རྗེ་བཙུན་འཇམ་དཔལ་དཀར་པོའི་སྒོམ་བཟླས་མཚོ་བྱུང་བཞད་པའི་ཏམྦུ་ར།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-032
Wylie title rje btsun 'jam dpal dkar po'i sgom bzlas mtsho byung bzhad pa'i tam+bu ra DKR-KABUM-10-THA-032.pdf
Location dil mgo mkhyen brtse bka' 'bum
Volume 10, Text 32, Pages 155-158 (Folios 1a to 4a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rje btsun 'jam dpal dkar po'i sgom bzlas mtsho byung bzhad pa'i tam+bu ra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 155-158. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Deity 'jam dpal dkar po
Colophon

།ཚུལ་འདི་བློ་གྲོས་མེ་ལོང་རབ་དྭངས་ངོགས། །ཆོས་ཚུལ་གཟུགས་བརྙན་བཀྲ་བའི་བྱི་དོར་ཅན། །ཨོ་རྒྱན་གཞན་ཕན་གཞོན་ནུས་བསྐུལ་བ་ལས། །འཇིགྃས་བྲལྃ་འཇམ་དཔལ་དགྱེས་པས་རྗེས་བཟུང་ཞིང༌། །མཁྱེནྃ་བརྩེྃ་ནུས་གཏེར་མཁས་གྲུབ་དུ་མ་ལས། །སྨིན་གྲོལ་འོདྃ་ཟེརྃ་བསིལ་བཅུད་བློ་མཚོ་རུ། །སིམ་པས་སྐལ་བཟང་གྱུར་དེས་མན་ངག་གཞུང༌། །མཚོ་བྱུང་དགྱེས་པའི་ཏམྦུ་རར་སྦྱར་བའི། །རྣམ་དཀར་དབྱངས་ཀྱིས་མི་ཤེས་གདུང་བ་ཞི། །སོ་སོ་ཡང་དག་རིག་པའི་འཕྲུལ་འཁོར་གྱིས། །སྤོབས་པའི་གཏེར་བརྒྱད་བུམ་བཟང་དབྱིག་ཐོབ་ནས། །ཐམས་ཅད་གཟིགས་པའི་དཔལ་གྱིས་མཛེས་གྱུར་ཅིག། །། དགེའོ།།

/tshul 'di blo gros me long rab dwangs ngogs/_/chos tshul gzugs brnyan bkra ba'i byi dor can/_/o rgyan gzhan phan gzhon nus bskul ba las/_/'jiga~Ms brala~M 'jam dpal dgyes pas rjes bzung zhing*/_/mkhyena~M brtse~M nus gter mkhas grub du ma las/_/smin grol 'oda~M zera~M bsil bcud blo mtsho ru/_/sim pas skal bzang gyur des man ngag gzhung*/_/mtsho byung dgyes pa'i tam+bu rar sbyar ba'i/_/rnam dkar dbyangs kyis mi shes gdung ba zhi/_/so so yang dag rig pa'i 'phrul 'khor gyis/_/spobs pa'i gter brgyad bum bzang dbyig thob nas/_/thams cad gzigs pa'i dpal gyis mdzes gyur cig/__//_dge'o//

