པདྨ་ཚེ་ཡི་སྙིང་ཐིག་ལས། རྒྱུན་ཁྱེར་འཆི་མེད་མཆོག་སྦྱིན།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-041
Wylie title pad+ma tshe yi snying thig las/ rgyun khyer 'chi med mchog sbyin DKR-KABUM-18-TSHA-041.pdf
Location dil mgo mkhyen brtse bka' 'bum
Volume 18, Text 41, Pages 293-296 (Folios 1a to 4a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Pad+ma tshe yi snying thig las rgyun khyer 'chi med mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 293-296. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Longevity Rituals - tshe sgrub
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

།ཅེས་པའང་ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་བློ་གྲོས་རྒྱ་མཚོའི་བཀའ་བསྩལ་དང་རང་ཉིད་སྟངས་དཔྱལ་གྱི་ཉམས་ལེན་དུའང་ཉེར་མཁོའི་དབང་གི་ཟབ་མོའི་ལམ་གྱི་བཀའ་བབས་པདྨ་གར་དབང་འོད་གསལ་སྤྲུལ་པའི་རྡོ་རྗེས་རྫོང་གསར་ཆོས་སྡེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་མེ་བྱི་གནམ་ལོ་གསར་ཚེས་ཀྱི་རྟེན་འབྱུང་དགེ་བའི་ཆར་བྲིས་པ་འདིས་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་སུམ་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།།

ces pa'ang kun mkhyen bla ma 'jam pa'i rdo rje blo gros rgya mtsho'i bka' bstsal dang rang nyid stangs dpyal gyi nyams len du'ang nyer mkho'i dbang gi zab mo'i lam gyi bka' babs pad+ma gar dbang 'od gsal sprul pa'i rdo rjes rdzong gsar chos sde'i gzims spyil bkra shis 'chi med grub pa'i dga' tshal du me byi gnam lo gsar tshes kyi rten 'byung dge ba'i char bris pa 'dis 'gro kun 'chi med ye shes kyi phyag rgya mngon sum du 'grub pa'i rgyur gyur cig_/sarba mang+ga laM/_/dge'o//

