སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ།

From Khyentse Lineage - A Tsadra Foundation Project
DKR-KABUM-21-ZHA-020
Wylie title snyan brgyud phur pa'i gnad tig gi las bzhi'i sbyin sreg mdor bsdus phrin las myur 'grub DKR-KABUM-21-ZHA-020.pdf
Location dil mgo mkhyen brtse bka' 'bum
Volume 21, Text 20, Pages 192-189 (Folios 1a to 8b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud phur pa'i gnad tig gi las bzhi'i sbyin sreg mdor bsdus phrin las myur 'grub. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 192-189. Delhi: Shechen Publications, 1994.
Genre Fire Offerings - sbyin sreg
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon
  • First colophon:།ཅེས་པའང་ནང་ཆེན་ཚེས་བཅུ་བླ་མ་བློ་གྲོས་མཆོག་ལྡན་གྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་དང༌། བཀྲ་ཤིས་དཔལ་འབྱོར་ཟུང་གིས་ལེགས་པར་དཔྱད་ནས་ཤིན་ཏུ་མདོར་བསྡུས་སུ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།
  • Benediction (smon tshig): ཨོཾ་སྭ་སྟི། ལས་རྣམས་མྱུར་དུ་འགྲུབ་བྱེད་པའི། །རྡོ་རྗེ་ཡེ་ཤེས་མེ་བོ་ཆེས། །ཀུན་ཏུ་རྟོག་པའི་ཚང་ཚིང་བསྲེག །དངོས་གྲུབ་དཔལ་སྟེར་འདི་ལོངས་ཤིག །བཀྲ་ཤིས་ཞལ་གྲོ། དགེའོ། །དགེའོ། །མངྒ་ལཾ།།
  • First colophon:/ces pa'ang nang chen tshes bcu bla ma blo gros mchog ldan gyis bskul ngor chos kyi blo gros dang*/_bkra shis dpal 'byor zung gis legs par dpyad nas shin tu mdor bsdus su bris pa dge legs mchog tu gyur cig__/sarba dA ka l+yA NaM b+ha ba tu/
  • Benediction (smon tshig): oM swa sti/_las rnams myur du 'grub byed pa'i/_/rdo rje ye shes me bo ches/_/kun tu rtog pa'i tshang tshing bsreg_/dngos grub dpal ster 'di longs shig_/bkra shis zhal gro/_dge'o/__/dge'o/__/mang+ga laM//
[edit]
༄༅། །སྙན་བརྒྱུད་ཕུར་པའི་གནད་ཏིག་གི་ལས་བཞིའི་སྦྱིན་སྲེག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།

༄༅། །ཨོཾ་སྭ་སྟི། འཇིགས་རུང་ཞལ་གདངས་མི་བཟད་མཆེ་བ་གཙིགས། །གཏུམ་ཆེན་རབ་འབར་རྔམ་པའི་གད་རྒྱངས་སྒྲོགས། །བཅོམ་ལྡན་སྲིད་གསུམ་སྒྲོལ་བྱེད་ཀུ་མཱ་རར། །བཏུད་དེ་ལས་བཞིའི་སྲེག་བླུགས་ཆོ་ག་སྤེལ། །དེ་ལ་འདིར་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་མཐར་སོན་པའི་རྣལ་འབྱོར་པས་ཕྲིན་ལས་མྱུར་དུ་འགྲུབ་པའི་སླད་དུ་རྣོ་མྱུར་མེ་ཡི་ཆོ་ག་བྱ་བར་འདོད་པས་འདི་ལྟར་འཇུག་པར་