རྫོགས་ཆེན་གྱི་དོན་ཁྲིད་མདོར་བསྡུས་དང་གཞི་ཀ་དག་ཁྲེགས་ཆོད་ལ་སོགས།

From Khyentse Lineage - A Tsadra Foundation Project
Revision as of 08:35, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rdzogs chen gyi don khrid mdor bsdus dang gzhi ka dag khregs chod la sogs JKCL-KABUM-08-NYA-003.pdf
Location chos kyi blo gros bka' 'bum
Volume 8, Text 3, Pages 63-75 (Folios 1a to 7a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rdzogs chen gyi don khrid mdor bsdus dang gzhi ka dag khregs chod la sogs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 63-75. Bir, H.P.: Khyentse Labrang, 2012.
Genre Contemplative Guide Books and Instructional Manuals - khrid yig  ·  Dzogchen - rdzogs pa chen po  ·  Notes - zin bris  ·  Spiritual Instructions - gdams ngag
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/brief-dzogchen-instruction

https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/key-points-on-trekcho

Colophon
  • First text colophon page 68: ཞེས་པའང་ཀཿཐོག་རྒྱལ་སྲས་ཀུན་བཟང་རིན་པོ་ཆེའི་སྲས་མོས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།།
  • Third text colophon page 75: དེ་ལྟར་ཁྲེགས་ཆོད་ཀྱི་གདམས་པའི་གནད་དྲིལ་མདོར་བསྡུས་པ་འདིའང་གཡོན་རུ་ལྷ་སྲས་བསོད་རྒྱལ་གྱི་བཞེད་པ་སྐོང་ཕྱིར་ཆོས་ཀྱི་བློ་གྲོས་པས་སོ། །སརྦ་ཛ་ག་ཏཾ།།
  • First text colophon page 68: zhes pa'ang kaHthog rgyal sras kun bzang rin po che'i sras mos gsung bskul ngor chos kyi blo gros pas bris pa'o//
  • Third text colophon page 75: de ltar khregs chod kyi gdams pa'i gnad dril mdor bsdus pa 'di'ang g.yon ru lha sras bsod rgyal gyi bzhed pa skong phyir chos kyi blo gros pas so/__/sarba dza ga taM//

1 Texts in this Section (sde tshan or chos tshan)

[edit]
༄༅། །རྫོགས་ཆེན་གྱི་དོན་ཁྲིད་མདོར་བསྡུས་བཞུགས། ། བླ་མ་ལ་ཕྱག་འཚལ་ལོ། །དེ་ཡང་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་ཉམས་སུ་ལེན་པ་ལ། ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོའི་བསགས་སྦྱོང་རྣམས་བྱས་ལོ་ཙམ་མ་ཡིན་པར་ཉམས་ལེན་རྡོ་རུས་འཕྲོད་པ་དང་། དངོས་གཞི་ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ་དང་། །སྒོ་གསུམ་སྦྱོང་བའི་རིམ་པ་རྣམས་ཉམས་ལེན་གནད་དུ་ཁེལ་བ་རེ་དང་། སེམས་སྦྱོང་ལ་སེམས་ཀྱི་གཞི་རྩ་བཅད་པ་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པས། ཕྱི་གཟུང་བའི་ཡུལ་གཞི་མེད་རྩ་བྲལ། ནང་རང་གི་ཕུང་ཁམས་སྐྱེ་མཆེད། ངག་རླུང་འབྱུང་འཇུག་ལ་བརྟེན་པའི་སྨྲ་བརྗོད། གསང་བ་སེམས་ཞེས་བྱ་བ་གྱ་གྱུ་ཅན་འདི་རྣམས་གཞི་རྩ་བྲལ་བ་སྐྱེ་མེད་ཀྱི་རང་བཞིན་དུ་གཏན་ལ་དབབ། བཙལ་བས་ཅི་ཡང་མ་རྙེད་པ་ན་དེའི་ངོ་བོ་ལ་བཅས་བཅོས་མི་བྱེད་པར་སྒོ་གསུམ་རང་བབ་ཏུ་ལྷོད་ཀྱིས་ཀློད། དེ་བཞག་པས་སེམས་ཉིད་ངོ་བོ་སྟོང་བ། རང་བཞིན་གསལ་བ། ཐུགས་རྗེ་རིག་པ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་སྨྲ་བསམ་བརྗོད་བྲལ་གསལ་དྭངས་ཧ་རེ་བ། དེར་འཛིན་གྱི་རྟོག་པས་མ་བསླད་པའི་ཤེས་རིག་ཟང་ཀ་མ་འདི་གྲོལ་གཞིའི་རིག་པ་ཀ་དག་ཆོས་སྐུའི་གནས་ལུགས་ཟེར། དེ་ཉིད་རང་གི་མོས་གུས་དང་བླ་མའི་བྱིན་རླབས་གཉིས་འཛོམ་པས་རྟོགས་དགོས་པ་ཡིན། དེ་ལྟར་རིག་པ་ཀ་དག་དེའི་ངོ་བོར་གཡོ་འགུལ་མེད་པར་འཇོག་པ་ལྟ་བ་རི་བོ་ཅོག་བཞག། རིག་པ་མིག་ལ་གཏད། །མིག་དབྱིངས་ལ་གཏད། ཕྱི་ནང་བར་མེད་ཟང་ཐལ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟར་བཞག་པ་སྒོམ་པ་རྒྱ་མཚོ་ཅོག་བཞག། དེ་ལྟར་རིག་པ་རང་མལ་ལས་མ་གཡོས་པར་བཞག་པས་ཚོགས་དྲུག་གི་སྣང་བ་བཟང་ངན་གང་ཤར་ལ་བཅོས་བསྒྱུར་སོགས་ཀྱི་སྤང་བླང་འདམ་ཀ་བྲལ་བ་རང་ཤར་རྒྱ་ཡན་དུ་བཞག་པ་སྤྱོད་པ་སྣང་བ་ཅོག་བཞག། །དེ་ཐམས་ཅད་ལ་རིག་པ་བཅས་བཅོས་སྤྲོ་བསྡུ་མེད་པ་རང་བབ་ས་ལེ་བ་འདི་ཁོ་ནའི་ངང་བསྐྱང་བ་ལས་མི་འདའ་བ་འབྲས་བུ་རིག་པ་ཅོག་བཞག་དང་། ལྟ་སྒོམ་སྤྱོད་འབྲས་བཞི་པོ་ཐ་དད་མ་ཡིན་ཏེ། དེ་ཐམས་ཅད་ངོ་བོ་གཅིག་ཏུ་གོ་དགོས། དེ་ལྟར་འཇོག་ཐབས་དེ་རྣམས་ཀྱིས་བཞག་པ་ན་རྣམ་རྟོག་བཟང་ངན་གང་སྐྱེས་ཐམས་ཅད་གྲོལ་མ་ཐུབ་ན་ཐ་མལ་པ་དང་ཁྱད་མེད་པས། །འཁྲུལ་སྣང་གཟུང་འཛིན་གྱི་རྟོག་པ་གང་ཤར་ཡང་ཤར་བ་དང་ངོ་ཤེས། ཤེས་པས་མི་ཕན་རིག་པའི་ངང་དུ་རྩལ་རྫོགས། རྫོགས་ནས་རིག་པ་གསལ་སྟོང་ཆེན་པོ་དང་དབྱེར་མེད་དུ་འདྲེས་པས། སྣང་བ་ཕར་ཀ་ན་མ་ལུས། རིག་པ་ཚུར་ནང་ན་མེད། སྣང་ཤེས་དབྱེར་མེད་དུ་གྲོལ་བ་གནད་གལ་པོ་ཆེ་ཡིན། ཉམས་ལེན་གྱི་གྲོགས་སུ་རླུང་སྣ་ནས་མི་གཏོང་བར་ཁ་ནས་རྒྱུན་དུ་མཆུ་སོ་ཡིད་ཙམ་བྱེ་བའི་བར་ནས་གཏོང་། བར་རླུང་ལྟོ་བར་རྒྱུན་དུ་ཐད་ཀར་རན་ཙམ་བརྒྱངས། མིག་བར་སྣང་ལ་ཧ་རེ་བཞག། ལུས་གནད་ལྷོད་ཆགས་པར་བསྲང་། ལག་པ་མཉམ་བཞག་གམ། པུས་མོ་གཉིས་སྟེང་བཀབ་པའམ། ཐོད་རྒལ་དང་འབྲེལ་ན་དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱ། ནམ་མཁའ་དྭངས་དུས་ནམ་མཁའ་སྔོ་སངས་ལ་མིག་དང་རིག་པ་ནམ་མཁའ་གསུམ་དབྱེར་མེད་དུ་བསྲེས་ནས་ཨར་ལ་གཏད་པས་ཀ་དག་ཆོས་སྐུའི་སྟོང་གདངས་བརྗོད་མི་ཤེས་པ་འཆར་བ་བོགས་འདོན་དང་། རྣམ་རྟོག་ཕྲ་ཞིབ་མང་པོ་སྐྱེ་ན་ཕཊཿདྲག་པོ་བརྗོད། མིག་སྡང་མིག་ཏུ་ཅེ་རེ་བགྲད་པས་དེ་མ་ཐག་རིག་པ་གསལ་དྭངས་ལྷག་གེར་འཆར་བ་ཡིན། སྟོད་འཚངས་ན་ཧ་སྤྲུག་ལུས་འདར་ཐོན་པ་དང་། ནུ་སྟེང་ཁུ་ཚུར་རྡེག་པ་འཁྲུལ་འཁོར་ལྟར་བྱ་དགོས། དེ་ལྟར་ཁྲེགས་ཆོད་ལ་གོམས་པ་ཅུང་ཟད་བྱུང་བ་ན། རང་བཞིན་རིག་པ་སྐུ་གསུམ་གྱི་ལམ་སྣང་འོད་གསལ་ལྷུན་གྲུབ་ཐོད་རྒལ་ལ། སྒོ་ཡུལ་རླུང་རིག་གི་གནད་གསུམ་དང་། བཞུགས་སྟངས་གསུམ། གཟིགས་སྟངས་གསུམ་གང་རུང་གིས་འོད་སྣང་གི་རྟེན་ཉི་མ། ཟླ་བ། མར་མེ་གསུམ་གང་རུང་ལ་བརྟེན་བྱས་ནས་འོད་སྣང་ཁྲིད་ཅིང་། དེ་ལ་གཏད་བྱ་གཏོད་བྱེད་མེད་པ་ནང་གི་རིག་པ་དང་། ཕྱིའི་འོད་ཐིག་གཅིག་ཏུ་བསྲེས་ནས་ཞེན་མེད་འཛིན་བྲལ་དུ་འཇོག་པ་དང་། རླུང་རིག་དལ་བ་གནད་དུ་ཆེ་ཞིང་། དེའང་དབྱིངས་རྣམ་དག་གི་སྒྲོན་མ། འཆར་གཞི། འཆར་བྱེད་ཤེས་རབ་རང་བྱུང་སྒྲོན་མ། འཆར་བྱ་ཐིག་ལེ་སྟོང་སྒྲོན། འཆར་སྒོ་རྒྱང་ཞགས་ཆུའི་སྒྲོན་མ་སྟེ་སྒྲོན་མ་རྣམ་བཞིའི་ཉམས་ལེན་ལ་བརྩོན་པས་སྣང་བ་བཞི་ཚད་དུ་ཕྱིན་པར་འགྱུར་རོ། དེ་དག་གི་སྐབས་སུ་ངེས་འབྱུང་། བྱང་སེམས། སྒྲིབ་སྦྱོང་། ཚོགས་བསགས། བླ་མའི་མོས་གུས་རྣམས་ཀྱིས་ལམ་གྱི་གཞི་བཟུང་། དབེན་པའི་རི་ལ་སྡོད། སྨྲ་བ་མ་མང་། རྒྱུ་འབྲས་སྤང་བླང་གཟབ། ཕྱོགས་རིས་མེད་པར་ཐམས་ཅད་ལ་བསམ་པ་བཟང་པོ་བྱ་བ་ཁོ་ན་གཅེས་སོ། །ཞེས་པའང་ཀཿཐོག་རྒྱལ་སྲས་ཀུན་བཟང་རིན་པོ་ཆེའི་སྲས་མོས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།། །། ༈ གཞི་ཀ་དག་ཁྲེགས་ཆོད་ལ། སེམས་བྱུང་གནས་འགྲོ་གསུམ་བཙལ་བས། བྱུང་ས་བྱུང་ཁུང་གིས་སྟོང་། གནས་ས་གནས་མཁན་གྱིས་སྟོང་། འགྲོ་ས་འགྲོ་ཡུལ་གྱིས་སྟོང་། སེམས་བཙལ་མཁན་དེ་མཁན་པོ་ཟེར་བ་ཡིན་པས་བཙལ་རྒྱུ་སེམས་དང་ཉུལ་མཁན་གཉིས་གཅིག་ཡིན་མིན་བརྟགས་པས་ཆུ་ལས་ཆུ་བུར་བྱུང་བ་བཞིན་ཡིན་པར་གོ་སྟེ། ལུས་ངག་སེམས་རྣམས་གཞི་མེད་རྩ་བྲལ་དུ་རྟོགས་པ་དཔྱད་སྒོམ་དང་། འཇོག་སྒོམ་ལ། སེམས་མ་བཅོས་རང་བབ་ཏུ་བཞག་པས་ངོ་བོ་སྟོང་པ་ཆོས་སྐུའི་ཡེ་ཤེས། རང་བཞིན་གསལ་བ་ལོངས་སྐུའི་ཡེ་ཤེས། ཐུགས་རྗེ་རིག་པ་སྤྲུལ་སྐུའི་ཡེ་ཤེས། དེ་གསུམ་དབྱེར་མེད་པ་རིག་པ་ཟང་ཀ་མ་འདི་ཡིན་ལུགས་ཀྱི་སྟེང་དུ་བླ་མའི་བྱིན་རླབས་ཀྱིས་ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདིང་གྲོལ་ཐོག་ཏུ་བཅའ་བ་དང་གསུམ། ལྟ་བ་རི་བོ་ཅོག་བཞག། སྒོམ་པ་རྒྱ་མཚོ་ཅོག་བཞག། སྤྱོད་པ་སྣང་བ་ཅོག་བཞག། འབྲས་བུ་རིག་པ་ཅོག་བཞག་དང་བཞི། རླུང་སེམས་གཉིས་བྱེད་ལས་གཅིག་པས་རིག་པ་ཅོག་བཞག་སྣང་བ་ཅོག་བཞག་ཏུ་བསྡུས་ནས་ཅོག་བཞག་གསུམ་བྱས་ཀྱང་ཆོག། དེ་རྣམས་