར་མེ་འབར་བ་ལྟ་བུའི་འོད་ཟེར་འཕྲོ་བ་ལ་སེམས་བཟུང་། སྒྲ་གྲགས་པ་ཐམས་ཅད་ཧཱུྃ་གི་རང་སྒྲ་དིར་དིར་སྒྲོགས་པར་དམིགས་ལ་ཧཱུྃ་བཟླས་ཅི་རིགས་བྱ་བ་ནི། གཞུང་རྩ་བ་ཐུགས་སྲོག་ཧཱུྃ་ལ་སེམས་གཏད་བཟླ༔ཞེས་པའི་དགོངས་པའོ། །དེ་ལ་གོམས་ན་སྣང་སྲིད་གཞིར་བཞེངས་ཡོངས་གྲུབ་རྫོགས་པའི་བསྐྱེད་ཚུལ་ལ་བརྟེན་ནས་ལུས་དབེན་མཐར་ཕྱིན་པ་འགྲུབ་བོ། །དེ་ནས་རྫོགས་རིམ་ཀྱི་དངོས་གཞི། སྔགས། སེམས། སྒྱུ་ལུས། འོད་གསལ། ཟུང་འཇུག་གི་རིམ་པ་ལྔ་པོ་མོས་སྒོམ་སྟན་ཐོག་གཅིག་ཏུ་རྫོགས་པར་ཉམས་སུ་ལེན་པའམ། ལམ་ངེས་རྫོགས་ཀྱི་དབང་དུ་གང་བསྒོམ་པ་དེའི་ཉམས་མྱང་གི་རྩི་དང་མ་བྲལ་བ་དྲན་པས་རྒྱུན་བསྐྱངས་ཤིང་། གེགས་སེལ་དང་བོག་འདོན་སྐབས་དང་མཚམས་པར་སྦྱར་བས་ནང་གི་ས་ལམ་བདེ་མྱུར་དུ་བགྲོད་དེ། གྲུབ་པའི་འབྲས་བུ་རང་རིག་བླ་མ་དཔལ་ཆེན་ཡེ་ཤེས་དགུ་ཀློང་འབར་བའི་དཀྱིལ་འཁོར་ཆེན་པོ་མངོན་དུ་འགྱུར་བ་ནི་ཡང་དག་པའི་ངེས་པ་ཉིད་དོ། །འདི་རྣམས་ཞིབ་ཏུ་ལོ་ཆེན་རྣམ་སྣང་སྲུང་བའི་ལེགས་བཤད་རྡོ་རྗེའི་གསང་མཛོད་ལེའུ་ཚན་དང་། བརྒྱུད་ལྡན་བླ་མའི་ཞལ་ཁྲིད་ཁོ་ན་ལས་ཤེས་པར་བྱའོ། །འདི་དགེས་གཉིས་སྣང་འཁྲུལ་པ་ཀུན། །གཉིས་མེད་ཡེ་ཤེས་ཆེན་པོར་རྫོགས། །མཚན་མ་ཀུན་བྲལ་ཕྱག་རྒྱའི་ལྷ། །ཧེ་རུ་ཀཿདཔལ་མངོན་གྱུར་ཤོག །ཅེས་པའང་ཆབ་མགར་ཉ་རིང་ཚེ་དཔལ་ནས་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་ཁྲིག་སུ་བསྡེབས་པ་འདིས་ཀྱང་ཟུང་འཇུག་དྭངས་མའི་ཡེ་ཤེས་ཀྱི་སྐུ་དཀའ་བ་མེད་པ་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། །། །

Footnotes

Other Information