[edit]
༄༅། །རྗེ་བཙུན་འཇམ་དཔལ་དཀར་པོའི་སྒོམ་བཟླས་མཚོ་བྱུང་བཞད་པའི་ཏམྦུ་ར་ཞེས་བྱ་བ་བཞུགས།།

༄༅། །མཁའ་ཁྱབ་འགྲོ་ཀུན་མི་ཤེས་མུན་པའི་ཚོགས། །རབ་གསལ་ཡེ་ཤེས་སྣང་བའི་གཏེར་ཆེན་གྱིས། །ཀུན་མཁྱེན་པདྨོ་འཛུམ་པས་མཛེས་སྤུད་ཕྱིར། །འཇམ་མགོན་མཆོག་གསུམ་ཀུན་འདུས་སྐྱབས་སུ་བསྙེན། །ཕྱོགས་རིས་མེད་པའི་འགྲོ་རྒྱུད་སྨན་ལྗོངས་ངོགས། །སྡུག་བསྔལ་འདམ་གྱི་རྙོགས་མས་མ་བསླད་པའི། །བདེ་དགའི་མཛེས་སྡུག་དར་ལ་བབ་པ་ཡི། །བྱམས་བརྩེའི་ཟིལ་མངར་ཆགས་པས་དབུགས་འབྱིན་བྱ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། །མཐའ་བཞི་ལས་འདས་སྟོང་ཆེན་མཛེས་མའི་བུ། །རྟེན་འབྱུང་འགག་མེད་དབང་གཞུའི་ལང་ཚོའི་འཕྲུལ། །སྲིད་ཞིའི་དཔལ་བསྡུས་མཛེས་སྡུག་སྐྱེད་མོས་ཚལ། །བདེ་ཆེན་ཞིང་གི་ཁེངས་པ་བསྙིལ་བའི་འཕྲུལ། །རིན་ཆེན་ནེའུ་གསེང་ནོར་བུའི་མེ་ཏོག་དྲི། །སྣ་ཚོགས་བུང་བས་བསྣམ་ལ་མ་བཟོད་པས། །གངས་རི་དུམ་བུར་ཆད་འདྲའི་ཐལ་ཀར་ཁྲུས། །དྲི་འཛིན་མཚོན་གྱིས་པད་རྩ་དལ་གྱིས་ཟ། །སྣ་ཚོགས་ལྷུན་པོ་ལྗོན་ཤིང་དགའ་མས་རྩེ། །མེ་འབྲས་རྒྱན་གྱི་འཕྱང་འཕྲུལ་བཀླུབས་པའི་ཁོང༌། །ཟབ་རྒྱས་ཆོས་ཀྱི་སྒྲ་འབྱིན་འདབ་བཟང་དང༌། །རི་དྭགས་ཕྲུ་གུ་རྩེ་དགའི་ཟློས་གར་གཡོ། །དེ་དབུས་གནམ་སྔོན་ཉིན་བྱེད་ཀྱིས་བཞུས་མཚོ། །རབ་དཀར་འོ་མས་བྲན་པ་འཐུང་འདོད་ཀྱི། །ལྷ་དང་དྲང་སྲོང་ཏིང་འཛིན་ཟས་སྤྱོད་ཀུན། །བྲག་རིའི་བ་གམ་འཇའ་སྤྲིན་ཁོང་གསེང་ཡིབ། །ཤིན་ཏུ་ཞི་བའི་ཐུགས་ཀྱང་སྙིང་རྗེའི་རླབས། །དུས་ལས་ཡོལ་མིན་མཚོན་པའི་འོ་མཚོའི་རྫིང༌། །པད་དཀར་ལན་བུའི་ཐོར་ཚུགས་ཆེས་མཐོའི་དཔལ། །ཆུ་ཤེལ་དཀྱིལ་འཁོར་མཛེས་ཤིང་ཟླུམ་པས་མནན། །རྣམ་མེད་ཆོས་སྐུའི་ཡེ་ཤེས་ཟབ་ཅིང་ཞི། །དེ་ཉིད་རྣམ་བཅས་ཕྱག་རྒྱའི་ཡི་གེ་ཨ། །སྲས་བཅས་རྒྱལ་བའི་མཁྱེན་རབ་རིན་ཐང་གིས། །ལྕིད་པས་ཟུར་ཕུད་ལྔ་པའི་མཚན་དཔེར་ཤར། །ནོར་བུ་ཆུ་ཤེལ་མེས་པོས་བཞུས་པའི་ཚོན། །མཚན་དཔེ་གཞོན་ནུའི་རེ་ཁཱ་བྲིས་པ་ལ། །འགྲན་སེམས་ཟླ་འོད་ཆགས་པ་སྒྲིབ་སྙམ་གྱིས། །ལྷ་རྫས་ན་བཟའ་གཅིག་ཏུ་སྤུངས་མིན་ནམ། །ཞལ་རས་སྟོན་ཟླ་རྒྱས་པའི་ཀུན་དགའི་ཚལ། །བརྒྱ་ཕྲག་བཅུ་གཉིས་ཡོན་ཏན་འབྱོར་པ་ཡིས། །ཕྱུག་པའི་རྣམ་ལྔའི་ཡེ་ཤེས་དབང་པོའི་འཕྲུལ། །དུས་གསུམ་ཤེས་བྱར་འཇུག་པའི་ལས་ཀྱིས་བྲེལ། །བུང་བ་ལྟར་གནག་དབུ་སྐྲའི་ལན་ཚར་བརྒྱས། །མཛེས་སྐུ་སྒྲིབ་དོགས་ནོར་བུའི་ཐོར་ཚུགས་དང༌། །རིན་ཆེན་དབུ་རྒྱན་མེ་ཏོག་ཕྲེང་བ་ལ། །འོད་ཟེར་ཆེན་པོའི་དབང་གི་ཟེར་ཐག་འཁྱུགས། །ལག་ལྡན་སྣ་ཞགས་ལྟར་བརྐྱང་གཡས་ཀྱི་ཕྱག །འགྲོ་ལ་མཆོག་སྦྱིན་མཛད་པས་བརྐྱང་པ་ལ། །ངལ་གྱིས་དོགས་པས་ཞབས་ཟུང་རྡོར་སྐྱིལ་གྱི། །པུས་མོ་གཡས་པས་དལ་གྱིས་བསྙེན་བཀུར་སྟོབ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་གླིང་བུའི་སྒྲས། །མཐའ་ཀླས་གདུལ་བྱ་སྐྱོང་ལ་རྒྱལ་ཀུན་གྱི། །གསུང་གི་དབང་ཕྱུག་གྱུར་པ་ཤེར་ཕྱོགས་ཕྱག །ཨུཏྤལ་འཁྲི་ཤིང་ཕར་ཕྱིན་གླེགས་བམ་ལྕིད། །རྣམ་ཐར་དྲི་ཡི་བཞོན་པས་རྒྱལ་ཀུན་གྱི། །ཡེ་ཤེས་དབྱིངས་སུ་སྙོམས་པར་ཞུགས་པའི་མཐུས། །སྲིད་ཞི་མ་ལུས་འཇམ་དཔལ་མཚན་གཅིག་གིས། །ཁྱབ་ཅེས་དཔལ་གྱི་མགུལ་ལས་སྙན་པར་བསྒྲགས། །དད་པའི་ཉེར་ལེན་བྱིན་རླབས་བདུད་རྩིས་སྤ། །ཡེ་ཤེས་སྣང་བ་གདོད་ནས་འདུ་འབྲལ་སྤང༌། །རྟག་རྒྱུན་ཐུགས་རྗེའི་དུས་རླབས་མི་ཡོལ་བའི། །ངོ་མཚར་མཐའ་དག་ཡིད་མཁའི་ངོགས་སུ་བསྙེན། །གསལ་སྟོང་སྐུ་ཡི་ཐུགས་དབུས་རྩིབས་དྲུག་པའི། །ཙཀྲའི་ལྟེ་བར་ཨ་དང་རྩིབས་རེ་རེར། །སྔགས་ཀྱིས་མཚན་པ་གཡས་ཡིག་འབྲུ། གཡོན་ འཁོར་ལོ། འཁོར་བ་ཡིས། །སྒྲིབ་དག་བློ་གྲོས་སྣང་བ་རྒྱས་པར་གྱུར། །ཨོཾ་ཝཱ་ཀྱེ་དྃ་ན་མཿ ཞེས་ཅི་ནུས་བཟླས་མཐར། བསམ་སྦྱོར་རྣམ་དག་དངོས་འབྱོར་མཆོད་པའི་རྫས། །ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆེད་གྱུར་སྤྲིན། །བླ་མེད་རྒྱལ་བ་དགྱེས་བསྐྱེད་དཔལ་དམ་པས། །ཡེ་ཤེས་གཏེར་གཅིག་འཇམ་མགོན་དགྱེས་ཕྱིར་འབུལ། །ཨོཾ་ཨཱརྻ་མཉྫུ་ཤྲཱི་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ་སྤྲོ་ན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་བསྡུས་ཀྱང་བཀླག ཨོཾ། ཡེ་ཤེས་ལྔ་ལྡན་རྡོ་རྗེ་རྣོན་པོའི་རྩེ་བརྒྱའི་མཚོན་གྱིས་སྡུག་བསྔལ་གཅོད། །ཇི་སྙེད་མཁྱེན་རབ་ཡེ་ཤེས་ཆ་རྫོགས་རྡོ་རྗེ་ནམ་མཁའི་སྐུ་ཅན་ཏེ། །ཆོས་ཉིད་ཇི་བཞིན་ཡེ་ཤེས་སྐུ་ཅན་ཟབ་རྒྱས་ཆོས་ཀྱི་གསུང་དབང་ཕྱུག །སྲིད་ཞིའི་དཔལ་གྱུར་མ་ལུས་མཁའ་ཁྱབ་འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད། །དད་པའི་མེ་ལོང་ཁྱོད་སྐུ་ལེགས་བཀོད་ཅིང༌། །རྡོ་རྗེའི་སྔགས་ཀྱིས་ཐུགས་དམ་བསྐུལ་ལ་སོགས། །ཚོགས་གཉིས་རིན་ཆེན་གྲུ་ཡི་འཕྲུལ་འཁོར་གྱིས། །ཀུན་མཁྱེན་ནོར་བུའི་གླིང་དུ་ཕྱིན་པར་མཛོད། །ཞི་བ་ཆེན་པོའི་དོན་གཉིས་མཐར་སོན་ཀྱང༌། །སྲིད་པ་ཇི་སྲིད་ཕྲིན་ལས་རྒྱུན་མི་འཆད། །ཕན་བདེའི་འབྱུང་གནས་བྱང་ཆུབ་སྤྱོད་པའི་སྒོ། །སྲས་བཅས་རྒྱལ་དང་དབྱེར་མེད་བཀྲ་ཤིས་ཤོག །ཚུལ་འདི་བློ་གྲོས་མེ་ལོང་རབ་དྭངས་ངོགས། །ཆོས་ཚུལ་གཟུགས་བརྙན་བཀྲ་བའི་བྱི་དོར་ཅན། །ཨོ་རྒྱན་གཞན་ཕན་གཞོན་ནུས་བསྐུལ་བ་ལས། །འཇིགྃས་བྲལྃ་འཇམ་དཔལ་དགྱེས་པས་རྗེས་བཟུང་ཞིང༌། །མཁྱེནྃ་བརྩེྃ་ནུས་གཏེར་མཁས་གྲུབ་དུ་མ་ལས། །སྨིན་གྲོལ་འོདྃ་ཟེརྃ་བསིལ་བཅུད་བློ་མཚོ་རུ། །སིམ་པས་སྐལ་བཟང་གྱུར་དེས་མན་ངག་གཞུང༌། །མཚོ་བྱུང་དགྱེས་པའི་ཏམྦུ་རར་སྦྱར་བའི། །རྣམ་དཀར་དབྱངས་ཀྱིས་མི་ཤེས་གདུང་བ་ཞི། །སོ་སོ་ཡང་དག་རིག་པའི་འཕྲུལ་འཁོར་གྱིས། །སྤོབས་པའི་གཏེར་བརྒྱད་བུམ་བཟང་དབྱིག་ཐོབ་ནས། །ཐམས་ཅད་གཟིགས་པའི་དཔལ་གྱིས་མཛེས་གྱུར་ཅིག། །། དགེའོ།། །།

Footnotes

Other Information