གཞི་ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་དང་། ལམ་ལྷུན་གྲུབ་ཐོད་རྒལ་ལ་འཆར་གཞི་ཡུལ་གྱི་གནད། འཆར་བྱེད་སྒོ་ཡི་གནད། འཆར་བྱ་རིག་པའི་གནད་དང་གསུམ། ཆོས་སྐུའི་བཞུགས་སྟངས། ལོངས་སྐུའི་བཞུགས་སྟངས། སྤྲུལ་སྐུའི་བཞུགས་སྟངས་གསུམ། སྐུ་གསུམ་གྱི་གཟིགས་སྟངས་གསུམ། དབྱིངས་རྣམ་དག་གི་སྒྲོན་མ། རྒྱང་ཞགས་ཆུ་ཡི་སྒྲོན་མ། ཤེས་རབ་རང་བྱུང་གི་སྒྲོན་མ། ཐིག་ལེ་སྟོང་པའི་སྒྲོན་མ་དང་བཞི། སྒོ་ཡུལ་རླུང་རིག་གི་གནད་གཅུན་པས་ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་བཞི་འཆར་རོ། །འདི་རྣམས་ཐོ་ཙམ་ཡིན། ཁྲིད་ཡིག་ཡེ་ཤེས་བླ་མར་ཞིབ་བཅའ་གཟིགས་མཛོད། ཆོས་སྐུའི་བཞུགས་སྟངས་སེང་གེའི་འདུག་སྟངས་ཀྱིས་རྐང་མཐིལ་ས་ལ་ཕབ་པས་གཡོ་བྱེད་ལས་ཀྱི་རླུང་གནོན། ལུས་ཀྱི་ཆ་སྲོང་བས་རླུང་བདེ་ལུགས་སུ་རྒྱུ། མགོ་རྩལ་མཇིངས་པར་བསྐུར་བས་རྣམ་རྟོག་རང་བཞིན་གྱིས་འགགས། ལག་སོར་སྒོངས་ཏེ་ཁྱི་ཚུགས་སུ་འདུག་པས་ཡེ་ཤེས་ཀྱི་དྲོད་ཕེབས། འབྱུང་བ་ཆ་སྙོམས། ལོངས་སྐུའི་བཞུགས་སྟངས་པུས་བྲང་སྦྱར་བས་བདེ་དྲོད་ཡེ་ཤེས་ཀྱི་ཁམས་རྒྱས། གྲུ་མོ་གཉིས་ས་ལ་བཙུག་པས་ཕོ་མོའི་རླུང་གཉིས་མ་ནིང་དུ་རང་རྒྱུ། ཐལ་མོས་མགྲིན་པ་ཡིད་ཙམ་བཏེགས་པས་རགས་པའི་རླུང་འགགས། རྐང་སོར་ཕྱིར་ཕུལ་ཏེ་བསྐུམ་པས་བྱིང་རྒོད་ཆ་སྙོམས་པ་སྤྲུལ་སྐུ་དྲང་སྲོང་ཙོག་པུས་ལུས་ཙོག་པུར་འདུག་པས་རྩ་རླུང་རང་སོར་སྙོམས། རྐང་མཐིལ་སར་ཕབ་པས་ཆུ་ཡི་རྩལ་གནོན། རྒལ་ཚིགས་དྲང་པོར་བསྲང་བས་རླུང་སེམས་ཆོས་ཉིད་དུ་རྒྱུ། པུས་བྲང་སྦྱར་བས་མེ་རླུང་ཡེ་ཤེས་སུ་འཕེལ། རྒྱུ་ཞབས་རྒལ་པར་བཅར་བས་རྣམ་རྟོག་གི་འཕྲོ་འདུ་འགགས། ལག་པ་བསྣོལ་ཏེ་པུས་བཀབ་ཀྱིས་ཚ་བའི་ནད་སེལ། མཆན་ཁུང་གཉིས་སུ་རེག་པས་གྲང་ནད་སེལ། ལག་སོར་སྒོངས་ཏེ་ལྐོག་མ་བཏེགས་པས་ཚ་གྲང་སྙོམས་པར་བྱེད་དོ། །མངོན་པར་བྱང་ཆུབ་པའི་བཞུགས་སྟངས་བྱ་རྒོད་སྤུངས་སྟངས་ཀྱི་རྐང་མཐིལ་ས་ལ་ཕབ་པས་ལས་རླུང་ནོན། ཚོས་སོ་སར་མ་རེག་པས་བག་ཆགས་ལས་ཀྱི་མཐའ་སྟོངས། རོ་སྟོད་མདུན་གཅུས་ཀྱིས་རྩ་ནང་གི་ཡེ་ཤེས་འཆར། ལུས་ཀྱི་ཟུར་ནས་ལག་གཉིས་གཤོག་པ་ལྟར་སྒོངས་ཏེ་ཚོས་སོའི་སྟེང་ལག་སོར་བསྣོལ་བས་འབྱུང་བཞི་ལས་ཀྱི་རླུང་བཞི་ཡེ་ཤེས་ཀྱི་སྦུབས་སུ་ཐིམ་ཞིང་རང་ལྡོབ། །ལུས་སྤྱི་བསྲངས་པས་ཉོན་ཡིད་འཆར་མི་སྲིད་པར་བྱེད། མི་འགྱུར་རྡོ་རྗེའི་བཞུགས་སྟངས་ཀྱིས་ལུས་སྤྱི་བསྲངས་པས་འགྱུ་བྱེད་ལས་ཀྱི་རླུང་འགགས། རྐང་མཐིལ་ཁ་སྦྱར་བས་ཕོ་མོ་མ་ནིང་གི་རླུང་སྟོང་། འོད་གསལ་ཡེ་ཤེས་ཀྱི་ངང་དུ་རང་གནས། རྟིང་པ་གཉིས་གསང་བར་གཏད་པས་འདོད་ཆགས་ཀྱི་གཞི་སྟོང་། ཐལ་མོ་སྤྱི་བོར་སྦྱར་བས་ལུས་གནད་སྤྱོང་བར་བྱེད། ཆོས་སྐུའི་གཟིགས་སྟངས་ཀྱིས་དབྱིངས་རིག་འཕེལ་ཆེ། ལོངས་སྐུའི་གཟིགས་སྟངས་ཀྱིས་ཐད་ཀར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང་། སྤྲུལ་སྐུའི་མཐུར་ཕབ་ཀྱིས་འོད་ཁྱིམ་གྱི་སྒྲོན་མ་མཐོང་། མངོན་བྱང་གི་གཟིགས་སྟངས་ཁྲིད་ཅིང་ཟླུམ་པོར་བལྟས་པས་དབྱིངས་སྣང་ཆེར་འཕེལ། རྡོ་རྗེའི་གཟིགས་སྟངས་ཟུར་བལྟས་ཀྱིས་ཞིང་ཁམས་ཀྱི་རྒྱན་རྫོགས་པར་བྱེད། ཆོས་སྐུ་སེང་གེ་ལྟ་བུས་གྲོལ་གཞིའི་ཞིང་ལ་སྤྱོད། ལོངས་སྐུ་གླང་པོ་ལྟ་བུས་གྲོལ་སྣང་ཡེ་ཤེས་ལ་སྤྱོད། སྤྲུལ་སྐུས་འཆར་ཚུལ་ཕྲིན་ལས་ལ་སྤྱོད། མངོན་བྱང་གིས་འོད་གསལ་ཞིང་སྣང་ལ་སྤྱོད། རྡོ་རྗེ་མདའ་སྲོང་ལྟ་བུས་སྐུ་གསུམ་ལྷུན་གྲུབ་ལ་སྤྱོད་པར་བྱེད་དོ།། །། ༈ དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སེམས་དོན་ངོ་སྤྲོད་ཀྱི་གནད་མདོར་བསྡུས་པ་ནི། མི་རྟག་པ་རྒྱུན་དུ་དྲན་པ་དང་། འཁོར་བའི་ཉེས་དམིགས་ལ་བསམས་ནས་ལས་འབྲས་བླང་དོར་བྱ་བ་དང་། སྐྱབས་འགྲོའི་རྩ་བ་བརྟན་ཅིང་གཞན་ཕན་ལྷག་བསམ་བཟང་པོས་སྒོ་གསུམ་གྱི་བྱ་བ་ཅི་བྱས་གཞན་དོན་དུ་སྤྱོད་ཅིང་བསྔོ་བ་སྨོན་ལམ་དང་། བསགས་སྦྱོང་གི་རིམ་པ་ལ་ནན་ཏན་དུ་བྱ་བ་དང་། ཡི་དམ་གྱི་བསྐྱེད་རྫོགས་གང་རུང་གཅིག་ལ་ཉམས་ལེན་བསྙེན་སྒྲུབ་གནད་སྨིན་དང་། ཁྱད་པར་རང་རིག་སྐྱེ་མེད་ཀྱི་དོན་རྟོགས་པ་ལ་བླ་མར་མོས་གུས་བཅོས་མིན་དུ་མ་སྐྱེས་ཀྱི་བར་དུ་ནན་ཏན་དུ་བྱ་ཞིང་། བཅོས་མིན་གྱི་མོས་གུས་སྐྱེས་ནས་ཀྱང་བླ་མ་ལ་རྟག་ཏུ་གསོལ་བ་འདེབས་ཤིང་དབང་བླང་བ་གལ་ཆེ། སེམས་དོན་དངོས་ལ། རྩད་གཅོད་པ་ནི། ཐོག་མེད་ནས་འཁོར་བར་འཁྱམས་མཁན་དགེ་སྡིག་བྱེད་མཁན་འདི་སྒོ་གསུམ་གང་ཡིན་བརྟགས་པས་གཙོ་བོ་སེམས་ཡིན་པར་ཤེས་ནས། མཚངས་བཙལ་བ་ནི། ལུས་ངག་ཡིད་གསུམ་གཅིག་ཐ་དད་བརྟགས་པས། ཐ་སྙད་དུ་ནི་དེ་གསུམ་འབྲེལ་བ་ཅན་ལྟར་སྣང་ཡང་། དོན་དམ་གྱི་རིག་པས་དཔྱད་ན་གཅིག་ཐ་དད་གང་དུའང་མ་གྲུབ་པའི་སེམས་ཞེས་བྱ་བ་མེད་པ་གསལ་སྣང་གྱ་གྱུ་བ་འདི་ཡིན། འདིའི་ངོ་བོ་ལ་བརྟགས་པས་སྐྱེ་བ་བཙལ་བས་མ་རྙེད། གནས་པའི་ངོ་བོ་མ་གྲུབ། འགགས་པའི་ཡུལ་མེད་པས་གཞི་རྩ་བྲལ། ཚོལ་མཁན་གྱི་སེམས་དང་བཙལ་རྒྱུའི་སེམས་གཉིས་གཅིག་ཐ་དད་བརྟགས་པས་དེ་ལས་དེ་བྱུང་ལྟར་སྣང་ཡང་། བཙལ་གཞིའི་སེམས་མ་གྲུབ་པས་ཚོལ་མཁན་ཡང་མ་གྲུབ། འོན་ཀྱང་གློ་བུར་རྒྱུ་རྐྱེན་གྱིས་བསྐྱེད་པའི་རྣམ་རྟོག་ཝལ་པོ་འགྱུ་བ་སྣ་ཚོགས་པ་འདི་ལ་བདག་ཏུ་བཟུང་བས་སྲིད་པ་འཁོར་བར་འཁྲུལ་པ་ངོ་ཤེས་ནས། སེམས་བཙལ་བས་མ་རྙེད་པའི་སེམས་ཀྱི་གཤིས་ལུགས་གཅེར་མཐོང་དུ་བརྟགས་པ་ལ་སྒོ་གསུམ་མ་བཅོས་ལྷོད་ཀྱིས་བཞག་པས་རྟོག་མེད་གསལ་བ་རེས་ཡོད་རེས་མེད། རྐྱེན་གྱིས་བསྒྱུར་ནུས་འཕེལ་འགྲིབ་ཅན་དེ་ཀུན་གཞིའི་རྣམ་ཤེས་ཡིན། དེ་ལ་བརྟེན་པའི་བདེ་གསལ་མི་རྟོག་གི་ཉམས་ཅི་བྱུང་ཡང་ཤེས་ཉམས་སྐྱོན་ཅན་དང་། ཡང་ཅི་དྲན་མེད་པའི་སྟོང་ཧད་དེ་བ་དེ་ཀུན་གཞིའི་རང་བཞིན་ཤིན་ཏུ་སྐྱོན་ཆེན་ཡིན། དེ་རྣམས་ཡིད་དཔྱོད་ཀྱིས་སྒྲིབ་པ་དང་། དེ་རྣམས་ཀྱིས་མ་བསླད་པའི་དྲན་རྟོག་གི་འཕྲོ་འདུ་ཤར་ཀྱང་རུང་། མ་ཤར་ཀྱང་རུང་། ཕན་གནོད་བསྒྱུར་བཀོད་ཅིག་བྱར་མེད་པའི་ད་ལྟའི་ཤེས་པ་ཟང་ཀ་སོ་མ་མ་བཅོས་མ་བསླད་པའི། ས་ལེ། སིང་ངེ་། ཡེ་རེ། རྗེན་ནེ། གསལ་ལ་དྭངས་པ་དངོས་མཚན་ལས་འདས་པ། སྟོང་པ་ཕྱར་ཆད་མ་ཡིན་པའི་གསལ་རིག་ཧྲིག་གེ་བ་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བ་འདི་ཡེ་སྟོང་ཀ་དག་གཉུག་མའི་ཤེས་པའམ། རིག་སྟོང་འོད་གསལ་རྫོགས་པ་ཆེན་པོའམ། རིག་པ་རང་ངོ་བསྐྱང་རྒྱུ་དེ་ཡིན། དེ་ཉིད་ལྟ་བ་རི་བོ་ཅོག་བཞག། སྒོམ་པ་རྒྱ་མཚོ་ཅོག་བཞག། སྤྱོད་པ་སྣང་བ་ཅོག་བཞག། འབྲས་བུ་རིག་པ་ཅོག་བཞག་བཞིས་བཞག་ཐབས་ཀྱི་རང་ངོ་བསྐྱངས་པས་རིག་སྟོང་རྗེན་པ་མངོན་དུ་གྱུར་པ་ནི་ངོ་རང་ཐོག་ཏུ་སྤྲོད་པ་ཞེས་བྱ་ཞིང་། དེ་ལ་ཡིད་ཆེས་དེ་ལས་གཞན་པའི་སངས་རྒྱས་ཞེས་བྱ་བ་དང་། ཡེ་ཤེས་ཞེས་བྱ་བ་ལོགས་ཤིག་ན་མེད་ཅིང་། ཆོས་ཐམས་ཅད་བྱ་མེད་རིག་པ་སྐད་ཅིག་མའི་ཀློང་དུ་རྫོགས་པར་ཐག་བཅད་ཅིང་འཛིན་མེད་ཡེངས་མེད་ཞེན་མེད་དུ་བསྒོམ་པ་ལྟ་བ་དེའི་ངང་ལས་མ་གཡོས་པ་ཚོགས་དྲུག་གི་ཡུལ་དང་ཡུལ་ཅན་ཐམས་ཅད་མི་འགག། མི་སྤྲོ། མི་བསྡུ་བར་རང་བབས་རྒྱ་ཡན་དུ་བཞག་པས། ཡུལ་ཤེས་གཉིས་མེད་བྱུང་ཚོར་གྱི་རྟོག་པ་གཞི་ཐིམ་བྱ་ལམ་རྗེས་མེད་རིག་པའི་ངང་དུ་རང་གྲོལ་བ་ནི་གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་གསུང་། དེ་ལྟ་བུའི་ཉམས་ལེན་ལ་མཉམ་བཞག་རྗེས་ཐོབ་གང་གི་སྐབས་སུའང་མི་གཡོ་བ་གནད་དམ་པའོ། །དེ་ལྟར་བརྩོན་ན་དུས་རྟག་ཏུ་གཟུང་འཛིན་ལྟར་ཝ་ལེ་ཁྱུག་གེ་སྣང་ཡང་། དེས་མ་བསྒྲིབས་ཤིང་ནམ་མཁའ་ལ་སྤྲིན་གྱིས་མ་གོས་པ་ལྟར་སྒྲིབ་པས་མ་བསླད་པར་སྒྲིབ་གཉིས་བག་ཆགས་དང་བཅས་པ་རང་སངས་སུ་དག་ནས་རིག་སྟོང་ཡེ་ཤེས་ཆེན་པོའི་སྣང་བ་རྒྱས་པར་འགྱུར་རོ། །དེའི་སྐབས་སུ་སྣང་ཉམས་དང་ཤེས་ཉམས་ཀྱིས་བསྡུས་པའི་ཉམས་མཐོ་དམན་འཇམ་རྩུབ་ཅི་བྱུང་ཡང་ཉམས་ལ་མི་ཞེན་ཅིང་། ཉམས་ཀྱི་སྣ་མི་དགག་པར་བྱུང་རྒྱལ་དུ་བསྐྱང་བ་ནི་གནད་དོ། །དེ་ལྟར་ཁྲེགས་ཆོད་ཀྱི་གདམས་པའི་གནད་དྲིལ་མདོར་བསྡུས་པ་འདིའང་གཡོན་རུ་ལྷ་སྲས་བསོད་རྒྱལ་གྱི་བཞེད་པ་སྐོང་ཕྱིར་ཆོས་ཀྱི་བློ་གྲོས་པས་སོ། །སརྦ་ཛ་ག་ཏཾ།། །།
[edit]

