པདྨ་ཚེ་ཡི་སྙིང་ཐིག་ལས། ཕྱི་ནང་གསང་བ་ཀུན་འདྲིལ་གྱི་ཚེ་ཡི་ཕྲིན་ལས་སྙིང་པོ་འཆི་མེད་རྡོ་རྗེའི་སྲོག་ཏིག།

From Khyentse Lineage - A Tsadra Foundation Project
DKR-KABUM-19-DZA-002
Wylie title pad+ma tshe yi snying thig las/ phyi nang gsang ba kun 'dril gyi tshe yi phrin las snying po 'chi med rdo rje'i srog tig DKR-KABUM-19-DZA-002.pdf
Location dil mgo mkhyen brtse bka' 'bum
Volume 19, Text 2, Pages 21-30 (Folios 1a to 10b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Pad+ma tshe yi snying thig las phyi nang gsang ba kun 'dril gyi tshe yi phrin las snying po 'chi med rdo rje'i srog tig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 21-30. Delhi: Shechen Publications, 1994.
Genre Activity Manual - las byang  ·  Longevity Rituals - tshe sgrub
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

།ཞེས་པའང་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཟབ་ཆོས་འདི་ཉིད་ཀྱི་བདག་པོ་འགྱུར་མེད་ཆོས་ཀྱི་བློ་གྲོས་མདོ་སྔགས་བསྟན་འཛིན་མཆོག་ནས་བསྙེན་སྒྲུབ་ཉམས་བཞེས་ཀྱི་ཆེད་རིན་ཆེན་སུ་ཝརྞའི་མཎྜལ་བཅས་གསུང་བསྐུལ་ནན་བསྐྱར་གནང་བ་བཞིན། རིགས་བདག་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་གསུང་ཟིན་ལྟར་འཇུག་བདེའི་ཁྲིགས་བསྡེབས་སུ་མཚོ་སྐྱེས་འཆི་མེད་པདྨ་འོད་འབར་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་མཐའ་ཡང་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ཉེ་འགྲམ་བཀྲ་ཤིས་དགའ་འཁྱིལ་གྱི་ཁང་བུར་བྲིས་ཤིང་ཕུལ་བས་འགྲོ་ཀུན་རྡོ་རྗེའི་ཚེ་དང་ཡེ་ཤེས་མཐའ་ཡས་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག།

/zhes pa'ang snyigs dus bstan 'gro'i dpal mgon zab chos 'di nyid kyi bdag po 'gyur med chos kyi blo gros mdo sngags bstan 'dzin mchog nas bsnyen sgrub nyams bzhes kyi ched rin chen su war+Na'i maN+Dal bcas gsung bskul nan bskyar gnang ba bzhin/_rigs bdag 'jam mgon bla ma pad+ma ye shes rdo rje'i gsung zin ltar 'jug bde'i khrigs bsdebs su mtsho skyes 'chi med pad+ma 'od 'bar dgyes pa'i 'bangs pad+ma gar dbang mdo sngags gling pa tshe mchog grub pa'i sdes mtha' yang 'dul gyi gtsug lag khang spa gro skyer chu'i nye 'gram bkra shis dga' 'khyil gyi khang bur bris shing phul bas 'gro kun rdo rje'i tshe dang ye shes mtha' yas pa'i go 'phang myur du thob pa'i rgyur gyur cig/

[edit]
༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། ཕྱི་ནང་གསང་བ་ཀུན་འདྲིལ་གྱི་ཚེ་ཡི་ཕྲིན་ལས་སྙིང་པོ་འཆི་མེད་རྡོ་རྗེའི་སྲོག་ཏིག་བཞུགས།།

༄༅། །ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ས་ར་དཱ་དེ་ཝ་མཎྜལ་བྷྱཿ འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་གི་ཕྱི་ནང་གསང་བའི་ཚུལ་དུ་རྩ་གསུམ་སྒྲུབ་པའི་ཐབས་ཀྱི་ཟབ་གནད་ཀུན་འདུས་རྒྱུན་གྱི་རྣལ་འབྱོར་ལ་ལས་རིམ་ཅུང་ཟད་སྤྲོ་ཏེ་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྦྱོར་བ་ནི། བསྙེན་སྒྲུབ་དམིགས་བསལ དུ་བྱེད་ན་རྟེན་གྱི་དྲུང་དུ་དཀྱིལ་འཁོར་དང༌། ཚོམ་བུ་གང་རུང་གི་སྟེང་ཚེ་འབྲང༌། གཡས་གཡོན་དུ་ཚེ་རིལ། བདུད་རྩི། མདུན་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་མཆོད་པ་དང༌། ཆད་བརྟན་དང་སྲུང་མའི་གཏོར་འབུལ། དཀར་བགེགས་ཀྱང་འབྱོར་ན་བཤམས། སྒྲུབ་པ་པོ་ངེས་འབྱུང་དད་པ་གཞན་ཕན་གྱི་བློ་དང་ལྡན་པས་བརྒྱུད་འདེབས་དང༌། དཀར་གཏོར་ཡོད་ན་བཏང༌། གཉིས་པ་སྐྱབས་འགྲོ་ནི། ན་མོ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ མི་ཕྱེད་དད་དང་དྭངས་བའི་བློས༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་སེམས་བསྐྱེད་ནི། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མ་རྟོགས་བདག་ཏུ་བཟུང་བའི་བློས༔ སྐྱེ་འཆི་མཚན་མའི་ཆོས་ལ་ཞེན༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ ལན་གསུམ། བཞི་པ་བསགས་སྦྱངས་ནི། ཧོཿ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཚེ་དཔག་མེད་མགོན་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག །ལན་གསུམ། ལྔ་པ་བགེགས་ལ་བཀའ་བསྒོ་བ་ནི། བྱིན་རླབས་བསྔོ་བ་སྤྱི་ལྟར་བྱས་ནས། ཧཱུྃ༔ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་རྗེ་བཙན་ཏེ༔ ཚེ་བདུད་ལོག་འདྲེན་བར་ཆད་བདུད༔ བརླག་པར་འགྱུར་གྱིས་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཀར་གྱིས་བྲབ། གུ་གུལ་བདུག །དྲུག་པ་སྲུང་འཁོར་ནི། ཧཱུྃ༔ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ སྲུང་བའི་གུར་གྱིས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ བདུན་པ་བྱིན་འབེབས་ནི། ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ ཚེ་ཡི་བདག་པོ་སྐུ་བཞེངས་ཤིག༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ བདག་ཅག་ཚེ་སྲོག་བརྟན་པར་མཛོད༔ ཚེ་དབང་མཐར་ཕྱིན་མཛད་དུ་གསོལ༔ ཨོྃ་གུ་རུ་ཨཱ་ཡུ་དེ་ཝ་ག་ཎ་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ བརྒྱད་པ་མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕུན་ཚོགས་བདེ་ཆེན་ཞིང༔ རང་སྣང་ཀུན་བཟང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་གང་བའི་ཚོགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོྃ་བཛྲ་ཨརྒྷྃ་ནས། ཤབྡའི་བར། སརྦ་ས་མ་ཡ་པཱུ་ཛ་ཛྙཱ་ན་ཨཱཿཧཱུྃཿ ཨོྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ལན་གསུམ་བརྗོད་དོ། །གཉིས་པ་དངོས་གཞིའི་དང་པོ་རྟེན་བརྟེན་པ་ལྷར་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾཿ ཆོས་ཀུན་གཟོད་ནས་དེ་བཞིན་ཉིད༔ འཆི་མེད་གཉུག་མའི་ཡེ་ཤེས་ངང༔ ཀུན་སྣང་སྙིང་རྗེའི་ཏིང་འཛིན་ལས༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་གསལ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་སྔགས་ཀྱི་སྒྲ་བསྒྲགས་པས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔ་ཡུམ་གྱི་རང་བཞིན་མཁར༔ རང་བྱུང་ཚེ་ཡི་དཀྱིལ་འཁོར་ཆེ༔ དྭངས་གསལ་འོད་ཀྱི་ཐིག་ལེའི་དབུས༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི༔ ལྟེ་བར་པདྨ་ཉི་ཟླའི་སྟེང༔ རྡོ་རྗེའི་སྔགས་ཀྱི་རོལ་མོ་ལས༔ འཆི་མེད་མགོན་པོའི་ཕྱག་རྒྱར་བཞེངས༔ ཨོྃ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། བདག་ཉིད་པདྨ་ཚེ་དཔག་མེད༔ པདྨ་རཱ་གའི་མདངས་འོད་ཅན༔ ཕྱག་གཉིས་མཉམ་གཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞི་འཛུམ་མཚན་དཔེའི་ཉམས་འགྱུར་རྫོགས༔ ཀུན་བཟང་དཀར་མོ་དགྱེས་པའི་ཡུམ༔ ཕྲེང་བ་བུམ་པ་འཛིན་པས་འཁྱུད༔ སྟོང་གསལ་སྐུ་ཡི་དྭངས་མའི་རྩ༔ འཁོར་ལོ་ལྔ་ཡི་ལྟེ་བ་རུ༔ སྤྱི་བོར་བདེ་གཤེགས་ཚེ་དཔག་མེད༔ མགྲིན་པར་པདྨ་སྣང་མཐའ་ཡས༔ ཐུགས་ཀར་རྡོ་རྗེ་མི་བསྐྱོད་པ༔ ལྟེ་བར་རིན་ཆེན་འབྱུང་ལྡན་དང༔ གསང་བར་ཕྲིན་ལས་དོན་ཡོད་གྲུབ༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ རང་རིགས་ཡུམ་དང་མཉམ་པར་སྦྱོར༔ ཕྲ་ལ་ཞལ་ཕྱག་མཚན་དཔེ་རྫོགས༔ རྩ་འདབ་རྣམས་སུ་ཚེའི་མགྱོགས་མ༔ གཞོན་མཛེས་གར་སྟབས་ལིང་ངེར་བཞུགས༔ ཁྱད་པར་སྙིང་གའི་རྩ་འདབ་ཀྱི༔ ནང་དུ་ཕྱོགས་བཞིའི་རིགས་མཆོག་བཞི༔ མཚམས་བཞིར་ཀུན་གཟིགས་ཡོན་ཏན་དང༔ ཡེ་ཤེས་མི་གཡོ་ཚེ་དཔག་མེད༔ ཀུན་ཀྱང་དམར་གསལ་ཚེ་བུམ་ཅན༔ རང་རིགས་ཡུམ་དང་མཉམ་པར་སྦྱོར༔ གཡས་གཡོན་དབང་པོའི་དྭངས་མའི་རྩ༔ ཐིག་ལེ་སྒེག་སོགས་ལྷ་མོ་དང༔ མགྱོགས་མ་བཞི་དང་ཡན་ལག་ལ༔ ཁྲོ་བོ་སྒོ་མའི་ཚོགས་རྣམས་ཀུན༔ གདོད་ནས་རྡོ་རྗེའི་ལུས་ལ་རྫོགས༔ བཛྲ་ཛྙཱ་ན་ཀཱ་ཡ་ཝཱཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོྃ་ཨཱཿཨ་བྷི་ཥིཉྩ་མི༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ བཀོད་པའི་ཆོ་འཕྲུལ་བསམ་ལས་འདས༔ ཡེ་ཤེས་ལྷ་ཚོགས་གཤེགས་སུ་གསོལ༔ སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར༔ བྱིན་གྱིས་རློབས་ལ་བར་ཆད་སོལ༔ ཚེ་བདུད་འགལ་རྐྱེན་ཞི་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོྃ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མཎྜ་ལ་ས་མ་ཡ་ཛཿཛཿ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ གསུམ་པ་བཞུགས་གསོལ་ནི། ཧྲཱིཿ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་ཐུགས་རྗེས་བརྩེར་དགོངས་ལ༔ ཏིང་འཛིན་བཀོད་པའི་དཀྱིལ་འཁོར་འདིར༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་གྱིས་བཏུད་པ་ནི། ཧྲཱིཿ བདེ་ཆེན་འོད་འབར་ཆོས་ཀྱི་སྐུ༔ ལོངས་སྤྱོད་ཡོངས་རྫོགས་འཆི་མེད་ལྷ༔ དཀྱིལ་འཁོར་རྒྱ་མཚོའི་ཚོགས་བཅས་ལ༔ མི་ཕྱེད་གུས་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ ལྔ་པ་མཆོད་པ་ལ། ཕྱི་མཆོད་ནི། ཧྲཱིཿ དག་པའི་ཞིང་ཁམས་རབ་འབྱམས་ནས༔ ཡིད་འོང་ཀུན་བཟང་མཆོད་པའི་རྫས༔ དངོས་དང་ཏིང་འཛིན་ལས་བྱུང་བ༔ འབུལ་གྱི་བཞེས་ལ་དངོས་གྲུབ་སྩོལ༔ ཨོྃ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ་དེ་བ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ནང་མཆོད་ནི། ཧྲཱིཿ ཡིད་འོང་འདོད་ཡོན་ལྷ་མོའི་ཚོགས༔ ཀུན་ཀྱང་ཆོས་ཀྱི་དབྱིངས་ཁྱབ་པའི༔ བདེ་ཆེན་རང་ཤར་ཚུལ་གྱིས་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧཱུྃ༔ སྨན་མཆོད་ནི། ཧྲཱིཿ དུག་ལྔའི་ནད་སེལ་སྨན་གྱི་མཆོག༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ རིགས་ལྔ་རྒྱལ་བ་སྒྲུབ་པའི་རྫས༔ དམ་ཚིག་ལོངས་སྤྱོད་ཆེན་པོར་འབུལ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་མཆོད་སྦྱར། རཀྟ་ནི། ཧྲཱིཿ རྒྱུད་དྲུག་བསྒྲལ་བ་རཀྟའི་བཅུད༔ དམར་གྱི་རྦ་རླབས་མཁའ་ལ་འཕྱོ༔ འཁོར་བ་སྟོངས་པའི་ཡེ་ཤེས་ཕུད༔ གཱིརྟིའི་གསང་བའི་མཁའ་ལས་འབེབས༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མ་ནི། ཧྲཱིཿ འདོད་ཡོན་ལྔ་ལྡན་བ་ལིཾ་ཏ༔ ཟེགས་མ་མཆོད་པའི་སྤྲིན་ཕུང་འཕྲོ༔ སྣོད་བཅུད་ཡོངས་རྫོགས་ཆེན་པོ་འདི༔ དཀྱིལ་འཁོར་ལྷ་ལ་བདག་གིས་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ སྦྱོར་སྒྲོལ་མཆོད་པ་ནི། ཧྲཱིཿ གཟུང་འཛིན་རུ་དྲའི་ཚོགས་བསྒྲལ་ཞིང༔ བདེ་ཆེན་སྦྱོར་བས་དགྱེས་པའི་དཔལ༔ མཆོད་དང་མཆོད་བྱ་གཉིས་སུ་མེད༔ མཉམ་པའི་མཆོད་པ་དམ་པ་བཞེས༔ བཛྲ་ཏ་ན་ག་ན་པཱུ་ཛ་ཧོཿ དྲུག་པ་བསྟོད་པ་ནི། ཧྲཱིཿ འཆི་བདག་ལ་སོགས་བདུད་བཞི་འཇོམས་པའི་ལྷ༔ གསུང་གི་རྡོ་རྗེ་མགོན་པོ་ཚེ་མཐའ་ཡས༔ འཆི་མེད་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ༔ བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་གཅིག་ལ་བཟང་ངན་མཚན་བྲལ་ཡང༔ གདུལ་བྱ་འདུལ་ཕྱིར་གང་འདུལ་ཐུགས་རྗེའི་སྐུ༔ བདེ་སྟོང་སྒྱུ་མར་རོལ་པའི་ཕྲིན་ལས་ཅན༔ འཁོར་དང་བཅས་ལ་གུས་པས་བསྟོད་པར་བགྱི༔ བདུན་པ་བསྙེན་བཟླས་ནི། མདུན་རྟེན་དཀྱིལ་འཁོར་དང་བསྙེན་སྒྲུབ་སོགས་སྤྲོས་པ་དང་འབྲེལ་ན། ཧཱུྃ་ཧྲཱིཿ སྙིང་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ ཡེ་ཤེས་སྒྱུ་མར་རོལ་པའི་ལྷ་ཚོགས་རྣམས༔ མི་འདའ་རྡོ་རྗེའི་དམ་ཚིག་རྗེས་དགོངས་ལ༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ མདུན་རྟེན་དམིགས་བསལ་མེད་ཅིང་ཚོགས་མཆོད་དཀྱུས་མ་ཙམ་ལ་ཛཔ་བསྐུལ་མི་དགོས། བཟླས་དམིགས་དངོས་ལ། འདི་ལ་བརྟེན་ནས་ཚེ་ཡི་བདག་འཇུག་གམ་དོན་དབང་སྦྱོར་ན་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་བྱུང་ན་ལེགས་པས་དང་པོ་བསྙེན་དམིགས་ནི། གཙོ་བོ་ཡེ་ཤེས་སེམས་དཔའ་ཡི༔ ཐུགས་ཀར་རྒྱ་གྲམ་ཉི་ཟླའི་དབུས༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ སྤྲོ་བསྡུས་དོན་གཉིས་འབད་མེད་བསྒྲུབས༔ སྣོད་བཅུད་དྭངས་མ་སྒོ་གསུམ་ཐིམ༔ ཡེ་ཤེས་ཕྱག་རྒྱ་ཆེ་འགྲུབ་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱཿ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ གཉིས་པ་སྒྲུབ་པའི་བཟླས་དམིགས་ནི། གནས་ལྔ་སྙིང་གའི་ཚེ་ལྷ་ཡི༔ ཐུགས་ཀར་རྒྱ་གྲམ་ཉི་ཟླའི་དབུས༔ རང་སྲོག་སྔགས་ཀྱི་ཕྲེང་བ་ལས༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས༔ རིགས་ལྔ་ཡེ་ཤེས་ཚེ་ཡི་བཅུད༔ འབྱུང་ལྔའི་དྭངས་མས་ཁམས་ལྔ་གསོས༔ གསང་བ་རྒྱན་གྱི་འཁོར་ལོར་སད༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ གསུམ་པ་ལས་སྦྱོར་ནི། ཐུགས་ཀའི་འོད་ཀྱིས་སྒོ་མ་བསྐུལ༔ ཕོ་ཉ་ནམ་མཁའ་གང་བ་ཡིས༔ ཐུན་མོང་ཁྱད་པར་ཕྲིན་ལས་བཞི༔ ཡིད་བཞིན་ཉིད་དུ་འགྲུབ་པར་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཛཿཤཱནྟིཾ་ཀུ་རུ་ཧཱུྃ༔ ཧཱུྃ་པུཥྚིཾ་ཀུ་རུ་ཧཱུྃ༔ བྃ་ཝཱ་ཤཾ་ཀུ་རུ་ཧོ༔ ཧོཿམཱ་ར་ཡ་ཕཊ྄༔ ཅེས་བཟླ། རྒྱུན་གྱི་ཉམས་ལེན་སོགས་བསྡུས་པའི་སྐབས་རྩ་བའི་བཟླས་པ་ཁོ་ན་བྱས་ཀྱང་འཇུག་བདེ་དོན་ཚང་བས་ན་དེའི་ཚུལ་ནི། ཐུགས་ཀར་པདྨ་དཀར་པོ་ནི༔ གེ་སར་ཟིལ་ཕོད་དང་བཅས་པའི༔ ལྟེ་བར་ཧྲཱིཿདམར་རང་སྒྲ་ཅན༔ མར་མེ་ལྟ་བུར་འབར་བ་ལས༔ འོད་འཕྲོས་སྲིད་ཞིའི་དྭངས་བཅུད་དང༔ བདེ་བ་ཅན་སོགས་དག་པའི་ཞིང༔ རབ་འབྱམས་ཀུན་ན་བཞུགས་པ་ཡི༔ སྲས་བཅས་རྒྱལ་བའི་གསང་གསུམ་ནས༔ བྱིན་རླབས་དངོས་གྲུབ་རང་འདྲ་བའི༔ ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས༔ ཆར་ལྟར་བབས་ནས་གཉིས་མེད་ཐིམ༔ མི་འགྱུར་ཚེ་དང་ཡེ་ཤེས་ཀྱི༔ སྣང་བ་མཆོག་ཏུ་རྒྱས་པར་བསམ༔ ཞེས་པའི་སྤྲོ་བསྡུ་དང་བཅས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་ཡིད་རྩེ་གཅིག་པས་བཟླ། གྲངས་བསྙེན་དབང་དུ་བྱས་ན་འབུམ་ཕྲག་གསུམ་དུ་གསུངས། ཏིང་འཛིན་རྩེ་གཅིག་པའི་རྣལ་འབྱོར་ནི། སྙིང་དབུས་པདྨའི་གེ་སར་ཧྲཱིཿརང་སྒྲ་ཅན་ལ་སེམས་གཏད་རླུང་རོ་བསལ། བརྟན་གཡོ་སྲིད་ཞིའི་དྭངས་བཅུད་འོད་ལྔའི་རྣམ་པར་སྣ་བུག་ནས་ཞུགས་སྙིང་གའི་ཧྲཱིཿལ་ཐིམ་པར་བསམ་ལ་རླུང་བུམ་ཅན་བཟུང་སྟེ་དབྱིངས་རིག་བསྲེས་ལ་རང་ངོ་བསྐྱངས། མཚན་བརྒྱ་རྩ་བརྒྱད་པའི་གཟུངས་བཟླ། ཐུན་མཐར་ཚེ་འགུགས་ནི། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བྱིན་རླབས་ཀྱི་གཟི་བྱིན་འབར། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང༌། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་ཅིང་ནུས་པ་དང་ལྡན་པར་གྱུར། ཅེས་དམིགས་ཤིང་མདའ་དར་གཡབ་ལ། ཧྲཱིཿ ལས་བཞིའི་མགྱོགས་མ་རིགས་མཆོག་རྣམ་ལྔའི་ཡུམ༔ རང་རང་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ཕྱོགས་མཚམས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་གཉིས་མེད་བསྟིམ༔ རིགས་ལྔའི་ཚེ་མཆོག་གྲུབ་པའི་ལས་མཛོད་ཅིག༔ རྩ་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཛཿཛཿ ཛཿཧཱུྃ་བྃ་ཧོ༔ ཨཿ ཕྱོགས་བཅུར་སྤྲོས་པའི་ཁྱབ་བརྡལ་ཚེ༔ གཉུག་མའི་ཐིག་ལེར་རོ་གཅིག་བསྟིམ༔ འདུ་འབྲལ་མེད་པའི་ཆོས་ཉིད་ཀློང༔ རིག་སྟོང་ཡེ་ཤེས་དགོངས་པར་ཨ༔ དབྱངས་གསལ་རྟེན་སྙིང་གིས་ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་པར་བྱ། གང་གིས་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་གཤེགས་སྣང་མཐའ་མི་བསྐྱོད་རིན་ཆེན་འབྱུང༌། །དོན་གྲུབ་ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང༌། །མི་གཡོ་ཚེ་བདག་ཡབ་ཡུམ་མགྱོགས་མ་དང༌། །ཚེ་ཡི་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དྭངས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རང༌། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་སྙིང་པོར་བསྔོ། །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་གདབ། སྟོང་ཚིག་གམ་མཆོད་བསྟོད་ཡིག་བརྒྱ་བཟླ། སྐབས་འདིར་བཀའ་སྲུང་གི་གཏོར་ཆོག་བྱ། །གསུམ་པ་རྗེས་རིམ་དང་པོ་ཚོགས་མཆོད་ནི། བཱ་ལ་དང་མ་དཱ་ན་སོགས་དམ་ཚིག་གི་རྫས་རྣམས་བཤམས་ལ། བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ དབྱིངས་ཀྱི་བྷཉྫར་རིག་པའི་བཅུད༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཕུད༔ འདོད་ཡོན་ཟེགས་མ་བསམ་ཡས་འཕྲོ༔ མཁའ་ཁྱབ་ཚོགས་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་མགྲོན་སྤྱན་འདྲེན་པ་ནི། ཧྲཱིཿ ཆོས་སྐུའི་ཞིང་ན་འོད་མི་འགྱུར༔ ལོངས་སྤྱོད་ཡོངས་རྫོགས་ཚེ་དཔག་མེད༔ སྤྲུལ་པའི་གར་བསྒྱུར་རྔ་སྒྲའི་གཙོ༔ བཅོམ་ལྡན་དཀྱིལ་འཁོར་ལྷ་རྣམས་ཀུན༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་དགོངས་པས་གཤེགས་སུ་གསོལ༔ སརྦ་ས་མ་ཡ་ཛཿཛཿཛྙཱ་ན་སིདྡྷི་ཧོཿ ཨོཾ་བཛྲ་ལཱ་སྱ་ཧཱུྃ༔ ཨོཾ་བཛྲ་མཱ་ལྱ་ཏྲཱྃ༔ ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱ༔ ཨོཾ་བཛྲ་དྷཱུ་པེ་ཧཱུྃ༔ ཨོཾ་བཛྲ་པུཥྤེ་ཏྲཱྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ཚོགས་ཕུད་ཆ་གསུམ་གྱི་དང་པོ་མཆོད་པ་ནི། ཧོ༔ རྡོ་རྗེ་བཟའ་བའི་དམ་ཚིག་རྫས༔ ལོངས་སྤྱོད་ཆེན་པོ་རྨད་དུ་བྱུང༔ འཆི་མེད་གྲུབ་པའི་ར་ས་ཡན༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བསྐང་བཤགས་ནི། ཧྲཱིཿ བདེ་ཆེན་སྒྱུ་མར་རོལ་པ་ཡི༔ རྡོ་རྗེའི་ཞིང་གི་བཀོད་པའི་མཆོག༔ ངོ་མཚར་རྒྱན་གྱི་རོལ་མོ་ཆེ༔ དབྱིངས་དང་མཉམ་པར་སྤྲོ་ཞིང་ཤར༔ རང་སྣང་བཀོད་པ་རྨད་བྱུང་བའི༔ ཕྱི་ནང་གསང་བའི་མཆོད་རྫས་ཆེ༔ བླ་ན་མེད་པའི་དམ་ཚིག་གི༔ རོལ་པའི་ཆོ་འཕྲུལ་རྨད་བྱུང་བ༔ ངོ་མཚར་བསམ་མི་ཁྱབ་པ་འདིས༔ འཆི་མེད་མགོན་པོའི་དཀྱིལ་འཁོར་གཙོ༔ རིགས་ཀྱི་ཚོམ་བུ་དང་བཅས་པ༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པས་ཉམས་ཆག་མཐོལ། ཐ་མ་བསྒྲལ་བསྟབ་ནི། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཧྲཱིཿ ཚེ་བདུད་བར་ཆད་གློ་བུར་བགེགས༔ ཕྱག་རྒྱ་བཞི་ཡིས་འགུགས་འཆིང་སྡོམ༔ མྱོས་ཏེ་ལྷ་ཕྲལ་རང་གཤེད་དབབ༔ རྟ་མཆོག་རོལ་པའི་རྡོ་རྗེའི་མཚོན༔ ཉམས་པ་དགུག་བསྒྲལ་དགྱེས་མཆོད་བཞེས༔ མཱ་ར་ཡ་ཕཊ྄༔ མཱཾ་ས་རཀྟ་གཽ་རོ་ཙ་ན་ཀེཾ་ནི་རི་ཏི་ཁཱ་ཧི༔ དེས་རྣལ་འབྱོར་པས་དམ་རྫས་ལ་རོལ་ཞིང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་རྣམས་མཆོད་པས་མཉེས་ཤིང་ཉམས་ཆག་སྐོང་ཞིང་དངོས་གྲུབ་ཐོབ་པར་བསམ་ལ། རང་ལུས་དཀྱིལ་འཁོར་ལྷ་རུ་གསལ༔ རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ནི༔ གདོད་ནས་གདན་གསུམ་ལྷ་ཡི་དལ༔ རྩ་རླུང་ཐིག་ལེ་བདེ་སྟོང་དུ༔ དགྱེས་པས་རོལ་པའི་དཔལ་དུ་སྤྱོད༔ ས་མ་ཡ་པཱུ་ཛ་ཧོ༔ སྟངས་དཔྱལ་མཉམ་པར་རོལ་པ་ཡིས༔ བདེ་བ་ཆེན་པོ་ལམ་དུ་སློང༔ རྡོ་རྗེ་པདྨའི་གྲོང་ཁྱེར་ནི༔ མཉམ་པར་སྦྱོར་བའི་དེ་ཉིད་ལས༔ ཨ་ཧཾ་བསྲེགས་བཞུའི་རོལ་རྩེད་ཀྱིས༔ གསང་མཆོག་དགྱེས་པའི་དམ་ཚིག་གོ༔ ཨ་ནུ་རཱ་ག་ཨ་ལ་ལ་ཧོ༔ ཞེས་ནང་གསང་གི་ཚོགས་མཆོད་ལ་མོས་པ་བྱ། ལྷག་མ་བཏང་བ་ནི། པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ལྷག་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾཿ པདྨ་དབང་གི་དཀྱིལ་འཁོར་ཆེ༔ སྐྱོང་བའི་བཀའ་ཉན་ལྷག་སྡུད་ཚོགས༔ དཔལ་གྱི་ཕམ་ཕབ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ དམ་ཚིག་ཆེན་པོས་མཆོད་པའི་མཐུས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་དང༔ འཆི་མེད་ཚེ་ཡི་དཔལ་ཐོབ་ཤོག༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧྲཱིཿ ཀ་དག་དབྱིངས་ལས་རིག་པའི་སྐུ༔ འོད་གསལ་ཕྱག་རྒྱའི་ཡེ་ཤེས་གར༔ དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་བཞེངས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གསུམ་པ་ཆད་ཐོ་ནི། ཧྲཱིཿ དུས་གསུམ་ལས་འདས་ཡེ་ཤེས་དབྱིངས༔ སྐུ་གསུམ་སྟོན་འཁོར་རྒྱ་མཚོ་ཡིས༔ གསང་ཆེན་ཆོས་འཁོར་བསྐོར་བའི་ཚེ༔ ཁས་བླང་སྲུང་མའི་ཚོགས་རྣམས་ཀུན༔ སྨན་རཀ་བ་ལིང་མཆོད་པ་བཞེས༔ འདོད་པའི་ཕྲིན་ལས་སྒྲུབ་པར་མཛོད༔ བཞི་པ་བརྟན་སྐྱོང་ནི། ཧྲཱིཿ བོད་སྐྱོང་བརྟན་མ་ཌཱ་ཀི་ཆེ༔ བདུད་དང་གནོད་སྦྱིན་སྨན་མོའི་རིགས༔ འབུམ་ཕྲག་ཡངས་པས་བཤལ་ཆུ་བཞེས༔ གངས་ཅན་བདེ་བའི་ལས་མཛོད་ཅིག༔ ལྔ་པ་རྟ་བྲོ་ནི། ཧྲཱིཿ རྣམ་ཐར་སྒོ་གསུམ་ཨེ་ཡི་དབྱིངས༔ གཟུང་འཛིན་དམ་སྲི་སྡེ་བཅས་མནན༔ ཡེ་ཤེས་རིག་པ་དཀྱིལ་འཁོར་ལྷས༔ སྣང་སྲིད་རོལ་པའི་བྲོ་བརྡུང་ངོ༔ སྟྭམྦྷ་ཡ་ནན༔ དྲུག་པ་དངོས་གྲུབ་བླང་བ་ནི། ཨོཾ༔ དབྱིངས་ཀྱི་ངང་དུ་འཁྲུལ་པ་ཞི༔ རིག་པའི་རྩལ་ལས་ཡེ་ཤེས་རྒྱས༔ རླུང་སེམས་དབང་འདུས་གཟུང་འཛིན་ཐུལ༔ མཆོག་དངོས་གྲུབ་པའི་བྱིན་རླབས་སྩོལ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨོཾ་ཨཱཿཧཱུྃ༔ མཆོད་བསྟོད་མདོར་བསྡུས་བྱ། བདུན་པ་ནོངས་བཤགས་ནི། ཧྲཱིཿ ཡེ་ཤེས་དབྱིངས་སུ་རྣམ་དག་ཀྱང༔ མ་རྟོགས་ཐ་མལ་ནོངས་པ་ཀུན༔ གཉིས་སུ་མེད་པའི་ཚུལ་གྱིས་བཤགས༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བཟླ། བརྟན་བཞུགས་སྤྱི་ལྟར་བྱ། བརྒྱད་པ་བསྡུ་ལྡང་ནི། ཧྲཱིཿ སྣང་ཆ་སྒྱུ་མའི་ལྷ་སྔགས་སེམས༔ སྐྱེ་མེད་དབྱིངས་ཀྱི་ཐིག་ལེར་ཐིམ༔ ཟུང་འཇུག་རོལ་པའི་ཏིང་འཛིན་གྱིས༔ ཕྱག་རྒྱ་གཅིག་པའི་སྐུ་རུ་བཞེངས༔ ཨོཾ་ཨཱཿཧཱུྃ༔ དགུ་པ་བསྔོ་སྨོན་ནི། ཧྲཱིཿ སྣང་བཅས་བསོད་ནམས་དམ་པ་ཡིས༔ གཟུགས་སྐུ་འཆི་མེད་རྡོ་རྗེར་བཞེངས༔ རྣམ་ཀུན་མཆོག་ལྡན་འོད་གསལ་གྱིས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ བཅུ་པ་ཤིས་བརྗོད་ནི། ཧྲཱིཿ རིག་འཛིན་རྒྱལ་པོའི་ཚོམ་བུ་ཡི༔ བྱིན་གྱིས་རླབས་པའི་བཀྲ་ཤིས་ཤོག༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོ་ཡིས༔ དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག༔ གནས་གསུམ་ཌཱ་ཀི་མ་ལུས་པས༔ འདོད་དགུ་སྒྲུབ་པའི་བཀྲ་ཤིས་ཤོག༔ གནས་སྐབས་ནད་གདོན་བར་ཆད་ཞི༔ ཚེ་དང་ཡེ་ཤེས་དངོས་གྲུབ་རྒྱས༔ ཁམས་གསུམ་རླུང་སེམས་དབང་དུ་འདུས༔ བདུད་འདུལ་དྲག་པོའི་བཀྲ་ཤིས་ཤོག༔ མཐར་ཐུག་བཅོམ་ལྡན་སྣང་མཐའ་ཡས༔ འཆི་མེད་སྐུར་བཞེངས་པདྨ་འབྱུང༔ གསང་བ་གསུམ་དང་དབྱེར་མེད་པས༔ དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་བརྗོད་པས་དགེ་ལེགས་སུ་བྱའོ། །ཞེས་པའང་སྙིགས་དུས་བསྟན་འགྲོའི་དཔལ་མགོན་ཟབ་ཆོས་འདི་ཉིད་ཀྱི་བདག་པོ་འགྱུར་མེད་ཆོས་ཀྱི་བློ་གྲོས་མདོ་སྔགས་བསྟན་འཛིན་མཆོག་ནས་བསྙེན་སྒྲུབ་ཉམས་བཞེས་ཀྱི་ཆེད་རིན་ཆེན་སུ་ཝརྞའི་མཎྜལ་བཅས་གསུང་བསྐུལ་ནན་བསྐྱར་གནང་བ་བཞིན། རིགས་བདག་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་གསུང་ཟིན་ལྟར་འཇུག་བདེའི་ཁྲིགས་བསྡེབས་སུ་མཚོ་སྐྱེས་འཆི་མེད་པདྨ་འོད་འབར་དགྱེས་པའི་འབངས་པདྨ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེས་མཐའ་ཡང་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ཉེ་འགྲམ་བཀྲ་ཤིས་དགའ་འཁྱིལ་གྱི་ཁང་བུར་བྲིས་ཤིང་ཕུལ་བས་འགྲོ་ཀུན་རྡོ་རྗེའི་ཚེ་དང་ཡེ་ཤེས་མཐའ་ཡས་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།

Footnotes

Other Information