གྲུབ་ཐོབ་བཀའ་བརྒྱད་ཀྱི་རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-054
Wylie title grub thob bka' brgyad kyi rgyun gyi rnal 'byor dngos grub rgya mtsho JKCL-KABUM-05-CA-054.pdf
Location chos kyi blo gros bka' 'bum
Volume 5, Text 54, Pages 649-662 (Folios 1a to 7b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People ཐང་སྟོང་རྒྱལ་པོ་ (thang stong rgyal po)
Citation 'jam dbyangs mkhyen brtse chos kyi blo gros. grub thob bka' brgyad kyi rgyun gyi rnal 'byor dngos grub rgya mtsho. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 649-662. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle ཁྲག་འཐུང་བདེ་གཤེགས་འདུས་པ་ (khrag 'thung bde gshegs 'dus pa)
Parent Cycle གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ (grub thob chen po'i thugs tig)
Deity bka' brgyad
Recension Link Other Versions on this site: གྲུབ་ཐོབ་བཀའ་བརྒྱད་ཀྱི་རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ།
Colophon

།ཅེས་གྲུབ་ཐོབ་བཀའ་བརྒྱད་ཀྱི་སྔོན་འགྲོ་ཐུན་མོང་ཐུན་མིན་ཕྱི་ནང་གི་བསྐྱེད་རིམ་རྣམས་ཉུང་གསལ་རྒྱུན་གྱི་རྣལ་འབྱོར་འདི་ཡང་སྔོན་དུས་བྲིས་པ་ཞིག་ཡོད་ཀྱང་། དེ་ལས་ཁྱད་པར་འཕགས་པའི་འདུས་གསལ་དུ་བཀོད་པ་འདི་ནི་རང་སློབ་ཁྱུང་པོ་སྒ་ཉག་བླ་མ་པདྨ་ཆོས་རྒྱལ་གྱི་སྲས་མི་ཕམ་སྤྲུལ་སྐུ་ངག་དབང་ཆོས་འཕེལ་ནས་རྟེན་བཅས་བསྐུལ་བ་དང་། རང་གཞན་ལ་ཕན་པའི་བསམ་པས་ངག་འདོན་དུ་བསྡེབས་པ་འདིས་ཀྱང་རང་གཞན་ཡིད་ཅན་ཐམས་ཅད་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱིས་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ། །།

/ces grub thob bka' brgyad kyi sngon 'gro thun mong thun min phyi nang gi bskyed rim rnams nyung gsal rgyun gyi rnal 'byor 'di yang sngon dus bris pa zhig yod kyang /__de las khyad par 'phags pa'i 'dus gsal du bkod pa 'di ni rang slob khyung po sga nyag bla ma pad+ma chos rgyal gyi sras mi pham sprul sku ngag dbang chos 'phel nas rten bcas bskul ba dang /__rang gzhan la phan pa'i bsam pas ngag 'don du bsdebs pa 'dis kyang rang gzhan yid can thams cad gsang chen rdo rje theg pa'i lam gyis grol ba'i rgyur gyur cig__/sarba mang+ga laM/__shu b+haM/__//

Notes According to the karchag for the Khyentse Kabab, this text was arranged by Dilgo Khyentse.