@#/__/rdzogs chen gyi don khrid mdor bsdus bzhugs/__/ bla ma la phyag 'tshal lo/__/de yang rang bzhin rdzogs pa chen po'i chos nyid nyams su len pa la/__thun mong dang khyad par gyi sngon 'gro'i bsags sbyong rnams byas lo tsam ma yin par nyams len rdo rus 'phrod pa dang /__dngos gzhi phyi nang gi 'khor 'das ru shan dbye ba dang /__/sgo gsum sbyong ba'i rim pa rnams nyams len gnad du khel ba re dang /__sems sbyong la sems kyi gzhi rtsa bcad pa byung gnas 'gro gsum gtan la dbab pas/__phyi gzung ba'i yul gzhi med rtsa bral/__nang rang gi phung khams skye mched/__ngag rlung 'byung 'jug la brten pa'i smra brjod/__gsang ba sems zhes bya ba gya gyu can 'di rnams gzhi rtsa bral ba skye med kyi rang bzhin du gtan la dbab/__btsal bas ci yang ma rnyed pa na de'i ngo bo la bcas bcos mi byed par sgo gsum rang bab tu lhod kyis klod/__de bzhag pas sems nyid ngo bo stong ba/__rang bzhin gsal ba/__thugs rje rig pa gsum dbyer mi phyed pa'i rang bzhin smra bsam brjod bral gsal dwangs ha re ba/__der 'dzin gyi rtog pas ma bslad pa'i shes rig zang ka ma 'di grol gzhi'i rig pa ka dag chos sku'i gnas lugs zer/__de nyid rang gi mos gus dang bla ma'i byin rlabs gnyis 'dzom pas rtogs dgos pa yin/__de ltar rig pa ka dag de'i ngo bor g.yo 'gul med par 'jog pa lta ba ri bo cog bzhag/__rig pa mig la gtad/__/mig dbyings la gtad/__phyi nang bar med zang thal rgya mtsho rlung gis ma bskyod pa ltar bzhag pa sgom pa rgya mtsho cog bzhag/__de ltar rig pa rang mal las ma g.yos par bzhag pas tshogs drug gi snang ba bzang ngan gang shar la bcos bsgyur sogs kyi spang blang 'dam ka bral ba rang shar rgya yan du bzhag pa spyod pa snang ba cog bzhag/__/de thams cad la rig pa bcas bcos spro bsdu med pa rang bab sa le ba 'di kho na'i ngang bskyang ba las mi 'da' ba 'bras bu rig pa cog bzhag dang /__lta sgom spyod 'bras bzhi po tha dad ma yin te/__de thams cad ngo bo gcig tu go dgos/__de ltar 'jog thabs de rnams kyis bzhag pa na rnam rtog bzang ngan gang skyes thams cad grol ma thub na tha mal pa dang khyad med pas/__/'khrul snang gzung 'dzin gyi rtog pa gang shar yang shar ba dang ngo shes/__shes pas mi phan rig pa'i ngang du rtsal rdzogs/__rdzogs nas rig pa gsal stong chen po dang dbyer med du 'dres pas/__snang ba phar ka na ma lus/__rig pa tshur nang na med/__snang shes dbyer med du grol ba gnad gal po che yin/__nyams len gyi grogs su rlung sna nas mi gtong bar kha nas rgyun du mchu so yid tsam bye ba'i bar nas gtong /__bar rlung lto bar rgyun du thad kar ran tsam brgyangs/__mig bar snang la ha re bzhag/__lus gnad lhod chags par bsrang /__lag pa mnyam bzhag gam/__pus mo gnyis steng bkab pa'am/__thod rgal dang 'brel na drang srong tsog pu'i bzhugs stangs bya/__nam mkha' dwangs dus nam mkha' sngo sangs la mig dang rig pa nam mkha' gsum dbyer med du bsres nas ar la gtad pas ka dag chos sku'i stong gdangs brjod mi shes pa 'char ba bogs 'don dang /__rnam rtog phra zhib mang po skye na phaTaHdrag po brjod/__mig sdang mig tu ce re bgrad pas de ma thag rig pa gsal dwangs lhag ger 'char ba yin/__stod 'tshangs na ha sprug lus 'dar thon pa dang /__nu steng khu tshur rdeg pa 'khrul 'khor ltar bya dgos/__de ltar khregs chod la goms pa cung zad byung ba na/__rang bzhin rig pa sku gsum gyi lam snang 'od gsal lhun grub