མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་ཕུར་པ་མེ་ཡི་སྤུ་གྲིའི་དབང་གི་ཆོ་ག་ཡེ་ཤེས་མཆོག་སྦྱིན༔

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-010
Wylie title mkha' 'gro ye shes mtsho rgyal gyi thugs dam phur pa me yi spu gri'i dbang gi cho ga ye shes mchog sbyin DKR-KABUM-10-THA-010.pdf
Location dil mgo mkhyen brtse bka' 'bum
Volume 10, Text 10, Pages 42-45 (Folios 1a to 4a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön རྒྱ་རོང་མཁའ་འགྲོ་བདེ་ཆེན་དབང་མོ་ (rgya rong mkha' 'gro bde chen dbang mo)
Associated People ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal)
Citation Khyentse, Dilgo. Mkha' 'gro ye shes mtsho rgyal gyi thugs dam phur pa me yi spu gri'i dbang gi cho ga ye shes mchog sbyin. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 42-45. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur
Cycle མཚོ་རྒྱལ་སྙན་བརྒྱུད་ཕུར་པ་མེ་ཡི་སྤུ་གྲི་ (mtsho rgyal snyan brgyud phur pa me yi spu gri)
Deity rdo rje phur pa
Colophon

ཞེས་ཛྙཱ་ན་ཌཱ་ཀི་ནི་ལྷ་ལྕམ་མནྡཱ་ར་བའི་རྣམ་འཕྲུལ་རང་གྲོལ་རྡོ་རྗེའི་རྣལ་འབྱོར་མ་དྷརྨ་ཙནྡྲས་ཁྱུང་བྲག་རྡོ་རྗེའི་ཡང་རྫོང་གི་གཟའ་བདུད་ཕུག་པ་ནས་གདུག་པ་ཆུ་སྦྲུལ་ལོར་འཁོར་ལོའི་མགོན་པོ་ཡབ་ཡུམ་དང་ལྷན་རྒྱས་ཀྱིས་སྤྱན་དྲངས་པའི་གནམ་ལྕགས་ཀྱི་ཕུར་པ་དང༌། ཕྲ་མེན་གཟའ་སྒྲོམ་ལས་ཕྱུང་པའི་མཚོ་རྒྱལ་སྙན་བརྒྱུད་ཀྱི་ཕུར་པའི་སྒྲུབ་སྐོར་བཅས་ཀྱི་བྱིན་རླབས་བདེ་ཆེན་ཧེ་རུ་ཀ་དངོས་པདྨ་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་བརྩེ་བ་ཆེན་པོས་ཤིང་ལུག་ནག་ཟླའི་ཚེས་༢༨ལ་ཁོ་བོ་པདྨ་གར་དབང་མདོ་སྔགས་གླིང་པ་ལ་སྐལ་བཟང་གི་བཙས་སུ་ཆེད་དུ་བསྩལ་བ་ལས། སྔོན་ཆད་ཛྙཱ་ན་ཌཱ་ཀི་ནི་སྐུ་དངོས་ཀྱི་མདུན་ལས་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ཟབ་དབང་ཐུན་མོང་མ་ཡིན་པ་ཐོབ་ཅིང་དགོངས་པ་གཏད་པའི་མཐུས་སྐུ་གཤེགས་རྗེས་ཉིང་འཁྲུལ་གྱི་སྣང་ཆར་ཕུར་པའི་དབང་གི་བརྡ་གྲོལ་འདི་ལྟར་མཛད་པ་རྗེ་བཙུན་བླ་མའི་བཀའ་ཡིས་གནང་བ་བསྩལ་ཏེ་གཏན་ལ་ཕབ་ནས་ཆོས་འདིའི་གཏད་རྒྱ་འབུལ་བའི་སྐབས་འཇམ་མགོན་བླ་མའི་གཟིགས་སྣང་ལའང་ཌཱ་ཀིའི་རྒྱལ་མོའི་ཡེ་ཤེས་ཀྱི་སྐུ་དངོས་སུ་བྱོན་ནས་ཕུལ་བའི་གསལ་སྣང་བྱུང་བར་གསུངས་པས་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་འཕགས་པ་སྙིགས་དུས་ཀྱི་བར་ཆད་སེལ་བྱེད་རྡོ་རྗེ་གསང་བའི་ཚིག་ཆེན་པོ་ཨུ་པ་དེ་ཤ་ཐུན་མོང་མ་ཡིན་པ་གུ་ཧྱ་ྀཨཐི་ས་མ་ཡ༔ རྒྱ་རྒྱ་རྒྱ༔

zhes dz+nyA na DA ki ni lha lcam man+dA ra ba'i rnam 'phrul rang grol rdo rje'i rnal 'byor ma d+harma tsan+d+ras khyung brag rdo rje'i yang rdzong gi gza' bdud phug pa nas gdug pa chu sbrul lor 'khor lo'i mgon po yab yum dang lhan rgyas kyis spyan drangs pa'i gnam lcags kyi phur pa dang*/_phra men gza' sgrom las phyung pa'i mtsho rgyal snyan brgyud kyi phur pa'i sgrub skor bcas kyi byin rlabs bde chen he ru ka dngos pad+ma ye shes rdo rjes thun mong ma yin pa'i brtse ba chen pos shing lug nag zla'i tshes 28la kho bo pad+ma gar dbang mdo sngags gling pa la skal bzang gi btsas su ched du bstsal ba las/_sngon chad dz+nyA na DA ki ni sku dngos kyi mdun las yum bka' bde chen rgyal mo'i zab dbang thun mong ma yin pa thob cing dgongs pa gtad pa'i mthus sku gshegs rjes nying 'khrul gyi snang char phur pa'i dbang gi brda grol 'di ltar mdzad pa rje btsun bla ma'i bka' yis gnang ba bstsal te gtan la phab nas chos 'di'i gtad rgya 'bul ba'i skabs 'jam mgon bla ma'i gzigs snang la'ang DA ki'i rgyal mo'i ye shes kyi sku dngos su byon nas phul ba'i gsal snang byung bar gsungs pas byin rlabs kyi tshan ka gzhan las khyad par du 'phags pa snyigs dus kyi bar chad sel byed rdo rje gsang ba'i tshig chen po u pa de sha thun mong ma yin pa gu h+ya \u0f80athi sa ma ya:_rgya rgya rgya:

[edit]
ཝྃ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་ཕུར་པ་མེ་ཡི་སྤུ་གྲིའི་དབང་གི་ཆོ་ག་ཡེ་ཤེས་མཆོག་སྦྱིན་བཞུགས༔

