རྩ་གསུམ་དྲིལ་སྒྲུབ་ཀྱི་བསྙེན་ཡིག་ཉུང་གསལ་སྙིང་པོར་དྲིལ་བ།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-047
Wylie title rtsa gsum dril sgrub kyi bsnyen yig nyung gsal snying por dril ba JKCL-KABUM-05-CA-047.pdf
Location chos kyi blo gros bka' 'bum
Volume 5, Text 47, Pages 617-624 (Folios 1a1 to 4b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, སངས་རྒྱས་བླ་མ་ ('jam dbyangs mkhyen brtse'i dbang po, sangs rgyas bla ma)
Citation 'jam dbyangs mkhyen brtse chos kyi blo gros. rtsa gsum dril sgrub kyi bsnyen yig nyung gsal snying por dril ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 617-624. Bir, H.P.: Khyentse Labrang, 2012.
Genre Recitation Manual - bsnyen yig
Cycle རྩ་གསུམ་དྲིལ་སྒྲུབ་ (rtsa gsum dril sgrub)
Recension Link Other Versions on this site: རྩ་གསུམ་དྲིལ་བསྒྲུབ་ཀྱི་བསྙེན་ཡིག་ཉུང་གསལ་སྙིང་པོར་དྲིལ་བ།
Colophon

ཞེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །སརྦ་མངྒ་ལཾ། བཀྲ་ཤིས་སོ།

zhes pa'ang chos kyi blo gros pas bris pa'o/__/sarba mang+ga laM/__bkra shis so/

1 Texts in this Section (sde tshan or chos tshan)

[edit]
༄༅། །རྩ་གསུམ་དྲིལ་སྒྲུབ་ཀྱི་བསྙེན་ཡིག་ཉུང་གསལ་སྙིང་པོར་དྲིལ་བ་བཞུགས་སོ། ། ཨོཾ་སྭ་སྟི། རྩ་གསུམ་ཀུན་འདུས་རྡོ་རྗེ་འཆང་། །མ་ཧཱ་གུ་རུ་ཨོ་རྒྱན་རྗེའི། །ཞབས་ལ་བཏུད་ནས་སྤྱི་དྲིལ་གྱི། །སྒྲུབ་ཐབས་བསྙེན་ཡིག་ཉུང་གསལ་དབྱེ། །འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་རྣམས་ཀྱིས་རྩ་གསུམ་སྤྱི་དྲིལ་དུ་སྒྲུབ་པའི་ཐབས་ཁྱད་པར་འཕགས་པ་འདི་ཉིད་ཀྱི་བསྙེན་པ་བྱ་བར་འདོད་པས། ཡར་ངོའི་ཚེས་བཅུ་སོགས་གཟའ་སྐར་སྦྱོར་བྱེད་ཤིས་པའི་དུས་ཁྱད་པར་ཅན་ལ། གཏོར་སྒྲོམ་དུ་རྩ་གསུམ་སྣང་བརྙན་ཡོད་ན་བཀྲམ་པའི་མདུན་སྨན་རཀ་གཏོར་གསུམ། མཆོད་པ་རྣམ་ལྔ་དང་། དམ་ཅན་སྤྱི་གཏོར་རྒྱུན་བཞག་བཅས་བཤམས། ཐོ་གཏོར་དང་དཀར་བགེགས་ཀྱང་འདུ་བྱ། དགོང་ཐུན་ལ་རྒྱུན་གྱི་མལ་ས་དེ་མ་ཡིན་པ་ཞིག་ཏུ་དཀར་གཏོར་གསེར་སྐྱེམས་བཤམས། རྃ་ཡྃ་ཁྃ། གིས་བསྲེག་