thod rgal la/__sgo yul rlung rig gi gnad gsum dang /__bzhugs stangs gsum/__gzigs stangs gsum gang rung gis 'od snang gi rten nyi ma/__zla ba/__mar me gsum gang rung la brten byas nas 'od snang khrid cing /__de la gtad bya gtod byed med pa nang gi rig pa dang /__phyi'i 'od thig gcig tu bsres nas zhen med 'dzin bral du 'jog pa dang /__rlung rig dal ba gnad du che zhing /__de'ang dbyings rnam dag gi sgron ma/__'char gzhi/__'char byed shes rab rang byung sgron ma/__'char bya thig le stong sgron/__'char sgo rgyang zhags chu'i sgron ma ste sgron ma rnam bzhi'i nyams len la brtson pas snang ba bzhi tshad du phyin par 'gyur ro/__de dag gi skabs su nges 'byung /__byang sems/__sgrib sbyong /__tshogs bsags/__bla ma'i mos gus rnams kyis lam gyi gzhi bzung /__dben pa'i ri la sdod/__smra ba ma mang /__rgyu 'bras spang blang gzab/__phyogs ris med par thams cad la bsam pa bzang po bya ba kho na gces so/__/zhes pa'ang kaHthog rgyal sras kun bzang rin po che'i sras mos gsung bskul ngor chos kyi blo gros pas bris pa'o//___//_!_gzhi ka dag khregs chod la/__sems byung gnas 'gro gsum btsal bas/__byung sa byung khung gis stong /__gnas sa gnas mkhan gyis stong /__'gro sa 'gro yul gyis stong /__sems btsal mkhan de mkhan po zer ba yin pas btsal rgyu sems dang nyul mkhan gnyis gcig yin min brtags pas chu las chu bur byung ba bzhin yin par go ste/__lus ngag sems rnams gzhi med rtsa bral du rtogs pa dpyad sgom dang /__'jog sgom la/__sems ma bcos rang bab tu bzhag pas ngo bo stong pa chos sku'i ye shes/__rang bzhin gsal ba longs sku'i ye shes/__thugs rje rig pa sprul sku'i ye shes/__de gsum dbyer med pa rig pa zang ka ma 'di yin lugs kyi steng du bla ma'i byin rlabs kyis ngo rang thog tu sprad pa/__thag gcig thog tu bcad pa/__gding grol thog tu bca' ba dang gsum/__lta ba ri bo cog bzhag/__sgom pa rgya mtsho cog bzhag/__spyod pa snang ba cog bzhag/__'bras bu rig pa cog bzhag dang bzhi/__rlung sems gnyis byed las gcig pas rig pa cog bzhag snang ba cog bzhag tu bsdus nas cog bzhag gsum byas kyang chog/__de rnams gzhi ka dag khregs chod kyi nyams len dang /__lam lhun grub thod rgal la 'char gzhi yul gyi gnad/__'char byed sgo yi gnad/__'char bya rig pa'i gnad dang gsum/__chos sku'i bzhugs stangs/__longs sku'i bzhugs stangs/__sprul sku'i bzhugs stangs gsum/__sku gsum gyi gzigs stangs gsum/__dbyings rnam dag gi sgron ma/__rgyang zhags chu yi sgron ma/__shes rab rang byung gi sgron ma/__thig le stong pa'i sgron ma dang bzhi/__sgo yul rlung rig gi gnad gcun pas chos nyid mngon sum gyi snang ba/__nyams gong 'phel gyi snang ba/__rig pa tshad phebs kyi snang ba/__chos nyid zad pa'i snang ba bzhi 'char ro/__/'di rnams tho tsam yin/__khrid yig ye shes bla mar zhib bca' gzigs mdzod/__chos sku'i bzhugs stangs seng ge'i 'dug stangs kyis rkang mthil sa la phab pas g.yo byed las kyi rlung gnon/__lus kyi cha srong bas rlung bde lugs su rgyu/__mgo rtsal mjings par bskur bas rnam rtog rang bzhin gyis 'gags/__lag sor sgongs te khyi tshugs su 'dug pas ye shes kyi drod phebs/__'byung ba cha snyoms/__longs sku'i bzhugs stangs pus brang sbyar bas bde drod ye shes kyi khams rgyas/__gru mo gnyis sa la btsug pas pho mo'i rlung gnyis ma ning du rang rgyu/__thal mos mgrin pa yid tsam btegs pas rags pa'i rlung 'gags/__rkang sor phyir phul te bskum pas bying rgod cha snyoms pa sprul sku drang srong tsog pus lus tsog pur 'dug pas rtsa rlung rang sor snyoms/__rkang mthil sar phab pas chu yi rtsal gnon/__rgal tshigs drang por bsrang bas rlung sems chos nyid du rgyu/__pus brang sbyar bas me rlung ye shes su 'phel/__rgyu zhabs rgal par bcar bas rnam rtog gi 'phro 'du 'gags/__lag pa bsnol te pus bkab kyis tsha ba'i nad sel/__mchan khung gnyis su reg pas grang nad sel/__lag sor sgongs te lkog ma btegs pas tsha grang snyoms par byed do/__/mngon par byang chub pa'i bzhugs stangs bya rgod spungs stangs kyi rkang mthil sa la phab pas las rlung non/__tshos so sar ma reg pas bag chags las kyi mtha' stongs/__ro stod mdun gcus kyis rtsa nang gi ye shes 'char/__lus kyi zur nas lag gnyis gshog pa ltar sgongs te tshos so'i steng lag sor bsnol bas 'byung bzhi las kyi rlung bzhi ye shes kyi sbubs su thim zhing rang ldob/__/lus spyi bsrangs pas nyon yid 'char mi srid par byed/__mi 'gyur rdo rje'i bzhugs stangs kyis lus spyi bsrangs pas 'gyu byed las kyi rlung 'gags/__rkang mthil kha sbyar bas pho mo ma ning gi rlung stong /__'od gsal ye shes kyi ngang du rang gnas/__rting pa gnyis gsang bar gtad pas 'dod chags kyi gzhi stong /__thal mo spyi bor sbyar bas lus gnad spyong bar byed/__chos sku'i gzigs stangs kyis dbyings rig 'phel che/__longs sku'i gzigs stangs kyis thad kar bltas pas ye shes kyi snang ba mthong /__sprul sku'i mthur phab kyis 'od khyim gyi sgron ma mthong /__mngon byang gi gzigs stangs khrid cing zlum por bltas pas dbyings snang cher 'phel/__rdo rje'i gzigs stangs zur bltas kyis zhing khams kyi rgyan rdzogs par byed/__chos sku seng ge lta bus grol gzhi'i zhing la spyod/__longs sku glang po lta bus grol snang ye shes la spyod/__sprul skus 'char tshul phrin las la spyod/__mngon byang gis 'od gsal zhing snang la spyod/__rdo rje mda' srong lta bus sku gsum lhun grub la spyod par byed do//___//_!_dpal ldan bla ma'i zhabs la phyag 'tshal lo/__/sems don ngo sprod kyi gnad mdor bsdus pa ni/__mi rtag pa rgyun du dran pa dang /__'khor ba'i nyes dmigs la bsams nas las 'bras blang dor bya ba dang /__skyabs 'gro'i rtsa ba brtan cing gzhan phan lhag bsam bzang pos sgo gsum gyi bya ba ci byas gzhan don du spyod cing bsngo ba smon lam dang /__bsags sbyong gi rim pa la nan tan du bya ba dang /__yi dam gyi bskyed rdzogs gang rung gcig la nyams len bsnyen sgrub gnad smin dang /__khyad par rang rig skye med kyi don rtogs pa la bla mar mos gus bcos min du ma skyes kyi bar du nan tan du bya zhing /__bcos min gyi mos gus skyes nas kyang bla ma la rtag tu gsol ba 'debs shing dbang blang ba gal che/__sems don dngos la/__rtsad gcod pa ni/__thog med nas 'khor bar 'khyams mkhan dge sdig byed mkhan 'di sgo gsum gang yin brtags pas gtso bo sems yin par shes nas/__mtshangs btsal ba ni/__lus ngag yid gsum gcig tha dad brtags pas/__tha snyad du ni de gsum 'brel