ཝྃ༔ བརྡ་ཡིག་༤༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་ལ༔ གཡོ་ཟོལ་མེད་པའི་ཞབས་ཏོག་མཐར་སོན་པས༔ ཐུགས་ཀྱི་བཅུད་འཛིན་རྡོ་རྗེའི་གཟུངས་མ་རུ༔ མངའ་གསོལ་མཁར་ཆེན་ཌཱ་ཀི་མཚོ་རྒྱལ་མས༔ ཟག་མེད་བདེ་སྟོང་དགའ་བཞིའི་མཆོད་པ་ཕུལ༔ དུས་ངན་སྙིགས་མའི་བར་ཆད་སྐྱོབ་པའི་ཕྱིར༔ ཐུགས་ཀྱི་ཐིག་ལེ་གསང་བའི་གདམས་པ་ཞུས༔ དགྱེས་པས་བསྩལ་བ་རྩེ་གཅིག་ཉམས་སུ་བླངས༔ དངོས་གྲུབ་ཐོབ་པས་ནུས་མཐུའི་གདེང་ཚད་རྙེད༔ དེ་ཚེ་མ་འོངས་གདུལ་བྱར་སྙིང་བརྩེ་བས༔ བརྡ་ཡི་ཡི་གེ་ཤོག་སེར་བྱང་བུར་བཏབ༔ སྨོན་ལམ་གཏད་རྒྱས་རིན་ཆེན་གཏེར་དུ་སྦས༔ ཤིན་ཏུ་སྙིགས་མ་ལྔ་བརྒྱའི་དུས་ངན་སྐབས༔ སྤྲུལ་པ་སྒྱུ་མ་ལྟ་བུས་རྙེད་ནས་ཀྱང༔ གཏན་ལ་ཕབ་པས་དོན་གཉིས་བཙས་སུ་འགྱུར༔ ས་མ་ཡ༔ སྡིག་ཅན་སྐྱེ་བོའི་རྒྱུ་འགྲུལ་དབེན་པའི་སར༔ དཀྱིལ་འཁོར་ལེགས་བཞེངས་སྒྲུབ་པའི་རྫས་རྣམས་བཀོད༔ བདག་མདུན་གཞུང་བསྲང་ཛཔ་བཟླས་བུམ་པ་བསྒྲུབ༔ ཚོགས་དང་གཏོར་མས་མཆོད་དེ་བདག་ཉིད་འཇུག༔ གནང་ཞུས་སྣོད་ལྡན་སློབ་མའི་ཚོགས་བོས་ཏེ༔ ཁྲུས་ནས་དབྱུང་ཞིང་བགེགས་བསྐྲད་སྲུང་འཁོར་བསྒོམ༔ ལོ་རྒྱུས་བརྗོད་ལ་ཡིད་ཆེས་དད་པ་བཅས༔ མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི༔ དཀྱིལ་འཁོར་ཀུན་བདག་དཔལ་ཆེན་ཧེ་རུ་ཀ༔ ཐུགས་རྗེའི་རོལ་པས་བདག་ལ་དགོངས་སུ་གསོལ༔ རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ཆེན་པོ་རུ༔ ཡང་དག་འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ ལན་གསུམ་སྐྱབས་སེམས་བསགས་སྦྱངས་སྡོམ་པ་བཟུང༔ སློབ་མའི་ཕུང་ཁམས་དངོས་འཛིན་འོད་དུ་ཞུ༔ ཐིག་ལེ་ཞལ་ཞུགས་གཙོ་བོ་སྙོམས་འཇུག་གི༔ བྱང་ཆུབ་སེམས་གསུམ་འདྲེས་པ་མཁའ་ནས་སྤྲོས༔ དབང་སྟེགས་སྟེང་བབ་སྐད་ཅིག་ལྷ་རུ་བསྐྱེད༔ ཡེ་ཤེས་སྤྱན་དྲངས་ཕེབས་ན་བརྟན་པར་བྱ༔ དངོས་གཞི་དང་པོ་བུམ་པའི་དབང་བསྐུར་ནི༔ ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་རང་བྱུང་བུམ་པའི་དབང༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་བཀྲག་གསལ་འབར༔ གསང་གསུམ་བྱིན་རླབས་ཡེ་ཤེས་བདུད་རྩིའི་ཆུས༔ སྐལ་ལྡན་རྡོ་རྗེའི་བུ་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བདུད་རྩི་སྦྱིན་ཞིང་སྤྱི་བོར་འཐོར་བ་ཡིས༔ ལུས་གང་སྒྲིབ་དག་སྐལ་པ་ལྡན་པར་བྱས༔ ཆུ་ལྷག་ཟེགས་མ་སྤྱི་བོར་འཁྱིལ་བ་ལས༔ མི་བསྐྱོད་རྡོ་རྗེ་སེམས་དཔས་དབུར་བརྒྱན་བསམ༔ གསང་བའི་དབང་ལ་ཡབ་ཡུམ་སྙོམས་འཇུག་གི༔ བདུད་རྩིར་སེམས་ནས་སློབ་མའི་ལྕེར་བཞག་སྟེ༔ ཨཱཿ རང་བྱུང་བདེ་སྐྱོང་པདྨ་བྷཉྫའི་ནང༔ ལྷག་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་བསྐྱིལ༔ རྟོག་བྲལ་བདེ་བ་ཆེན་པོའི་དབང་བསྐུར་བས༔ ལྷན་སྐྱེས་དོན་གྱི་ཡེ་ཤེས་མངོན་གྱུར་ཤོག༔ གུ་ཧྱ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱཿ བྱང་སེམས་རོལ་པས་རྟོག་པའི་རྒྱུ་བ་བཅིངས༔ དེ་ཉིད་མཉམ་པའི་དགོངས་པ་བསྐྱང་དུ་གཞུག༔ ཤེས་རབ་པདྨའི་དཀྱིལ་འཁོར་ལ་བརྟེན་ནས༔ བདེ་སྟོང་དགོངས་པ་ངོ་སྤྲོད་དབང་སྦྱིན་པ༔ ཧྲཱིཿ རྣམ་པ་ཐམས་ཅད་གཟུགས་ལྡན་ཤེས་རབ་མ༔ སྣ་ཚོགས་ཐབས་ཀྱི་སྒྱུ་རྩལ་དང་ལྡན་པའི༔ གཉིས་མེད་མཉམ་སྦྱོར་རོལ་པའི་དབང་བསྐུར་བས༔ དགའ་བཞིའི་དེ་ཉིད་དབུ་མར་སྦྱོར་ནུས་ཤོག༔ ཀརྨ་མུ་དྲཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ འདུ་ཤེས་གསུམ་གྱིས་ཡབ་ཡུམ་རོལ་པ་ཡིས༔ བརྟུལ་ཞུགས་དགའ་བཞིའི་དོན་ཀུན་རང་ངོ་སྤྲད༔ བཞི་པ་དེ་ཉིད་དབྱིངས་སུ་བསྐྱལ་བ་ཡི༔ ཚིག་དང་བརྡ་ལ་བརྟེན་ནས་ངོ་སྤྲད་བྱ༔ ཨ༔ དབྱིངས་ཀྱི་ངོ་བོ་གདོད་ནས་སྐྱེ་བ་མེད༔ རིག་པ་ལྷུན་གྲུབ་འོད་ལྔ་རང་བྱུང་གསལ༔ ཟུང་འཇུག་ཐུགས་རྗེའི་སྒྱུ་འཕྲུལ་ཀུན་ཁྱབ་པའི༔ གནས་ལུགས་དོན་གྱི་ལྷ་ཡི་རང་ཞལ་ལྟོས༔ དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ དུས་གསུམ་རྟོག་བྲལ་གཤིས་སུ་ཕེབས་པ་ན༔ གཉུག་མའི་ཧེ་རུ་ཀ་དང་མངོན་སུམ་མཇལ༔ བླ་མའི་མན་ངག་ཐབས་ཀྱིས་འདི་མཐོང་ན༔ དབང་གི་རྒྱལ་པོ་རང་ལས་རྙེད་པར་འགྱུར༔ མཐའ་རྟེན་གཏོར་མའི་བྱིན་རླབས་དབང་བསྐུར་ནི༔ ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་གཏོར་གཞོང་དུ༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་བཞུགས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སྲོག་དང་ལྡན༔ བྱིན་རླབས་མཐུ་རྩལ་ཐོགས་མེད་འགྲོ་བ་འདུལ༔ མ་གཡེལ་ཐུགས་དམ་དགོངས་པའི་རྩལ་བསྐྱེད་ལ༔ སྐལ་ལྡན་སློབ་མའི་སྒོ་གསུམ་བྱིན་གྱིས་རློབས༔ དབང་བཞི་བྱིན་རླབས་ནུས་པའི་རྒྱུན་སྩོལ་ལ༔ ལུས་ངག་ཡིད་ཀྱི་འགལ་རྐྱེན་ནད་གདོན་སོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ༔ སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི༔ དངོས་གྲུབ་རྣམ་གཉིས་ད་ལྟ་ཉིད་དུ་སྩོལ༔ རྩ་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་ཛྙཱ་ན་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལྷ་རྣམས་འོད་ཞུ་སློབ་མར་གཉིས་མེད་བསྟིམ༔ ཤིས་བརྗོད་མངའ་གསོལ་མཎྜལ་ཡོན་རྣམས་འབུལ༔ བསྔོ་སྨོན་རྗེས་ཀྱི་ལས་རིམ་མཐར་དབྱུང་བས༔ ལམ་གྱི་སྣོད་ལྡན་ངེས་པའི་སྐལ་བཟང་འགྱུར༔ ས་མ་ཡ༔ ཐོག་མར་གཅེས་པའི་རིམ་པ་དབང༔ ཟབ་འདྲིལ་བཀའ་ཉན་བྱིན་རླབས་ཆེ༔ ལས་དང་སྐལ་པ་ལྡན་པའི་བུར༔ བྱིན་པས་གནས་སྐབས་འགལ་རྐྱེན་སེལ༔ མཐར་ཐུག་སྐུ་བཞིའི་སྐལ་ལྡན་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་ཛྙཱ་ན་ཌཱ་ཀི་ནི་ལྷ་ལྕམ་མནྡཱ་ར་བའི་རྣམ་འཕྲུལ་རང་གྲོལ་རྡོ་རྗེའི་རྣལ་འབྱོར་མ་དྷརྨ་ཙནྡྲས་ཁྱུང་བྲག་རྡོ་རྗེའི་ཡང་རྫོང་གི་གཟའ་བདུད་ཕུག་པ་ནས་གདུག་པ་ཆུ་སྦྲུལ་ལོར་འཁོར་ལོའི་མགོན་པོ་ཡབ་ཡུམ་དང་ལྷན་རྒྱས་ཀྱིས་སྤྱན་དྲངས་པའི་གནམ་ལྕགས་ཀྱི་ཕུར་པ་དང༌། ཕྲ་མེན་གཟའ་སྒྲོམ་ལས་ཕྱུང་པའི་མཚོ་རྒྱལ་སྙན་བརྒྱུད་ཀྱི་ཕུར་པའི་སྒྲུབ་སྐོར་བཅས་ཀྱི་བྱིན་རླབས་བདེ་ཆེན་ཧེ་རུ་ཀ་དངོས་པདྨ་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་བརྩེ་བ་ཆེན་པོས་ཤིང་ལུག་ནག་ཟླའི་ཚེས་༢༨ལ་ཁོ་བོ་པདྨ་གར་དབང་མདོ་སྔགས་གླིང་པ་ལ་སྐལ་བཟང་གི་བཙས་སུ་ཆེད་དུ་བསྩལ་བ་ལས། སྔོན་ཆད་ཛྙཱ་ན་ཌཱ་ཀི་ནི་སྐུ་དངོས་ཀྱི་མདུན་ལས་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་ཟབ་དབང་ཐུན་མོང་མ་ཡིན་པ་ཐོབ་ཅིང་དགོངས་པ་གཏད་པའི་མཐུས་སྐུ་གཤེགས་རྗེས་ཉིང་འཁྲུལ་གྱི་སྣང་ཆར་ཕུར་པའི་དབང་གི་བརྡ་གྲོལ་འདི་ལྟར་མཛད་པ་རྗེ་བཙུན་བླ་མའི་བཀའ་ཡིས་གནང་བ་བསྩལ་ཏེ་གཏན་ལ་ཕབ་ནས་ཆོས་འདིའི་གཏད་རྒྱ་འབུལ་བའི་སྐབས་འཇམ་མགོན་བླ་མའི་གཟིགས་སྣང་ལའང་ཌཱ་ཀིའི་རྒྱལ་མོའི་ཡེ་ཤེས་ཀྱི་སྐུ་དངོས་སུ་བྱོན་ནས་ཕུལ་བའི་གསལ་སྣང་བྱུང་བར་གསུངས་པས་བྱིན་རླབས་ཀྱི་ཚན་ཀ་གཞན་ལས་ཁྱད་པར་དུ་འཕགས་པ་སྙིགས་དུས་ཀྱི་བར་ཆད་སེལ་བྱེད་རྡོ་རྗེ་གསང་བའི་ཚིག་ཆེན་པོ་ཨུ་པ་དེ་ཤ་ཐུན་མོང་མ་ཡིན་པ་གུ་ཧྱ་ྀཨཐི་ས་མ་ཡ༔ རྒྱ་རྒྱ་རྒྱ༔

Footnotes

Other Information