རྩ་གསུམ་འོད་གསལ་སྙིང་ཐིག་ལས། ཕྱི་སྒྲུབ་རྡོ་རྗེ་ཐོད་ཕྲེང་གི་རྒྱུན་གྱི་རྣལ་འབྱོར།

From Khyentse Lineage - A Tsadra Foundation Project
DKR-KABUM-06-CHA-029
Wylie title rtsa gsum 'od gsal snying thig las/ phyi sgrub rdo rje thod phreng gi rgyun gyi rnal 'byor DKR-KABUM-06-CHA-029.pdf
Location dil mgo mkhyen brtse bka' 'bum
Volume 6, Text 29, Pages 255-256 (Folios 1a1 to 2a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. Rtsa gsum 'od gsal snying thig las phyi sgrub rdo rje thod phreng gi rgyun gyi rnal 'byor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 255-256. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle རྩ་གསུམ་འོད་གསལ་སྙིང་ཏིག་ (rtsa gsum 'od gsal snying tig)
Deity rdo rje thod phreng
Colophon

ཅེས་པའང་དུས་གསུམ་ཀུན་མཁྱེན་བླ་མའི་ཕྲིན་ལས་ཀྱིས་ཕ་རན་སེའི་རྒྱལ་ཁབ་ཏུ་རྩ་གསུམ་འོད་གསལ་སྙིང་ཐིག་གི་སྒྲུབ་སྡེ་ཐེག་མཆོག་འོད་གསལ་གླིང་གསར་ཚུགས་སྐབས་ཚུལ་འདིའི་སྨིན་གྲོལ་འབོག་པའི་ཚེ་དད་ལྡན་རྣམས་ལ་ཉེར་མཁོའི་དབང་གིས་རྒྱལ་ཁམས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསམ་གཏན་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

ces pa'ang dus gsum kun mkhyen bla ma'i phrin las kyis pha ran se'i rgyal khab tu rtsa gsum 'od gsal snying thig gi sgrub sde theg mchog 'od gsal gling gsar tshugs skabs tshul 'di'i smin grol 'bog pa'i tshe dad ldan rnams la nyer mkho'i dbang gis rgyal khams pa 'gyur med theg mchog bstan pa'i rgyal mtshan gyis bsam gtan khang bu bkra shis dpal 'bar gling du bris pa dpal o rgyan chos kyi rgyal po'i gsang gsum rdo rje'i dbyings su mngon par byang chub pa'i rgyur gyur cig_/sarba mang+ga laM/_dge'o//