ba can ltar snang yang /__don dam gyi rig pas dpyad na gcig tha dad gang du'ang ma grub pa'i sems zhes bya ba med pa gsal snang gya gyu ba 'di yin/__'di'i ngo bo la brtags pas skye ba btsal bas ma rnyed/__gnas pa'i ngo bo ma grub/__'gags pa'i yul med pas gzhi rtsa bral/__tshol mkhan gyi sems dang btsal rgyu'i sems gnyis gcig tha dad brtags pas de las de byung ltar snang yang /__btsal gzhi'i sems ma grub pas tshol mkhan yang ma grub/__'on kyang glo bur rgyu rkyen gyis bskyed pa'i rnam rtog wal po 'gyu ba sna tshogs pa 'di la bdag tu bzung bas srid pa 'khor bar 'khrul pa ngo shes nas/__sems btsal bas ma rnyed pa'i sems kyi gshis lugs gcer mthong du brtags pa la sgo gsum ma bcos lhod kyis bzhag pas rtog med gsal ba res yod res med/__rkyen gyis bsgyur nus 'phel 'grib can de kun gzhi'i rnam shes yin/__de la brten pa'i bde gsal mi rtog gi nyams ci byung yang shes nyams skyon can dang /__yang ci dran med pa'i stong had de ba de kun gzhi'i rang bzhin shin tu skyon chen yin/__de rnams yid dpyod kyis sgrib pa dang /__de rnams kyis ma bslad pa'i dran rtog gi 'phro 'du shar kyang rung /__ma shar kyang rung /__phan gnod bsgyur bkod cig byar med pa'i da lta'i shes pa zang ka so ma ma bcos ma bslad pa'i/__sa le/__sing nge /__ye re/__rjen ne/__gsal la dwangs pa dngos mtshan las 'das pa/__stong pa phyar chad ma yin pa'i gsal rig hrig ge ba ngo bo ngos bzung thams cad dang bral ba 'di ye stong ka dag gnyug ma'i shes pa'am/__rig stong 'od gsal rdzogs pa chen po'am/__rig pa rang ngo bskyang rgyu de yin/__de nyid lta ba ri bo cog bzhag/__sgom pa rgya mtsho cog bzhag/__spyod pa snang ba cog bzhag/__'bras bu rig pa cog bzhag bzhis bzhag thabs kyi rang ngo bskyangs pas rig stong rjen pa mngon du gyur pa ni ngo rang thog tu sprod pa zhes bya zhing /__de la yid ches de las gzhan pa'i sangs rgyas zhes bya ba dang /__ye shes zhes bya ba logs shig na med cing /__chos thams cad bya med rig pa skad cig ma'i klong du rdzogs par thag bcad cing 'dzin med yengs med zhen med du bsgom pa lta ba de'i ngang las ma g.yos pa tshogs drug gi yul dang yul can thams cad mi 'gag/__mi spro/__mi bsdu bar rang babs rgya yan du bzhag pas/__yul shes gnyis med byung tshor gyi rtog pa gzhi thim bya lam rjes med rig pa'i ngang du rang grol ba ni gding grol thog tu bca' ba zhes gsung /__de lta bu'i nyams len la mnyam bzhag rjes thob gang gi skabs su'ang mi g.yo ba gnad dam pa'o/__/de ltar brtson na dus rtag tu gzung 'dzin ltar wa le khyug ge snang yang /__des ma bsgribs shing nam mkha' la sprin gyis ma gos pa ltar sgrib pas ma bslad par sgrib gnyis bag chags dang bcas pa rang sangs su dag nas rig stong ye shes chen po'i snang ba rgyas par 'gyur ro/__/de'i skabs su snang nyams dang shes nyams kyis bsdus pa'i nyams mtho dman 'jam rtsub ci byung yang nyams la mi zhen cing /__nyams kyi sna mi dgag par byung rgyal du bskyang ba ni gnad do/__/de ltar khregs chod kyi gdams pa'i gnad dril mdor bsdus pa 'di'ang g.yon ru lha sras bsod rgyal gyi bzhed pa skong phyir chos kyi blo gros pas so/__/sarba dza ga taM//___//

Footnotes

Other Information