[edit]
༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། རྒྱུན་ཁྱེར་འཆི་མེད་མཆོག་སྦྱིན་བཞུགས་སོ། ན་མོ་གུ་རུ་ཨཱ་ཡུ་དེ་ཝ་ཡེ། རྣལ་འབྱོར་པས་ལྷ་སྔགས་ཏིང་འཛིན་གྱི་རྣལ་འབྱོར་གྱིས་རིང་དུ་འཚོ་བའི་ཐབས་ཟབ་མོ་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྐྱབས་སེམས་ནི། ན་མོཿ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་སྐྱབས་སུ་མཆི༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ ལན་གསུམ། དངོས་གཞི་བསྐྱེད་རིམ་ལྷ་ཡི་རྣལ་འབྱོར་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། ཆོས་ཀུན་གཟོད་ནས་དེ་བཞིན་ཉིད༔ འཆི་མེད་གཉུག་མའི་ཡེ་ཤེས་ངང༔ ཀུན་སྣང་སྙིང་རྗེའི་ཏིང་འཛིན་ལས༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་གསལ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་སྔགས་ཀྱི་སྒྲ་བསྒྲགས་པས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔ་ཡུམ་གྱི་རང་བཞིན་མཁར༔ རང་བྱུང་ཚེ་ཡི་དཀྱིལ་འཁོར་ཆེ༔ དྭངས་གསལ་འོད་ཀྱི་ཐིག་ལེའི་དབུས༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི༔ ལྟེ་བར་པདྨ་ཉི་ཟླའི་སྟེང༔ རྡོ་རྗེའི་སྔགས་ཀྱི་རོལ་མོ་ལས༔ འཆི་མེད་མགོན་པོའི་ཕྱག་རྒྱར་བཞེངས༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བདག་ཉིད་པདྨ་ཚེ་དཔག་མེད༔ པདྨ་རཱ་གའི་མདངས་འོད་ཅན༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་ཅན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞི་འཛུམ་མཚན་དཔེའི་ཉམས་འགྱུར་རྫོགས༔ ན་བཟའ་དཀར་མོ་དགྱེས་པའི་ཡུམ༔ པད་ཕྲེང་བུམ་པ་འཛིན་པས་འཁྱུད༔ སྟོང་གསལ་སྐུ་ཡི་དྭངས་མའི་རྩ༔ འཁོར་ལོ་ལྔ་ཡི་ལྟེ་བ་རུ༔ སྤྱི་བོར་བདེ་གཤེགས་ཚེ་དཔག་མེད༔ མགྲིན་པར་པདྨ་སྣང་མཐའ་ཡས༔ ཐུགས་ཀར་རྡོ་རྗེ་མི་བསྐྱོད་པ༔ ལྟེ་བར་རིན་ཆེན་འབྱུང་ལྡན་དང༔ གསང་གནས་ཕྲིན་ལས་དོན་ཡོད་གྲུབ༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ རང་རིགས་ཡུམ་དང་མཉམ་པར་སྦྱོར༔ ཕྲ་ལ་ཞལ་ཕྱག་མཚན་དཔེ་རྫོགས༔ རྩ་འདབ་རྣམས་སུ་ཚེའི་མགྱོགས་མ༔ གཞོན་མཛེས་གར་སྟབས་ལིང་ངེར་བཞུགས༔ ཁྱད་པར་སྙིང་གི་རྩ་འདབ་ཀྱི༔ ནང་དུ་ཕྱོགས་བཞིར་རིགས་མཆོག་བཞི༔ མཚམས་བཞིར་ཀུན་གཟིགས་ཡོན་ཏན་དང༔ ཡེ་ཤེས་མི་གཡོ་ཚེ་དཔག་མེད༔ ཀུན་ཀྱང་དམར་གསལ་ཚེ་བུམ་འཛིན༔ རང་རིགས་ཡུམ་དང་མཉམ་པར་སྦྱོར༔ གཡས་གཡོན་དབང་པོའི་དྭངས་མའི་རྩ༔ ཐིག་ལེ་སྒེག་སོགས་ལྷ་མོ་དང༔ མགྱོགས་མ་བཞི་དང་ཡན་ལག་ལ༔ ཁྲོ་བོ་སྒོ་མའི་ཚོགས་རྣམས་ཀུན༔ གདོད་ནས་རྡོ་རྗེའི་ལུས་ལ་རྫོགས༔ ཞེས་རྩེ་གཅིག་ཏུ་གསལ་གདབ། བཟླས་པ་སྔགས་ཀྱི་རྣལ་འབྱོར་ནི། ཐུགས་ཀར་པདྨ་དཀར་པོ་ནི༔ གེ་སར་ཟིལ་ཕོད་དང་བཅས་པའི༔ ལྟེ་བར་ཧྲཱིཿདམར་རང་སྒྲ་ཅན༔ མར་མེ་ལྟ་བུར་འབར་བ་ལས༔ འོད་འཕྲོས་སྲིད་ཞིའི་དྭངས་བཅུད་དང༔ བདེ་བ་ཅན་སོགས་དག་པའི་ཞིང༔ རབ་འབྱམས་ཀུན་ན་བཞུགས་པ་ཡི༔ སྲས་བཅས་རྒྱལ་བའི་གསང་གསུམ་ནས༔ བྱིན་རླབས་དངོས་གྲུབ་རང་འདྲ་བའི༔ ཡེ་ཤེས་སེམས་པའི་སྐུ་གསུང་ཐུགས༔ ཆར་ལྟར་བབ་ནས་གཉིས་མེད་ཐིམ༔ མི་འགྱུར་ཚེ་དང་ཡེ་ཤེས་ཀྱི༔ སྣང་བ་མཆོག་ཏུ་རྒྱས་པར་བསམ༔ ཞེས་པའི་སྤྲོ་བསྡུ་དང་བཅས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿ ཞེས་ཡིད་རྩེ་གཅིག་པས་བཟླ། གྲངས་བསྙེན་གྱི་དབང་དུ་བྱས་ན་འབུམ་ཕྲག་གསུམ་དུ་གསུངས། ཏིང་ངེ་འཛིན་རྩེ་གཅིག་པའི་རྣལ་འབྱོར་ནི། སྙིང་དབུས་པདྨའི་གེ་སར་ཧྲཱིཿརང་སྒྲ་ཅན་ལ་སེམས་གཏད་རླུང་རོ་བསལ། བརྟན་གཡོ་སྲིད་ཞིའི་དྭངས་བཅུད་འོད་ལྔའི་རྣམ་པར་སྣ་བུག་ནས་ཞུགས་སྙིང་གི་ཧྲཱིཿལ་ཐིམ་པར་བསམ་ལ་རླུང་བུམ་ཅན་བཟུང་སྟེ་དབྱིངས་རིག་བསྲེས་ལ་རང་ངོ་བསྐྱངས། ཐུན་མཐར། ཨོཾ་ཨཱ་ཡུ་དེ་ཝ་ས་པ་རི་ཝ་ར་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ཧོ༔ ཧྲཱིཿ འཆི་བདག་ལ་སོགས་བདུད་བཞི་འཇོམས་པའི་ལྷ༔ གསུང་གི་རྡོ་རྗེ་མགོན་པོ་ཚེ་མཐའ་ཡས༔ འཆི་མེད་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ༔ བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་བསྟོད༔ ཡི་གེ་བརྒྱ་པས་ནོངས་པ་བཤགས། བཅོམ་ལྡན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པས་བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། ཞེས་གསོལ་བ་གདབ། སྤྲོ་ན། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང་མཎྜལ་འབུལ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་ཡང་བཀླག །གང་ལྟར་ཡང༌། སྣོད་བཅུད་འོད་ཞུ་རང་ལ་ཐིམ༔ རང་ཡང་མི་དམིགས་འོད་གསལ་ངང༔ སྐད་ཅིག་ཆུ་ལས་ཉ་ལྡང་གིས༔ ཚེ་མཐའ་ཡས་པའི་སྐུ་རུ་གྱུར༔ ཞེས་ལྷ་སྣང་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང༌། དགེ་བ་འདི་ཡིས་བདག་སོགས་འགྲོ་བ་ཀུན། །འཆི་བདག་ལ་སོགས་བདུད་བཞི་རྣམ་བཅོམ་སྟེ། །སྐྱེ་རྒ་ན་འཆིའི་མཚོ་ཆེན་ལས་བསྒྲལ་ནས། །མགོན་པོ་ཚེ་མཐའ་ཡས་པ་ཐོབ་པར་ཤོག །ཅེས་དང༌། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༔ རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་གསལ༔ སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ༔ དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་རྒྱས་པར་བྱའོ། །ཅེས་པའང་ཀུན་མཁྱེན་བླ་མ་འཇམ་པའི་རྡོ་རྗེ་བློ་གྲོས་རྒྱ་མཚོའི་བཀའ་བསྩལ་དང་རང་ཉིད་སྟངས་དཔྱལ་གྱི་ཉམས་ལེན་དུའང་ཉེར་མཁོའི་དབང་གི་ཟབ་མོའི་ལམ་གྱི་བཀའ་བབས་པདྨ་གར་དབང་འོད་གསལ་སྤྲུལ་པའི་རྡོ་རྗེས་རྫོང་གསར་ཆོས་སྡེའི་གཟིམས་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་མེ་བྱི་གནམ་ལོ་གསར་ཚེས་ཀྱི་རྟེན་འབྱུང་དགེ་བའི་ཆར་བྲིས་པ་འདིས་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་ཕྱག་རྒྱ་མངོན་སུམ་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །དགེའོ།། །།

Footnotes

Other Information