[edit]
༄༅། །རྩ་གསུམ་འོད་གསལ་སྙིང་ཐིག་ལས། ཕྱི་སྒྲུབ་རྡོ་རྗེ་ཐོད་ཕྲེང་གི་རྒྱུན་གྱི་རྣལ་འབྱོར་བཞུགས། བླ་མ་རྩ་གསུམ་ལ་བཏུད་ནས། །དེ་ཡི་རྒྱུན་གྱི་རྣལ་འབྱོར་ཉིད། །ཉམས་སུ་ལེན་ལ་སྦྱོར་བའི་ཆོས། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནི། ན་མོ༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ དཀོན་མཆོག་རྩ་གསུམ་སྐུ་གསུམ་རྒྱ་མཚོ་ལ༔ མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཧོ༔ མར་གྱུར་ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ སྡུག་བསྔལ་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ ཚད་མེད་བྱམས་དང་སྙིང་རྗེ་ཆེན་པོའི་བློས༔ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔ ལན་གསུམ། དངོས་གཞི་བསྐྱེད་པའི་རྣལ་འབྱོར་ནི། ཧཱུྃ༔ ཀ་དག་དེ་བཞིན་ཉིད་དབྱིངས་ཡེ་ཤེས་ལས༔ ལྷུན་གྲུབ་ཀུན་སྣང་སྙིང་རྗེའི་རང་རྩལ་ནི༔ ཟུང་འཇུག་རྒྱུ་ཡི་ཏིང་འཛིན་ཧཱུྃ་མཐིང་ནག༔ དེ་ལས་འོད་འཕྲོས་བརྟན་གཡོའི་དངོས་པོ་ཀུན༔ འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ༔ སྐད་ཅིག་དྲན་རྫོགས་ཕྱི་སྣོད་པདྨ་འོད༔ ཤིན་ཏུ་ཉམས་དགའ་ངོ་མཚར་བཀོད་པས་མཛེས༔ དེ་དབུས་ཐར་པ་ཆེན་པོའི་གཞལ་ཡས་དབུས༔ ལྟེ་བར་རིན་ཆེན་པདྨ་ཉི་ཟླའི་སྟེང༔ རྡོ་རྗེ་ཧཱུྃ་ཡིག་མཉམ་སྦྱོར་འཕྲོ་འདུ་ལས༔ རལ་པའི་སྐྲ་གསེབ་རྩ་བརྒྱུད་བླ་མ་དང༔ སྐུ་ཡི་གནས་བརྒྱད་ཡི་དམ་སྒྲུབ་སྡེ་བརྒྱད༔ རྩ་ཁམས་ཉེར་བཞི་དཔའ་བོ་མཁའ་འགྲོ་མ༔ ཕྱོགས་མཚམས་ཐོད་ཕྲེང་སྡེ་ལྔ་མཚན་བརྒྱད་དང༔ སྒོ་བ་རྩ་གསུམ་ཆོས་སྐྱོང་དང་བཅས་པ༔ དམ་ཡེ་གཉིས་མེད་ལྷུན་གྲུབ་ཆེན་པོ་གསལ༔ ཞེས་གཙོ་བོ་ཡབ་ཡུམ་གསལ་སྣང་དང་ལུས་དཀྱིལ་མོས་བསྐྱེད་ཀྱི་གསལ་ལེགས་པར་བཏབ། རྡོ་རྗེའི་ཐ་ཚིག་བདུན་མའི་གསོལ་འདེབས་ཀྱིས་ཐུགས་རྒྱུད་བསྐུལ་བས། སྙིང་དབུས་ཡེ་ཤེས་སེམས་དཔའ་ཡིས༔ ཐུགས་ཀར་པད་ཉི་དྲེགས་པའི་གདན་གྱི་སྟེང༔ ཡེ་ཤེས་སེམས་དཔའ་བཛྲ་རྟ་གདོང་ཞལ༔ མཐིང་ནག་རྡོ་རྗེའི་གྲི་གུག་ཐོད་ཁྲག་འཆང༔ གར་དགུའི་གཟི་འབར་རང་འོད་ཡུམ་དང་སྦྱོར༔ དུར་ཁྲོད་ཆས་རྫོགས་ཞབས་ཟུང་དོར་སྟབས་འགྱིངས༔ དེ་ཡི་ཐུགས་དབུས་ཉི་ཟླ་ཁ་སྦྱོར་སྦུབས༔ ཧཱུྃ་མཐར་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཡེ་ཤེས་རང་ལ་ཐིམ༔ ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་བཛྲ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ ཆིག་དྲིལ་བཟླ། ཐུན་མཐར་དབྱངས་གསལ། རྟེན་སྙིང༌། ཡིག་བརྒྱ་བཟླས་ལ། བསྡུ་ལྡང་ནི། ཧོཿ སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཡེ་ཤེས་ལྷ༔ ཟུང་འཇུག་མཚན་མ་མེད་པའི་དབྱིངས་སུ་གཤེགས༔ སླར་ཡང་སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་ཆེན་པོའི་དགོངས་པར་རྟག་ཏུ་སྤྱོད༔ བསྔོ་སྨོན་ཤིས་བརྗོད་ནི། ཧོ། ཕུང་ཁམས་འཇའ་ལུས་རྡོ་རྗེའི་སྐུར་སྨིན་ཅིང༔ སྲོག་སྩོལ་འོད་གསལ་དབུ་མའི་ཀློང་དུ་རྫོགས༔ རིག་སྟོང་བརྗོད་བྲལ་གདོད་མའི་གཞི་དབྱིངས་སུ༔ རབ་འབྱམས་རྩ་གསུམ་མངོན་གྱུར་བཀྲ་ཤིས་ཤོག༔ ཅེས་པའང་དུས་གསུམ་ཀུན་མཁྱེན་བླ་མའི་ཕྲིན་ལས་ཀྱིས་ཕ་རན་སེའི་རྒྱལ་ཁབ་ཏུ་རྩ་གསུམ་འོད་གསལ་སྙིང་ཐིག་གི་སྒྲུབ་སྡེ་ཐེག་མཆོག་འོད་གསལ་གླིང་གསར་ཚུགས་སྐབས་ཚུལ་འདིའི་སྨིན་གྲོལ་འབོག་པའི་ཚེ་དད་ལྡན་རྣམས་ལ་ཉེར་མཁོའི་དབང་གིས་རྒྱལ་ཁམས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བསམ་གཏན་ཁང་བུ་བཀྲ་ཤིས་དཔལ་འབར་གླིང་དུ་བྲིས་པ་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།

Footnotes

Other Information