བྱ་སྟེ། དེ་ལའང་ཞི་རྒྱས་དབང་དྲག་གི་ལས་ཀྱི་དབྱེ་བས་བཞི་ཡི། དང་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྒྲུབ་མཆོད་སོགས་ཀྱི་སྐབས་ཐུན་མཚམས་གང་བདེར་ལྷ་ཡི་ང་རྒྱལ་ལ་གནས་པ་དང༌། སྦྱིན་སྲེག་ཁོ་ནའི་སྐབས་བདག་བསྐྱེད་ཀྱི་རྣལ་འབྱོར་བསྡུ་ལྡང་བཅས་སྔོན་དུ་འགྲོ་བས། གང་དུ་བྱ་བའི་གཞི་དེར་དཀར་གཏོར་བཤམས་ལ། བྱིན་བརླབ་བསྔོ་བ་བཅས་ལས་བྱང་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ལྟར་བྱ། རྩ་སྔགས་ཀཱི་ལ་ཡ་བརྒྱ་རྩ་དང༌། ཤཱུནྱ་ཏའི་སྔགས་བརྗོད་དེ་ཆོས་ཉིད་ཀྱི་དོན་དྲན་པར་བྱས་པས་ས་གཞི་ལས་རུང་དུ་བྱའོ། །དེར་བཀྲ་ཤིས་པའི་ས་ལ་སྟེགས་བུ་བཅོས་ཏེ་ཐབ་ཁུང་ཟླུམ་པོ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཁ་དོག་དཀར་པོ་བཅད་ཚོན་དམར་སྐྱས་བྲིས་པ་ལ་བལ་བུ་དང་ལྕང་མ་སོགས་འོ་མ་ཅན་གྱི་ཤིང་གིས་ཁྲུ་གང་ཙམ་ཟླུམ་པོར་བརྩིགས། ཤར་ལྷོར་མེ་ཚང་བཅའ། སློབ་དཔོན་གྱི་གཡས་སུ་སྟེགས་བུ་ཁེབས་དཀར་པོས་བཀབ་པའི་སྟེང་བདུད་རྩི་ཅན་གྱི་ཡམ་ཤིང་སོར་བཅུ་གཉིས་པ་མར་ཁུས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ། ཟས་མཆོག འབྲས། སོ་བ། ནས། སྲན་མ། གྲོ། དཱུརཝ། ཀུ་ཤ། གཞན་ཡང་སྨན་སྣ་འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་མེ་ཏོག་དཀར་པོ་དར་ཟབ་སོགས་ཅི་འབྱོར་བའི་བསྲེག་རྫས་རྫས་སྤུངས་ཅན་དང༌། གོས་ཟུང༌། སོ་རྩི་བཅས་འདས་མ་འདས་གཉིས་རིམ་དུ་དགོད། གཡོན་དུ་སྟེགས་ལ་གཏོར་མ་དཀར་ཟླུམ་ཆེ་ཆུང་གཉིས། སྨན་རཀ་བཅས་དང༌། ཉེར་སྤྱོད་ཆ་གཉིས་སོགས་བཤམས། མདུན་དུ་མེ་ཡོལ་ལ་གངས་རི་དང་ཝྃ་ཡིག་བྲིས་པ། རྡོར་དྲིལ། དགང་བླུགས། ལས་བུམ། ལས་མཐུན་གྱི་མེ་དར། ཀུ་ཤའི་ཆུན་པོ་བརྒྱད། རླུང་གཡབ་སོགས་འོག་ཏུ་དགོས་པའི་ཡོ་བྱད་རིགས་འདུ་བྱ། དེ་ཐམས་ཅད་ཀྱང་སྣོད་དང་ཁ་དོག་ཐམས་ཅད་དཀར་པོ་འབའ་ཞིག་བྱ། དུས་ར་བ་བཞི་དང་ནམ་ལངས་ལ་སློབ་དཔོན་ཆས་གོས་རྒྱན་དཀར་པོ་དང་བཅས་ཁ་ཤར་དུ་ཕྱོགས་པས་འཇམ་པོའི་སྟན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་འཁོད་ལ། གཉིས་པ་དངོས་གཞི་ལ་གསུམ། འཇིག་རྟེན་པའི་མེ་ལྷ་མཆོད་པ། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ། མེ་ལྷར་གཏང་རག་འབུལ་བའོ། །དང་པོ་ནི། རབ་གནས་དང་སྒྲུབ་མཆོད་སོགས་ལ་དཀྱིལ་འཁོར་གྱི་གཙོ་བོ་ལས་རང་མར་མེ་གཅིག་ལས་གཉིས་མཆེད་དུ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལྡང་བ་དང༌། སྦྱིན་སྲེག་ཁོ་ནའི་སྐབས་བདག་ཉིད་ལྷ་ཡི་རྣལ་འབྱོར་བཟླས་པ་བཅས་གྲུབ་པའི་རྗེས་འདི་ལ་འཇུག །བདུད་རྩི་འཁྱིལ་བའི་སྔགས་ཀྱིས་ལས་བུམ་གྱི་ཆུ་བྱིན་གྱིས་བརླབས། རྡོར་དྲིལ་བསང་སྦྱང༌། ཧཱུྃ། ཐབས་ཤེས་ཟུང་འཇུག་ཆོས་ཉིད་མཚོན། །འདས་དུས་འགྲོ་རྣམས་སད་པ་དང༌། །འགྲོ་རྣམས་སྨིན་པར་བྱ་བའི་ཕྱིར། །རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ། །ཨོཾ་བཛྲ་གཎྜེ་ཧཱུྃ་ཨཱཿ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧྃ། ཞེས་བརྗོད་ལ་རྡོ་རྗེ་གསོར། དྲིལ་བུ་དཀྲོལ། འཁྱུད་རྒྱ་བྱ། ཡོ་བྱད་རྣམས་ལ་དམིགས་ཏེ། བསང་སྦྱང༌། སྟོང་པའི་ངང་ལས་མཆོད་རྫས་དང་བསྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་རྫས་སོ་སོའི་དངོས་པོ་བདུད་རྩིའི་རང་བཞིན་ཅན་ཟད་མི་ཤེས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སོགས་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃཿ སརྦ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ག་ཎ་ཙཀྲ་བོ་དྷི་ཙིཏྟ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་ཐབ་བསང་སྦྱང༌། ཆོས་རྣམས་སྐྱེ་མེད་རྣམ་ཀུན་མཆོག་ལྡན་དབྱིངས། །སྣ་ཚོགས་སྒྱུ་འཕྲུལ་འགག་མེད་རྡོ་རྗེའི་སྤྲིན། །ཞི་བའི་ རྒྱས་པའི། དབང་གི །དྲག་པོའི། ཞེས་ཁ་བསྒྱུར། ཕྲིན་ལས་ཡོངས་རྫོགས་ཐབས་ཀྱི་དབུས། །གོས་དཀར་ཌཱ་ཀིའི་ངོ་བོར་རོ་གཅིག་པའི། །ཆགས་བྲལ་བདེ་བ་ཆེན་པོའི་མེ་དཔུང་འབར། །ཨོཾ་སརྦ་ཛྙཱ་ན་ཛྭ་ལ་རཾ། ཞེས་དགེ་འདུན་གྱི་ཐབ་ལས་བྱུང་བའི་མེས་སྦར། ལས་བུམ་གྱི་ཆུས་བསང་སྦྱང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་ཐམས་ཅད་ལ། །བགེགས་རྣམས་ཐམས་ཅད་ཞི་བར་མཛོད། །སྭཱ་ཧཱ། ཞེས་ལན་བརྒྱད་བརྗོད་ལ་ཤར་ནས་བརྩམས་ཕྱོགས་མཚམས་རྣམས་སུ་བཀྲམ། དེ་དབུས་རྃ་ལས་ཡོངས་གྱུར་མེ་ལྷ་ནི། །ཞི་བའི་ རྒྱས་པའི། དབང་གི །དྲག་པོའི། ཞེས་བསྒྱུར། རྒྱན་རྫོགས་འོད་ཟེར་ཕྲེང་བས་དཀྲིགས། །ཞལ་གཅིག་ཕྱག་གཉིས་བགྲང་ཕྲེང་གནྡྷེ་བསྣམས། །སྐུ་གསུང་ཐུགས་ལས་རྡོ་རྗེ་འབྲུ་གསུམ་མཚན། །དེ་ལས་འོད་འཕྲོས་དམ་ཚིག་སྤྱན་དྲངས་བསྟིམས། །སྤྱན་འདྲེན་པ་ནི། དབྱུ་གུ་རྩེ་གཅིག་པའི་རྒྱས་མེ་དར་གཡབ་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨགྣི་རཱ་ཛ་རི་ཥི་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་ཕུལ། བསྟོད་པ་ནི། ཧཱུྃ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཱ་ཀིའི་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་སྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །བྱོན་སྐྱེམས་ནི། མེ་ལྷ་ཞལ་གདངས་པའི་ལྗགས་རྡོ་རྗེའི་སྦུ་གུས་སྲེག་བླུགས་ཀྱི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བའི་དགང་བླུགས་ཁ་སྦྱར་ལ། ཨོཾ་ཨགྣ་ཡེ་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་གསོལ་སྦྱར་བ་ཚར་གསུམ་གྱིས་ཕུལ། དེ་ནས་རྫས་གཞན་ལག་གིས་བཟུང་དུ་བཏུབ་པ་རྣམས་མཐེབ་སྲིན་གྱིས་དབུལ། གཞན་རྣམས་བླུགས་གཟར་གྱིས་ཕུལ་ཏེ་སྔགས་ནི། ཡམ་ཤིང་ལ། ཨོཾ་བོ་དྷི་བྷྲྀཀྵ་ཡེ་སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། རྫས་སྤུངས། ཨོཾ་ཨགྣི་དེ་ཝ་རྀ་ཥི་ཧ་བྱ་ཀ་བྱ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ལྟར་བདུན་ལ་སོགས་པའི་རྗེས་འདོད་གསོལ་སྦྱར་བས་ཕུལ། རྫས་རྫོགས་པ་དང་སྔར་བཞིན་མཆོད་བསྟོད་བྱ། ཡུངས་ཀར་ཐབ་ཏུ་ཕུལ་ལ། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་སྲེག་བླུགས་ཀྱི་རྫས་རྣམས་ལྷ་ཡི་ཞལ་དུ་དབུལ་བ་དང༌། མེ་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་མཛད་དུ་གསོལ། བཛྲ་མུ༔ ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། གཉིས་པ་ནི། ཐབ་ལ་ལས་ཆུས་བྲན། བསང་སྦྱང༌། ཨ། སྐྱེ་མེད་དབྱིངས་ཀྱི་ཆོ་འཕྲུལ་ལས། །འགག་མེད་སྒྱུ་འཕྲུལ་རྡོ་རྗེའི་གནས། །ཞི་བའི་ཐབ་ཁུང་མཚན་རྫོགས་པ། །ཡེ་ཤེས་མེ་ལྕེ་འབར་བའི་དབུས། །ཀློང་ལྔའི་དྭངས་མ་འབྱུང་རིམ་སྟེང༔ སོགས་ནས་བསྟོད་པའི་བར་ཕྲིན་ལས་རྒྱས་བསྡུས་གང་འོས་སྦྱར། སྒྲུབ་མཆོད་ལ་སོགས་པའི་སྐབས། གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔ ཞེས་པའི་མཚམས་ལས་བྱང་གི་སྤྱན་འདྲེན་བརྗོད་ལ་ལས་རྡོར་གྱིས་ཚོམ་བུ་སྤྱན་དྲངས། སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ནས་ཕུལ་བས་རྩ་སྔགས་བརྗོད་ལ་མེ་ཏོག་ཐབ་ཏུ་དོར་བ་ལས། དབུས་སུ་མ་བཅོས་རྩ་བའི་ལྷ། སོགས་ཀྱིས་ལྷ་ཚོགས་ཡོངས་རྫོགས་བསྐྱེད་ནས་ལས་རིམ་རྣམས་དགོས་སོ། །གང་ལྟར་ཡང་བསྟོད་པ་གྲུབ་པ་དང་དགང་བླུགས་ཁ་སྦྱར་ལ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས། སྒྲུབ་སྔགས་ལན་བདུན་དང་བཅས་མར་ཁུ་བླུགས་གཟར་བདུན་གྱིས་བཀང་བ་ཕུལ་རྗེས། རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོའི་དམ་ཚིག་ཉམས་ཆག་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་གསོལ་སྦྱར་བ་ཚན་གསུམ་གྱིས་བྱོན་སྐྱེམས་ཕུལ། རྩ་སྔགས་ལ། ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བཏགས་པས་ཡམ་ཤིང༌། མར་ཁུ། རྫས་སྤུངས་རྣམས་བརྒྱ་རྩ་སོགས་དང༌། བསྙེན་སྒྲུབ་ཀྱི་ཁ་སྐོང་ལ་ཏིལ་ཁོ་ན་བསྙེན་གྲངས་གང་ཐེམ་དེའི་བཅུ་ཆ་ཕུལ། དམིགས་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ་སྲེག་བླུགས་ཀྱི་མཆོད་པ་ཕུལ་བས་ཐུགས་དགྱེས་པ་ཆེན་པོའི་རང་བཞིན་ལས་བྱུང་བའི་འོད་ཟེར་དཀར་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སངས་རྒྱས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་མ་ལུས་པའི་སྒྲིབ་གཉིས་རྒྱུ་དང་བཅས་པ་ཞི་བར་མཛད་པར་བསམས། མཐར་རྫས་ཐམས་ཅད་རྫོགས་པ་དང༌། མེ་ཏོག་དཀར་པོ་ཐབ་ཏུ་ཕུལ་ལ། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །བསྲེག་རྫས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། །ཞི་བའི་ རྒྱས་པའི། དབང་གི །མངོན་སྤྱོད་ཕྲིན་ལས་ཞེས་ཁ་བསྒྱུར། ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་ལན་གསུམ་གྱིས་ཕྲིན་ལས་གསོལ། གང་ལ་རེག་ན་འཇམ་པའི་ལྷ་རྫས་ཀྱང༌། །དབང་པོའི་ཚོན་གྱིས་བསྒྱུར་བའི་སྨིག་རྒྱུ་ཡིས། །བར་སྣང་ཟ་འོག་གཅལ་དུ་བཀྲམ་པ་ལྟར། །འབར་བས་འགྲོ་ཀུན་བཟོད་པའི་གོས་ཐོབ་ཤོག །ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་དང༌། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་པས་རྡོ་ཐལ་མེད་པའི་སོ་རྩི་འཇམ་པོ་ཕུལ། གཏང་རག་གི་མཆོད་བསྟོད་མདོར་བསྡུས་བྱ། འཇིགས་པ་བརྒྱད་སོགས་ཞི་བའི་དངོས་གྲུབ་སྩོལ། །འབྱོར་བ་དྲུག་ལྡན་རྒྱས་པའི་དངོས་གྲུབ་སྩོལ། །མོས་པ་རྣམ་བཞི་དབང་གི་དངོས་གྲུབ་སྩོལ། །དགྲ་བགེགས་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ། །ཞེས་བསྐུལ་ལ། རྩ་སྔགས་མཐར། ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་དངོས་གྲུབ་བླངས། དཀྱིལ་འཁོར་པའི་ལྷ་ཚོགས་སོགས་གོང་ལྟར་གཤེགས་སྐྱེམས་དགང་བླུག་ཚན་གསུམ་ཕུལ། མ་འབྱོར་པ་དང་ཉམས་པ་དང༌། །སོགས་ཀྱི་མཐར་ཡིག་བརྒྱས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱི་སེམས་ཅན་སོགས་མཐར། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ། སྒྲུབ་མཆོད་སྐབས། དཀྱིལ་འཁོར་པའི་ལྷ་ཚོགས་དགྱེས་པ་ཆེན་པོས་སྒྲུབ་པའི་དཀྱིལ་འཁོར་དང་གཉིས་སུ་མེད་པར་གཤེགས་པར་བསམས་ལ་ཚོམ་བུའི་མཎྜལ་སྒྲུབ་ཁང་དུ་སྤྱན་དྲངས། གསུམ་པ་ནི། བསང་སྦྱང༌། དམ་ཚིག་མེ་ལྷ་རང་བཞིན་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔ བྱོན་སྐྱེམས་དགང་བླུགས་གསུམ་སྔར་ལྟར་ཕུལ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ལན་གསུམ། གོས་ཟུང་དང་སོ་རྩི་ཕུལ། མེ་གསོས་ཏེ་གཏང་རག་གི་ཚུལ་དུ་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར་ ཨོཾ་ཨགྣི་ཡེ་རྀ་ཥི་རཱ་ཛ་ཡ། བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཀྱི་ཆོ་ག་ལྷག་ཆད་འགལ་འཁྲུལ་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས་ཕུལ། སྔར་ལྟར་མཆོད་ཅིང་བསྟོད། ཨ་ཀཱ་རོས་གཏོར་མ་བསྔོས་ལ། མཆོད་སྦྱིན་གཏོར་མ་སོགས་ཀྱིས་ཕྲིན་ལས་བཅོལ། ནོངས་པ་བཤགས། གཤེགས་སུ་གསོལ་བ་ནི། དོན་གཉིས་སྒྲུབ་པའི་མེ་ཡི་ལྷ། །རང་རང་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་ཕྲིན་ལས་བསྒྲུབ་པའི་ཕྱིར། །དུས་སུ་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་ལྟེ་བའི་ཨ་ཐུང་ལ་ཐིམ། དགེ་བ་བསྔོ་ཞིང་སྨོན་ལམ་གདབ་པ་ཤིས་བརྗོད་བཅས་ལས་བྱང་ལྟར་བྱས་པས་གྲུབ་བོ། །ཞི་བ་ལ་མེ་རང་ཞིར་འཇོག །ལོང་ཁྱབ་ཀྱིས་མ་ཁོམ་ན་འོ་མའི་ཆུས་བཏུལ་ལ། ཨ་ཀཱ་རོ་བརྗོད་ལ་ཐལ་སོལ་རྒྱ་མཚོ་ཆེན་པོར་བསྐྱལ་བར་བྱའོ། །དེ་དག་ནི་ཕྱི་དོན་དུ་གཙོ་བོར་སྨོས་པའི་སྦྱིན་སྲེག་གི་ཆོ་ག་སྙིང་པོ་སྟེ། གཞན་དུ་ན་ཚིམ་པ་དྲུག་ལྡན་གྱི་ཚོགས་ཀྱི་འཁོར་ལོ་དང༌། རྡོ་རྗེའི་ལུས་ལ་གདོད་ནས་གྲུབ་པའི་ཉེ་བའི་འདུ་བ་ལྷན་སྐྱེས་བདེ་སྟོང་བདུད་རྩིའི་མཆོད་པ་གསང་བའི་སྲེག་བླུག་གི་ཆོ་ག་རྣམས་ཀྱང་སྐབས་སུ་གང་བབ་ཉམས་སུ་ལེན་པར་གཅེས་སོ། ༈ གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། སྔོན་དངོས་རྗེས་ཀྱི་ཆིངས་ཞི་བའི་སྐབས་ལྟར་ལ། རྒྱལ་པོའི་བང་མཛོད་ཀྱི་ས་ལས་ཐབ་སྟེགས་སེར་པོ་གྲུ་བཞི་ལ་དབུས་དང་ཁ་ཁྱེར་གྲྭ་བཞི་བཅས་ལ་ནོར་བུ་འབར་བས་མཚན་པའི་ཐབ་སེར་པོ་ཚོན་དམར་པོས་བཅད་པར་འབྲས་བུ་ཅན་གྱི་ཤིང་གིས་གྲུ་བཞི་པར་བརྩིག །ཡམ་ཤིང་ཡང་དེ་མཚུངས་མར་ཁུ་དྲི་བཟང་གིས་སེར་པོར་བསྒྱུར། གཏོར་མ་གྲུ་བཞི་སེར་པོ། སྟར་ཁ་དང་གུར་གུམ་སོགས་མེ་ཏོག་སེར་པོ། དཱུརཝ་དང་དར་ཟབ་གཙོ་བོར་གྱུར་བའི་རྫས་རྣམས་དང༌། སྣོད་གསེར་ལ་སོགས་པའི་སེར་པོ་འབའ་ཞིག་བྱ། དུས་སྟོན་ར་དང་ཉིན་གུང་ལ་བསྔགས། སློབ་དཔོན་ཆས་གོས་སེར་པོ་རིན་པོ་ཆེའི་རྒྱན་དང་བཅས་ཁྲིའུ་སེར་པོའི་སྟེང་བཟང་པོའི་སྟབས་ཀྱིས་ཞལ་བྱང་དུ་ཕྱོགས་པར་བཞུགས། རྒྱལ་པོའི་ཕོ་བྲང་ལས་བྱུང་བའི་མེས་སྦར། འདོད་གསོལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། གྲངས་བསགས་ཀྱི་རྩ་སྔགས་ལ། པུཥྚིཾ་ཀུ་རུ་ཨོཾ། དམིགས་པའི་སྐབས་འོད་ཟེར་སྤྲོ་བསྡུའི་རྗེས། འོད་ཟེར་སེར་པོའི་ཚོགས་གསེར་ཞུན་འཁྱིལ་བ་ལྟ་བུའི་རང་དང་བསྲུང་བྱ་ལ་ཕོག་པས་ཚེ་བསོད་བཀྲག་མདངས་ཉམས་རྟོགས་ཡེ་ཤེས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྒྱས་པར་བསམས། རྗེས་མེ་རང་ཞིའམ་དྲི་སེར་པོའི་ཆུས་བཏུལ། ཐལ་བ་མཛོད་དུ་གཏེར་བུམ་ལ་བཅིལ་ཏེ་སྦ་བར་གསུངས་སོ། ༈ གསུམ་པ་དབང་གི་སྦྱིན་སྲེག་ནི། ཡིད་མཐུན་པའི་མཛའ་བཤེས་སམ་སྨད་ཚོང་མ་ཉལ་པོ་བྱས་པའི་མལ་འོག་གི་ས་ལ་སྟེགས་བུ་དམར་པོ་ཟླ་གམ་ལ་དབུས་དང་ཁ་ཁྱེར་གྲ་བཞི་བཅས་ལ་ལྕགས་ཀྱུ་ཁ་ཕྱིར་བསྟན་དང་པདྨའི་ཕྲེང་བས་བསྐོར་བ་ཚོན་སེར་པོས་བཅད། ཙནྡན་དམར་པོ་དང་མཛོ་མོ་ཤིང་སོགས་རོ་སྐྱུར་མདོག་དམར་བའི་བུད་ཤིང་ཟླ་གམ་དུ་བརྩིག །ཡམ་ཤིང་དེ་མཚུངས་དང་མར་ཁུ་ཡང་དམར་པོ་བྱ། གཏོར་མ་ཟླ་གམ་དམར་པོ། ཙནྡན་དཀར་པོ་དང༌། གླང་སྣ་སོགས་རོ་སྐྱུར་བ་དང་སྣུམ་པའི་བཟའ་བཅའ་གཙོར་གྱུར་གྱི་རྫས་སྤུངས། སྣོད་དང་རྫས་རྣམས་ཟངས་སོགས་ཁ་དོག་དམར་པོའི་རིགས་བྱ། སློབ་དཔོན་ཆས་གོས་དམར་པོ་བྱེ་རུ་ལ་སོགས་པའི་རྒྱན་དང་བཅས་ཆགས་པའི་སེམས་ཀྱིས་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པར་འཁོད། དུས་དཔྱིད་རའམ་ཉི་མྱུར་ལ་བསྔགས། སྨད་ཚོང་མའི་ཁྱིམ་ལས་བྱུང་བའི་མེས་སྦར། འདོད་གསོལ། བདག་སྒྲུབ་པ་པོས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གྲངས་བསགས་རྩ་སྔགས་ལ་ ཝཱ་ཤཾ་ཀུ་རུ་ཧྲཱིཿ དམིགས་པའི་སྐབས། ཐུགས་བདེ་སྟོང་ཆགས་པ་ཆེན་པོའི་རང་བཞིན་ལས་བྱུང་བའི་འོད་ཟེར་དམར་པོ་ལྕགས་ཀྱུའི་རྡུལ་ཅན་ཉི་ཟེར་ལྟར་འཕྲོས་པས་ཁམས་གསུམ་སྲིད་གསུམ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་འབྱོར་དངོས་གྲུབ་རྣམ་ཤེས་ཡེ་ཤེས་ཐམས་ཅད་དབང་དུ་བསྡུས་པར་བསམས། མེ་རང་ཞིའམ་ཆང་དང་ཙནྡན་གྱི་ཆུས་བསད། ཐལ་བ་རི་རྩེར་རླུང་ལ་ཕྱར་བའོ། ༈ བཞི་པ་དྲག་པོའི་སྦྱིན་སྲེག་ནི། རྡོ་རྗེ་ཐབ་ཀྱི་ཁུང་བུ་རུ༔ ཞལ་དུ་གྱུར་པའི་མེ་སྦར་ལ༔ ལྷར་བསྐྱེད་དགྲ་བགེགས་དགུག་ཅིང་གཟིར༔ རྡོ་རྗེ་མེ་ཡི་དབལ་གྱིས་བསྲེགས༔ ཞེས་གསུངས་པ་ལྟར་གཏེར་གཞུང་རྩ་བའི་དངོས་བསྟན་ཏེ། ཕུང་སའི་སྟེགས་བུ་གྲུ་གསུམ་པར་རོ་སོལ་བྱུགས་པའི་སྟེང་མ་ཊཾ་གཟུགས་ཀྱི་ལྟོ་བར་གྲུ་གསུམ་གྱི་ལྟེ་བར་འཁོར་ལོ་རྩིབས་བཅུའི་དབུས་ཆོས་འབྱུང་རཾ་གྱིས་མཚན་པ་ལ་ཚེར་མ་ཅན་གྱི་ཤིང་ངམ་དུག་ཤེང་དུག་ཁྲག་གིས་སྦགས་པ་གྲུ་གསུམ་དུ་བརྩིག །ཐབ་ཀྱི་ཟུར་གསུམ་དུ་ཤིང་གསུམ་མཆེ་བའི་ཚུལ་དུ་བསླང༌། དྲག་པོའི་ཤིང་གི་ཡམ་ཤིང་དུག་ཁྲག་གིས་ཉུག་པ། ཚ་བ་གསུམ་དང་ཁྲག་སྣ་སྦྱར་བའི་མར་ནག་གི་ཁུ་བ། གཏོར་མ་གྲུ་གསུམ་ནག་པོ། དྲག་པོ་ལ་ཁྱད་པར་གྱི་རྫས་དུག་ཤོག་ལ་དགྲ་བགེགས་ཀྱི་རཱུ་པ་མིང་རུས་བླ་དྭགས་གནས་ཡིག་དང་བཅས་པ། ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུ་མིང་རུས་ཅན། སྦལ་སྦྲུལ་ཉ་ཁྱི་ལ་སོགས་པའི་ཤ་དུག་སྣ་དང་བསྲེས་པའི་རིལ་བུ། ལྕགས་ཟངས་རྡོའི་ཕྱེ་མ། ཏིལ་དང་ཡུངས་ཀར་ཚ་བ་གསུམ་སོགས་ཕྱོགས་གཅིག་ཏུ་བསྡུས་པ་རྣམས་བསགས། སྣོད་དང་རྫས་སོགས་ཀྱང་ཁ་དོག་ནག་པོ་དབྱིབས་གྲུ་གསུམ་ཤ་སྟག་བྱ། སློབ་དཔོན་ཆས་གོས་ནག་པོ་རུས་པའི་རྒྱན་དང་ལྡན་པས་དུར་ཁྲོད་ཀྱིས་རས་ལ་ཞིང་ཆེན་བྲིས་པའི་སྟེང་ཁ་ལྷོར་བལྟ་བས་འཁོད། ཁྲོས་པའི་སེམས་དང་ལྡན་པས་ཙོག་པུར་འདུག །གདོལ་བཤན་དམེ་ཡུགས་ཀྱི་ལག་ནས་བྱུང་བའི་མེས་སྦར། འདོད་གསོལ། གནོད་བྱེད་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པ་ཐམས་ཅད་མཱ་ར་ཡ་ཕཊ྄༔ ཅེས་སྦྱར། འདས་པའི་མེ་ལྷ་མཆོད་པའི་བྱོན་སྐྱེམས། ཡམ་ཤིང༌། མར་ཁུ་བཅས་ཞི་བའི་སྐབས་ལྟར་སོང་བ་དང༌། ལིངྒ་རྣམས་མདུན་དུ་བཞག་ལ་ཧོམ་བསྐྱེད་འགུགས་པ་བཅས་གཏོར་ཟློག་སྐབས་ལྟར་དང༌། དངོས་གཞིའི་བསྒྲལ་བ། ཧཱུྃ་བྷྱོཿ བསྟན་དང་འགྲོ་ལ་འཚེ་བ་ཡི༔ སོགས་མཐར་དྲག་སྔགས་སྤུ་གྲི་མཱ་ར་ཡའི་ཤམ་ཅན་གྱིས་བསྒྲལ། ཧཱུྃ་བྷྱོཿ གནམ་ས་ཙམ་གྱི་ཞལ་གདངས་སོགས་བསྟབ་པ་བྱ་བའམ། མ་བྱས་ཀྱང་ཆོག་ལིང་རོ་དྲག་རྫས་ལ་བསྲེས་ཏེ། བསང་སྦྱང༌། ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བར་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི། རྣམ་པ་དྲག་པོའི་མཆོད་རྫས་བསམ་མི་ཁྱབ་པར་གྱུར། ཞེས་བྱིན་གྱིས་བརླབས་པ་སློབ་དཔོན་གྱི་ལག་གཡས་པར་བཟུང༌། གཡོན་པས་སྡིགས་མཛུབ་ཁ་ཕྱིར་བསྟན་གྱིས་ཕུལ་ལ། ཧཱུྃ། སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམས། །ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ། །རྣལ་འབྱོར་འཇོམས་པ་ལ་སོགས་པ། །གཤེད་དང་དབབ་དང་ནད་ངན་གྱིས། །ཅི་ནས་བརླག་པར་ཁྱེད་ཀྱིས་གྱིས། །ཞེས་དང་རྩ་སྔགས་ལ། དགྲ་བགེགས་མཱ་ར་ཡ་ཕཊ྄་སྦྱར་བ་གྲངས་བསགས། དམིགས་པ། དགྱེས་པ་ཆེན་པོའི་རང་བཞིན་ལས་བྱུང་བའི་འོད་ཟེར་མེ་དཔུང་ཁྲོ་ཚོགས་མཚོན་ཆའི་ཚྭ་ཚྭ་དུས་མཐའི་མེ་རླུང་ལྟར་འབར་ཞིང་འཕྲོ་བས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་དམ་སྲི་སྡེ་དང་བཅས་པ་ཐལ་བའི་རྡུལ་བཞིན་དུ་མིང་གི་ལྷག་མ་མེད་པར་བརླག་པའི་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་མཛད་པར་བསམས། མེ་དུག་ཁྲག་གི་ཆུས་བསད། ཐལ་བ་ལམ་གྱི་བཞི་མདོར་མནན་ལ་རྟ་བྲོ་བྱ། ལས་ཐམས་ཅད་ལ་ལས་རྗེས་མི་མངོན་པར་བསྡུའོ། །དེ་ལྟར་སྐབས་སུ་གང་བབ་གྱི་འདོན་ཚིག་བསྒྱུར་འོས་ཅན་རྣམས་མཆན་གྱིས་གསལ་བ་ལྟར་བྱས་པས་གྲུབ། ཚུལ་འདིས་ནི་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་བྱེད་པ་རྣོ་ལ་ངར་གྱིས་བཏགས་པ་དང་འདྲ་བ་གསུངས་པས་བསྙེན་སྒྲུབ་ཀྱི་ཁ་སྐོང་སོགས་ལ་གཅེས་ཤིང༌། དེར་མ་ཟད་སྤྱིའི་ཁོག་དབུབ་འདི་ལྟར་ལ་སྐབས་སུ་བབ་པའི་ལྷ་སྔགས་ཁ་བསྒྱུར་བྱས་པས་གཤིན་རྗེ་སོགས་སྙན་བརྒྱུད་ཀྱི་རིགས་སྤྱི་ལའང་སྦྱར་བས་དོན་གྲུབ་པའོ། །སླར་སྨྲས་པ། མཐུ་སྟོབས་དུས་མཐའི་ཞུགས་ལྕེ་རབ་རྣོ་བས། །མ་རུངས་བདུད་སྡེའི་ཚོགས་རྣམས་སྐད་ཅིག་བསྲེགས། །མཆོག་གི་ཡེ་ཤེས་མེ་ཡི་འོད་ཟེར་གྱིས། །ཞི་དང་རྒྱས་མཛད་དབང་གི་ལས་ལ་མྱུར། །དེ་ལྟའི་སྲེག་བླུགས་ཆོ་གའི་ལས་རིམ་འདི། །སྤེལ་བས་བདག་རྟོགས་ཡེ་ཤེས་མེས་བསྲེགས་ནས། །བདག་མེད་རིག་སྟོང་བཛྲ་ཀུ་མཱ་རའི། །གོ་འཕང་ཚེ་འདི་ཉིད་ལ་མངོན་བྱེད་ཤོག །ཅེས་པའང་ནང་ཆེན་ཚེས་བཅུ་བླ་མ་བློ་གྲོས་མཆོག་ལྡན་གྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་དང༌། བཀྲ་ཤིས་དཔལ་འབྱོར་ཟུང་གིས་ལེགས་པར་དཔྱད་ནས་ཤིན་ཏུ་མདོར་བསྡུས་སུ་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ཨོཾ་སྭ་སྟི། ལས་རྣམས་མྱུར་དུ་འགྲུབ་བྱེད་པའི། །རྡོ་རྗེ་ཡེ་ཤེས་མེ་བོ་ཆེས། །ཀུན་ཏུ་རྟོག་པའི་ཚང་ཚིང་བསྲེག །དངོས་གྲུབ་དཔལ་སྟེར་འདི་ལོངས་ཤིག །བཀྲ་ཤིས་ཞལ་གྲོ། དགེའོ། །དགེའོ། །མངྒ་ལཾ།། །།

Footnotes

Other Information