བླ་སྒྲུབ་དྭངས་མའི་ཐིག་ལེ་ལས་བླ་མ་དྲག་པོ་པདྨ་ཀཱི་ལ་ཡའི་སྨིན་བྱེད་པདྨ་རཱ་གའི་ཕྲེང་བ་གྲུབ་གཉིས་མཛེས་རྒྱན།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-005
Wylie title bla sgrub dwangs ma'i thig le las bla ma drag po pad+ma kI la ya'i smin byed pad+ma rA ga'i phreng ba grub gnyis mdzes rgyan DKR-KABUM-10-THA-005.pdf
Location dil mgo mkhyen brtse bka' 'bum
Volume 10, Text 5, Pages 21-29 (Folios 1a to 9a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ (khyung sprul pad+ma dbang chen bstan 'dzin phrin las)
Citation Khyentse, Dilgo. Bla sgrub dwangs ma'i thig le las bla ma drag po pad+ma kI la ya'i smin byed pad+ma rA ga'i phreng ba grub gnyis mdzes rgyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 21-29. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur
Cycle བླ་སྒྲུབ་དྭངས་མའི་ཐིག་ལེ་ (bla sgrub dwangs ma'i thig le)
Deity pad+ma kI la ya
Colophon

།ཞེས་རིགས་བདག་འཁོར་ལོའི་མགོན་པོ་འཇམ་དཔལ་དབྱངས་དངོས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་མཆོག་ནས་ཟབ་ཆོས་འདིའི་ཁ་སྐོང་འབེབས་གནང་དང་འབྲེལ་ལས་བྱང་ཆོག་ཁྲིགས་བཀའ་དྲིན་ཆེ་བསྩལ་སྐབས་དབང་ཆོག་གཏེར་གཞུང་འདིར་ཁྲིགས་བསྡེབས་ཤིག་ཁྱོད་ནས་བགྱིས་འཐུས་ཞེས་བཀའ་ཡི་གནང་བ་ཐོབ་པ་ལྟར་མཐོ་མཐོང་དགོན་པར་བདེ་བླ་རིན་ཚང་ལྷ་རིགས་ཀློང་ཆེན་ཡེ་ཤེས་རྡོ་རྗེས་སྦྱར་བ་འདིས་ཀྱང་འདི་བསྟན་ཡུན་གནས་ཀྱི་རྒྱུར་གྱུར་ཅིག །དགེའོ།། །དགེའོ།། །དགེའོ།།

/zhes rigs bdag 'khor lo'i mgon po 'jam dpal dbyangs dngos pad+ma gar dbang 'od gsal mdo sngags gling pa mchog nas zab chos 'di'i kha skong 'bebs gnang dang 'brel las byang chog khrigs bka' drin che bstsal skabs dbang chog gter gzhung 'dir khrigs bsdebs shig khyod nas bgyis 'thus zhes bka' yi gnang ba thob pa ltar mtho mthong dgon par bde bla rin tshang lha rigs klong chen ye shes rdo rjes sbyar ba 'dis kyang 'di bstan yun gnas kyi rgyur gyur cig__/dge'o//__/dge'o//__/dge'o//

[edit]