1 Texts in this Section (sde tshan or chos tshan)

[edit]
༄༅། །གྲུབ་ཐོབ་བཀའ་བརྒྱད་ཀྱི་རྒྱུན་གྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀཱ་ཡ། དཔལ་ལྡན་བརྟན་གཡོ་ཀུན་ཁྱབ་ཐོག་མའི་མགོན། །བླ་མ་ཧེ་རུ་ཀ་དཔལ་ཆེན་པོ་ནི། །རང་བྱུང་རིག་པའི་ངོ་བོར་ཤེས་པ་ཡིས། །དུས་གསུམ་འདུ་འབྲལ་མེད་པའི་ངང་ནས་འདུད། །རིག་རྩལ་སྣང་ཆ་ཡེ་ཤེས་ཕྱག་རྒྱའི་སྐུ། །སྒྲུབ་པའི་ཐབས་ཚུལ་གྲུབ་པའི་ཞལ་གྱི་ལུང་། །ངོ་མཚར་གསང་བ་ཆེན་པོའི་བཅུད་ཕྱུང་བ། །རྒྱུན་གྱི་རྣལ་འབྱོར་ཉུང་ངུ་དབྱེ་བར་བྱ། །དེ་ལ་ཟབ་ཆོས་འདི་ཉིད་ཀྱི་དབང་ཐོབ་ཅིང་སྣོད་རུང་དུ་གྱུར་པས་རྒྱུན་གྱི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། བདེ་བའི་སྟན་ལ་འཁོད་དེ་རླུང་རོ་ལན་གསུམ་སོགས་བསལ། ཐོག་མ་ཁོ་ནར་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་དྲན། སེམས་ཅན་ལ་ཕན་འདོད་ཀྱི་བསམ་པ་བཟང་པོ་བྱང་ཆུབ་སེམས་བསྐྱེད་ཀྱི་རྩིས་ཟིན་པས་རྒྱུད་སྦྱངས་ནས་ལམ་འདིར་འཇུག་པར་བྱའོ། །དེ་ལ་སྔོན་འགྲོ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ། སྡིག་སྒྲིབ་སྦྱོང་བ། ཚོགས་བསགས་པ། བྱིན་རླབས་བསྐུལ་བ་བླ་མའི་རྣལ་འབྱོར་དང་ལྔ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་རྩ་གསུམ་རབ་འབྱམས་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པར་བསམ་ལ། ན་མོཿབྱིན་རླབས་རྩ་བ་བླ་མ་དང་༔བསླུ་མེད་དཀོན་མཆོག་རྣམ་པ་གསུམ༔མཁའ་འགྲོ་ཆོས་སྐྱོང་ཚོགས་བཅས་ལ༔སྙིང་ནས་གུས་པས་སྐྱབས་སུ་མཆི༔ཞེས་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་དྲིལ་གྱིས་ལན་ཅི་ནུས་སུ་བྱའོ། །གཉིས་པ་སེམས་བསྐྱེད་ནི། སྡུག་བསྔལ་ཅན་གྱི་འཁོར་བའི་གནས་ལས་ཕ་མ་སེམས་ཅན་རྣམས་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེས་དྲངས་ཏེ་བྱང་ཆུབ་ཏུ་སྨོན་པ་དང་། འཇུག་པའི་སེམས་དང་ལྡན་པས། མར་གྱུར་རིགས་དྲུག་སེམས་ཅན་ལཿབྱམས་དང་སྙིང་རྗེས་ཀུན་བསླངས་ཏེ༔སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར། རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ཞེས་ལན་མང་དུ་བརྗོད། བདག་གཞན་བརྗེ་བའི་བློ་སྦྱོང་ཡང་བསྒོམ་པར་བྱའོ། །གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་ནི། རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས༔དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ༔རྡོ་རྗེ་དྲིལ་འཛིན་དར་དང་རིན་ཆེན་བརྒྱན༔པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོས་མཚན༔སྡིག་ལྟུང་ལ་འགྱོད་སྐྱབས་གསོལ་སྔགས་བཟླས་པས༔ཧཱུྃ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན༔ཞབས་ཀྱི་མཐེ་བོང་ནས་བརྒྱུད་རང་ལ་ཐིམ༔ནད་གདོན་སྡིག་སྒྲིབ་བག་ཆགས་བཅས་པ་སྦྱངས༔སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པར་གྱུར༔ཞེས་སྟོབས་བཞིའི་དམིགས་གནད་ལྡན་པས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། མཐར། མགོན་པོ་བདག་ནི་མི་ཤེས་སོགས་ཀྱི་སྐྱབས་གསོལ་བྱས་མཐར། རྡོ་རྗེ་སེམས་དཔས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་གི་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པ་དང་རང་ཉིད་རྡོ་རྗེ་སེམས་དཔའ་སྣང་ལ་རང་བཞིན་མེད་པའི་སྐུར་བསམ་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ཞེས་བཟླས་མཐར་དོན་གྱི་རྡོ་རྗེ་སེམས་དཔའི་རང་ངོ་བསྐྱང་ལ་མཉམ་པར་བཞག་གོ། བཞི་པ་ཚོགས་བསགས་ཡན་ལག་བདུན་པ་ནི། དག་པའི་ཞིང་ཁམས་ཆེན་པོའི་མདུན་མཁར་བླ་མ་ཡི་དམ་དཀོན་མཆོག་རྒྱ་མཚོ་བཞུགས་པར་བསམ་ལ། དམིགས་འདོན་ཟུང་དུ་ཆུད་པས། ན་མོ༔བདག་དང་མཁའ་མཉམ་སེམས་ཅན་ཀུན༔ཞིང་རྡུལ་སྙེད་ཀྱི་ལུས་སྤྲུལ་སྟེ༔སྐྱབས་གནས་དཀོན་མཆོག་ཐམས་ཅད་ལ༔སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔མཆོད་སྤྲིན་རྒྱ་མཚོས་རྟག་ཏུ་མཆོད༔སྡིག་ལྟུང་འགྱོད་པས་སྙིང་ནས་བཤགསཿབྱང་ཆུབ་སྤྱོད་ལ་རྗེས་ཡི་རང་༔ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔མྱ་ངན་མི་འདའ་བཞུགས་སུ་གསོལ༔དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ཅེས་ལན་མང་དུ་བརྗོད། ཕྱག་འཚལ་ན་སྐབས་འདིར་བྱ། མཎྜལ་གྱི་ཚོགས་བསགས་ནི། མཎྜལ་འདུ་བྱས་ཏེ། བདག་གཞན་གྱི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་མཎྜལ་དུ་ཕུལ་བར་མོས་ཏེ། ཨོཾ་ཨཱཿཧཱུྃ༔བདག་གཞན་ལུས་དང་ལོངས་སྤྱོད་དགེ་རྩར་བཅས༔བཀོད་པ་རབ་རྫོགས་ཞིང་ཁམས་འབྱོར་པའི་སྤྲིན༔ནམ་མཁའ་གང་བར་དམིགས་ཏེ་ཕུལ་བ་ཡིས༔འགྲོ་ཀུན་རྡོ་རྗེའི་ཞིང་ལ་སྤྱོད་པར་ཤོག༔ཨོཾ་སརྦ་ཏ་ཐཱ་ག་ཏེ་བྷྱཿམཎྜལ་པཱུ་ཛ་ཧོཿགྲངས་ཅི་ནུས་འབུལ་མཐར་ཚོགས་ཞིང་རང་ལ་བསྟིམ་མོ། །ལྔ་པ་བྱིན་རླབས་བསྐུལ་བ་བླ་མའི་རྣལ་འབྱོར་ལ། དང་པོ་ཚོགས་རྟེན་གསལ་གདབ་པ་ནི། ཨོཾ་ཨཱཿཧཱུྃ༔དབྱིངས་ཉིད་རྣམ་པར་དག་པ་ཆོས་ཀྱི་སྐུ༔རིག་པ་ཡེ་ཤེས་འོད་ལྔ་ལོངས་སྤྱོད་རྫོགས༔ཐུགས་རྗེས་འགྲོ་བའི་དོན་མཛད་སྤྲུལ་པའི་རྩལ༔སྐུ་གསུམ་དབྱེར་མེད་ཀུན་ཏུ་འཆང་ཆེན་པོ༔ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན༔རང་འོད་ཡུམ་འཁྱུད་དར་དང་རིན་ཆེན་བརྒྱན༔སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ཡེ་ཤེས་འོད་ཟེར་འཕྲོ་བའི་ཀློང་ན་རོལ༔བརྒྱུད་གསུམ་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ཡི་དམ་ཞི་ཁྲོ་རབ་འབྱམས་འཇའ་ལྟར་ཤར༔མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཟེར་ལྟར་འཕྲོ༔མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་གྱུར༔ཞེས་གསལ་བཏབ་ལ་བླ་མ་སྐུ་གསུམ་གྱི་གསོལ་འདེབས་དང་། བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། དེ་རྣམས་མ་གྲུབ་ན། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔འདི་ནས་བྱང་ཆུབ་སྙིང་པོའི་བར༔བདག་ལ་རེ་ལྟོས་ཁྱེད་ལས་མེད༔ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ༔སྡུག་བསྔལ་འཁོར་བའི་འདམ་ནས་དྲོངས༔ཞི་བསིལ་བདུད་རྩིའི་ཆར་ཆེན་ཕོབས༔སྐུ་གསུང་ཐུགས་ཀྱི་རྗེས་སུ་ཟུངས༔སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས༔ཞེས་གྲངས་ཅི་ནུས་བསགས། ཨོཾ་ཨཱཿཧཱུྃ༔ཅི་ནུས་སུ་བཟླ། འབྲུ་གསུམ་ལས་གཞན་སྔགས་བཟླ་བར་གཞུང་དུ་མ་གསུངས་ཀྱང་། སྤྲོ་ན་སིདྡྷི་དང་། ཐོད་ཕྲེང་རྩལ་བཟླས་ཀྱང་རུང་། ཐུན་མཐར། བླ་མའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་རང་གི་གནས་གསུམ་དུ་རིམ་དང་ཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ། མཐར་ཤེལ་འོད་ནང་དུ་ནུབ་པ་བཞིན་འཁོར་རྣམས་བླ་མ་ལ་ཐིམ། བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རིག་པ་སྐྱེ་མེད་ཀྱི་ངང་དུ་ཐིམ་པར་བསམ་ལ། དགོངས་པ་བསྐྱངས། ཐུན་ལས་ལྡང་བ་ན། སྐྱེ་བ་ཀུན་ཏུ་སོགས་ཀྱི་སྨོན་ལམ་དང་། ཐུན་མཚམས་རྣམས་སུ་སྣང་གྲགས་རིག་གསུམ་བླ་མའི་དཀྱིལ་འཁོར་དུ་ལམ་དུ་ཁྱེར་རོ། །གཉིས་པ་དངོས་གཞི་ཕྱི་དཀྱིལ་ལ་བརྟེན་པས་བསྐྱེད་བཟླས་དང་། རྫོགས་རིམ་གྱི་སྔོན་འགྲོ་ནང་དཀྱིལ་བརྟེན་པའོ། །དང་པོ་ཕྱི་དཀྱིལ་མདོར་བསྡུས་སུ་ཉམས་སུ་བླང་བའི་ངག་འདོན་ནི། ཧཱུྃ༔མ་བཅོས་སྤྲོས་མེད་དེ་བཞིན་ཉིད༔ཀུན་སྣང་སྙིང་རྗེའི་རོལ་པ་ལས༔ཐམས་ཅད་སྐྱེད་བྱེད་རྒྱུ་ཡི་ཧཱུྃ༔མཐིང་ནག་མཁའ་ལ་འཇའ་ལྟར་ཤར༔ཆོ་འཕྲུལ་ཆེན་པོའི་འོད་ཟེར་གྱིསཿསྣོད་བཅུད་དངོས་པོར་འཛིན་པ་སྦྱངས༔སྟོང་པའི་ངང་ལས་འབྱུང་རིམ་སྟེང་༔བྲག་ཆེན་སྲུང་