སྡེ་གསུམ་རྩ་གསུམ་སྤྱི་ཡི་བསྐང་བཤགས་ཡེ་ཤེས་རོལ་མོ།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-034
Wylie title sde gsum rtsa gsum spyi yi bskang bshags ye shes rol mo DKR-KABUM-09-TA-034.pdf
Location dil mgo mkhyen brtse bka' 'bum
Volume 9, Text 34, Pages 269-270 (Folios 1a1 to 2a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Sde gsum rtsa gsum spyi yi bskang bshags ye shes rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 269-270. Delhi: Shechen Publications, 1994.
Genre Mending Rituals - bskang chog
Cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (dam chos rdzogs pa chen po sde gsum)
Colophon

།ཞེས་པའང་སྒྲུབ་བརྩོན་འགྱུར་མེད་ཡེ་ཤེས་ཀློང་གྲོལ་ནས་བསྐུལ་ངོར་འཇིགས་མེད་འོད་གསལ་ཐུགས་མཆོག་རྡོ་རྗེར་འབོད་པས་དད་མོས་ཀྱི་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།

/zhes pa'ang sgrub brtson 'gyur med ye shes klong grol nas bskul ngor 'jigs med 'od gsal thugs mchog rdo rjer 'bod pas dad mos kyi bris pa don dang ldan par gyur cig/

[edit]
༄༅། སྡེ་གསུམ་རྩ་གསུམ་སྤྱི་ཡི་བསྐང་བཤགས་ཡེ་ཤེས་རོལ་མོ་ཞེས་བྱ་བ་བཞུགས། ཧཱུྃ་ཧྲཱིཿ ཆོས་དབྱིངས་རང་བྱུང་དགོངས་པ་བརྡལ་ཁྱབ་ཀློང༌། །ལྷུན་གྲུབ་འོད་གསལ་རྡོ་རྗེ་བཀོད་པའི་སྤྲིན། །རབ་འབྱམས་སྐུ་གསུམ་དག་པ་ཆེན་པོའི་དལ། །རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་གནས་འདིར་གཤེགས། །ཕྱི་སྣོད་ཀློང་ལྔ་དབྱིངས་ཀྱི་ཐིག་ལེའི་དཔྱིད། །ནང་བཅུད་སེམས་ཀྱི་རྡོ་རྗེ་གདན་གསུམ་ལ། །ཟུང་འཇུག་ཡེ་ཤེས་བཀོད་པ་འབྱམས་ཀླས་པ། །འགགས་མེད་ཅིར་ཡང་འཆར་ཞིང་འབྱུང་བའི་ཚུལ། །ཕྱི་མཆོད་ཉེར་སྤྱོད་ཀུན་བཟང་བདེ་བ་ཆེ། །རྨད་བྱུང་འདོད་ཡོན་མི་ཟད་ནམ་མཁའ་མཛོད། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །སྣོད་བཅུད་ལྷ་མིའི་འབྱོར་པ་ཕུན་སུམ་ཚོགས། །ནང་མཆོད་དུར་ཁྲོད་དྲག་པོའི་ལོངས་སྤྱོད་དང༌། །སྨན་རཀ་གཏོར་མ་ཟག་མེད་བདུད་རྩིའི་བཅུད། །བདེ་བ་ཆེན་པོའི་ལོངས་སྤྱོད་ཐམས་ཅད་པ། །རང་ཤར་ལྷུན་གྲུབ་རིགས་ལྔའི་དམ་ཚིག་རྫས། །གསང་མཆོག་གདོད་ནས་ཟུང་འཇུག་མཉམ་ཉིད་ཀློང༌། །འཁོར་འདས་མཚན་མའི་སྤང་བླང་རྟོག་པ་བྲལ། །ཡེ་ཤེས་ཆེན་པོའི་རོལ་པ་རྨད་བྱུང་བ། །རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པ་འདིས། །སྣང་སྲིད་དབང་བསྒྱུར་བརྟུལ་ཞུགས་གྲུབ་པའི་རྗེ། །རིག་འཛིན་བླ་མའི་ལྷ་ཚོགས་ཐུགས་དམ་བསྐང༌། །ལྔ་ལྡན་ཡེ་ཤེས་བདེ་བ་ཆེན་པོའི་ཀློང༌། །ཞི་བ་རྡོ་རྗེ་དབྱིངས་ཀྱི་ཐུགས་དམ་བསྐང༌། །རིག་པ་སྐུར་སྨིན་དགའ་རབ་བཻ་རོ་སོགས། །རྒྱ་བོད་རིག་འཛིན་བླ་མའི་ཐུགས་དམ་བསྐང༌། །ཁྱབ་བརྡལ་རིག་པ་རང་བྱུང་ཀུན་ཏུ་བཟང༌། །རྫོགས་ཆེན་སྟོན་མཆོག་རྣམས་ཀྱི་ཐུགས་དམ་བསྐང༌། །འབར་བ་ཀློང་ཡངས་དཔལ་ཆེན་མངོན་རྫོགས་རྒྱལ། །སུམ་བརྒྱ་དྲུག་ཅུའི་ལྷ་ཚོགས་ཐུགས་དམ་བསྐང༌། །བདེ་སྟོང་ཕྱག་རྒྱ་རོ་ལངས་བདེ་བ་མ། །མ་མོ་བདུན་བརྒྱ་ཉི་ཤུའི་ཐུགས་དམ་བསྐང༌། །ཤྲཱི་སིང་ཧ་རིག་འཛིན་རྣམ་དགུ་སོགས། །གསང་སྐོར་རིག་འཛིན་བླ་མའི་ཐུགས་དམ་བསྐང༌། །གདན་གསུམ་ཞི་ཁྲོའི་ལྷ་ཚོགས་སྒྲུབ་སྡེ་བརྒྱད། །དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་ཐུགས་དམ་བསྐང༌། །འབར་མ་མེ་གདོང་ཆུ་སྲིན་སེང་གེའི་གདོང༌། །རྡོར་ལེགས་ལྷ་བཙན་ཀླུ་རྒྱལ་ཐུགས་དམ་བསྐང༌། །ཆོས་དབྱིངས་ཀློང་ཡངས་ཐིག་ལེའི་ཉག་གཅིག་ལས། །རྣམ་པ་སྒྱུ་འཕྲུལ་རྩ་གསུམ་བཀོད་པའི་ཚོགས། །འགགས་མེད་བདེ་ཆེན་རོལ་མོར་འབྱམས་ཀླས་པ། །ཟག་མེད་དགྱེས་པ་ཆེན་པོའི་ཐུགས་དམ་བསྐང༌། །ཁྱབ་བརྡལ་ཀློང་ཡངས་ཀ་དག་ཆེན་པོ་ལ། །གཉིས་སྣང་མཚན་མའི་སྒྲིབ་གཡོགས་མ་མཆིས་ཀྱང༌། །གློ་བུར་བློས་བྱས་ནོངས་པའི་ཚོགས་ཐམས་ཅད། །ཆོས་དབྱིངས་ཀ་དག་ཆེན་པོར་བཟོད་པར་གསོལ། །རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་ཡིས། །སྣང་གྲགས་རིག་པ་རྡོ་རྗེ་གསུམ་དུ་ཤར། །བདེ་ཆེན་འཕོ་མེད་ཡེ་ཤེས་མངོན་གྱུར་ནས། །ཀུན་བཟང་གདོད་མའི་དབྱིངས་སུ་གྲོལ་བར་མཛོད། །གཟུང་འཛིན་འཁྲུལ་རྟོག་ཉམས་ཆགས་བར་ཆད་ཞི། །ཚེ་དཔལ་ཉམས་རྟོགས་ཡེ་ཤེས་སྣང་བ་རྒྱས། །སྣང་སེམས་རླུང་ཐིག་དབུ་མར་དབང་དུ་འདུས། །བདུད་བཞི་གཉིས་སྣང་རྩད་ནས་ཆོད་པར་མཛོད། །བརྒྱུད་གསུམ་བླ་མའི་དགོངས་བརྒྱུད་རྟོགས་པ་འཕོ། །ཡི་དམ་ཞི་ཁྲོའི་མཆོག་ཐུན་དངོས་གྲུབ་སྩོལ། །གནས་གསུམ་མཁའ་འགྲོའི་ཕྲིན་ལས་ཀུན་སྒྲུབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་པའང་སྒྲུབ་བརྩོན་འགྱུར་མེད་ཡེ་ཤེས་ཀློང་གྲོལ་ནས་བསྐུལ་ངོར་འཇིགས་མེད་འོད་གསལ་ཐུགས་མཆོག་རྡོ་རྗེར་འབོད་པས་དད་མོས་ཀྱི་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།

Footnotes

Other Information