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿ་ཧཱུྃ་གིས་བྱིན་གྱིས་བརླབས། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་ལ། དཀར་གཏོར་དང་གསེར་སྐྱེམས་མཆོད། ཐོ་བྱང་འཛུགས་ནས། རྒྱལ་ཐོའི་མདུན་མཆོད་གཏོར་བཤམས། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་ཞེས་པས་མཆོད་པ་དང་། ཡོ་ག་ལྟར་གཏོར་མ་བྱིན་གྱིས་བརླབས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿརྟེན་དང་དབྱེར་མེད་དུ་བཞུགས་པར་བསམ་ལ། ཨོཾ་དྷྲྀཥྚ་རཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ཙ་ཏུརྨ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། གོང་གི་སྔགས་བཞིའི་མཐར། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། གནས་འདིར་ཉིན་མོ་སོགས་ཀྱི་བཀྲ་ཤིས་བརྗོད། རྗེས་མཚམས་གྲོལ་དུས་ཐོ་ལེན་སྐབས་མཆོད་གཏོར་བཤམས་ལ་བྱིན་རླབས་གོང་ལྟར། སྤྱན་འདྲེན་མི་དགོས། གཏོར་མ་དང་མཆོད་བསྟོད། ཕྲིན་བཅོལ་མཐར། མ་རྙེད་ཡོངས་སུ་མ་ཚངས་སོགས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སོགས་ནས་གཤེགས་གསོལ་བྱ། བཀྲ་ཤིས་གང་རིགས་བརྗོད་ནས་མཆོད་གཏོར་གཙང་སར་གཤེགས། ཐོ་བླངས་ནས་དབེན་པར་བཞག་གོ། རྒྱལ་ཐོ་བཞག་སྟེ་ནང་དུ་འོང་ནས། ལས་བྱང་གི། རང་ཉིད་སྐད་ཅིག་གིས་བླ་མ་དྲག་པོའི་སྐུར་གྱུར། སོགས་ནས་བགེགས་གཏོར་བྱིན་རླབས་ནས་བཀའ་བསྒོའི་མཐར་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས། སུཾ་བྷ་ནི་བརྗོད། སྲུང་འཁོར་མཚམས་བཅད་འདོན། དེ་ནས་རང་མལ་དུ་སྡོད་ནས་ཚིག་བདུན་གསོལ་འདེབས། རྩ་གསུམ་གསོལ་འདེབས། སྐྱབས་སེམས་བརྒྱ་སྐོར་གསོག །མཆོད་པ་བྱིན་རླབས་ནས་བསྟོད་པ་རྫོགས་ཀྱི་བར་གཏོང་། ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱ། བཟླས་དམིགས་གསལ་བཏབ། རྩ་བའི་བཟླས་པ་ཅི་འགྲོ་འཁོར་སྔགས་གསོག་མི་དགོས། མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ཚར་གསུམ་རེ་བརྗོད། རྩ་གསུམ་གཏོར་བསྔོ་འདོན། རྗེས་ཆོག་གི་མཆོད་བསྟོད་བསྡུ་ལྡངས་བསྔོ་སྨོན་ཤིས་བརྗོད་བྱ། ཕྱིར་ནངས་ཐོར་ཐུན་ལ་ཚིག་བདུན་དང་རྩ་གསུམ་གསོལ་འདེབས་སོགས། སྔར་ནུབ་བཞིན་སྐྱབས་སེམས་ལན་གསུམ་མཆོད་པ་བྱིན་རླབས་ནས་ཤིས་བརྗོད་པར་འདོན། སྔ་ཐུན་ལ་གསོལ་འདེབས་དང་། སྐྱབས་སེམས། རང་ཉིད་སྐད་ཅིག་གིས་བླ་མ་དྲག་པོའི་སྐུར་གྱུར། བགེགས་གཏོར་བཤམས་མི་དགོས། ཧཱུྃ། ཆོས་ཉིད་གདོད་ནས་སོགས་ལས་བྱང་ཤིས་བརྗོད་བར་དང་། ཕྱི་ཐུན་དང་དགོང་ཐུན་ལ་ཐོར་ཐུན་དང་འདྲ། དགོང་ཐུན་ལ་གཏོར་བསྔོ་འདོན། ཚེས་བཅུ་ཉེར་ལྔ་སོགས་ལ་གཏོར་མ་གྲུབ་ནས་ཚོགས་དང་། ལྷག་མ་སྣོད་གཅིག་ཏུ་སྒྲུབ་པ་མ་གྲོལ་བར་གསོག་དགོས། བསང་དང་གསེར་སྐྱེམས་རྒྱུན་དུ་མི་དགོས། དུས་བཟང་སོགས་ལ་ངེས་པར་བྱ། རྗེས་ཆོག་མཆོད་བསྟོད་ཡིག་བརྒྱའི་མཐར། འདིར་ནི་རྟེན་དང་སོགས་ཀྱིས་ཚོགས་མགྲོན་རྣམས་བརྟན་བཞུགས་བྱ། དེ་ལྟར་ཐུན་བཞིའི་རིམ་པས་རྩ་སྔགས་རབ་འབྲུ་འབུམ། འབྲིང་འབུམ་ཕྲག་བཅུ། ཐ་མ་འབུམ་བཞི་ཁ་སྐོང་བཅས་བཟླ། རྩ་སྔགས་བསྙེན་ཚར་རྗེས་རྩ་སྔགས་ཕྲེང་སྐོར་རེ་ཙམ་བཟླ་ནས། འཁོར་སྔགས་རྣམས་རེ་རེ་བཞིན་གྲངས་གསོག་འབུམ་ཕྲག་རེ་རེའམ། ཁྲི་བཞི་རེ་ཙམ་བཟླ། དེ་ཡང་ཨ་མཱ་ར་ཎི་གསོག་དུས་གཞན་རྣམས་བདུན་རེ་ཙམ་དང་། འོག་མ་གསོག་དུས་གོང་མ་རྣམས་བདུན་རེ་ཙམ་གྱིས་ཆོག །ཤཱ་ས་ན་སྟོང་གཅིག་ཙམ་བཟླ་བས་མཐུས། རྫོགས་རིམ་མཆོག་སྒྲུབ་ཀྱི་རྣལ་འབྱོར་ཀྱང་ཅི་ནུས་བསྒོམ། ཚེ་སྒྲུབ་བྱེད་ན། ཚེ་འབྲང་། ཚེ་རིལ། ཚེ་ཆང་བཤམས། བཟླས་དམིགས་མགོར། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་སརྦ་མ་ཧཱ་གུ་རུ་མཎྜ་ལ་ཕཊ་ཛཿཞེས་ཛབ྄་ཁང་དབྱེ་ནས་བདག་གིས་བསྒོམས་པ་བཞིན་ཚེ་འབྲང་ལྷར་མོས་དགོས། བདག་མདུན་གཉིས་ཀར་ཚེ་བཅུད་བསྡུ་བསྟིམ་གྱི་བཟླས་དམིགས་གཞུང་གསལ་ལྟར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་སོགས་ཚེ་བསྙེན་དང་། ཐུན་མཐར་ཚེ་འགུགས་བསྐུལ་བ་ནི། བདག་མདུན་སློབ་དཔོན་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ་དུ་གསལ་བའི་ཕྱག་གཡོན་གྱི་བུམ་ཐོད་ལས་འོད་ཟེར་ཁ་དོག་ལྔ་ལྡན་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་རང་གི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་དང་། མདའ་དར་གཡབ་ལ། ཧྲཱིཿའོད་གསལ་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས། །སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བླ་ཚེ་ཆད་ཉམས་ཡར་བ་དང་། །ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད། །ནང་བཅུད་འགྲོ་བའི་ཚེ་བསོད་དཔལ། །གསང་བ་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན། །འོད་ཟེར་བདུད་རྩིའི་རྣམ་པར་བསྡུས། །བདག་དང་སྒྲུབ་པའི་རྫས་ལ་བསྟིམས། །རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ། །ནད་མེད་བདེ་བའི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་ཥེ་ཧཱུྃ་ནྲྀ་ཛཿཞེས་ཚེ་འགུགས་བསྐུལ། ཨ། སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ། །བསྡུས་པས་ཐིག་ལེ་ཉག་གཅིག་ཀློང་། །འཕོ་འགྱུར་མེད་པར་རྒྱས་བཏབ་པས། །ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག །ཛྙཱ་ན་བཛྲ་རཀྵ་ཨ་ཨཿདེ་ལྟར་ཚེ་སྒྲུབ་ཞག་བདུན་སོགས་གར་ལྕོགས་བྱའོ། །སྒྲུབ་པ་སང་གྲོལ་རྒྱུའི་དོ་ནུབ་ནས་གཏོར་མཆོད་ཁ་གསོ། དཀར་མངར་ཆང་གིས་སྦྲུས་པའི་འབྲང་རྒྱས་ནོར་གཟུགས་དང་། བཟའ་བཏུང་སྣ་ཚོགས། སྟེགས་བུ་ཁེབས་ལྡན་འབྲུ་ཡི་གཡུ་དྲུང་བྲིས་པའི་ཁར་བཞག །གཏོར་གདུགས་སེར་དམར་ཕུབ། ཐོར་ཐུན་ལ་སྔ་བར་ལངས་ནས་གཙོ་འཁོར་བཟླས་པ་གྲུབ་ནས་རྩ་བསྙེན་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་བཏགས་པ་སྟོང་ཕྲག་མཐར་དབྱངས་གསལ། རྟེན་སྙིང་སོགས་དང་། མཆོད་གཏོར་བསྔོས། བསང་དང་ཚོགས། ལྷག་མའི་སྐབས་ཚོགས་ལྷག་བསོགས་པ་རྣམས་བཅས་ཕྱིར་མཆོད། ཨོཾ་ཨཱཿཧཱུྃ་ཧོཿགཏོར་མ་དགྲ་བགེགས་ཀྱི་སོགས་ཀྱིས། གཏོར་འབུལ་རྒྱུན་བཞག་ཕུལ། ལས་བྱང་གི་མཆོད་བསྟོད་རྒྱས་པ་དང་། ཡེ་ཤེས་སྐུ་མཆོག་གི་བཤགས་པ་བྱས་ནས། ཧོཿརྩ་གསུམ་ལྷ་ཚོགས་སོགས་ཀྱིས་དངོས་གྲུབ་བླངས། སྒྲུབ་རྟེན་གཏོར་མ་ཚེ་འབྲང་སོགས་དང་འབྲང་རྒྱས་རྣམས་གནས་གསུམ་གཏུགས་ནས་རྫས་ལ་རོལ། རྗེས་ཆོག་མཆོད་བསྟོད། ཡིག་བརྒྱ་ཅི་མང་བཟླ། བསྡུ་ལྡངས་སྨོན་ཤིས་དང་། གྲུབ་ན་གཏོང་རག་ཚོགས་བརྒྱ་ཞིག་གྲུབ་ན་ལེགས། མཚམས་གྲོལ་རྗེས་གོང་གསལ་ལྟར་ཐོ་གྲོལ་བ་སོགས་བྱའོ། །སྦྱིན་སྲེག་གྲུབ་ན་ལེགས་ཀྱང་། མ་གྲུབ་ཚེ་ཉིན་ཁ་ཤས་ཡིག་བརྒྱ་བཟླ་བར་བྱའོ། །འདི་དགེས་སྲིད་གསུམ་འགྲོ་བ་རྣམས། །སྡུག་བསྔལ་ལས་གྲོལ་ཨོ་རྒྱན་རྗེས། །འབྲལ་མེད་ཐུགས་རྗེས་བཟུང་བ་དང་། །པདྨ་འོད་དུ་སྐྱེ་བར་ཤོག །རྒྱུན་གྱི་རྣལ་འབྱོར་ལ་སྐྱབས་སེམས་མཚམས། མཆོད་པ་བྱིན་བརླབས་ནས་བཏང་། བཟླས་པའི་མཇུག་བསྡུ་ལྡངས་ལ་འཇུག་པས་ཆོག་གོ། ཞེས་པའང་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །སརྦ་མངྒ་ལཾ། བཀྲ་ཤིས་སོ། །། །

Footnotes

Other Information