འཁོར་དུར་ཁྲོད་དང་༔དྲག་པོའི་གཞལ་ཡས་མཚན་རྫོགས་དགུའི༔དབུས་མར་འཁོར་ལོ་རྩིབས་བཞིའི་སྟེང་༔པདྨ་ཟླ་ཉི་བྱོལ་སོང་གཙོ༔དྲེགས་པ་ལྷ་ཆེན་ཕོ་མོའི་སྟེང་། །རྒྱུ་ཡི་ཧཱུྃ་བབས་ཡོངས་སུ་གྱུར༔རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན༔འོད་ཟེར་འཕྲོ་འདུས་བྱིན་ནུས་ཐིམ༔དེ་ལས་སྐད་ཅིག་དྲན་རྫོགས་སུ༔བདག་ཉིད་ཆེ་མཆོག་ཧེ་རུ་ཀ༔མཐིང་ནག་དམར་བའི་མདངས་འོད་འཚེར༔ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་འབར་བའི་མཚོན༔གཡོན་གསུམ་སྐམ་རློན་རྙིང་བྷནྫ་ཁྲག་གིས་བཀང་༔དཔལ་དང་དུར་ཁྲོད་ཆས་བརྒྱད་རྫོགས༔སྦྱོར་ཡུམ་གནམ་ཞལ་དབྱིངས་ཕྱུག་མ༔སྔོ་སྐྱ་རྩེ་གསུམ་ཐོད་འཛིན་འཁྲིལ༔དར་དང་རུས་རྒྱན་གཟིག་ཤམ་འཕྱངས༔གར་དགུའི་གཟི་བྱིན་མཆོག་ཏུ་འབར༔ཨེ་ཝྃ་མཉམ་སྦྱོར་བདེ་བའི་སྒྲས༔བདེ་གཤེགས་སྤྱན་དྲངས་ཞལ་དུ་ཞུགས༔ཡུམ་གྱི་པདྨར་ཧཱུྃ་དགུ་འཕྲེས༔དཀྱིལ་འཁོར་བརྒྱད་ཀྱི་གནས་སུ་བབས༔ཤར་ཕྱོགས་ཕོ་བྲང་རྩིབས་ལྟེ་བར༔པད་ཟླ་ཉི་མ་རུ་ཏྲའི་སྟེང་༔ཡང་དག་མཐིང་ནག་རྡོ་རྗེ་དང་༔དུང་ཁྲག་ཀྲོ་དྷཱི་ཤྭ་རཱི་འཁྲིལ༔ལྷོ་ཕྱོགས་ཕོ་བྲང་རྩིབས་ལྟེ་བར༔པད་ཟླ་ཉི་མ་མ་ཧེ་དང་༔གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་༔ཟིལ་གནོན་མཐིང་ནག་འཁོར་ལོ་དང་༔སྡིགས་མཛུབ་བེ་ཏ་ནག་མོ་འཁྲིལ༔ནུབ་ཕྱོགས་ཕོ་བྲང་རྩིབས་ལྟེ་བར༔པད་ཟླ་ཉི་མ་ཀླུ་བརྒྱད་སྟེང་༔རྟ་མཆོག་དམར་པོ་པདྨ་དང་༔དྲིལ་བུ་གཟི་ལྡན་དམར་མོ་འཁྲིལ༔དབུ་གཙུག་རྟ་གདོང་རྔམ་བཞད་འཚེར༔བྱང་ཕྱོགས་ཕོ་བྲང་རྩིབས་ལྟེ་བར༔པད་ཟླ་ཉི་མ་ལྷ་ཆེན་སྟེང་༔ཕུར་པ་མཐིང་ནག་ཕྱག་གཉིས་ཀྱི༔ཕུར་འདྲིལ་འཁོར་ལོ་རྒྱས་འདེབས་འཁྲིལ༔ཤར་ལྷོའི་ཕོ་བྲང་རྩིབས་ལྟེ་བར༔པད་ཟླ་ཉི་མ་མ་མོའི་སྟེང་༔མངོན་རྫོགས་མཐིང་ནག་རྡོ་རྗེ་གསོར༔ཐུན་ཁྲག་འཛིན་ཅིང་བདེ་ཡུམ་འཁྲིལ༔ལྷོ་ནུབ་ཕོ་བྲང་རྩིབས་ལྟེ་བར༔པདྨ་ཉི་མ་རིན་ཆེན་ཁྲིར༔རིག་འཛིན་དཀར་གསལ་རྡོ་རྗེ་དང་༔དྲིལ་འཛིན་རྡོ་རྗེ་རྣལ་འབྱོར་འཁྲིལ༔ཞི་མ་ཁྲོ་ཆགས་ཉམས་དང་ལྡན༔ནུབ་བྱང་ཕོ་བྲང་རྩིབས་ལྟེ་བར༔པདྨ་ཟླ་ཉི་དྲེགས་པའི་སྟེང་༔དྲེགས་འདུལ་མཐིང་ནག་རྡོ་རྗེ་དང་༔དུང་ཁྲག་སྲིད་པ་སྤྱི་འདུལ་འཁྲིལ༔བྱང་ཤར་ཕོ་བྲང་རྩིབས་ལྟེ་བར༔པདྨ་ཟླ་ཉི་དགྲ་བགེགས་སྟེང་༔སྟོབས་ལྡན་ནག་པོ་རྡོ་རྗེ་གསོར༔ཙིཏྟ་གསོལ་ཞིང་འབྱུང་ལྔའི་བདག་མོ། ཡུམ་འཁྲིལ༔ཕོ་བྲང་དགུ་ཡི་རྩིབས་བཞི་རུ༔རང་རང་འཁོར་རྣམས་དཀྱིལ་འཁོར་རྫོགས༔གཙོ་བོར་དུར་ཁྲོད་དཔལ་ཆས་དང་༔འཁོར་རྣམས་དུར་ཁྲོད་རོལ་པའི་ཆས༔རིག་འཛིན་དར་དང་རུས་པའི་རྒྱན༔གཙོ་དགུར་བྱ་ཁྱུང་དཀར་ནག་ལྡིང་༔བར་ཁྱམས་གནས་ཡུལ་ཕྲ་མེན་ཚོགས༔ཕྱོགས་མཚམས་དཔལ་གྱི་བཀའ་སྡོད་དཔུང་༔སྒོ་བཞི་ཕྱི་ནང་སྒོ་སྐྱོང་དང་༔ཕྱི་རོལ་དབང་ཕྱུག་མཁའ་འགྲོ་གིང་༔ལང་ཀ་འབར་མ་ཕོ་ཉ་སོགས༔ཉི་མ་དང་ནི་འོད་ཟེར་བཞིན༔སྣང་སྲིད་གཞིར་བཞེངས་ཡོངས་རྫོགས་ལྷ༔ཆུ་ཟླ་འཇའ་ཚོན་ལྟ་བུར་གསལ༔ཨོཾ་ཤྲཱི་ཧེ་རུ་ཀ་སརྦ་མཎྜལ་ཧཱུྃ༔གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ༔ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ཤྲཱི་ཧེ་རུ་ཀ་མཎྜལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿས་མ་ཡ་ཛྙཱ་ན་ཛཿཧཱུྃ་བྃ་ཧོཿཨ་ཏི་པུ་ཧོ། པྲ་ཏིཙྪ་ཧོཿམཆོད་པ་ནི། ཨོཾ༔མཆོད་པ་ཆེན་པོ་ཆགས་པ་ཆེ༔མེ་ཏོག་བདུག་པ་མར་མེ་དྲི༔ཞལ་ཟས་རོལ་མོའི་སྤྲིན་ཕུང་གིས༔དགྱེས་བསྐྱེད་དངོས་གྲུབ་མཆོག་སྩོལ་མཛོད། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་པུཥྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་པུ་ཛ་ཧོཿསརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི༔བསྟོད་པ་ནི། ཧཱུྃ༔སྒེག་དཔའ་འཇིགས་རུང་རྡོ་རྗེའི་སྐུ༔དགོད་གཤེ་དྲག་ཤུལ་སྔགས་ཀྱི་གསུང་༔སྙིང་རྗེ་རྔམ་ཞི་ཡེ་ཤེས་ཐུགས༔གཙོ་འཁོར་ཚོགས་ལ་ཕྱག་འཚལ་བསྟོད༔བསྐྱེད་རིམ་སེམས་འཛིན་གསལ་དག་བརྟན་གསུམ་དང་ལྡན་པའི་ཏིང་ངེ་འཛིན་ཡུལ་གསུམ་གསལ་བར་མ་གྱུར་གྱི་བར་དུ་བསྒོམ། ཛབi་བཟླ་བ་ལ་ཞི་བར་བསྙེན་པ་ནི། ཧཱུྃ༔དབུ་རྒྱན་ཀུན་བཟང་རིགས་ལྔའི་འཁོར༔ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ཅིར་ཡང་འཆར་བའི་གཙོ་རྣམས་ཀྱི༔ཐུགས་ཀར་པད་ཟླར་ཧཱུྃ་ཡིག་མཐར༔སྔགས་ཕྲེང་འཁོར་ལས་བར་མེད་གྱུར༔ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔བདེ་གཤེགས་ཞི་ཁྲོའི་གསང་གསུམ་བྱིན༔བདག་ཐིམ་བྱིན་རླབས་ནུས་སྟོབས་འབར༔སླར་ཡང་སྣོད་བཅུད་དཀྱིལ་འཁོར་པའི༔སྐུ་གསུང་ཐུགས་ཀྱི་ངོ་བོར་བསམཿཞེས་པའམ། བསྡུ་ན། ཞི་བའི་ཐུགས་ཀར་པད་ཟླར་ཧཱུྃ༔སྔགས་ཕྲེང་ཡབ་ཡུམ་ཞལ་དུ་ཞུགས༔འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔འགྲོ་བའི་སྒྲིབ་སྦྱངས་སྣོད་བཅུད་ཀུན༔སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ༔ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿཞེས་བཟླ། བསྙེན་པའི་ཚད་འབུམ་ཕྲག་གསུམ་ཡིན། ཁྲོ་བོར་སྒྲུབ་པ་ནི། ཧཱུྃ༔དཔལ་ཆེན་གཙོ་དགུའི་ཐུགས་ཀ་རུ༔པད་ཉིར་རྡོ་རྗེ་རྩེ་ལྔའི་སྦུབས༔མི་འགྱུར་ཐུགས་སྲོག་ཧཱུྃ་གི་མཐར༔སྔགས་ཕྲེང་སྒྲར་བཅས་འཁོད་པ་ལས༔འབར་བའི་ཡི་གེའི་ཕྲེང་བ་བྱུང་༔ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔བདེ་ཆེན་འོད་ཀྱིས་ཞི་ཁྲོ་མཆོད༔ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ཚུར་འདུས་བདག་ཐིམ་བྱིན་ནུས་རྫོགས༔སྣང་ཞེན་སྦྱངས་ཤིང་ཕྱག་རྒྱར་སྨིན༔དངོས་གྲུབ་རྣམ་གཉིས་འགྲུབ་པར་བསམ༔ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿསརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ཅེས་བཟླ། བསྙེན་ཚད་འབུམ་ཕྲག་བཞིའོ། །ལས་སྦྱོར་ནི། འབར་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ཞལ་ནས་དྲག་སྔགས་འབྲུག་ལྟར་སྒྲོགས༔གང་འདུལ་འོད་ཟེར་མཁའ་ཁྱབ་འཕྲོས༔ཞི་རྒྱས་དབང་དྲག་ལས་རྣམས་ཀུན༔འབད་པ་མེད་པར་འགྲུབ་པར་བསམ༔ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ་ཕཊ༔ཅེས་ཅུང་ཟད་བཟླ། བསྙེན་པའི་སྐབས་ཁྲི་བཞིའོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་སྐོངས། སྟོང་ཚིག་འབུལ། ཧཱུྃ་ཧཱུྃ་ཧཱུྃ༔རིག་རྩལ་དཀྱིལ་འཁོར་དབྱིངས་སུ་ཐིམ༔མཁའ་ཁྱབ་འོད་གསལ་ངང་དུ་བཞག །ཕཊ་ཕཊ་ཕཊ༔སླར་ཡང་དཔལ་ཆེན་སྐུ་རུ་ལྡང་༔མི་ཤིགས་རྡོ་རྗེའི་གོ་དང་ལྡན༔སྣང་སྲིད་གཞིར་བཞེངས་ཆེན་པོར་སྤྱོད༔གཉིས་པ་རྫོགས་རིམ་གྱི་རྟེན་གཞི་ཤིན་ཏུ་ཟབ་པའི་བསྐྱེད་བཟླས་སྤྲོ་ན། གོང་མ་དང་སྦྲེལ་ན་སྐྱབས་སེམས་མི་དགོས། སྒེར་འདོན་བྱེད་ན་གོང་གི་སྐྱབས་སེམས་དང་། ཡང་ན་རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ཀྱིས་རྒྱུན་བཤགས་བྱ། རང་ཉིད་དཔལ་ཆེན་ཧེ་རུ་ཀ༔མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ཞལ་གཅིག་ཕྱག་གཉིས་གར་དགུས་བརྗིད༔ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་༔གཡོན་པས་དུང་ཁྲག་སྟེང་འོག་འཛིན༔དུར་ཁྲོད་དཔལ་ཆས་རྒྱན་གྱིས་བརྒྱན༔ཞབས་གཉིས་བརྐྱང་བསྐུམ་བཞེངས་སྟབས་ཀྱིས༔ཡེ་ཤེས་མེ་འོད་དབུས་ན་བཞུགས༔ཕྱག་རྒྱ་གཅིག་པའི་སྐུར་གསལ་བའི༔ཕྱི་དབྱིབས་ལུས་ནི་གཞལ་མེད་ཁང་༔ནང་གི་རྩ་རླུང་ཐིག་ལེའི་ཁམས༔སེམས་དང་དབྱེར་མེད་དཀྱིལ་འཁོར་ཏེ༔སྤྱི་གཙུག་བླ་མ་རྡོ་རྗེ་ཆོས༔གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ཡང་དག་ཆེ་མཆོག་ཀཱི་ལ་ཡ༔ནོར་བུ་བླ་མེད་བརླ་གཡས་གཡོན༔དྲེགས་པ་དྲག་སྔགས་ལྷ་ཚོགས་གསལ༔ཞེས་བརྗོད་ལ་གསལ་དག་བརྟན་གསུམ་གྱི་ང་རྒྱལ་ལ་བསླབ། མཐར་རྩོལ་མེད་རང་ཤར་རང་བྱུང་གི་ཏིང་ངེ་འཛིན་མ་འབྱོང་གི་བར་དུ་རྩེ་གཅིག་བསྒོམས། དེས་སྐྱོ་ན། བཟླས་པ་ནི། གཙོ་བོའི་ཐུགས་ཀར་མི་འགྱུར་བའི༔ཐུགས་སྲོག་ཧཱུྃ་ཡིག་མར་མེ་ལྟར༔འབར་ཞིང་འཕྲོ་ལ་སེམས་གཏད་ཅིང་༔སྒྲ་གྲགས་ཧཱུྃ་གི་རང་སྒྲ་རུ། །འུར་འུར་དིར་དིར་སྒྲོགས་པར་བསམ། ཧཱུྃ༔ཆིག་རྐྱང་དང་སུམ་བསྒྲིལ་མང་དུ་བཟླས་པར་བྱའོ། །དེ་ལ་གོམས་ན་སྣང་སྲིད་གཞིར་བཞེངས་ཡོངས་གྲུབ་རྫོགས་པའི་བསྐྱེད་ཚུལ་ལ་བརྟེན་ནས་ལུས་དབེན་མཐར་ཕྱིན་པར་འགྱུར་རོ། །དེ་ནས་རྫོགས་རིམ་སྔགས་སེམས་སྒྱུ་ལུས་འོད་གསལ་ཟུང་འཇུག་གི་རྫོགས་རིམ་ལྔ་པོ་ཁྲིད་ཡིག་དང་རྒྱུད་འགྲེལ། བླ་མའི་ཞལ་ལུང་རྣམས་ལ་བརྟེན་ནས་བསྒོམ་པས་ཚེ་འདིའམ་བར་དོར་མཆོག་འགྲུབ་པར་འགྱུར་རོ། །བསྡུ་ལྡང་མ་གསུངས་ཀྱང་སྤྲོ་ན། ཧཱུྃ་གསུམ་གྱིས་བསྡུ། ཕཊ་གསུམ་གྱིས་གཙོ་བོ་རྐྱང་བའི་སྐུར་ལྡངས། བསྔོ་སྨོན་ནི། ཧོཿདགེ་བ་འདི་དང་དགེ་བ་གཞན༔མ་ལུས་འགྲོ་བའི་དོན་ལ་བསྔོ༔ཀུན་ཀྱང་དཔལ་ཆེན་ཧེ་རུ་ཀའི༔ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག༔བཀྲ་ཤིས་ནི། མི་གནས་ཡེ་ཤེས་ཀུན་བཟང་ཧེ་རུ་ཀ༔གང་འདུལ་རིགས་ཀྱི་ཚོམ་བུའི་སྐུར་སྟོན་པ༔ཞི་ཁྲོ་རབ་འབྱམས་བདེན་པའི་བྱིན་རླབས་ཀྱིས༔རྟག་ཏུ་དཔལ་གནས་བཀྲ་ཤིས་བདེ་ལེགས་ཤོག༔ཞེས་མེ་ཏོག་འཐོར་ལ་དགེ་ལེགས་སུ་བྱའོ། །གོང་གི་སྔོན་འགྲོ་རྣམས་རྒྱས་པར་མ་གྲུབ་ཀྱང་སྐྱབས་སེམས་ཙམ་གྱི་རྗེས་ལྷ་བསྐྱེད་ལ་འཇུག་ཀྱང་རུང་ངོ་། །རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་བཅུད། །སྒྲུབ་པ་བཀའ་བརྒྱད་པདྨའི་ཐུགས་ཁྲག་འདི། །ཐང་སྟོང་རྒྱལ་པོའི་དགོངས་པའི་བཅུད་ཟབ་མོ། །གཉིས་མིན་གཉིས་སྣང་མཁྱེན་བརྩེའི་དབང་པོར་བབས། །དེ་ཡི་གསང་ཆེན་ངེས་པ་ལས། །སྙིང་པོའི་བཅུད་དྲིལ་རྒྱུན་ཁྱེར་དུ། །བསྡེབས་ལ་ཉེས་ལྟུང་གང་མཆིས་བཤགས། །དགེ་བས་ཀུན་བཟང་སར་འཁོད་ཤོག །ཅེས་གྲུབ་ཐོབ་བཀའ་བརྒྱད་ཀྱི་སྔོན་འགྲོ་ཐུན་མོང་ཐུན་མིན་ཕྱི་ནང་གི་བསྐྱེད་རིམ་རྣམས་ཉུང་གསལ་རྒྱུན་གྱི་རྣལ་འབྱོར་འདི་ཡང་སྔོན་དུས་བྲིས་པ་ཞིག་ཡོད་ཀྱང་། དེ་ལས་ཁྱད་པར་འཕགས་པའི་འདུས་གསལ་དུ་བཀོད་པ་འདི་ནི་རང་སློབ་ཁྱུང་པོ་སྒ་ཉག་བླ་མ་པདྨ་ཆོས་རྒྱལ་གྱི་སྲས་མི་ཕམ་སྤྲུལ་སྐུ་ངག་དབང་ཆོས་འཕེལ་ནས་རྟེན་བཅས་བསྐུལ་བ་དང་། རང་གཞན་ལ་ཕན་པའི་བསམ་པས་ངག་འདོན་དུ་བསྡེབས་པ་འདིས་ཀྱང་རང་གཞན་ཡིད་ཅན་ཐམས་ཅད་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་གྱིས་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ། །། །

Footnotes

Other Information