༄༅། །བླ་སྒྲུབ་དྭངས་མའི་ཐིག་ལེ་ལས་བླ་མ་དྲག་པོ་པདྨ་ཀཱི་ལ་ཡའི་སྨིན་བྱེད་པདྨ་རཱ་གའི་ཕྲེང་བ་གྲུབ་གཉིས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་ར་བེ། མཆོག་ཏུ་མི་འགྱུར་སོར་རྟོག་ཡེ་ཤེས་མཁར། །དབང་ཆེན་ཀཱི་ལ་ཡ་ཡི་ཚོམ་བུའི་སྤྲིན། །གར་དགུའི་ཚྭ་ཚྭ་ཕུར་བུའི་ཐོག་ཆར་གྱིས། །བར་ཆད་བདུད་དཔུང་འཇོམས་མཛད་ལྷ་ཁྱོད་རྒྱལ། །བླ་སྒྲུབ་དྭངས་མའི་ཐིག་ལེའི་གསང་སྒྲུབ་ཀྱི། །དབང་ཆོག་ཡིད་བཞིན་ནོར་འབར་ཏམྦུ་རར། །ཁྲིགས་བསྡེབས་པད་དཀར་ཕྲེང་བའི་རྒྱུད་ལ་བརྟེན། །སྐུ་བཞིའི་རྒྱལ་སར་དབུགས་འབྱིན་དབྱངས་སུ་འཇེབས། །དེ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི། རང་དང་མདུན་སྤྲོད་ཀྱི་སྟེགས་བུར་ཁྲག་ཆང་གིས་སྦགས་པའི་ཚོམ་བུ་གཙོ་བོ་ཡབ་ཡུམ་དང༌། མཐར་ཁྲོ་བཅུ་སོགས་བཀོད་པར་མཉྫིའི་ཁར་བུམ་པ་བཅུད་ལྡན་མགུལ་ཆིངས་དམར་པོས་བརྒྱན་པ། ལྷ་ཙཀ །སྔགས་བྱང༌། དྲག་པོའི་ཕྱག་མཚན་ལྔ། དུར་ཁྲོད་ཆས་བརྒྱད། དཔལ་གཏོར་གཏོར་གདུགས་དམར་པོ་བཙུགས་པ། བདུད་རྩིའི་ཐོད་པ། རིག་ཙཀ །འཇའ་ཤེལ། ལས་བྱང་ལ་དགོས་པའི་གཏོར་ཚོགས་འདུ་བྱའོ། །གཉིས་པ་ནི། ལས་གཞུང་བརྒྱུད་འདེབས་ནས་བསྟོད་པ་བཅས་སོང་མཚམས། བདག་མདུན་དབྱེར་མེད་ཀྱི་ལྟ་དགོངས་གནད་དུ་ཚུད་པས་སམ། འཛབ་ཁང་ཕྱེ་ལ་བདག་མདུན་སོ་སོར་གསལ་བས་སྒྲུབ་པ་གཙོ་བོར་བྱས་པའི་བཟླས་པ་ཅི་འགྲུབ་བྱ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་པས་བུམ་པའི་ལྷ་ཚོགས་ཀྱི་ཐུགས་ཀར་ཕོག་པས་དེ་དག་གི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པའི་ཆུ་དང་གཉིས་མེད་རོ་གཅིག་ཏུ་གྱུར། ཞེས་གཟུངས་ཐག་ལ་འཇུས་ཏེ་བཟླས་པ་གང་འགྲུབ་བྱ། ལས་བུམ་བྷྲཱུྃ་ལས་གཞལ་ཡས་ཁང་དུ་གསལ་བའི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་ལས་དཔལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་གསལ་བཏབ་ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བར་བཟླས་ལ་བྱིན་བརླབས། ལྷ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ལ་བསྐྱེད་བཟླས་བྱ། སློབ་མ་རྣམས་འདུས་པར། ཧོཿ དཔལ་ལྡན་རྡོར་སེམས་ཐུགས་རྗེའི་ཆུས༔ སྐལ་ལྡན་བུ་ལ་ཁྲུས་བྱས་པས༔ ལས་ཉོན་དམ་གྲིབ་མ་ལུས་པ༔ ཐམས་ཅད་བྱང་ཞིང་དག་གྱུར་ཅིག༔ བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡིག་བརྒྱ་བཟླས་པས་ཁྲུས་བྱ། སྟན་ལ་འཁོད་པ་དང༌། བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ༔ བདག་ཉིད་པདྨ་ཧེ་རུ་ཀའི༔ ཐུགས་ལས་རྃ་ཡྃ་ཁྃ་གསུམ་འཕྲོས༔ གཏོར་མའི་མ་དག་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས༔ གཉིས་སྣང་འཁྲུལ་པའི་བདུད་བགེགས་ཀུན༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ སྤྲུལ་པའི་ཁྲོ་བོས་རྡུལ་དུ་རློགས༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་བྲབ༔ ཧཱུྃ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ནས༔ བགེགས་ཞེས་བྱ་བའི་ཡུལ་མེད་ཀྱང༔ མ་རྟོགས་འཁྲུལ་འཁོར་ཐམས་ཅད་ཀུན༔ དག་མཉམ་རྡོ་རྗེའི་སྲུང་འཁོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ ཞེས་སྲུང་མཚམས་བཅད། ལས་རྡོར་གྱིས་མེ་ཏོག་བཀྱེ་བསྡུ་དང་བཅས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་གདབ་སྔོན་འགྲོའི་ལོ་རྒྱུས་ཀྱི་ཁྱད་པར་ནི། དེ་ལ་འདིར་སྐབས་སུ་བབ་པའི་འཆད་བྱ། ཕྱོགས་དུས་རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ཀྱིས་ཕྱོགས་དང་རིས་སུ་མ་ཆད་པའི་གདུལ་བྱ་མཐའ་ཀླས་པ་འདུལ་བའི་སླད་དུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་གསུངས་པ་ལས། ཁྱད་པར་མངའ་བདག་རྒྱལ་པོ་དང༌། རྒྱལ་བ་མཆོག་དབྱངས། མཚོ་རྒྱལ་བཅས་པས་གསོལ་བ་བཏབ་པའི་ངོར། བླ་སྒྲུབ་དྭངས་མའི་ཐིག་ལེའི་ཆ་ལག་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པ་བླ་མ་དྲག་པོ་པདྨ་ཀཱི་ལ་ཡའི་སྒྲུབ་སྐོར་འདིའང༌། བོད་ཡུལ་བསྟན་འགྲོའི་སྲོག་མཐུད་ཞལ་གདམས་ཐུགས་ཀྱི་ཏི་ལ་ཀ་ཡང་ཟབ་སྙན་བརྒྱུད་སྐོར་མང་དུ་གནང་བའི་འཕྲོས་སུ། མ་འོངས་ལས་ཅན་བདག་གི་བརྒྱུད༔ ལས་ངན་སྒྲིབ་པའི་སེམས་ཅན་རྣམས༔ ཉོན་མོངས་ཕྲག་དོག་གདོན་གྱིས་ཟིན༔ བདུད་འགོང་རྒྱ་འདྲེའི་བར་ཆད་འཚུབ༔ གསང་སྔགས་ཟབ་མོའི་ཆོས་ཀྱང་བཀག༔ བསྟན་འགྲོར་ཕན་བདེའི་དཔལ་གྱུར་གྱི༔ ང་སྤྲུལ་རྣམས་ལ་ཐེ་ཚོམ་བྱེད༔ དེ་དུས་ཁམས་གསུམ་དབང་འདུས་ཤིང༔ སྲིད་གསུམ་ཟིལ་གནོན་དྲག་པོའི་སྐུ༔ རྡོ་རྗེའི་ཆོས་བདུན་ཡེ་ཤེས་ཀྱི༔ གསང་སྔགས་ཟབ་མོའི་སྙིང་པོའི་བཅུད། མན་ངག་མཐར་ཐུག་འདི་ལྟར་བསྒོམ༔ ཞེས་གདམས་པའི་གསང་མཛོད་གཏད་པ། ཇི་སྐད་དུ། པདྨའི་མིང་འཛིན་མཚན་བཟང་བ༔ རིག་རྩལ་དབང་ཐོབ་ནུས་ལྡན་སྲས༔ སྒྲུབ་བརྒྱུད་བསྟན་པའི་སྲོག་རྩ་འཛིན༔ དེ་ལ་སྙན་བརྒྱུད་བརྡ་བསྟན་ན༔ བར་ཆད་གེགས་ཞི་འགྲོ་དོན་བྱེད༔ སྙན་བརྒྱུད་ཡུན་རིང་འགྲོ་དོན་འགྲུབ༔ བཟང་ངན་སྙན་དང་མི་སྙན་གྱི༔ འབྲེལ་ཚད་དོན་དང་ལྡན་པར་འགྱུར༔ ཞེས་དང༌། མཆོག་གླིང་གཏེར་ལུང་ལས། པདྨའི་མིང་ཅན་བརྟུལ་ཞུགས་ཅན༔ དབུས་ཀྱི་ཕྱོགས་སུ་བསྟན་པ་སྤེལ༔ ཞེས་དང༌། གཏེར་སྟོན་བསོད་རྒྱལ་གྱི་གསང་ལུང་ལས༔ མགོན་པདྨའི་གསུང་སྤྲུལ་རྒྱལ་མཆོག་དབྱངས༔ དེ་ཆུ་སྐྱེས་ཝཱ་ཤཾ་མཚན་འཆང་བ༔ ལས་ཞི་རྒྱས་དབང་དྲག་དུ་མ་ཡིས༔ ཡུལ་དབུས་འགྱུར་ས་གནད་མ་ལུས་གསོ༔ ཆོས་ཟབ་གསང་སྒོ་འབྱེད་རྒྱ་དམག་ཟློག༔ ཅེས་དང༌། ཡང་དེ་ཉིད་ལས། ཆུ་སྐྱེས་ཀྱི་སྤྲིན་དམར་དབྱིངས་སུ་ཡལ༔ རྒྱལ་འགོང་གི་བསྟན་པ་དེ་ནས་དར༔ དོན་མེད་པར་སེང་ཁོག་འབུ་ཡིས་ཁེངས༔ དེའི་རྟགས་སུ་ཡུལ་དབུས་ནང་འཐབ་མང༔ ཞེས་སོགས་ཚད་མའི་ལུང་གིས་བསྟན་པ་ལྟར་པདྨ་གསུང་གི་བཀའ་བབ་ལོ་ཙཱ་བ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་འཕྲུལ་ཡང༌། རྒྱལ་སྟོན་པདྨ་དབང་ཕྱུག་སོགས་གཏེར་སྟོན་དང༌། མཁས་གྲུབ་རཱ་ག་ཨཱ་སྱ་སོགས་བསྟན་འཛིན་གྱི་སྐྱེས་མཆོག་བསམ་ཡས་བྱོན་པ་ལས། དེང་གི་དུས་འདིར་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ཞེས་མཚན་གྱི་རྔ་སྒྲས་ཕྱོགས་ཀུན་ཡོངས་སུ་ཁྱབ་པ་གང་ཉིད། བསིལ་ལྡན་སཱ་ལའི་ལྗོངས་ན་ངོ་མཚར་བའི་གདུང་བརྒྱུད་སྤྲུལ་པའི་བྱ་ཆེན་ཁྱུང་གི་སྒོ་ང་དཀར་ནག་སེར་གསུམ་ལས་སེར་པོའི་རིགས་སུ་སྐུ་འཁྲུངས་ཤིང༌། རིགས་བདག་གི་གཙོ་བོ་འཇམ་མགོན་རྣམ་པ་གཉིས་ཀྱི་ཞབས་རྡུལ་ཅོད་པན་དུ་བཞེས་ཏེ་ཡུན་རིང་གི་བར་དུ་བསྙེན་པ་ན། དགོངས་པས་བྱིན་གྱིས་བརླབས་ཤིང༌། ལྟ་དགོངས་མཐོན་པོར་ཕེབས་ཏེ། ཆོས་ཀྱི་ཕྲིན་ལས་ཀྱི་ཞབས་འདེགས་བསྟན་ཞབས་སྐྱོང་བ་ལའང་ཁམས་བོད་ཁྱབ་བརྡལ་དུ་སྤེལ་བའི་མཁས་དང་གྲུབ་པའི་འཁོར་ལོས་བསྒྱུར་བ་གང་ཉིད་གསང་བ་གསུམ་གྱི་རང་བཞིན། སྐུ་བརྗིད་པ། གསུང་ཟབ་པ། ཐུགས་བརླིང་བའི་དཔལ་ཡོན་འགོག་ཏུ་མེད་པ་ནི་གཅམ་བུའི་ཟོལ་ཚིག་ཙམ་མ་ཡིན་པ་མངོན་སུམ་ཚད་མས་གྲུབ་པ་ཡང༌། སྐྱེ་རྒུ་མཆོག་དམན་ཇི་ཙམ་འདུས་ཀྱང་རྒྱུ་སྐར་དབུས་སུ་ཟླ་བ་ལྟར་མངོན་པར་འཕགས་པའི་ཞལ་དཀྱིལ་མཇལ་བའི་མོད་ལ་གུ་རུ་པདྨ་དངོས་ཀྱི་དད་པ་ཐོབ་པ་དང༌། གསེར་མདོག་ཅན་གྱི་དགོན་པར་རྡོལ་ཞབས་རྗེས། ཟབ་ལུང་གི་ཕེབས་ལམ་ན་ཕ་བོང་ལ་ཆིབས་དྲེལ་གྱིས་ཀྱང་ཞབས་རྗེས་བཞག་པ་སོགས་ཀུན་གྱི་མཐུན་སྣང་དུ་གྱུར་པ་ལས། ཟབ་གཏེར་བཞེས་པའི་སྐོར་རྣམས་མགོན་པོ་མཆོག་ཐུགས་སྒམ་ཞིང་གསང་བ་དམ་པའི་དབང་གིས་སུ་ལའང་ཞལ་གསང་མེད་ནའང༌། གཏན་གྱི་གསོལ་དཔོན་ཤེས་རབ་འོད་ཟེར་གྱིས་དཀར་ཆག་བཀོད་པར་སྐུ་གསུང་ཐུགས་རྟེན་ནས་ཡ་མཚན་པའི་རྡོ་ལ་བརྡ་ཡིག་གསལ་བའི་བར་ཁ་གྲངས་བདུན་ཅུ་སྐོར་ཡོད་པ་དོན་ལ་གནས་ཤིང༌། མཐར་དགུང་གྲངས་དྲུག་ཅུ་རེ་གཉིས་ཐོག་གཞིས་རྩེ་བདེ་རབ་པའི་ཨོ་རྒྱན་ལྷ་ཁང་དུ་ཡེ་ཤེས་གོ་འཕོས་པའི་ཚུལ་བཞེས་པ་དང་ཞག་ལྔའི་བར་ཐུགས་དམ་ལ་བཞུགས་སྐབས་སོགས་སུ་མཁའ་ལ་འཇའ་གུར་ཕུབ་ཅིང་ས་ལ་མེ་ཏོག་གི་ཆར་བབས་པ་དང༌། སྐུ་གདུང་ཞུགས་འབུལ་དུས་གདུང་མཇལ་བ་མང་དུ་འདུས་པའི་སར་ཕྱག་ངར་གྱི་དུམ་བུ་འདྲ་བར་པདྨ་འོད་འབར་འབུར་བྱོན་འཇའ་སྤྲུལ་པདྨ་ཚེ་དབང་རྒྱལ་པོའི་སྐུ་མདུན་དུ་ཚག་སྒྲ་དང་བཅས་སོན་པ་དང༌། གཞན་ཡང་གདུང་ཆེན་དཀར་སེར་སྨུག་པོ་གསུམ་གྱིས་གཙོས་པའི་རིང་བསྲེལ་ཕྲ་མོ་གྲངས་ལས་འདས་པ་རྣམས་དད་པའི་རྟེན་དུ་བྱོན་པ་སོགས་ངོ་མཚར་བའི་རྟགས་མཐའ་ཡས་པ་མངའ་བ་དེ་ཉིད་ཀྱིས་ཟབ་གཏེར་འདི་ཉིད་ཀྱང་ཟབ་ལུང་བདེ་གཤེགས་འདུས་པའི་གནས་ནས་སྤྱན་དྲངས། སྐབས་དེར་བཀའ་རྒྱ་ཤིན་ཏུ་དམ་པས་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་ཡང༌། ཐོག་མའི་བཀའ་བབ་ལ་དྭགས་མཚམས་པ་མ་ཏིའི་མཚན་ཅན་ཕྱིས་ཤངས་མདའ་དཔལ་ཆེན་དུ་སྒྲུབ་སྐབས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ཞལ་མཇལ། རྟ་སྐད་བསྒྲགས་པ་ཡུལ་མི་འགའ་རེས་ཀྱང་ཐོས་པས་ཡ་མཚན་པར་གྱུར་པ་དང༌། རིམ་གྱིས་ལས་ཅན་ཡོངས་ལ་སྤེལ་བས་དངོས་གྲུབ་ཐོབ་པ་སྟེ། དེ་ལྟར་རྒྱུད་ལུང་གི་ཁུངས་བཙུན་ཅིང་ཉེ་ཟབ་བྱིན་རླབས་ཀྱི་ཚན་ཁ་ལྷག་པར་ཆེ་བའི་དབང་བསྐུར་བ་ཀྱི་བ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་མཎྜལ་འབུལ་བར་ཞུ། སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མ་མཆིས་པ་ལ་དད་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱཻ༔ བླ་མ་དཔལ་ཆེན་དགོངས་སུ་གསོལ༔ བདག་ནི་འཁོར་བའི་གནས་ལས་སྒྲོལ༔ བླ་མེད་མཆོག་གི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ཞེས་གསོལ་བ་ལ་གསང་བ་བཀའ་གཉན་པོའི་ཚུལ་སློབ་དཔོན་གྱིས་ལན་གདབ་པ་ནི། ཧཱུྃ༔ ང་ཡི་དཀྱིལ་འཁོར་གཉན་པོ་འདི༔ སྐལ་པ་ཅན་གྱི་སྤྱོད་ཡུལ་ཡིན༔ སྐལ་མེད་གང་ཞིག་ཕྱིར་དེངས་ཤིག༔ དམ་ཚིག་སྲུངས་ལ་དབང་བསྐུར་སྦྱིན༔ ཅེས་བརྗོད། དམ་ཆུ་བདུད་རྩི་སྦྱིན་ལ། ཧཱུྃ༔ འདི་ནི་དམ་ཚིག་བདུད་རྩིའི་ཆུ༔ དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར༔ ཡེ་ཤེས་སེམས་དཔར་འདི་གྱུར་ནས༔ སྡིག་སྒྲིབ་བྱང་སྟེ་སངས་རྒྱས་ཐོབ༔ དམ་ཚིག་ཉམས་ནན་རཀ་གནས༔ ལྕགས་ཀྱི་སྡིག་པ་མགོ་དགུ་པས༔ སྙིང་ཁྲག་གཞིབ་སྟེ་དམྱལ་བར་ལྟུང༔ མཆོག་ཏུ་དམ་ཚིག་གཙང་བ་གཅེས༔ ཇི་སྐད་བསྒོས་པའི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་བསྲུང་སྙམ་པས་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས༔ ཨི་དཾ་ས་མ་ཡ་ན་ར་ཀན༔ དབང་གི་སྣོད་རུང་དུ་སྒྲུབ་པ་རྒྱུད་རྣམ་པར་དག་པར་སྦྱང་བའི་སླད་དུ་སྐྱབས་སེམས་བསགས་སྦྱང་ཆེད་འདུན་པ་འདི་ལྟར་དུ་མཛོད་ཅིག །དཔལ་ཆེན་པདྨ་ཀཱི་ལ་ཡ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་རྩ་གསུམ་རྒྱལ་བའི་བདག་ཉིད་ཅན་དུ་མོས་ལ་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་རྩ་གསུམ་འདུས་པའི་སྐུ༔ སོགས་ལན་གསུམ་བརྗོད། མཁའ་ཁྱབ་འགྲོ་རྣམས་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་གཏན་བདེའི་གོ་འཕང་མཆོག་ལ་དགོད་པར་བྱ་སྙམ་པས་འདིའི་རྗེས་ཟློས། སེམས་ཅན་ཀུན་གྱི་དོན་ཕྱིར་དུ༔ སོགས་ལན་གསུམ་བརྗོད། རྒྱུན་བཤགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་རེ་རེ་བཞིན་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དབང་གི་ཡེ་ཤེས་རྒྱུད་ལ་གནས་པའི་གཞིའམ་རྩ་བར་གྱུར་པ་དམ་ཚིག་དང་སྡོམ་པ་རྣམས་དམ་བཅའ་བརྟན་པོས་བཟུང་ལ་བསྲུང་སྙམ་པ་འདིའི་རྗེས་ཟློས། ཀྱེ་ཧོ་བླ་མ་སངས་རྒྱས་དགོངས༔ ཕྱི་ནང་གསང་མཆོག་དམ་ཚིག་བསྲུང༔ འགྲོ་ཕན་སངས་རྒྱས་མྱུར་འགྲུབ་ཕྱིར༔ གསང་སྔགས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། དབང་གི་གཞི་འགོད་ཅིང་ཡེ་ཤེས་དབབ་པའི་སླད་དུ་སྒོ་གསུམ་གྱི་གནད་ལེགས་པར་བཅུན་ལ་དམིགས་པ་རྩེ་གཅིག་ཏུ་མཛོད་ཅིག །བླ་མ་ཧེ་རུ་ཀ་དགྱེས་པའི་ཐུགས་ལས་འོད་ཟེར་འཕྲོས་པས་སློབ་མ་རྣམས་ཀྱི་གཉིས་འཛིན་གྱི་བག་ཆགས་དང་བཅས་པ་སྦྱངས། རང་སེམས་གདོད་ནས་སྟོང་པ་ཆེ༔ སོགས་ནས། ཛཿཧཱུྃ་བྃ་ཧོཿས་བར་བརྗོད་ལ། ཡེ་ཤེས་ཀྱི་བྱིན་རླབས་སྒོ་གསུམ་ལ་བརྟན་པར་མོས་ཤིག ཏིཥྛ་བཛྲས་རྡོ་རྗེ་མགོར་གཞག །དབང་བསྐུར་དངོས་གཞི་བུམ་གསང་ཤེར་ཡེ་ཚིག་དབང་བཞི་ལས། དང་པོ་ཕྱི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་དུ་དཔལ་ཆེན་པདྨ་ཀཱི་ལ་ཡ་ཡབ་ཡུམ་འཇིགས་བྱེད་ཁྲོ་བཅུའི་ལྷ་ཚོགས་དང་བཅས་གསལ་བ་ལས་བདུད་རྩིའི་རྒྱུན་བབས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་གང༌། དུག་ལྔ་དང་ཕུང་ལྔའི་སྒྲིབ་པ་དག །རིག་པ་ཡེ་ཤེས་ཀྱི་དབང་ལྔ་ཐོབ་པས་ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་ཐོབ་པའི་མོས་པ་མཛོད། ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ཁང༔ བུམ་ཆུ་དཔལ་ཆེན་ངོ་བོ་སྟེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ཤོག༔ རྩ་སྔགས་དང༌། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིས་ལུས་གང༌། ཕུང་ཁམས་ཀྱི་སྒྲིབ་པ་སྦྱངས། ཁྱེད་རང་རྣམས་ཀྱི་སྣོད་བཅུད་གདོས་བཅས་ཀྱི་འཛིན་པ་དག་ནས་ཁྲོ་རྒྱལ་པདྨ་ཀཱི་ལ་ཡའི་སྐུར་གྱུར་པའི་རིགས་བདག་རྡོ་རྗེ་འཆང་གིས་མཚན་པར་མོས་ཤིག །རྗེས་འབྲེལ་དཀྱིལ་འཁོར་གྱི་གཙོ་བོའི་སྐུ་ལས་རྡོ་རྗེ་གསུམ་གྱི་ཕྱག་རྒྱ་ཡེ་ཤེས་ཀྱི་སྐུ་དང་ཡིག་འབྲུ་ཕྱག་མཚན་སོགས་གཉིས་པ་རེ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ཤིག །ལྷ་ཙཀ་སྤྱི་བོར་བཞག ཧཱུྃ༔ དཀྱིལ་འཁོར་གཙོ་མཆོག་བདྨ་ཀཱི་ལ་ཡ༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཡོངས་རྫོགས་པའི༔ སྐུ་ཡི་ཕྱག་རྒྱ་ཆེན་པོ་སྦྱིན༔ སྒྲུབ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་བྱང་ཧཱུྃ་ཡིག་མགྲིན་པར་བཞག ཧཱུྃ༔ གསང་སྔགས་ཟབ་མོའི་སྒྲ་དབྱངས་ཀྱི༔ སྙིང་པོ་འབྲུ་གཅིག་དབང་བསྐུར་བས༔ ངག་གི་སྒྲིབ་དག་སྔགས་སུ་སྨིན༔ ནུས་མཐུ་བདེན་ཚིག་འགྲུབ་གྱུར་ཅིག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་རྣམས་སྙིང་གར་གཞག ཧཱུྃ༔ རང་བྱུང་དྲག་པོའི་ཕྱག་མཚན་འདི༔ སྲིད་གསུམ་འཇོམས་པའི་གཤེད་པོ་ཡིན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐུགས་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་ཆེན་པདྨ་ཀཱི་ལ་ཡའི་ཟག་མེད་སྐུ་དང་ཡེ་ཤེས་ཀྱི་བརྡ་རྟགས་རྫོགས་པའི་ཕྱིར་དུར་ཁྲོད་དཔལ་གྱི་ཆས་ཀྱིས་མངའ་གསོལ་པར་མོས་མཛོད། དུར་ཁྲོད་དཔལ་ཆས་ཐོགས་ལ། ཧཱུྃ༔ དབུ་རྒྱན་གླང་ཀོ་ཞིང་ལྤགས་སྟག༔ སྒྲུབ་ཐོད་མེ་རི་དཔལ་ཆས་རྣམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དཔལ་ཆེན་ཡོན་ཏན་མངོན་གྱུར་ཅིག༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་ཆེན་སྣོད་བཅུད་ཡོངས་རྫོགས་ཀྱི་དབང་བསྐུར་པས་ཚར་གཅོད་རྗེས་འཛིན་ཟབ་མོའི་ཕྲིན་ལས་ནུས་པའི་མཐུ་སྟོབས་ཡོངས་སུ་རྫོགས་པར་མོས་མཛོད། དཔལ་གྱི་གཏོར་ཆེན་ཐོགས་ལ། ཧཱུྃ༔ བདེ་གཤེགས་ཡོངས་རྫོགས་དཔལ་གཏོར་འདིས༔ རྣམ་བཞི་གྲུབ་བརྒྱད་ཐུན་མོང་དང༔ དབང་བཅུ་ཕྱི་ནང་ལ་སོགས་པའི༔ ཕྲིན་ལས་མྱུར་འགྲུབ་དབང་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་རྣམས་ཀྱིས་བུམ་དབང་ཐོབ༔ ལུས་ཀྱི་སྒྲིབ་སྦྱངས་བསྐྱེད་རིམ་བསྒོམ༔ སྣང་བ་ཐམས་ཅད་ལྷའི་འཁོར་ལོ༔ ཡེ་ཤེས་མངོན་དུ་གྱུར་བའོ༔ གཉིས་པ་གསང་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་བྱུང་ཐོད་པའི་གཞལ་ཡས་ཁང་དུ་ལྷ་ཚོགས་ཡབ་ཡུམ་སྙོམས་པར་ཞུགས་པའི་དཀར་དམར་བྱང་ཆུབ་ཀྱི་སེམས་བྷནྡྷའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་ཁྱེད་རང་རྣམས་ཀྱིས་མྱངས་བས་རྩ་ཁམས་བྱིན་གྱིས་བརླབས། བདེ་གསལ་མི་རྟོག་པའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །ཐོད་པའི་བདུད་རྩི་ཐོགས་ལ། ཧོཿ དཔལ་ཆེན་ཡབ་ཡུམ་སྦྱོར་ལྡན་པས༔ ཨ་ཧཾ་སྔགས་དང་དགའ་བ་བཞིའི༔ བྱང་ཆུབ་སེམས་ནི་བླ་ན་མེད༔ བདེ་སྟོང་ལོངས་སྤྱོད་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱ༔ དེ་ལྟར་གསང་དབང་ཐོབ་པ་ཡིས༔ ངག་སྒྲིབ་དག་ནས་བདེ་ཆེན་བསྒོམ༔ གསལ་སྟོང་མི་རྟོག་ཉམས་བསྐྱངས་ནས༔ ཡུལ་ཅན་སྒྱུ་མ་ཆུ་ཟླར་བསྒོམ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་དཔལ་ཆེན་ཡབ་ཡུམ་དུ་གསལ་བའི་སྦྱོར་ཡུམ་པདྨ་དབྱིངས་ཕྱུག་མ་ལས་ལས་ཀྱི་ཕྱག་རྒྱ་གཉིས་པ་ཞིག་སྤྲོས་ཏེ་ཁྱེད་རང་རྣམས་ལ་གཏད་པར་མོས་ཤིག །རིག་ཙཀ་ཐོགས་ལ། ཧོཿ འདོད་པའི་སྒྱུ་རྩལ་སྣ་ཚོགས་ཀྱིས༔ དགའ་བ་ཁྱད་པར་ལྷན་སྐྱེས་ཀྱི༔ ཡང་དག་གཞུང་འདིར་འདི་དོན་སྤྱོད༔ ཡེ་ཤེས་རྣམ་པ་ཐམས་ཅད་རྫོགས༔ ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ དེ་ལྟར་ཤེར་ཡེའི་དབང་ཐོབ་ནས༔ ཡིད་ཀྱི་དྲི་མ་ཀུན་སྦྱངས་ཏེ༔ ལམ་མཆོག་ཕོ་ཉ་བསྒོམ་ལ་དབང༔ བདེ་སྟོང་བདེ་ཆེན་ཉམས་བསྐྱང་ངོ༔ བཞི་པ་ཚིག་དབང་ལ་ཁྱེད་རང་རྣམས་ལུས་གནད་ཆོས་བདུན་དང་ལྡན་པས་ཡིད་མ་ཡེངས་པར་འཛིན་མེད་རྟོག་བྲལ་མ་བཅོས་རང་བབ་ཀྱི་ངང་དུ་བཞག་སྟེ་དོན་དམ་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པ་རང་བྱུང་གི་ཤེལ་ལ་བརྟེན་ནས་རྡོ་རྗེའི་ཚིག་གིས་ངོ་སྤྲད་པར་མོས་མཛོད༔ དེ་ནས་རང་བྱུང་མེ་ལོང་བསྟན༔ ཨ༔ རིག་སྟོང་ཟུང་འཇུག་བློ་བྲལ་ཆེ༔ གདོད་ནས་རྣམ་གྲོལ་ཡེ་ཤེས་ཆེ༔ ཀ་དག་ཟང་ཐལ་ཆེན་པོའི་དབྱིངས༔ ཨ་ཨ་ཨཿ དབང་བཞི་ཐོབ་པས་སྒྲིབ་བཞི་དག༔ ལམ་མཆོག་ཁྲེགས་ཆོད་ཐོད་རྒལ་བསྒོམ༔ ཤིན་ཏུ་རྣམ་དག་ལྷན་སྐྱེས་ཀྱི༔ ཡེ་ཤེས་མངོན་དུ་གྱུར་པའོ༔ གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བླ་སྒྲུབ་དྭངས་མའི་ཐིག་ལེ་ལས་གསང་སྒྲུབ་པདྨ་ཀཱི་ལ་ཡའི་སྨིན་གྲོལ་ཡོངས་རྫོགས་སུ་ཐོབ་པ་ཡིན་པས། དབང་དུས་སུ་ཁས་བླངས་པའི་དམ་ཚིག་རྣམས་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། གཏང་རག་ལུས་འབུལ་དགེ་བསྔོ་བཅས་བྱ། ཚོགས་ལ་རོལ་ཞིང་ལྷག་མ་ནས་བཀྲ་ཤིས་བར་མཐར་ཆགས་སུ་བཏང་ངོ༌། །གནམ་སའི་ཞལ་བགྲད་མཆེ་རྣོན་གངས་ཀྱི་རིར། ཞིང་བཅུའི་སྲོག་དབུགས་རོལ་པའི་སྤྲིན་དཀྲིགས་དབུས། །ལྗགས་འདྲིལ་གློག་ཞགས་རྐན་རྡེབས་སྒྲ་བརྒྱ་ཡིས། །ལས་ཅན་མདོངས་མཐའ་སྨིན་པའི་མངལ་འཁུར་ལྕི། །ཞེས་རིགས་བདག་འཁོར་ལོའི་མགོན་པོ་འཇམ་དཔལ་དབྱངས་དངོས་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པ་མཆོག་ནས་ཟབ་ཆོས་འདིའི་ཁ་སྐོང་འབེབས་གནང་དང་འབྲེལ་ལས་བྱང་ཆོག་ཁྲིགས་བཀའ་དྲིན་ཆེ་བསྩལ་སྐབས་དབང་ཆོག་གཏེར་གཞུང་འདིར་ཁྲིགས་བསྡེབས་ཤིག་ཁྱོད་ནས་བགྱིས་འཐུས་ཞེས་བཀའ་ཡི་གནང་བ་ཐོབ་པ་ལྟར་མཐོ་མཐོང་དགོན་པར་བདེ་བླ་རིན་ཚང་ལྷ་རིགས་ཀློང་ཆེན་ཡེ་ཤེས་རྡོ་རྗེས་སྦྱར་བ་འདིས་ཀྱང་འདི་བསྟན་ཡུན་གནས་ཀྱི་རྒྱུར་གྱུར་ཅིག །དགེའོ།། །དགེའོ།། །དགེའོ།།

Footnotes

Other Information