ལྡེ་མིག་རྒྱ་ཅན་ལས། བཀའ་བརྒྱད་དཔལ་དགུ་གཙོ་འཁོར་གྱི་སྒོས་བཀའ་སོ་སོར་སྒྲུབ་པ་རིག་འཛིན་ཞལ་ལུང་སོགས་ཁྲོ་བོ་སྤྱིའི་ལས་བྱང་གི་ཁོག་དབུབ་ཆོག་བསྒྲིགས་སུ་བཀོད་པ་མཆོག་ཐུན་དངོས་གྲུབ་ཀུན་འབྱུང་།

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-002
Wylie title lde mig rgya can las/ bka' brgyad dpal dgu gtso 'khor gyi sgos bka' so sor sgrub pa rig 'dzin zhal lung sogs khro bo spyi'i las byang gi khog dbub chog bsgrigs su bkod pa mchog thun dngos grub kun 'byung DKR-KABUM-05-CA-002.pdf
Location dil mgo mkhyen brtse bka' 'bum
Volume 5, Text 2, Pages 26-40 (Folios 1a to 15a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Lde mig rgya can las bka' brgyad dpal dgu gtso 'khor gyi sgos bka' so sor sgrub pa rig 'dzin zhal lung sogs khro bo spyi'i las byang gi khog dbub chog bsgrigs su bkod pa mchog thun dngos grub kun 'byung. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 26-40. Delhi: Shechen Publications, 1994.
Genre Activity Manual - las byang  ·  Sadhanas - Evocation Ritual - sgrub thabs
Cycle ལྡེ་མིག་རྒྱ་ཅན་ (lde mig rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity bka' brgyad dpal dgu
Colophon

།སྐྱེ་འཆིའི་མཚན་རྟོག་འགྱུརྃ་མེདྃ་ཡེ་ཤེས་རྩིས། །གྲུབ་གཉིས་གསེར་གྱི་རྒྱན་བཟང་ལེགས་བསྐྲུན་པས། །ཐེགྃ་མཆོགྃ་བསྟནྃ་པའིྃ་རྒྱལྃ་མཚནྃ་མཛེས་པ་ཡི། །ཁྲག་འཐུང་རོལ་པའི་ལས་བྱང་འདི་རྨད་བྱུང༌། །བཀའ་བརྒྱད་རིག་འཛིན་ཞལ་ལུང་སོགས་ཁྲོ་བོ་སྤྱིའི་ལས་བྱང་གི་ཁོབ་ཕུག་ཀྱི་ལེའུ་ཚན་ནོ།།

/skye 'chi'i mtshan rtog 'gyura~M meda~M ye shes rtsis/_/grub gnyis gser gyi rgyan bzang legs bskrun pas/_/thega~M mchoga~M bstana~M pa'i~M rgyala~M mtshana~M mdzes pa yi/_/khrag 'thung rol pa'i las byang 'di rmad byung*/_/bka' brgyad rig 'dzin zhal lung sogs khro bo spyi'i las byang gi khob phug kyi le'u tshan no//

Notes There is a misprint in the pecha- page 26b (folio 1b) is blank.
[edit]
༄༅། ལྡེ་མིག་རྒྱ་ཅན་ལས། བཀའ་བརྒྱད་དཔལ་དགུ་གཙོ་འཁོར་གྱི་སྒོས་བཀའ་སོ་སོར་སྒྲུབ་པ་རིག་འཛིན་ཞལ་ལུང་སོགས་ཁྲོ་བོ་སྤྱིའི་ལས་བྱང་གི་ཁོག་དབུབ་ཆོག་བསྒྲིགས་སུ་བཀོད་པ་མཆོག་ཐུན་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།། ༄༅། སྲིད་ཞིའི་སྤྱི་དཔལ་ཆེ་མཆོག་ཁྲག་འཐུང་ལྷ། །བཀའ་བབས་རིག་འཛིན་མཆོག་གི་ཚུལ་བཟུང་བའི། །ཐུགས་བཅུད་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི། །སྨིན་གྲོལ་ཤིང་རྟ་བཅས་ལ་གུས་པས་འདུད། །གསང་ཆེན་ཐེག་མཆོག་ལམ་གྱི་སྲོལ། །དག་ཆེན་ཡེ་ཤེས་ལྡེ་མིག་གིས། །ལེགས་ཕྱེས་སྐལ་བཟང་དངོས་གྲུབ་བཙས། །འཇུག་བདེ་དོན་ཚང་ཁྲིགས་བསྡེབས་སྤེལ། །དེ་ལ་འདིར་ལྡེ་མིག་རྒྱ་ཅན་གྱི་ནང་ཚན་བཀའ་བབས་རིག་འཛིན་རྣམ་དགུའི་དགོངས་ཉམས་ཁྲག་འཐུང་དཔལ་དགུའི་ཚོམ་བུ་སོ་སོར་སྒྲུབ་པ་རིག་འཛིན་ཞལ་ལུང་སོགས་བདུད་འདུལ་ཁྲོ་བོ་སྤྱིའི་ལས་བྱང་གི་སྟོད་སྨད་བར་གྱི་སྤྱི་ཆིངས་དཀྱུས་གཅིག་ཏུ་བཀོད་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་གཉིས། །དང་པོ་ཆོ་གར་མ་གཏོགས་པའི་སྦྱོར་བ་ནི། དེ་ཡང་གང་བསྒྲུབ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་ཅིང༌། སྡོམ་པ་དང་དམ་ཚིག་ལ་གནས་པའི་སྔགས་པ་བླ་ན་མེད་པའི་ཡེ་ཤེས་མཆོག་གི་དངོས་གྲུབ་འཐོབ་པར་འདོད་པས། དབེན་ཞིང་ཡིད་དང་མཐུན་པའི་གནས་ཁང་ཡོངས་སུ་བརྒྱན་ཅིང་གང་བསྒྲུབ་པའི་ལྷ་ཡི་སྐུ་རྟེན་སོགས་བཀོད་པའི་མདུན་སྟེགས་གཙང་མར་འབྱོར་ན་བསྒྲུབ་བྱའི་ལྷ་སོ་སོའི་གཞུང་དང་མཐུན་པའི་དཀྱིལ་འཁོར་གང་རུང་བཀྲམ་ཅིང་བཀོད་པ་དང༌། བསྡུ་ན་དཔལ་གྱི་གཏོར་མ་འཁོར་བསྒྲུབ་བྱའི་ལྷ་གྲངས་ཅན་མཐེབ་ཀྱུ་དང་ཟས་སྣས་བསྐོར་བ་རྒྱན་སྤྲོས་ཀྱིས་མཛེས་པ་དང༌། སྲུང་མའི་གཏོར་མ། ཆད་བརྟན། སྨན་རཀ་ལ་སོགས་ཏེ་ཕྱི་ནང་གསང་བའི་མཆོད་ཚོགས་དང༌། སྔོན་གཏོར་དཀར་དམར། ཚོགས་ཀྱི་ཡོ་བྱད། རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པར་འདུ་བྱ་བའོ། །གཉིས་པ་ཆོ་གར་གཏོགས་པའི་སྦྱོར་བ་ལ། སྐྱབས་སེམས་བསགས་སྦྱོང་སྔོན་གཏོར་སྲུང༌། །བརྡ་ཡི་སྒོ་དབྱེ་ཕྱག་དམ་བཅའ། བཤགས་དང་བྱིན་དབབ་མཆོད་རྫས་བརླབས། །ཞེས་བརྒྱད་ལས། དང་པོ་སྐྱབས་སེམས་ནི། །བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །ལན་གསུམ་བརྗོད། གཉིས་པ་བསགས་སྦྱང་ཡན་ལག་བརྒྱད་སོགས་ནི། རང་གི་སྙིང་ཁ་ནས་སྤྲོས་པའི་འོད་ཟེར་གྱིས་དཔལ་ཆེན་ཁྲག་འཐུང་ཆེན་པོ་ལ་བླ་མ་རིགས་བདག་གི་རྣམ་པས་དབུ་བརྒྱན་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང༌། །དག་པའི་མཐའ་བཞི་དྲི་མ་མེད། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་བྱང་ཆུབ་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བགྲངས་པའི་ལས་རྣམས་ཀུན། །བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་པའི་བར་ལན་གསུམ་དང༌། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་བརྗོད་ལ། ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གསུམ་པ་སྔོན་གཏོར་ནི། གཏོར་མ་དཀར་དམར་གཉིས། རྃ་ཡྃ་ཁྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ཧོཿ ལན་གསུམ་གྱིས་བརླབ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །རྡོར་ཐལ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་ལན་གསུམ་གྱིས་བསྔོས་ལ། །ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གིས་སྒྲུབ་པ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །གནང་བ་ལེགས་པར་བསྩལ་ནས་ཀྱང༌། །ཅི་བདེ་བར་ནི་གཞན་དུ་སོང༌། །ཞེས་ཕྲིན་ལས་གསོལ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཤེགས་པར་བསམ། གཏོར་མ་གཉིས་པ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏག་སྥ་ར་ཎ་ཧི་མཾག་ག་ན་ཁཾ་གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། ཧཱུྃ། དཔལ་ཆེན་ཁྲག་འཐུང་ཡོངས་རྫོགས་དཀྱིལ་འཁོར་དུ། །སྣང་སྲིད་རྣམ་དག་ཡེ་ཤེས་ལྷ་ཡི་ཚོགས། །ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །རིག་རྩལ་རྣམ་དག་ཐབས་ཤེས་གཡུང་དྲུང་ལྷ། །འདི་ལ་ལོག་པར་ལྟ་བའི་དགྲ་དང་བགེགས། །བདུད་སྡེ་དཔུང་བཅས་ཐམས་ཅད་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སོགས་བརྗོད། བཞི་པ་སྲུང་འཁོར་ནི། ཧཱུྃ། བདག་ཉིད་དཔལ་ཆེན་ཁྲག་འཐུང་ཐུགས་ཀ་ནས། །དྲག་པོའི་བྱིན་རླབས་མཚོན་ཆའི་འོད་ཟེར་འཕྲོ། །མཚོན་ཆའི་གུར་ཆེན་ཡེ་ཤེས་མེ་དཔུང་འབར། །ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་སྲུངས༌། །ཨོཾ་བཛྲ་ཙཀྲ་ཏཱིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ། ལྔ་པ་བརྡ་སྒོ་ཕྱག་དང་དམ་བཅའ་བ་ནི། །སྣོད་བཅུད་གདོད་ནས་གཞལ་ཡས་ཁང་དང་ལྷའི་རང་བཞིན་དུ་ཤེས་པས། ཧཱུྃ། སྣང་སྲིད་ཐམས་ཅད་བདེ་ཆེན་གཞལ་ཡས་ཁང༌། །གཟུགས་སྣང་ཐམས་ཅད་རང་རིག་ཡེ་ཤེས་ལ། །དེ་ཉིད་མ་རྟོགས་མ་རིག་སྒོ་བཅད་པས། །རང་གསལ་ཡེ་ཤེས་འཆར་སྒོ་ད་ཕྱེས་ཤིག །བྷྲཱུྃ་པྲ་བེ་ཤ་ཡ་ཕཊཿ དེ་དག་རང་སེམས་ལས་གཞན་དུ་མ་གྲུབ་པར་ཤེས་པས། ཧཱུྃ། རང་བྱུང་ཡེ་ཤེས་སྙིང་པོ་སེམས་ཀྱི་ལྷ། །མ་རྟོགས་རང་ངོ་རང་གིས་མ་ཤེས་པས། །ཡེ་ནས་རང་དང་འགྲོགས་ཀྱང་ཞལ་མ་མཇལ། །རང་གསལ་བརྡ་ཡི་དོན་དང་མཇལ་ཕྱག་འཚལ། །ཧཱུྃ་ཨེ་རུ་ཀ་ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ དེ་ལྟར་རྟོགས་པ་ལས་ནམ་ཡང་མི་འདའ་བའི་བློས། ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་ཞི་ཁྲོའི་ཚོགས། །བསྐལ་པ་སྔོན་འདས་དུས་ནས་ཡི་དམ་ལྷ། །ད་ལྟ་གཉིས་མེད་དོན་དམ་རང་ངོ་ཤེས། །སྲོག་གི་ཕྱིར་ཡང་མི་བཏང་བསྒྲུབ་ལགས་སོ། །ཧཱུྃ་བཛྲ་ཙིཏྟ་ས་མ་ཡ་ཧཱུྃ། དྲུག་པ་བཤགས་པ་ནི། རཏྣ་པདྨ་སཱུརྻ་ཙནྡྲ་མཎྜ་ལ་བཛྲ་ས་མཱ་ཛཿ །དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་བདག་ལ་དགོངས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་སོགས། །རྩ་བ་ཡན་ལག་ཉམས་ཆག་མ་ལུས་པ། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་པ་བརྗོད། སྤྲོ་ན་བརྗོད་མེད་དོན་བཤགས་བརྗོད་པར་བྱའོ། །བདུན་པ་བྱིན་འབེབས་ནི། ཧཱུྃ་ཨོཾ། ཨ་ལ་ལ་ཧོཿ བྷ་ག་ཝཱན་ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །དགྲ་བགེགས་སྒྲོལ་བའི་དུས་ལ་བབ། །ཉམས་ཆག་སྐོང་བའི་དུས་ལ་བབ། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །བྱིན་རློབས་དབང་སྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨཿ བརྒྱད་པ་མཆོད་གཏོར་རྣམས་བྱིན་གྱིས་བརླབ་པ་ནི། ཧཱུྃ། ཐུགས་ལས་རྃ་ཡྃ་ཁྃ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱི། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ་གྱུར། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ཐོགས་པའི་ལྷ་མོ་རེ་རེ་ལའང་དཔག་ཏུ་མེད་པར་འཕྲོ་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ནམ་མཁའ་མཛོད་ལྟ་བུར་ཟད་མི་ཤེས་པས་ཁྱབ་པར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་དྷཱུ་པེ་ཧཱུྃ། བཛྲ་པུཥྤེ་ཧཱུྃ། བཛྲ་ཨཱ་ལོ་ཀེ་ཧཱུྃ། བཛྲ་གནྡྷེ་ཧཱུྃ། བཛྲ་ནཻ་བི་དྱ་ཧཱུྃ། བཛྲ་ཤཔྟ་ཧཱུྃ། བཛྲ་སརྦ་པཱུ་ཛ་མེ་གྷ་ཧཱུྃ། ཞེས་དང༌། བདུད་རྩི་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་བནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་འཁོར་ལོ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་རྣམས་ལ་ཤ་ལྔ་བདུད་རྩི་ལྔ་རྣམས་གནས་པ་ལ། རླུང་གིས་མེ་སྦར་ཏེ་ཞུ་བ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་བཅུ་སོ་སོའི་ལྟེ་བར་ཧཱུྃ་ཨོཾ་སྭཱ་ཨཾ་ཧཱ་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས་རིགས་ལྔ་ཡབ་ཡུམ་ལྔར་གྱུར་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་རྒྱུན་བབས་པའི་སྟེང་དུ་རིགས་ལྔ་ཡབ་ཡུམ་འོད་དུ་ཞུ་ནས་ཐིམ་པས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ལན་གསུམ། གཏོར་མ་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཐོད་པ་དུམ་བུ་གཅིག་པ་སྟོང་གསུམ་དང་མཉམ་པའི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷའི་ཞལ་ཟས་འདོད་ཡོན་ལྔའི་ལྷ་མོ་སྤྲིན་གྱི་ཕུང་པོ་ལྟ་བུར་འཁྲིགས་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ། ལན་གསུམ། རཀྟ་ལ། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་པདྨ་འབར་བའི་སྣོད་ཆེན་པོར། ར་ལས་རྡོ་རྗེ་སྒེག་མོ་དམར་མོའི་མཁའ་ནས་ཁྲག་བབས་ཏེ། ཉོན་མོངས་པ་བག་ཆགས་དང་བཅས་པ་འཇོམས་པའི་རཀྟའི་རྒྱ་མཚོ་རྦ་ཀློང་རྒྱ་མདུད་ཀྱི་ཚུལ་དུ་འཁྲུགས་པ་ལ་ལྷ་མོ་ཉིད་འོད་དུ་ཞུ་ནས་ཐིམ་པས་འཁོར་བ་སྟོང་པར་གྱུར། ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ། ལན་གསུམ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ། མ་ཧཱ་པཉྩ། མ་ཧཱ་བ་ལིཾ་ཏ། མ་ཧཱ་རཀྟ། ཨ་ཧོ་སུ་ཁ་ས་མ་ཡེ་སྭཱ་ཧཱ། ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་དྲངས་བརྟན་བཞུགས་ཕྱག །མཆོད་དང་བསྟོད་བཤགས་བསྙེན་བཟླས་དང༌། །དངོས་གྲུབ་ཆེ་བསྐྱེད་ཕྲིན་གསོལ་ལོ། །ཞེས་བཅུ་གཅིག་ལས། དང་པོ་ལ་བཞི་ལས། དང་པོ་ཏིང་འཛིན་རྣམ་གསུམ་ནི། ཧཱུྃ། ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཆོས་རྣམས་སྣ་ཚོགས་རང་ཤར་བ། །རང་བཞིན་མེད་དེ་ཆུ་ཟླ་འདྲ། །ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ། །སྙིང་པོ་ཡེ་ཤེས་ཧཱུྃ་གི་དབྱིབས། །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་ས་མཱ་ཏི་ཧཱུྃ། ཨོཾ་དྷརྨ་དྷཱ་ཏུ་ས་མཱ་ཏི་ཧཱུྃ། ཨོཾ་ཛྙཱ་ན་བཛྲ་ས་མཱ་ཏི་ཧཱུྃ། །གཉིས་པ་རྟེན་འབྱུང་བ་རིམ་བརྩེགས་དང་གཞལ་ཡས་ཁང་གདན་བཅས་བསྐྱེད་པ་ནི། ཧཱུྃ། ཐུགས་ལས་ཨེ་ཡཾ་རཾ་ཁཾ་སུཾ་ཀེཾ་བྷྲཱུྃ། །ས་བོན་སྔགས་རྣམས་ཡོངས་སུ་གྱུར་པ་ལས། །འབྱུང་ལྔ་རི་རབ་གཞལ་ཡས་ལྷུན་གྱིས་གྲུབ། །ཨེ་ལས་ནམ་མཁའ་སྔོ་སྐྱ་གྲུ་གསུམ་སྟེང༌། །ཡཾ་ལས་རླུང་དཀྱིལ་ཟླ་གམ་དུད་ཁ་གཡོ། །རཾ་ལས་མེ་དཀྱིལ་དམར་པོ་ཟུར་གསུམ་འབར། །ཁཾ་ལས་ཁྲག་མཚོ་དམར་ནག་ཟླུམ་པོ་འཁྲུགས། །སུཾ་ལས་ས་དཀྱིལ་སེར་པོ་གྲུ་བཞི་བརྟན། །ཀེཾ་ལས་ཀེང་རུས་རི་རབ་གྲུ་བཞི་དཀར། །བྷྲཱུྃ་ལས་ཐོད་པ་རིན་ཆེན་གཞལ་ཡས་ཁང༌། །དབུས་སུ་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་ལ། །ཟླ་གམ་དམར་པོ་ཐོད་པའི་རྭ་བ་ཅན། །ཕྱི་རོལ་འཁོར་ལོ་རྩིབ་བཞི་ཕྱོགས་ཀྱི་མདོག །ཚེ་བདག་ལ། ཕྱི་རོལ་འཁོར་ལོ་རྩིབས་བཞི་བརྒྱད་བཅུ་གཉིས། ཞེས་བསྒྱུར། མཆན་༽ མགོ་བོ་རློན་པའི་ཕྲེང་བས་ཟླུམ་པོར་བསྐོར། །དེའི་ཕྱིར་གྲུ་བཞི་སྒོ་བཞིའི་གཞལ་ཡས་ཁང༌། ཕྱོགས་སྐྱོང་བཅུ་ཡིས་རྩིག་པའི་རྨང་གཞི་བྱས། །ནང་དུ་བྷནྡྷ་སྐམ་རློན་རྙིང་པ་ཡི། །རྩིག་པར་གནམ་ལྕགས་འབར་བའི་གཟེར་གྱིས་བཏབ། ཕྱི་ནི་སྣ་ཚོགས་རིན་ཆེན་ལས་གྲུབ་པ། །དམར་དཀར་སེར་ལྗང་ནག་པོའི་ཆེ་མཆོག་གི་སྐུ་མདོག་སྨུག་ནག་གི་དབང་དུ་བྱས་ཀྱི་གཤིན་རྗེ་སོགས་ལ་ནག་དཀར་གྱིས་མཚོན་ཏེ་གང་སྒྲུབ་པའི་གཙོ་བོའི་སྐུ་མདོག་ལྟར་འཕྲུལ་ཤེས་པར་བྱ། རྩིག་པ་ཅན། །བར་དུ་ལྷ་ཆེན་བརྒྱད་ཀྱི་རྩིག་པས་གཏམས། །རྩིག་སྟེང་རིན་ཆེན་རུས་པའི་ཕ་གུ་ལ། །རྒྱུ་མ་རློན་པའི་དྲྭ་བ་དྲྭ་ཕྱེད་འཕྱང༌། །དེ་སྟེང་རིན་ཆེན་རུས་པ་སྤེལ་མ་ཡི། །མདའ་ཡབ་པུ་ཤུ་རྩིག་པའི་རྩ་བ་ན། །འདོད་སྣམ་དམར་པོར་མཆོད་པའི་ལྷ་མོས་གང༌། །རྒྱལ་ཆེན་བཞི་དང་ཐོད་པ་སྐམ་པོ་ལས། །གྲུབ་པའི་ཀ་བ་བརྒྱད་ཀྱིས་ལེགས་བཏེགས་པའི། །ཐོད་པ་རློན་པའི་ཀ་གཞུ་རབ་ཏུ་བརྗིད། །ཀླུ་ཆེན་བརྒྱད་ཀྱི་གདུང་མས་ཕྱོགས་མཚམས་བྲེས། །དེ་ལ་མཛེས་པའི་རྡོ་རྗེ་འདི་ནི་ཆེ་མཆོག་དང་ཁྲོ་བོ་སྤྱིའི་དབང་དུ་བྱས་ཀྱི། གཤིན་རྗེར་བེ་ཅོན། རྟ་མགྲིན་ལ་ཁ་ཊྭཱཾ། ཡང་དག །མ་མོ། རིག་འཛིན་རྣམས་ལ་རྡོ་རྗེ། དྲེགས་པ་ལ་མགོ་བོ། དྲག་སྔགས་ལ་སྙིང༌། ཡང་གསང་ལ་མེ་ཏོག་ཅེས་བསྒྱུར་དགོས། མཆན་༽ རྒྱན་དུ་སྤུད། གཟའ་ཆེན་བརྒྱད་ཀྱི་བད་ཕུར་བཏང་བ་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དྲལ་ལྕམ་བྱས། །བདུད་རྩི་ལྔ་ལས་གྲུབ་པའི་ཞལ་བ་ཅན། །དབུས་ཀྱི་ལྟེ་བ་ཕྱུར་བུར་མཐོ་བའི་རྩེར། །པདྨས་བཏེགས་པའི་ཙིཏྟའི་ཏོག་གིས་བརྒྱན། སྒོ་བཞིར་ཀ་བ་བཞི་བཞིས་བཏེགས་པ་ཡི། །རྟ་བབ་བང་རིམ་བཞི་དང་ལྡན་པའི་སྟེང༌། །པདྨ་ཆོས་འཁོར་བཅུ་གསུམ་གདུགས་རི་དྭགས། །མགོ་སྙིང་ཏོག་མཛེས་ཞིང་ཆེན་རྒྱལ་མཚན་དང༌། །ལག་པའི་འཕན་དང་སྐྲ་ཡི་རྔ་ཡབ་ཅན། །དབང་པོའི་མེ་ཏོག་སྤེལ་བའི་ཕྲེང་བ་གཡོ། །མདོར་ན་རྔམ་བརྗིད་མཛེས་པའི་རྒྱན་གྱིས་སྤུད། །ཕྱི་རོལ་པད་ར་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེའི་ར་བ་བསྐལ་པའི་མེ་དཔུང་འབར། །དབུས་ཀྱི་གྲུ་གསུམ་ཨེ་ཡི་དཀྱིལ་འཁོར་སྟེང༌། །པཾ་ལས་སྣ་ཚོགས་པདྨ་མཛེས་པའི་གདན། །ཨ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་བ། །མ་ལས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར། །བཾ་ལས་རུ་ཏྲ་ཕོ་མོ་བསྣོལ་བ་ཡི། །གན་རྐྱལ་ཁ་སྦུབ་བསྒྱེལ་བའི་གདན་སྟེང་དུ། གསུམ་པ་བརྟེན་པ་ལྷའི་འཁོར་ལོ་བསྐྱེད་པ་ནི། དཔལ་ཆེན་བཀའ་བརྒྱད་སྒོས་བཀའ་རིག་འཛིན་ཞལ་ལུང་སོགས་ཁྲོ་བོའི་དབང་ཆོག་སོ་སོའི་མགོར་ཡོད་པའི་ལྷ་ཡི་མངོན་རྟོགས་སྐབས་སུ་གང་བབས་པ་འདིར་སྦྱོར་བའོ། །བཞི་པ་བྱིན་རླབས་དབང་བསྐུར་ནི། ཧཱུྃ། རང་བྱུང་དཀྱིལ་འཁོར་དཔལ་ཆེན་ཚོགས། །མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར། །སྐུ་གསུང་ཐུགས་སུ་བྱིན་རློབས་ལ། །ཡེ་ཤེས་རྣམ་ལྔས་དབང་བསྐུར་ཅིག །ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཧྲཱིཿཧཱཿ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ྄་ཙིཏྟ་ཛྙཱ་ན་པཉྩ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། གཉིས་པ་སྤྱན་འདྲེན་པ་ལ་གཉིས། དང་པོ་སྙན་གསན་དབབ་པ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་སེམས་དཔའི་ཐུགས་རྒྱུད་བསྐུལ། ཆོས་ཀྱི་སྐུ་ལས་གཟུགས་སྐུ་དཔལ་ཆེན་ཁྲག་འཐུང་ཆེན་པོའི་ལྷ་ཚོགས་སུ་བཞེངས་པར་གྱུར། ཧཱུྃ། ཀ་དག་ཆོས་སྐུའི་ཀློང་ཡངས་ནས། །སྐུ་ལྔའི་བདག་ཉིད་ལོངས་སྤྱོད་རྫོགས། །དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས། །སྤྲུལ་པའི་གར་གྱིས་དབྱིངས་ནས་བཞེངས། །ཨོཾ་བཛྲ་ས་མ་ཡ་ཧཱུྃ་ཛཿ ཞེས་སྙན་གསན་ཕབ་ལ། གཉིས་པ་སྤྱན་འདྲེན་པ་ནི། ཧཱུྃ། རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས། །དཔལ་ཆེན་ལྷ་ཚོགས་སྐུར་བཞེངས་ལ། །སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སོ་སོའི་རྩ་སྔགས་ཀྱི་མཇུག་ཏུ། ཨེ་ཧྱེ་ཧི་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཧྲཱིཾ་ཧྲཱིཾ་ཛཿ གསུམ་པ་བརྟན་བཞུགས་ནི། དམ་ཡེ་གཉིས་མེད་དུ་ཐིམ་པར་མོས་ལ། ཧཱུྃ། དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་འདིར། །དམ་ཚིག་ཡེ་ཤེས་དབྱེར་མེད་པར། །ཆུ་ལ་ཆུ་བཞག་ཇི་བཞིན་དུ། །དུ་མ་རོ་གཅིག་བརྟན་པར་བཞུགས། །ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་སྟྭཾ། བཞི་པ་ཕྱག་འཚལ་བ་ནི། རང་གི་ཐུགས་ཀ་ནས་ལྷ་མོ་བསམ་གྱིས་མི་ཁྱབ་པ་སྤྲུལ་པ་རྣམས་ཀྱིས་ཕྱག་མཆོད་བསྟོད་པས་བསྙེན་བཀུར་བར་མོས་ལ། ཧཱུྃ། ཆོས་རྣམས་རང་བཞིན་ཡེ་ནས་དག །རྟོག་འཁྲུལ་འཇིག་རྟེན་སེམས་ཅན་ལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྟོན། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། ན་མཿཧྲཱིཾཿ ལྔ་པ་མཆོད་པ་ལ་བཅུ་གཉིས་ལས། དང་པོ་ཕྱག་རྒྱ་གར་མཆོད་ནི། ཧཱུྃ། ཁྲག་འཐུང་རྒྱལ་པོ་གར་ལ་དགྱེས། །སྐུ་མདོག་ཞལ་ནི་རྣམ་པར་འགྱུར། །སྐུ་ཡི་གར་སྟབས་གློག་འགྱུ་བའི། །ཕྱག་རྒྱ་གར་གྱི་མཆོད་པ་འབུལ། །མ་ཧཱ་མུ་དྲ་པཱུ་ཛ་ཧོཿ གཉིས་པ་གླུ་མཆོད་ནི། ཧཱུྃ། སྟོང་པའི་རང་བཞིན་ཅིར་ཡང་སྣང༌། །སྣང་བའི་མཚན་ཉིད་སྐྱེ་བ་མེད། །གླུ་ནི་འདུ་འབྲལ་མེད་པའི་གླུ། །བྲོ་ནི་བར་ཆད་མེད་པར་བརྡུང༌། །ཨོཾ་མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ་ཏེ་ན་ཏེ་ཏེ་ཧཱུྃ། གསུམ་པ་ཕྱི་མཆོད་ནི། ཧཱུྃ། དཔལ་ཆེན་ཁྲག་འཐུང་དཀྱིལ་འཁོར་དུ། བདུག་སྤོས་མེ་ཏོག་མར་མེ་དྲི། །ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན། །དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ། ཨོཾ་པ་ན་པེཾ། པེ་ནུ་སུ་ར་ཏོ། ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧོ། ཨོཾ་ཤྲཱི་བཛྲ་རཱ་ག་དྷཱུ་པེ་ཧཱུྃ། པུཥྤེ་ཏྲཱཾ། ཨཱ་ལོ་ཀེ་ཧཱུྃ། གནྡྷེ་ཧྲཱིཿ ནེ་བི་དྱ་ཨཱཿ གཱིརྟི་ཤཔྟ་ཧཱུྃ། བཞི་པ་ནང་མཆོད་ནི། ཨོཾ། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་གཏིབས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྔ་ལྡན་མཆོད་པར་བཞེས། །ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོ། ལྔ་པ་གསང་མཆོད་ནི། ཧཱུྃ། འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ང་རྒྱལ་ཕྲག་དོག་ཉོན་མོངས་ལྔ། །ཡེ་ནས་རིགས་ལྔའི་རང་བཞིན་ཡིན། །སྦྱོར་སྒྲོལ་ཏིང་འཛིན་དམ་མཆོད་བཞེས། །ཧ་ལ་པཉྩ་པཱུ་ཛ་ཧོ། དྲུག་པ་དུག་གསུམ་མཆོད་པ་ནི། ཧཱུྃ། ཤ་ཁྲག་རུས་པ་རྣམ་པ་གསུམ། །དུག་གསུམ་མཆོད་པ་བླ་ན་མེད། །ཡེ་ནས་སྐུ་གསུམ་རང་བཞིན་ཏེ། །རང་གྲོལ་ཉིད་དུ་མཆོད་པར་བཞེས། །མ་ཧཱ་མཱཾ་ས། མ་ཧཱ་རཀྟ། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། བདུན་པ་སྨན་མཆོད་ནི། ཧཱུྃ། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔ་སེམས་ཅན་ཀུན་བསྒྲལ་ཕྱིར། །དུག་ལྔ་སེལ་བའི་བདུད་རྩི་ཆེ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། ཧཱུྃ། རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ཐུན་མོང་མཆོག་དང་ཁྱད་འཕགས་འདི། །དུས་གསུམ་བླ་མ་ཡི་དམ་ལྷ། །དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་ལ། །བདུད་རྩི་དམ་རྫས་མཉེས་མཆོད་འབུལ། །བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྤྲོ་ན། སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང༌། །རྗེ་འབངས་གྲོགས་གསུམ་རྡོ་རྗེ་ཐོགས་མེད་རྩལ། །སྨིན་གྲོལ་མཆོག་སྩོལ་རྩ་བརྒྱུད་བླ་མ་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་ཀྱི། །སྤྱི་གཟུགས་དཔལ་ཆེན་ཁྲག་འཐུང་ལྷག་པའི་ལྷ། །དཀྱིལ་འཁོར་འཁོར་ལོར་བཅས་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཟབ་ལམ་གདམས་པའི་བཀའ་སྲུང་མཐུ་སྟོབས་བདག །དམ་ཅན་བརྟན་མ་བཅུ་གཉིས་ལ་སོགས་པ། །རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛད་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་འབུལ། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱང་ན་དངོས་གྲུབ་མཆོག་འཐོབ་འགྱུར། ཀཱ་ཡ་སིདྡྷི་ཨོཾ། ཝཱཀ྄་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་གནས་གསུམ་དུ་ཐིག་ལེ་བྱ་ཞིང་མྱང་ངོ༌། །བརྒྱད་པ་གཏོར་མཆོད་ནི། ཧཱུྃ། དམ་རྫས་རྨད་བྱུང་གཏོར་ཆེན་པོ། །འདོད་ཡོན་ལྔ་ཡི་ཕུང་པོར་འབར། །ཐམས་ཅད་ཚིམ་བྱེད་མཆོད་སྦྱིན་ཆེ། །དཔལ་ཆེན་ལྷ་ཚོགས་ཐུགས་དམ་བསྐང༌། །མ་ཧཱ་བ་ལིཾ་ཏ་ཁཱ་ཧི། དགུ་པ་རཀྟའི་མཆོད་པ་ནི། ཧཱུྃ། རུ་ཏྲ་བསྒྲལ་བའི་ཁྲག་ཆེན་པོ། །ལྕང་ལོར་བཅས་པའི་བྷཉྫར་བསྐྱིལ། །འཁོར་བ་དབྱིངས་སུ་དག་བྱའི་ཕྱིར། །དཔལ་ཆེན་ལྷ་ཚོགས་ཞལ་དུ་འབུལ། །མ་ཧཱ་རཀྟ་ཁཱ་ཧི། བཅུ་པ་བདུད་རྩི་གསང་བསྣན་གྱི་མཆོད་པ་ནི། ཧཱུྃ། རྒྱུ་གཉིས་རྐྱེན་སྦྱར་འབྲུ་བཅུད་འདི། དུག་ལྔ་སྨན་གྱུར་དམ་པའི་རྫས། །ཛ་གད་དཔའ་བོའི་བདུད་རྩི་འདིས། །དཔལ་ཆེན་ལྷ་ཚོགས་ཐུགས་དམ་བསྐང༌། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཛ་གད་ཁཱ་ཧི། བཅུ་གཅིག་པ་སྦྱོར་མཆོད་ནི། ཧཱུྃ། དབྱིངས་རིག་གཉིས་མེད་སྦྱོར་བ་ཡིས། །འཁོར་འདས་གཉིས་སུ་མེད་པར་སྦྱོར། །གཉིས་མེད་རྟོགས་པའི་སྦྱོར་མཆོད་འདིས། །ཁྲག་འཐུང་ཡབ་ཡུམ་མཉེས་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ པདྨ་ཡོ་གི་ནཱི་ས་མ་ཡ་པྲ་བེ་ཤ་ཡ་ཕཊ། བཅུ་གཉིས་པ་སྒྲོལ་མཆོད་ནི། ཧཱུྃ། ཡང་དག་དོན་རྟོགས་བློ་ཡིས་ནི། མ་རྟོགས་སེམས་ཅན་གནས་སུ་བསྒྲལ། །དུས་གསུམ་བདེ་གཤེགས་དེ་ལ་མཉེས། །མཆོག་གི་མཆོད་པ་ཆེན་པོ་བཞེས། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཏྲཾ་རུ་ཏྲ་པྲ་བྷཉྫ་ཙཀྲ་ཧཱུྃ་ཕཊ། པྲ་བེ་ཤ་ཡ་ཕཊ། ཏི་ཧཱུྃ་ཨེ་ཡཾ་སྥ་ར་ཎ་ཕཊ། དྲུག་པ་བསྟོད་པ་ནི། ཡོན་ཏན་རྗེས་སུ་བསྔགས་པའི་རྡོ་རྗེའི་གླུ་སྙན་ཅིང་འགྱུར་བས་བསྟོད་པར་མོས་ལ། །ཨོཾ། མཉམ་ཉིད་ཆོས་སྐུའི་རང་བཞིན་ལས། །ཀུན་བཟང་ཟག་པ་མེད་པར་བདེ། །སེམས་ཅན་དོན་ལ་དེ་བཞིན་གཤེགས། །ཐུགས་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཨཱཿ རྩོལ་མེད་རང་བྱུང་ཆོས་སྐུའི་སྒྲ། །མ་འགགས་རང་གསལ་འཛིན་པ་མེད། །ཆགས་མེད་སྐྱོན་བྲལ་པདྨའི་གསུང༌། །ཡང་དག་གསུང་ལ་ཕྱག་འཚལ་བསྟོད། །ཧཱུྃ། སྤྲོས་པ་མེད་པ་དབྱིངས་ཀྱི་ངང༌། །མ་སྐྱེས་འཇིགས་མེད་རྡོ་རྗེའི་ཐུགས། །བླང་དོར་མེད་པ་ཆོས་ཀྱི་དབྱིངས། །འགྱུར་མེད་ཐུགས་ལ་ཕྱག་འཚལ་བསྟོད། །སྭཱ། ཆོས་དབྱིངས་རོལ་པ་ཆེན་པོ་ལས། །རྩལ་དང་རོལ་པ་མི་དམིགས་ཀྱང༌། །ནམ་མཁའ་མཛོད་ཀྱི་ཆོ་འཕྲུལ་གྱིས། །ཡོན་ཏན་རེ་སྐོང་ཕྱག་འཚལ་བསྟོད། །ཧཱཿ རང་བཞིན་ཅིར་ཡང་མ་ངེས་ཀྱང༌། །དཀྱིལ་འཁོར་ཆེན་པོའི་ཆ་བཟུང་ནས། །རྟོག་མེད་དྲེགས་པ་ངང་གིས་འདུལ། ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ ན་མོ་ཧྲཱི་ད་ཡ། ཨོཾ་ན་མ། བརྒྱད་པ་ཛཔ྄་བཟླ་བ་ལ་གསུམ་ལས། དང་པོ་ཛཔ྄་བསྐུལ་ནི། །དཀྱིལ་འཁོར་གཙོ་མཆོག་ཧེ་རུ་ཀཿ །ཟག་མེད་བདེ་བའི་ཉམས་ལྡན་ཅན། །སྟོང་ཉིད་སྙིང་རྗེ་ཡུམ་དང་སྦྱོར། །སྐུ་ནི་གར་དགུའི་ཉམས་དང་ལྡན། །དཔལ་དང་དུར་ཁྲོད་ཆས་ཀུན་རྫོགས། །གསུང་ནི་གསང་སྔགས་འབྲུག་སྟོང་ལྡིར། །ཐུགས་ནི་སྒྲོལ་མཛད་སྲོག་དང་བཅས། །ཛཔ྄་ཀྱིས་སྐུ་གསུང་ཐུགས་རྒྱུད་བསྐུལ། ཕཊཿཀྱིས་སྤྲོས་པས་སྟོང་གསུམ་གང༌། །བསྡུས་པས་ཡུམ་གྱི་མཁའ་ལ་འཁྱིལ། །གསང་བའི་སྦུབས་ནས་ཐུགས་ཀར་ཐིམ། །མ་གསལ་བར་དུ་བསྐྱེད་ཅིང་བསྒོམ། །མ་གྲུབ་བར་དུ་མི་བཏང་ངོ༌། །ཞེས་བསྐུལ། གཉིས་པ་ཛཔ྄་དམིགས་དང་བཟླས་པ་ནི། ཐུགས་ཀར་ཉི་སྟེང་སྲོག་ཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །ཚུར་འདུས་བདག་ཐིམ་བྱིན་གྱིས་བརླབས། །སླར་ཡང་འོད་འཕྲོས་དྲེགས་པ་ཅན། །ཚར་བཅད་ཕྲིན་ལས་ལྷུན་གྱིས་གྲུབ། །སྣོད་བཅུད་སྣང་གྲགས་རྟོག་ཚོགས་ཀུན། །ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར། །ཅེས་པའི་སྤྲོ་བསྡུའི་དམིགས་པ་བཅས་བསྒྲུབ་བྱའི་ལྷ་གང་ཡིན་དེའི་གཙོ་འཁོར་གྱི་སྔགས་རྣམས་བཟླ། གཞན་ཡང་དབང་བསྐུར་སོགས་དང་འབྲེལ་ཚེ་བུམ་བཟླས་སོགས་བསྙེན་བཟླས་ཀྱི་རིགས་གང་དགོས་སོ་སོའི་དབང་ཆོག་ཏུ་གསལ་བ་བཞིན་བྱ། གསུམ་པ་སྟོང་ཚིགས་ཀྱི་མཆོད་བསྟོད་ནི། ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་བཤགས། །ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་བྱའོ། །དགུ་པ་དངོས་གྲུབ་བླང་བ་ནི། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་ཡི་དམ་རྒྱལ་བའི་དཀྱིལ་འཁོར་མཁའ་འགྲོ་དམ་ཅན་རྣམས་ཀྱི་ཐུགས་རྒྱུད་བསྐུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་ཚུལ་དུ་བྱོན་ནས་རང་གི་གནས་གསུམ་དུ་ཐིམ་པར་བསམ་ལ། ཧཱུྃ། ལྷ་དང་རིག་འཛིན་མཁའ་འགྲོ་དགོངས། །འདིར་འདུས་རིག་འཛིན་བདག་ཅག་རྣམས། །སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང༌། །བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས། །བསྙེན་སྒྲུབ་རྣམ་གསུམ་མཐའ་རུ་ཕྱིན། །ལས་དང་ཐུགས་རྗེ་མཐུན་པ་ཡི། །ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ྄་ཙིཏྟ་སིདྡྷི་ཧཱུྃ་ཨཱཿ བཅུ་པ་ཆེ་བ་བསྐྱེད་པ་ནི། ཧཱུྃ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང༌། །གཟུགས་སྣང་ཐམས་ཅད་ཧེ་རུ་ཀཿ །ཐམས་ཅད་ཐམས་ཅད་བྲན་དུ་ཁོལ། །ང་ལས་ཆེ་བ་སུ་ཡང་མེད། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། བཅུ་གཅིག་པ་ཕྲིན་ལས་བསྐུལ་བ་ནི། ཧཱུྃ། །ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །གཟུགས་སྐུ་འཇིགས་པའི་ཆ་ལུགས་ཅན། །ཞི་རྒྱས་དབང་དང་མངོན་སྤྱོད་ལས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཧཱུྃ་ཧཱུྃ་ཧཱུྃ། བཛྲ་སརྦ་དུཥྚཱན། ཨོཾ་ཤཱནྟིཾ། སྭཱ་པུཥྚིཾ། ཨ་ཝཱ་ཤཾ། ཧཱ་མཱ་ར་ཡ་ཕཊ། སརྦ་སིདྡྷི་ཀུ་རུ་ཧཱུྃ། རྦོད་ཟོར་སརྦ་ཟློག་བྷྱོཿ དེས་དངོས་གཞིའི་ལས་རིམ་གྲུབ་བོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ། །ཚོགས་མཆོད་ཆད་ཐོ་བརྟན་སྐྱོང་བྲོ། །གཏང་རག་མཆོད་བཤགས་བསྡུ་ལྡང་དང༌། །སྨོན་ལམ་དང་ནི་ཤིས་བརྗོད་དོ། །ཞེས་བརྒྱད་ལས། དང་པོ་ཚོགས་མཆོད་ནི། ཞིང་ལྤགས་ཀྱི་ཁར་ཐབས་ཤེས་ཀྱི་བཟའ་བཏུང་གཙོ་བོར་གྱུར་པའི་ཡོ་བྱད་བསགས། ཆུ་ཆང་ནང་གསུམ་གྱིས་སྦྱངས་ཏེ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨུཙྪུཥྨ་བེ་ཏཱ་ལི་ཀྲོ་དྷ་ནི་སརྦ་དྲ་བྱཾ་སཾ་ཤོ་དྷ་ནི་ཧཱུྃ་ཕཊ་སྭཱ་ཧཱཿ །ཚོགས་ཀྱི་ཡོ་བྱད་ཐམས་ཅད་ཀུན། །རཾ་ལས་མེས་བསྲེགས་ཡཾ་ལས་རླུང༌། །གཡོས་པས་སྦྱངས་ཤིང་ཁཾ་གི་ཆུས། །བཀྲུས་ཏེ་འདོད་ཡོན་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། སྤྱན་དྲངས་ཤིང་སྤྱིར་འབུལ་བ་ནི། ཧཱུྃ། དཔལ་ཆེན་ལྷ་ཚོགས་གནས་འདིར་གཤེགས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །འདོད་ཡོན་ལྔ་ལྡན་ཚོགས་མཆོད་ཀྱིས། །ཐུགས་དམ་དབྱིངས་སུ་སྐོང་གྱུར་ཅིག །དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པའི་དང་པོ་ཕུད་མཆོད་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་སྦྱར་བས། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ། །འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ། །དམ་སྐོང་དབང་དང་དངོས་གྲུབ་སྩོལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ བར་པ་བཤགས་པ་ནི། བདག་ཅག་ཉོན་མོངས་དབང་གྱུར་པས། །དཔལ་ཆེན་ལྷ་ཚོགས་སྤྱན་སྔ་རུ། །ཐུགས་དང་འགལ་བའི་ནོངས་པ་ཀུན། །སྙིང་ནས་བཤགས་སོ་བཟོད་པར་གསོལ། །ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་བ་ནི། ཨེ་ནྲྀ་ཏྲི། ཞེས་པས་ཚོགས་སྣོད་ལྕགས་ཁང་གྲུ་གསུམ་གྱི་ནང་དུ་དམིགས་རྟེན་བསྒྲལ་བྱ་དངོས་སུ་གསལ་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུ་སྒོས་བཀའ་གང་ཡིན་སྦྱར་ མཆན། ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿས་དགུག་བཅིང་བསྡམས་ཤིང་མྱོས་པར་བྱས་ལ། སྐུ་སྟོད་ཁྲོ་བོ་འབར་བའི་གཟུགས། །སྐུ་སྨད་ཕུར་པའི་དབལ་ལྡན་པ། །ལོག་འདྲེན་དགྲ་བགེགས་སྙིང་ལ་གཟིར། །ལུས་ངག་ཐལ་བའི་རྡུལ་དུ་རློགས། །སོ་སོའི་རྩ་སྔགས་ཀྱི་མཇུག་ཏུ། གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་རྦད། ཅེས་བརྗོད་དེ་ཚེ་ཁྲུས་ཀྱི་དགོངས་པས་ཕུར་པ་གདབ་ཅིང་བསྒྲལ་བའི་ཤ་ཁྲག་བདུད་རྩིར་སྦར་བ་བསྟབ་པ་ནི། ཁྲག་འཐུང་ལྷ་ཚོགས་གནམ་ས་ཙམ། །གདངས་པའི་ཞལ་དུ་དགྲ་བགེགས་ཀྱི། །ཤ་ཁྲག་རུས་པ་ཚོགས་སུ་འབུལ། །དགྱེས་པར་རོལ་ཞིག་ཁ་རཾ་ཁཱ་ཧི། །མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི། དེ་ནས་ལས་རྡོར་གྱིས་ཚོགས་རྫས་བཏེགས་ལ། ཧོཿ ཞལ་ཟས་ཚོགས་ཀྱི་མཆོད་པ་འདི། །འདོད་ཡོན་མ་སྤངས་ལོངས་སྤྱོད་རྒྱན། །དངོས་གྲུབ་སྣ་ཚོགས་འདི་ལས་འབྱུང༌། །རྣལ་འབྱོར་དགྱེས་པར་ཚོགས་ལ་རོལ། །སིདྡྷི་ཕ་ལ་ཨ་ལ་ལ་ཧོ། ཞེས་སློབ་དཔོན་ནས་བརྩམས་ཏེ་འདུས་པ་རྣམས་ལ་དྲངས། ནང་གི་སྲེག་བླུགས་དང་ལྡན་པས་རོལ་པའི་མཐར། སྨོན་ལམ་ནི། ཧཱུྃ། སྔོན་ནས་ད་ལྟ་ཡན་ཆད་དུ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །བསོད་ནམས་དགེ་བའི་ཚོགས་འཁོར་གྱིས། །ཚེ་དབང་ལོངས་སྤྱོད་བརྟན་རྒྱས་ཤོག །ཅེས་སོགས་གདབ། དེ་ནས་ལྷག་མ་ནི། ཨ་ཀཱ་རོས་བརླབ། ཕེཾ་ཕེཾ། ཞེས་པས་ལྷག་སྡུད་བཀུག་ལ། ཧཱུྃ། དང་པོ་ཕུད་ཀྱིས་མི་མཆོད་དུ། །དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་གཉན། །བར་དུ་ལྷག་མས་མི་མཆོད་དུ། །མ་དང་མཁའ་འགྲོ་ལྷག་ལ་དགྱེས། །ཐ་མ་གཅིག་ཏུ་མི་བསྲེ་རྒྱུ། །ཆོས་ཉིད་ཡེ་ནས་རྒྱུ་འབྲས་གཅིག །དཔལ་གྱི་བཀའ་ཉན་ལྷག་སྡུད་རྣམས། །འདིར་བྱོན་ཤ་ཁྲག་མཆོད་གཏོར་བཞེས། །སྔོན་གྱི་དམ་ཚིག་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་ས་མ་ཡ་དེ་ཝཱི་ཀྲོ་དྷ་སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བཛྲ་ཨ་དྷིཥྛ་ས་མུ་དྲ་ཀྲཱ་མ་ས་མ་ཡ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཧྲཱི་ཧྲཱི་ཧྲཱིཿ བྷྱོ་བྷྱོ་བྷྱོཿ ཨ་ར་ལི་ཛཿ ཞེས་སྒྲུབ་ཁང་གི་ལྷོ་ནུབ་ཏུ་བསྐྱལ་ལོ། །གཉིས་པ་ཆད་ཐོ་བྱ་བ་ནི། ཧཱུྃ། །སྔོན་ཚེ་འདས་དུས་བསྐལ་པ་དང་པོ་ལ། །འོག་མིན་ཆོས་དབྱིངས་གནས་མཆོག་དམ་པ་རུ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་དཔལ་གྱིས། །སྣང་སྲིད་མ་མོ་དམ་ལ་བཏགས་པའི་ཚེ། །སོ་སོའི་གཟུགས་བསྟན་དམ་ཚིག་ཁས་བླངས་བཞིན། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །བསྐལ་པ་བར་མ་རྒྱ་གར་གནས་ཆེན་དུ། །གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས། །ཞི་ཁྲོ་རང་རང་དཀྱིལ་འཁོར་ཞལ་ཕྱེ་ནས། །བཀའ་སྐྱོང་ཕོ་རྒྱུད་མོ་རྒྱུད་དམ་བཏགས་ཚེ། །སོ་སོའི་གཟུགས་བསྟན་དམ་ཚིག་ཁས་བླངས་བཞིན། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། བསྐལ་པ་ཐ་མ་ཆོས་འཁོར་བསམ་ཡས་སུ། །པདྨ་འབྱུང་གནས་རྗེ་འབངས་གྲོགས་དགུ་ཡིས། །ཞི་དང་ཁྲོ་བོའི་དཀྱིལ་འཁོར་ཞལ་ཕྱེ་ནས། །སྣང་སྲིད་དྲེགས་པ་སྡེ་བརྒྱད་དམ་བཏགས་ཚེ། །སོ་སོའི་གཟུགས་བསྟན་དམ་ཚིག་ཁས་བླངས་བཞིན། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། ལྔ་བརྒྱ་ཐ་མ་ཟངས་མདོག་དཔལ་རི་རུ། །ཚེ་དབང་རིག་འཛིན་ཆེ་མཆོག་འདུས་རྩལ་གྱིས། །ཞི་ཁྲོ་སྤྱི་དང་བྱེ་བྲག་ཞལ་ཕྱེས་ནས། །དམ་ཅན་རྒྱ་མཚོ་དམ་ལ་བཏགས་པའི་ཚེ། །སོ་སོའི་གཟུགས་བསྟན་དམ་ཚིག་ཁས་བླངས་བཞིན། །མཆོད་གཏོར་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །གསུམ་པ་བརྟན་མ་སྐྱོང་བ་ནི། གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་བརླབས་ལ། ཧཱུྃ། བརྟན་མ་སྐྱོང་མཛད་མ་དང་སྲིང༌། །དཔལ་གནས་མ་དང་ཡང་དག་ཤེས། །ཁྱུང་བཙུན་ཀོང་ལྷ་གཡུ་བུན་མ། །མེ་ཏོག་ཟླ་འོད་བྱང་རྒྱལ་མ། །གསེར་ཐང་ཀུན་བཟང་ཤནྟིང་དཔལ། །ཀླུ་མོ་གཟི་འབར་ལ་སོགས་པའི། །བརྟན་མ་བཅུ་གཉིས་གཏོར་མ་ལོངས། །མི་མཐུན་གནོད་པའི་ཚོགས་རྣམས་བཟློག །ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཁཱ་ཧི། མ་མ་ཧྲཱིཾ་མ་མ་ཧྲཱིཾ་ཁཱ་ཧི་ཁཱ་ཧི། བཞི་པ་གཏོར་བྲོ་ནི། མདུན་དུ་ཨེ་སྒྲོམ་འབར་བའི་ནང་དུ་དགྲ་བགེགས་བཅུག་པའི་སྟེང་ནས་གཏོར་གཞོང་རི་རབ་ཏུ་གྱུར་པས་མནན་པ་ལ་ཁྲོ་བོ་རོལ་པའི་བྲོས་གཟིར་བར་བསམ་ལ། ཧཱུྃ། དཔལ་ཆེན་འཁོར་བཅས་རོལ་པའི་བྲོ། །དམ་སྲིའི་སྙིང་ལ་ཆེམས་སེ་ཆེམ། །ཁྲོ་བོ་ཁྲོ་མོ་རོལ་པའི་བྲོ། །དགྲ་བགེགས་སྙིང་ལ་ཆེམས་སེ་ཆེམ། །ཁྲོ་བོ་རྣམས་ཀྱིས་བྲོ་བརྡུངས་པས། །ཁྲོ་མོ་རྣམས་ཀྱིས་རྒྱས་འདེབས་སོ། །ཤར་དུ་ཞི་བའི་བྲོ་བརྡུངས་པས། །ནད་གདོན་བར་ཆད་ཞི་བར་ཤོག །ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས། །ཚེ་དང་བསོད་ནམས་རྒྱས་པར་ཤོག །ནུབ་ཏུ་དབང་གི་བྲོ་བརྡུངས་པས། །ལྷ་འདྲེ་མི་གསུམ་དབང་སྡུད་ཤོག །བྱང་དུ་དྲག་པོའི་བྲོ་བརྡུངས་པས། །དགྲ་བགེགས་དམ་སྲི་ཞི་བར་ཤོག །ལྷ་སོ་སོའི་རྩ་སྔགས་མཇུག་ཏུ། ཤཱནྟིཾ། པུཥྚིཾ། ཝཱ་ཤཾ། མཱ་ར་ཡ་ཕཊ། །ལྔ་པ་གཏང་རག་གི་མཆོད་བཤགས་ནི། ཧཱུྃ། །དཔལ་ཆེན་ལྷ་ཚོགས་འཁོར་བཅས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མ་ལུས་བཤགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་པ་བརྗོད། བརྟན་བཞུགས་སྤྱི་འགྲེ་བྱ། དྲུག་པ་དཀྱིལ་འཁོར་བསྡུ་ལྡང་ནི། སྣོད་བཅུད་གཞལ་ཡས་ཁང་ལ་ཐིམ། །དེ་ཡང་འཁོར་དང་འཁོར་རྣམས་ཀྱང༌། །གཙོ་བོར་འདུས་ཤིང་གཙོ་བོ་ཉིད། །སྟོང་པར་གྱུར་ལས་འཇའ་ལྟར་བཀྲ། །བདུན་པ་སྨོན་ལམ་ནི། དགེ་བ་འདི་ཡིས་འགྲོ་བ་ཀུན། །བསྐྱེད་རྫོགས་རྫོགས་ཆེན་ལམ་བཟང་ལ། །བརྟེན་ནས་ཚེ་འདིར་ཧེ་རུ་ཀའི། །གོ་འཕང་མངོན་དུ་འགྱུར་བར་ཤོག །བརྒྱད་པ་ཤིས་པ་བརྗོད་པ་ནི། །རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཡི། །མ་སྨད་ཐུགས་རྗེ་ཆེན་པོའི་མཐུས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་པ་བརྗོད་པ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །སྐྱེ་འཆིའི་མཚན་རྟོག་འགྱུརྃ་མེདྃ་ཡེ་ཤེས་རྩིས། །གྲུབ་གཉིས་གསེར་གྱི་རྒྱན་བཟང་ལེགས་བསྐྲུན་པས། །ཐེགྃ་མཆོགྃ་བསྟནྃ་པའིྃ་རྒྱལྃ་མཚནྃ་མཛེས་པ་ཡི། །ཁྲག་འཐུང་རོལ་པའི་ལས་བྱང་འདི་རྨད་བྱུང༌། །བཀའ་བརྒྱད་རིག་འཛིན་ཞལ་ལུང་སོགས་ཁྲོ་བོ་སྤྱིའི་ལས་བྱང་གི་ཁོབ་ཕུག་ཀྱི་ལེའུ་ཚན་ནོ།། །།

Footnotes

Other Information