རང་རིག་ཡེ་ཤེས་མངོན་སུམ་སྟོན་མཛོད་ཅིང་སོགས་ཡེ་ཤེས་བླ་མའི་ཟིན་བྲིས་རྡོ་གྲུབ་སྤྲུལ་སྐུ་བསྟན་པའི་ཉི་མའི་གསུང་རྒྱུན།

From Khyentse Lineage - A Tsadra Foundation Project
JKCL-KABUM-08-NYA-002
Wylie title rang rig ye shes mngon sum ston mdzod cing sogs ye shes bla ma'i zin bris rdo grub sprul sku bstan pa'i nyi ma'i gsung rgyun JKCL-KABUM-08-NYA-002.pdf
Location chos kyi blo gros bka' 'bum
Volume 8, Text 2, Pages 23-61 (Folios 1a1 to 20a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Source Author(s) འཇིགས་མེད་གླིང་པ་, འཇིགས་མེད་བསྟན་པའི་ཉི་མ་ ('jigs med gling pa, Dodrupchen, 3rd)
Citation 'jam dbyangs mkhyen brtse chos kyi blo gros. rang rig ye shes mngon sum ston mdzod cing sogs ye shes bla ma'i zin bris rdo grub sprul sku bstan pa'i nyi ma'i gsung rgyun. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 23-61. Bir, H.P.: Khyentse Labrang, 2012.
Genre Contemplative Guide Books and Instructional Manuals - khrid yig  ·  Dzogchen - rdzogs pa chen po  ·  Notes - zin bris
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

ཡེ་ཤེས་བླ་མའི་ཟིན་བྲིས་རྡོ་གྲུབ་སྤྲུལ་སྐུ་བསྟན་པའི་ཉི་མའི་གསུང་རྒྱུན་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོའི་ཕྱག་བྲིས་དངོས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་ལ་གནང་བའི་དཔེ་ལས་ཞལ་བཤུས་པའི་མཁན་པོའི་ཕྱག་དཔེ་ལས་སླར་ཡང་བཤུས་པའོ།།

ye shes bla ma'i zin bris rdo grub sprul sku bstan pa'i nyi ma'i gsung rgyun 'jam mgon rdo rje 'chang blo gros rgya mtsho'i phyag bris dngos mkhan chen mkhyen brtse'i blo gros la gnang ba'i dpe las zhal bshus pa'i mkhan po'i phyag dpe las slar yang bshus pa'o//

1 Texts in this Section (sde tshan or chos tshan)

[edit]
རང་རིག་ཡེ་ཤེས་མངོན་སུམ་སྟོན་མཛོད་ཅིང་། །ཚེ་འདིར་གདོད་མའི་གྲོལ་སར་ཁྲིད་མཛད་པ། །ཀུན་བཟང་འཁོར་ལོའི་དབང་ཕྱུག་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་བགྱིའོ། །འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གདོད་མའི་མགོན་པོ་ཁྱད་ཆོས་དྲུག་ལྡན་གྱི་གོ་འཕང་སོགས༴ །རྣལ་འབྱོར་བླ་མེད་རྡོ་རྗེ་ཐེག་པའི་སྐབས་འདིར་ཐ་མལ་སྣང་ཞེན་དང་བཅས་པས་ཉན་དུ་མི་རུང་བས་གནས་ཁང་འདིར་ཡང་ཐ་མལ་གྱི་རྣམ་པ་ཅན་མ་ཡིན་པ། འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོ་གཞི་དང་རྒྱན་དང་བཀོད་པ་ཚད་མེད་པའི་དབུས། ཆོས་སྟོན་པའི་སློབ་དཔོན་ཁྱབ་བདག་གདོད་མའི་མགོན་པོ་དཔལ་པདྨ་ཀུན་ཏུ་འཆང་ཆེན་པོའི་ཞལ་ནས་སོགས༴ །སྤྱི་འགྲེ། འོད་གསལ་མན་ངག་སྙིང་ཏིག་ཁྱད་པར་འཕགས་ཚུལ་གྱི་སྐབས། ཆོས་དབྱིངས་འོད་གསལ་གྱི་ཁམས་འདི་སངས་རྒྱས་དང་སེམས་ཅན་ལ་ཁྱད་མེད་དུ་བཞུགས་རུང་སེམས་ཅན་རྣམས་ལ་ཐོག་མ་མེད་པ་ནས་འཁྲུལ་རྟོག་གློ་བུར་གྱི་དྲི་མ་ངན་པའི་སྦུབས་སུ། འོད་གསལ་བག་ལ་ཞ་ནས་རིག་པ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་མ་རྟོགས། དེ་ལྟ་བུའི་སྐབས་སུ་དྲི་བཅས་དེ་བཞིན་ཉིད་ཟེར། དཔེར་ན་ཆུ་ཆབ་རོམ་དུ་ཐུམ་པ་བཞིན་ནོ། །ནམ་ཞིག་ལམ་སྒོམ་པས་གློ་བུར་གྱི་དྲི་མ་ཞེས་སེམས་ཟད་པ་ན། འཁྲུལ་པ་མ་རིག་པའི་སྦུབས་ལས་གྲོལ་བའི་རིག་པ་འོད་གསལ་ཉིད་རྒྱས་པ་ན་སངས་རྒྱས་ཞེས་གྲགས། དེ་ལྟ་བུའི་གནས་ལུགས་ཟབ་མོ་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་ཆོས་ཚུལ་ཇི་སྙེད་བསྟན་པ་མཐའ་འདི་ལ་འབབ་ཅིང་། རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཀྱི་ཐེག་པས་ཚོགས་རྫོགས་རིམ་བཞིན་སྒྲིབ་པ་ཇེ་དག་དེ་ཡང་ཚོགས་སྦྱོར་ན་སྟོང་ཉིད་མོས་སྤྱོད་མཐོང་ལམ་ན་ནང་རྟོགས་རུང་ད་དུང་ཉོན་སྒྲིབ་ཀྱི་བག་ཆགས་མ་སྤངས། ས་བརྒྱད་པ་ན་ཡང་ཤེས་བྱའི་སྒྲིབ་པའི་བག་ཆགས་མ་སྤངས་པས་སྒྲིབ་པ་དེ་རྣམས་དག་ཅིང་ཚོགས་རྫོགས་ནས་སྟོང་ཉིད་ཟབ་མོ་རྟོགས་དགོས་ཤིང་དེ་དག་སེམས་ཀྱི་དྲི་མ་དང་བཅས་པ་དང་། སྔགས་ཕྱི་རྒྱུད་སྡེ་གསུམ་སོགས་ལྷ་དང་བདག་མེད་སྒོམ་པ་སོགས་ཀྱི་ཏིང་ངེ་འཛིན་གྱི་མི་ཚེ་གསུམ་དང་རིགས་མཐའ་མི་ཚེ་བཅུ་གསུམ་ནས་འབྲས་བུ་ཐོབ་པ་སོགས་ཀྱང་སེམས་ཀྱི་དྲི་མ་དང་བཅས་ཤིང་བླ་མེད་རྡོ་རྗེ་ཐེག་པ་ཡང་། ལྷ་དང་བཅས་རྩ་རླུང་ཐིག་ལེའི་རྣལ་འབྱོར། དོན་དམ་བྱང་ཆུབ་སེམས་ཀྱི་རྣལ་འབྱོར་རྣམས་ཀྱང་སེམས་ཀྱིས་གོས་ཤིང་། སེམས་སྡེ་དང་ཕྱག་ཆེན་སོགས་སེམས་དང་སེམས་ཉིད་ཀྱི་རོལ་བའི་ཆོ་འཕྲུལ་འཛིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཆེན་པོ་ཀུན་ཏུ་བཟང་མོའི་ཀློང་དུ་གཏན་ལ་དབབ་པ་ལ་ཡང་སེམས་ཀྱི་གཡའ་དྲིས་གོས་ཤིང་། གསང་བ་མན་ངག་སྙིང་ཐིག་ནི་མངོན་སུམ་འོད་གསལ་སྙིང་པོའི་རང་གནད་རྗེན་ཅར་སྟོན་ཅིང་སེམས་ལས་འདས་པའི་རིག་པའི་ཡེ་ཤེས་ཉིད་གཙོ་བོར་བསྟན། ཞག་དྲུག་ཟླ་བ་གསུམ་མ་མཐའ་ལོ་དྲུག་གི་འཇའ་ལུས་རྡོ་རྗེའི་སྐུའི་གོ་འཕང་ཐོབ་ངེས་པ་འདི་ནི་དཔེར་ན་རི་རབ་ཀྱི་རྩེར་ཕྱིན་པ་དང་འདྲ་ཤིང་། ཐེག་པ་འོག་མ་རྣམས་རི་རབ་ཀྱི་ཟོམ་པ་དང་འདྲའོ། །དེ་ལ་ཡང་པད་འབྱུང་། བི་མའི་ལུགས་གཉིས་ལས་འདི་ནི་པད་འབྱུང་དང་། ཡེ་ཤེས་ཀློང་རྒྱུད་སོགས། བི་མ་དང་རྨ་ཡིས་བསྒྱུར་བ་ལྟར་གཉིས་ཀའི་བཀའ་སྲོལ་གཅིག་ཏུ་འདྲེས་པ་ཡིན་གསུངས། ཁྲིད་གདབ་ཚུལ་ལ། ངོ་སྤྲོད་ཁྲིད་ཀྱི་ལུགས་སུ་གདབ་པ་ནི། གཞུང་འདིར་བརྟན་གྱི་ཁྲེགས་ཐོད་ངོ་སྤྲོད་དང་། མགྲོན་པོ་ལ་བརྒལ་བ་ཚངས་སྤུངས་སུ་གདབ་པ་ཞེས་པ་མགྲོན་པོ་འཆི་ཁའི་སེམས་ཅན་ལ་རྒྱས་པར་ངོ་སྤྲོད་མི་ཁམས་པ་ལ་གནད་བསྡུས་ཏེ་ཅིག་ཆར་སྟོན་པ་ནི་བར་དོའི་གདམས་པ་སྟེ། དེ་ཡང་འདིར་ཚང་གསུངས། ཕྱིའི་རུ་ཤན་སྐབས་འཁོར་འདས་རུ་ཤན་ཅེས་པ་འཁོར་འདས་གཉིས་ལག་པའི་ལྟོ་བརྒྱབ་འདྲ་སོགས་གསུངས། དེ་ཡང་འཁོར་བ་སེམས། མྱང་འདས་རིག་པ་ལ་ཟེར། དེ་གཉིས་ཤན་ཕྱེ་བས་སེམས་རིག་པ་སྣ་ཁྲིད་པའི་ཐབས་ཟབ་མོ་སྟེ། རྡོ་རྗེའི་ལུས་ཀྱི་རིག་པ་གཏད་མེད་དུ་བཏང་། གཟུང་འཛིན་གྱི་དངོས་རྟོག་ཐམས་ཅད་ཁྲལ་མ་ཁྲོལ་དུ་བཏང་བའི་གནད་ཟབ་མོ་ཡིན། འདི་སྐབས་ཁ་གཅིག་གི་རིགས་དྲུག་གི་སྡུག་བསྔལ་མྱོང་བར་བསམ་ནས་བློ་སྦྱོང་། སྙིང་རྗེ་སོགས་བསྒོམས་པར་གསུང་ཀྱང་སྐབས་འདིར་གཙོ་མི་ཆེ། ནང་གི་རུ་ཤན་དབྱེ་བ་རིག་དྲུག་བསྲེག་སྦྱོང་སྐབས། སྤྱིར་ཐིག་ལེ་སྙིགས་མའི་ཆ་ཕལ་ཆེར་གྱིས་སྐྲ་དང་བ་སྤུ་སོ་དང་སེན་མོ་སོགས་བསྐྱེད་པར་གསུངས་པ་བཞིན། རྩ་རླུང་སེམས་ཐིག་ལེ་སྙིགས་མས་རིགས་དྲུག་གི་ས་བོན་བསྐྱེད། དེ་ཡང་ཁ་ཅིག་གི་ཡི་གེའི་གཟུགས་དེ་ཡང་། རྒྱ་བོད་སོ་སོའི་ཡིག་གཟུགས་ལྟར་གནས་ཟེར་ཡང་། དོན་ཐིག་ལེའི་རྣམ་པར་གནས་པ་དེ་སྙེད་རྣམས་སེམས་ཀྱི་ཆ་ཡིན། དྭངས་མ་མི་ཤིག་པའི་ཐིག་ལེའི་ཆ་ལས་རྡོ་རྗེ་གསུམ་གྱི་ས་བོན་རྣམས་རིག་པའི་ཡེ་ཤེས་ཡིན་ལ། འབྲུ་གསུམ་གནས་གསུམ་གྱི་ས་བོན་གྱི་སྟེང་དབུ་མ་དང་ཉེ་བར་བསྒོམ། འབྲུ་གསུམ་བཟླས་པས་རིགས་དྲུག་གི་ས་བོན་ལྗི་ཞིང་མོག་པའི་རྣམ་པ་ཅན་ལ་མཐར་རྗེས་མེད་དུ་ཡལ་བར་བསམ། འདི་ཡང་སེམས་རིག་པ་སྣ་ཁྲིད་པ་ཡིན། གསོན་པོའི་བྱང་ཆོག་རོ་བསྲེགས་འདི་ཟབ་གསུངས། ལུས་ཀྱི་རུ་ཤན་སྐབས་ལུས་རྩེ་གསུམ་གྱི་འདུག་སྟངས་ཀྱི་ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། མར་རྩེ་གསུམ་སྐུ་གསུམ། སྐེད་པ་གཅིག་ཏུ་འདྲེས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་མཚོན་ཤིང་རིག་པ་ཉིད་རྡོ་རྗེ་གསུམ་ཤར་བ་ཡིན་གསུངས། དཔེར་ན་མཛུབ་མོས་ཟླ་བ་མཚན་པ་ལྟ་བུ། མཛུབ་མོ་དང་ཟླ་བ་ལྟར་ངོ་བོ་ཐ་དད་འབྲེལ་མེད། དེ་འདྲ་མ་ཡིན་པ་རིག་པའི་འོད་གསལ་ཉིད་མངོན་དུ་བྱེད་པ་ལ་དང་པོ་ནས་རིག་པ་ཉིད་ཀྱི་གནད་སྟོན་པ་ཡིན་གསུངས། ངག་གི་རྒྱས་བཏབ། རྩལ་སྦྱངས། གཉེན་བཙལ། ལམ་ཞུགས་སྐབས། གནད་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རང་གི་རིག་པ་ཐ་མི་དད་པ། དེ་ཉིད་ཡི་གེ་ཧཱུྃ་དུ་ཤར་བ། ཧཱུྃ་གི་སྒྲ་དང་། གཟུགས། རིག་པ་གསུམ་དབྱེར་མེད་པར་བལྟ་བ་གནད་ཡིན་ཅིང་། ལུས་ངག་ཡིད་སེམས་ཀྱིས་བསྡུས་པ་རིག་པར་ཟད་དགོས། རྒྱས་བཏབ་སྐབས་སྣོད་བཅུད་ཧཱུྃ་དུ་གྱུར་པར་བསྒོམ། རང་ལུས་གཏོར་བ། ཧཱུྃ་མཐོ་གང་ཡིན་ཅེས་བླ་མ་དག་གསུངས། དངོས་པོ་ཆེ་ཆུང་དང་བསྟུན་པའི་ཧཱུྃ་བསྒོམ་གསུངས། དཔེ་ཁ་ཅིག་སྲིན་པོའི་འགྲོས་དང་སྲིན་འབུའི་འགྲོས་ཞེས་པ་སྔ་མ་ཡིན་ན་ལྡིང་སྟབས་སུ་འགྲོ་བ་ཉག་ཧོར་གྱི་མི་འགྲོ་བ་ལྟ་བུ། ཕྱི་མ་འབུ་རྗེས་ལྟ་བུ་ཡིན་ཅེས་མཐུས་གསུངས། ལམ་ཞུགས་སྐབས་འགྲོ་ལྡོག་གི་ལམ་སྦྱོང་བ་ཞེས་ཕྱིར་ལྡོག་ཀྱང་རུང་། རང་མལ་དུ་བསྡད་ནས་ཧཱུྃ་གཞན་ཞིག་ཏུ་འགྲོ་བ་ལྟར་མི་བསམ་གསུངས། ཡིད་ཀྱི་རུ་ཤན་སྐབས་སེམས་ཚོལ་གྱི་གནད་གྲུབ་མཐའི་འདོད་ཚུལ་རྣམས་བསལ་བའི་སེམས་ངོ་བོ་ཉིད་དམིགས་སུ་མེད་པ་སྟོང་པ་ཉིད་དུ་ཧད་དེ་བ། དེ་ཡང་རིག་པའི་ཡེ་ཤེས་དངོས་མ་ཡིན་ཤིང་། །དཔལ་སྤྲུལ་གསུངས་རྒྱུན་ཡིན་ཟེར་བའི་བླ་མ་ཁ་གཅིག་གི་རྫོགས་ཆེན་སེམས་ལ་ངོ་བོ་ཡོད་ཟེར་ན་འབྱུང་བཞིའི་གཤིག་རྒྱུ་ཨི་འདུག་ལྟོས། གསུངས་ས་གཅོད་ཀྱི་སྐབས་ལྟ་བུ་ལས་རྫོགས་ཆེན་རང་ལུགས་མིན་རུང་གནད་གཅིག་ཏུ་འབབས་གསུངས། དོན་རྣམ་རྟོག་ཐོལ་གྱིས་སྐྱེ་བ་ལ་བརྟགས་པའི་གནད། གནས་པའི་སྐབས། གང་དུ་གནས་བརྟགས་མཁན་གྱི་ངོ་བོ་ལ་དཔྱད་པའི་གནད། འགྲོ་བ་ལ་དེ་བཞིན་དཔྱད། རྣལ་དབབ་ལ་རང་བབ་མི་རྟོག་པའི་ངང་དུ་ཆམ་གྱི་བཞག། དཔྱད་བསྒོམ་གྱི་མཐར་མི་རྟོག་པར་བཞག་པ་དང་། དཔྱད་བསྒོམ་མ་བྱས་པར་ཧད་དེ་མི་རྟག་པ་ལ་བཞག་པ་གཉིས་ཁྱད་ཆེ། སྔ་མས་ཟབ་གསུངས། ལུས་ཀྱི་སྣ་ཁྲིད་འཁོར་འདས་རུ་ཤན། སེམས་ཀྱི་སྣ་ཁྲིད་སྒོ་གསུམ་རུ་ཤན་ཕྱེ་བ་གཉིས། དབང་རྣོན་རྒྱུའི་སྔོན་བསགས་ཅན་ལ་ཟེར། སྟོབས་ཅན་ཚེ་འདི་ལ་གྲོལ། འབྲིང་བར་དོར་གྲོལ། དབང་ཐ་སྐྱེ་བ་ཕྱི་མར་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བ་ཐབས་དང་གནད། དབང་གི་སྐབས་སྤྲོས་བཅས་སོགས་རྒྱས་པ་ཐེག་མཆོག་མཛོད་ལྟར་དང་། བསྡུས་པ་ལྕེ་བཙུན་སྙིང་ཐིག། ཤིན་ཏུ་བསྡུས་པ་རྩེ་དབང་རྒྱལ་ཐབས་སྤྱི་ཤུགས་ལྟ་བུ་ཡིན་གསུངས། དངོས་དང་གཞི་གཉིས་ཀ་ཡིན་མིན་མུ་སྐབས་དངོས་དང་གཞི་བརྩི་པ། གཞི་ལྷ་ཁང་ལྟ་བུ་རྫོགས་ཆེན་གྱི་ལྟ་སྒོམ་མང་པོ་ཚིག་ཤས་ཆེ་བའི་གོ་བ་དང་། དངོས་ཞེས་པ་ཚིག་ལ་བརྟེན་ནས་མྱོང་བ་དངོས། དམིགས་པ་ཡུལ་གྱི་བློ་ཅན་གྱི་ཁྲིད་ཚུལ་ལ་ཐུན་མོངས་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ཀྱི་ཁྲིད་ཚུལ་ལས་ཕྱི་མ་ཐུན་མིན་མན་ངག་སྙིང་ཐིག་འདི་ཡིན་གསུངས། རྒྱུད་བཅུ་བདུན་སོགས་རྡོ་རྗེ་མཁའ་འགྲོའི་སྐད་སྣ་ཚོགས་ལས་བསྒྱུར་བ་ཡིན། སཾ་སྐྲི་ཏའི་སྐད་ཡིན་པའི་ངེས་པ་མེད་ཅིང་དངོས་དང་གཞི་ལ་སྒྲ་བྱིང་སྒྲུབ་ཀྱི་སོ་སོའི་གོ་བ་ཇི་ལྟར་རྩལ་རྒྱུ་ཡོད་མ་ངེས་གསུངས། དམིགས་པ་ཡུལ་གྱི་བློ་ཅན་གྱི་ཁྲིད་ཚུལ་ཐུན་མོངས་ངོ་སྤྲོད་སྐབས་ཆོས་ཐམས་ཅད་བརྟགས་ཤིང་དཔྱད་ན། སྣང་ཙམ་རྐྱང་པ་ལས་ངོ་བོའི་སྟེང་ན་གྲུབ་པ་མེད་དེ་ཆུ་ཕོར་གང་ལ་རིགས་དྲུག་གི་མཐོང་བ་དང་། ཡི་དྭགས་ཀྱི་རྒྱ་མཚོར་གྲོག་སྙམས་མཐོང་བ་དང་ས་རྡོ་སོགས་ལ་མི་དང་གཞི་བདག་སོགས་ཀྱི་སྣང་ཚུལ་ཐ་དད་དང་ཉི་མ་ལ་འུག་པ་དང་མི་ཡི་མཐོང་ཚུལ་སྣང་དང་མུན་ནག་བཞིན་སྣང་བ་སེམས་ཀྱི་བཟོས་པར་ངོ་སྤྲད། སེམས་འདི་ཉིད་བརྟགས་ཤིང་དཔྱད་ན་ངོ་བོ་མཚོན་དུ་མེད་པས་སེམས་ཀྱི་རང་བཞིན་སྟོང་པར་ངོ་སྤྲད། དེ་ཉིད་མེད་ཀྱང་མ་ཡིན་པར་སྟོང་པའི་རང་མདངས་ལ་རིག་ཆ་མི་འགགས་པ། རིག་ཆ་ལ་སྟོང་པ་མི་འགགས་པ། དེ་གཉིས་ངོ་བོ་དབྱེར་མི་ཕྱེད་སོ་སོར་རང་རིག་གི་སྤྱོད་ཡུལ་དུ་གྱུར་པ་དེ་ལ་རིམ་གྱིས་འཇུག་པ་རྣམས་ཁྲིད། ཕྱི་ཡུལ་ལ་ནང་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱིས་རྒྱས་འདེབས་པ་ཕྱག་ཆེན་སོགས་དང་འདྲའོ། །སྣང་བ་སྒྱུ་མ་ཡིན་པ་དང་དེའི་རང་བཞིན་སྟོང་པར་ངོ་སྤྲད་པ་ལས། ཁྱད་ཆོས་རིག་སྟོང་རྗེན་པར་ངོ་སྤྲད་པ་ཡིན་ཀྱང་། དབང་པོ་ཕལ་པ་ཁྲིད་ཚུལ་ཐུན་མོངས་པའི་སྟེང་ནས། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། བསྒོམ་པ་ཉིན་མོ་ཁ་སྦྱོར། སྤྱོད་པ་ཤར་གྲོལ་དུས་མཉམ་སོགས་སྦྱར་ཚུལ་ཡོད་གསུངས། ཀརྨ་པ་རང་བྱུང་རྡོ་རྗེས་གཉན་རས་དགེ་འདུན་འབུམ་དང་ཨོ་རྒྱན་པར་རྫོགས་ཆེན་གསན་ཀྱང་། ཕྱག་ཆེན་དང་འདྲེས་པ་རང་སྟོབས་ཀྱི་མཁྱེན་ནས་གྲུབ་ཆེན་མེ་ལོང་ལ་རྫོགས་ཆེན་བསླད་མེད་ཡོད་རུང་དེ་གཤེགས་ནས་ཀུ་མ་རཱ་ཛར་གསན་པ་བཞིན། ཐུན་མོང་གི་ཁྲིད་ཚུལ་འདི་ཕྱག་ཆེན་སེམས་ཀློང་སོགས་དང་འདྲེས་གསུངས། ཐུན་མིན་རིག་པ་རང་སྣང་གི་བློ་ཅན་ལ་ངོ་སྤྲོད་ཚུལ་གནད་ལ་བརྟེན་པ་དང་། མ་བརྟེན་པའི་སྒོ་ནས་ཆོས་དབྱིངས་མཛོད་འགྲེལ་སོགས་གསུངས་ཀྱང་། རིག་པ་རང་བྱུང་གི་ཡེ་ཤེས་ཐད་ཀར་ངོ་སྤྲོད་པ་ནི་ཅིག་ཆར་བ་ཡིན་ལ། དེའི་ཚུལ་གྱིས་བརྒྱུད་པའི་བླ་མ་ལ་མོས་གུས་བྱས་པ་དེའི་རྐྱེན་གྱི་མོས་གུས་འུར་ལངས་སྟེ་དུས་གསུམ་གྱི་རྟོག་པ་ཕྲ་རགས་མ་མཆོད་ཞིང་། གཏད་སོ་ཅིའང་མེད་པ་ཧད་པ་ནི་གློ་བུར་བ་ཡིན་ཀྱང་། ཧད་དེ་བ་འགགས་པའི་རིག་པ་གསལ་སྟོང་མོས་གུས་ཀྱི་སྟོབས་ཀྱིས་མངོན་དུ་གྱུར་པ་ལ་བྱིན་རླབས་ཀྱི་ངོ་སྤྲོད། ལྟ་བའི་སྟེང་ནས་ངོ་སྤྲོད་ནི། སེམས་ཚོལ་གྱི་གཏན་ལ་དབབ་པའི་མཐར་ངོ་སྤྲོད་པ། བསྒོམ་པའི་སྟེང་ནས་ངོ་སྤྲོད་པ། སློབ་མ་རང་བབས་སུ་ལྷན་ནེར་བཞག་དུ་བཅུག་པ་དང་། བླ་མས་ཕཊཿདང་སེམས་གང་ཡིན་བརྗོད་པས། སྔར་གྱི་ཧད་དེ་བདེ་བསལ་ནས་རིག་པ་ཟང་ཐལ་འཕྲོ་འདུ་བྱིང་རྒོད་སོགས་ཀྱི་སྒྲིབ་གཡོགས་ཐམས་ཅད་བྲལ་བའི་མ་བཅོས་རིག་སྟོང་རྗེན་པར་འཆར་བ་དང་། དུས་གསུམ་གྱི་རྟོག་པའི་དྭངས་ཆ་བཙལ་བ་ཡང་རྫོགས་ཆེན་སྙིང་ཐིག་དངོས་མ་ཡིན། མ་བཅོས་པའི་རིག་པ་ལ་བཅས་བཅོས་ཀྱི་སྤྲོ་བསྡུ་བྲལ་བ་མཉམ་རྗེས་གང་གི་སྐབས་སུ་ཡང་དེའི་རྒྱུན་བསྐྱངས་བ་གལ་ཆེ། སྟོང་ཆ་ཞེས་པ་ཟུར་དུ་མེད་དེ་རང་བབ་ཀྱི་རིག་པ་ཡེངས་མི་ཤེས་པ་ངོས་བཟུང་མཁས་ལེན་ཐམས་ཅད་དང་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་དེ་ཉིད་རྣམ་པ་མི་རྟོག་པའི་ཡེ་ཤེས་འོད་གསལ་བ་དེ་ཉིད་ལས་གཞན་དུ་མེད། དཔེར་ན་གཟུགས་ལྟ་བ་ལ་ཕྱི་ཕྱག་བྱི་དོར་བྱེད་པ་ལས་གཞན་དུ་མེད་པའི་དཔེ་བཞིན་ནོ། །དཔེར་ན་རྫོགས་ཆེན་གྱི་ཡེངས་བ་དང་མ་ཡེངས་ཞེས་པ། སེམས་ཀྱི་ཕྱོགས་སུ་སོང་ཚད་ཡེངས་པ། རིག་པའི་ཕྱོགས་སུ་སོང་ན་མ་ཡེངས་པ་ཞེས། ཐུན་མོང་གི་མ་ཡེངས་པ་རྫོགས་ཆེན་གྱི་ཡེངས་པར་སོང་བ་ཡོད་གསུངས། དོན་དུ་རིག་ཆ་རྗེན་པ་བསྐྱངས་པས་སྣང་སེམས་ཁྱབ་བརྡལ་ཡུས་ཤེས་རང་གྲོལ་དུ་འགྲོ་ཞིང་། གེགས་བྱུང་ན་ཡང་རིག་ཆ་ཉིད་བསྐྱངས་པ་གྲོལ། གེགས་སེལ་གཞན་མེད། གེགས་རིག་པ་ལས་བྱུང་བ་མ་ཡིན་ཏེ། རིག་པ་ཀུན་ཏུ་བཟང་པོ་ལས་ཀུན་ཏུ་ངན་པ་མ་ཡིན་ནོ། །དྲན་པ་ལ་ནང་གསེས་དྲུག་མན་ངག་མཛོད་དུ་གསུངས། གད་མོ་ཆེན་མོ་བཅུ་གཉིས་ཀྱི་དོན་སོགས། ཁམས་གསུམ་སེམས་ཅན་བསད་པའི་སྡིག་རྒན་དང་། རྒྱལ་སྲས་ཆེན་པོ་གཉིས། འོད་གསལ་བསམ་གྱི་མི་ཁྱབ་པའི་གཤིས་ལ་མཉམ་རུང་། སྡིག་རྒན་གྱིས་དེ་མ་རྟོགས་པས་ཀུན་རྟོག་གློ་བུར་བའི་དྲི་མས་སྡིག་པའི་འབྲས་བུ་མྱོང་བ་ཡིན་རུང་། གཤིས་ལ་དགེ་སྡིག། ཕན་གནོད། གདོན་བགེགས། འཁྲུལ་རྟོག་གི་རྒྱུ་འབྲས་གང་གིས་ཀྱང་མི་ཤིག། རིག་ཐོག་གི་བཙན་ས་ཟིན་ན། སྟོབས་བཅུ་མི་འཇིགས་བཞི་རང་ཆས་སུ་ཡོད་པའི་རིག་པ་གདོད་ནས་རྫོགས་པའི་སངས་རྒྱས་ཡིན་པ་དེའི་གཤིས་སུ་སླེབས། དཔེར་ན་མི་བཟང་པོ་ཆང་གི་བཟི་ན་རྫི་དྭངས་བ་རང་ཐོག་ཕྱིན་པ་བཞིན། འཁྲུལ་རྟོག་བཟང་ངན་ཐམས་ཅད་ཟད་དུས་གཤིས་ལ་སླེབས་པས་རིག་པ་གཅིག་ཆོད་རྐྱང་འདེད་ཀྱི་ལྟ་བསྒོམ་སྤྱོད་གསུམ་མཐར་ཕྱིན་པ་ལས་སེམས་ཏེ་ས་ལྟར་སེམས་ཀྱི་རྩལ་དང་རོལ་པ་ཞེས་རྒྱས་བཏབ། ཆོས་ཐམས་ཅད་སྟོང་ཆེན་གྱི་ཀློང་དུ་འཇོག་པ་ཀློང་སྡེ་ལྟ་བུ་མ་ཡིན་གསུངས། རིག་པ་རང་གི་ངོ་བོ་མི་རྟོག་པ་སྟོང་ཆེན་གྱི་ཆ་ངོ་བོ་སྟོང་པ། དེའི་རང་བཞིན་ནང་གསལ་གྱི་ཆ་དེ་རང་བཞིན་གསལ་བ། རྣམ་རྟོག་གི་རྩལ་སྟེང་ནས་མཆེད་པའི་རིག་ཆ་མཁྱེན་པའི་ཆ་ཕྱི་གསལ་དེ་ཐུགས་རྗེ་རིག་རྩལ་ལམ་ཐུགས་རྗེ་ཀུན་ཁྱབས། ཐུགས་རྗེ་རིག་པའི་མཁྱེན་ཆ་རིག་པ་ངོ་བོའི་དབྱིངས་སུ་ཟད་དུས་འཆི་བ་ཆོས་སྐུའི་འོད་གསལ་དངོས་ལྟ་བུ་འབྱུང་བ་ཁྲེགས་ཆོད་ཀྱི་བརྟན་པ་མཐར་ཕྱིན་པ་ཡིན་ཅེས་གསུངས། རྣམ་རྟོག་བཟང་ངན་ཅི་ཤར་ཡང་རིག་པ་རང་ཐོག་ཏུ་ངོ་ཤེས། རིག་པ་ཉིད་རྩལ་རྟོགས་པས་རྣམ་རྟོག་བག་ལ་ཞ། རིག་པ་རང་ཐོག་ཏུ་གྲོལ་བ་བརྟན་པ་མཐར་ཕྱིན་པ་འདི་རྫོགས་ཆེན་གྱི་ཐུན་མིན་རང་སྐད། ཕྱག་རྫོགས་ཀྱི་ཁྲིད་གཞུང་ཕལ་ཆེར་རྣམ་རྟོག་ངོ་ཤེས། དེ་སྣང་གདོང་མི་བཀག་པ་རྣམ་རྟོག་གི་རྩལ་རིག་པའི་ཀློང་དུ་རྫོགས། སེམས་ཉིད་རང་བྱུང་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བ་ལ་བརྟན་པ་ཐོབ་ཅེས་པ་ཐུན་མོང་གི་ཆོས་སྐད་ཡིན་གསུངས། གནས་ཀྱང་ཆོས་ཉིད་ཀྱི་ངང་དུ་གནས། ཤར་ཡང་ཆོས་ཉིད་ཀྱི་ངང་དུ་ཤར་སོགས། གོང་གི་སྔ་མ་དེའི་དོན་ཡིན། གོང་དུ་དུས་གསུམ་གྱི་རྟོག་པའི་དྭངས་ཆ་བཙལ་བ་ཞེས་ཕྱག་ཆེན་སོགས་ཁ་ཅིག་འདས་པའི་རྟོག་པ་རྗེས་མི་བཅད་མ་འོང་པའི་རྟོག་པ་མདུན་མི་བསུ། ད་ལྟའི་རྟོག་པ་རྐྱེན་ཁར་མི་ཆོར་བ་ཐད་ཀར་བཞག་པའི་དྭངས་ཆར་རྩལ་བ་ལྟ་བུ་རྫོགས་ཆེན་སྙིང་ཐིག་ཐུན་མིན་གྱི་ལུགས་མ་ཡིན། སྔགས་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་བྱེད་རྩོལ་བཅིང་ཐབས་དུ་མས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་གཟོད་འོད་གསལ་ལ་འདྲེན་པ་དང་། མན་ངག་སྙིང་ཐིག་གི་དང་པོ་ནས་རིག་པ་གཅིག་ཆོད་རང་བབས་ཀྱི་གནས་ལུགས་ཁོ་ནའི་ངང་བསྐྱང་བས་འཁྲུལ་རྟོག་ཆོས་ཉིད་དུ་དེངས་བ་གཉིས་ཀྱི་སྟེང་ནས་ཁྱད་པར་ཆེ། རིག་པ་རྐྱང་འདེད་སྣང་བ་གདོང་འདེད་ཞེས་པ་སྔ་མ་མཉམ་བཞག་དང་། ཕྱི་མ་རྗེས་ཐོབ་ཀྱི་སྐབས་ཡིན། རྫོགས་ཆེན་ལ་མཉམ་རྗེས་འབྱེད་རྒྱུ་ཡོད་གསུངས། རྫོགས་ཆེན་གཞུང་ལ་ཆོས་དབྱིངས་མཛོད་དང་ཐེག་མཆོག་མཛོད་གཉིས་དང་། ཀུན་མཁྱེན་ཕྱི་མའི་རྫོགས་ཆེན་རྣམས་ལ་བལྟ་རྟོགས་བྱེད་པ་གལ་ཆེ། རྗེ་མཁྱེན་བརྩེས་ཀྱང་གལ་ཆེན་མཛད། གཞན་ལའང་གདམས། ཞལ་ནས་ཀུན་མཁྱེན་ཕྱི་མས་གྲུབ་མཐའི་ཁ་འཛིན་མང་ཡང་ལྟ་བ་རྫོགས་ཆེན་གྱི་ཆོག་པར་བྱུང་ཞེས་པ་དེ་བདེན་པར་འདུག་ཅེས་དང་། སློབ་གཉེར་མང་པོས་ཅི་བྱེད། ཀུན་མཁྱེན་ཡབ་སྲས་གསུངས་ལ་བལྟ་དགོས་ཞེས་ཡང་ཡང་གདམས་གསུངས། དེ་འདྲ་བལྟས་ན་ལེགས་ཞེས་གཟེངས་བསྟོད་བཅས་མཛད། རྒྱ་ཆད་ཅེས་པ་འདི་ཚུན་ཆོད་རིག་པ་ཡིན། འདི་ཕན་ཆོད་རིག་པ་མིན་ཞེས་པ་ལྟ་བུ་དང་། ཕྱོགས་ལྷུང་ཞེས་པ་གཟུང་དང་འཛིན་པ་གཉིས་གང་རུང་གི་ཕྱོགས་སུ་ལྷུང་བ་སྟེ། དེ་གཉིས་དང་བྲལ་བ་ཞེས་གསུངས།། །། ༈ ལྟ་བ་རི་བོ་ཅོག་བཞག་དང་། །བསྒོམ་པ་རྒྱ་མཚོ་ཅོག་བཞག། སྤྱོད་པ་སྣང་བ་ཅོག་བཞག། འབྲས་བུ་རིག་པ་ཅོག་བཞག་དང་བཞིའོ།། །། ༈ འོད་གསལ་ཐོད་རྒལ་གྱི་ཁྲིད་ཀྱི་སྐབས་སུ། དབང་པོ་རྣོན་པོ་བསྒོམ་རྒྱུ་མེད་ཀྱང་ལ་ཟླ་བ་ཁྲེགས་ཆོད་ཀྱི་ཁྲིད་དང་། བརྩོན་འགྲུས་ཅན་བསྒོམ་ཡོད་འོད་གསལ་ཐོད་རྒལ་གྱི་ཁྲིད་ལ་སྣང་བ་འོད་ཀྱི་ཁྱད་པར་སོགས་བདུན་ཐེག་མཆོག་མཛོད་དུ་བཤད། འོད་གསལ་ཞེས་པ་འདིར་ལྔ་བཤད་པ་བསྡོམ་སྟེ་ཞེས་པ་ཡིན་ནམ་དཔྱད་གསུངས། རིག་པ་རྩལ་བཏོན་སེམས་ཏེ། དབྱིངས་གཙོར་བཏོན་ཀློང་སྟེ་སོགས་ལས་ཁྱད་པར་འཕགས་ཚུལ་དང་། ཐོད་རྒལ་ཞེས་པ་ལམ་གཞན་དོར་ནས་ཁུག་ཆོད་ཞེས་པ་ཡིན། འོད་གསལ་སྙིང་པོ་ཉེ་ལམ་མྱུར་ལམ་མྱུར་ལམ་མཐར་ཐུག་པ་དང་། གང་བསྒོམ་ན་ཆོས་ཉིད་བར་དོའི་སྐབས་འཆར་པའི་གཞི་སྣང་མ་དག་པས་མ་བསླད་ཅིང་ཕྱིན་ཅི་ལོག་གི་བསླད་པ་དང་བྲལ་བའི་ལྷུན་གྲུབ་ཀྱི་གཞི་སྣང་དེ་མངོན་དུ་བྱེད་པ་ལ། སྤྱིར་འཆི་བ་ཀ་དག་འོད་གསལ་ནམ་མཁའ་སྤྲིན་མེད་ལྟ་བུའི་རྗེས་སུ་ཆོས་ཉིད་བར་དོ་འཆར་བ་ཡིན་རུང་། འདིར་ཀ་དག་འཆི་བའི་འོད་གསལ་བར་དོ་ནས་ལྷུན་གྲུབ་ཆོས་ཉིད་བར་དོའི་གཞི་སྣང་ད་ལྟ་ནས་མངོན་དུ་བྱེད་པས་ཐོད་བརྒལ་ཞེས་བཤད་ཀྱང་ཆོག། སྒྲོན་དྲུག་གི་སྟེང་བར་དོ་དུས་ཀྱི་སྒྲོན་མ། གནས་ལུགས་གཞིའི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ་བསྣན་པའི་དགུར་དབྱེ་བ་ཡོད། ཀུན་གཞི་དང་། ཆོས་སྐུ། སེམས་དང་ཡེ་ཤེས། ཡིད་དང་ཤེས་རབ་གསུམ་དང་གཙོར་ཆེར་དབྱེ། དང་པོ་ནི་ངོ་བོ་སྟོང་པ་གཏན་ལ་འབེབས། སེམས་ནི་རང་བཞིན་གསལ་བ་གཏན་ལ་འབེབས། ཕྱི་མ་ནི་ཐུགས་རྗེ་ཀུན་ཁྱབ་གཏན་ལ་འབེབས་པ་ལས། ཐོད་རྒལ་སྐབས་བར་པ་གཙོ་ཆེ། སེམས་རྐྱང་པས་འཛིན་ནུས་ཀྱང་གཡོ་མི་ནུས། ལས་རླུང་རྐྱང་པས་གཡོ་ནུས་ཀྱང་འཛིན་མི་ནུས། གཉིས་ཀ་འཛོམས་པས་ཡུས་འཛིན་པའི་སེམས་བྱུང་སྟེ་མི་ཞྭ་བོ་རྟ་ལ་ཞོན་པ་འདྲ། ཡེ་ཤེས་ཀྱི་རླུང་ཙིཏྟ་ཤ་སྒྲོན་ལ་གནས། ལས་རླུང་ཞེས་པ་གཙོ་བོར་ཁ་སྣའི་རླུང་དང་དེའི་རྩ་བ་གློ་བ་ནས་རྒྱུ། སེམས་དག་བྱ། ཡེ་ཤེས་སྦྱང་གཞི་ལ་བཙན་པ་བཟུང་བས་སྦྱོང་བྱེད་ཀྱང་ཡིན། ཐོད་རྒལ་རྩོལ་མེད་ཀྱི་ལམ་དང་། ཁྲེགས་ཆོད་སྐབས། འགྱུ་མཁན། ཕར་མི་བརྟག་ཚུར་མི་བསྐུ་བ། རིག་པའི་ངོ་བོ་འཛིན་པ་ཁྲེགས་ཆོད་ཀྱི་ལྟ་སྒོམ་གྱི་གནད་དང་རང་སོ་འཛིན་མཁན་སེམས་ཀྱི་ཕྲ་བ་ཞིག་ཡིན། གོམས་པ་ན་སེམས་དག་པ་ཡིན། ལྷུན་གྲུབ་ཐོད་རྒལ་སྐབས་རིག་པ་རང་སོ་འཛིན་མཁན་མི་དགོས་པར། རིག་པ་ཉིད་དབང་པོའི་མངོན་སུམ་དུ་གྱུར་པ་ལ་སྟོད་པས་རིག་པ་སྟོད་ལ་ནོན་ཤིང་། དེ་འདྲ་འཆར་ཚད་མཆོག་ཏུ་གྱུར་ན་བླུན་པོ་སོགས་ལ་འཆར་བས་མ་འཕགས་སྙམ་ན། སེམས་ཀྱི་གར་ཁྱབ་རིག་པས་ཁྱབ་ཅིང་། ཐུགས་རྗེའི་རིག་ཆ་མེད་པའི་རིག་རྩལ་མི་སྲིད་ཀྱང་ཐ་མ་པ་ལ། སེམས་དང་ཡེ་ཤེས་བལ་དང་ཐང་ཆུ་ལྟར་འདྲེས་པས་འབྱེད་མ་ཐུབ། སེམས་ཀྱི་སྲོག་རིག་པ་ཡིན་པ་སེམས་ཡོད་ལ་རིག་སྲོག་མེད་པ་མི་སྲིད། སེམས་དང་བྲལ་བའི་རིག་པ་ཡོད། དཔེར་ན་ཧེ་རུ་ཀའི་ངར་བསྐྱེད་སྐབས། ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། ང་ཡིས་སྲོག་སྙིང་ཁྱོད་དྲེགས་པའི་རྒྱུད་ལ་མེད་ཅེས་པའང་། གནད་འདི་འདྲ་ལ་ཐུག། དག་པ་ཡེ་ཤེས་ཀྱི་རླུང་གི་རང་མདངས་ནང་གསལ་འབྲལ་མེད་ཡིན་ཀྱང་། ཕྱིར་འཆར་ཐབས་རྒྱང་ཞགས་ཆུ་སྒྲོན་ལ་བརྟེན་དགོས། སྙིང་ནས་མིག་ཏུ་འབྲེལ་བའི་ཡེ་ཤེས་ཀྱི་རྩ་ཀ་ཏི་ཤེལ་སྦུབས་ལ་བརྒྱུད། ཡེ་ཤེས་ཀྱི་ཚད་མི་ཤིག་པའི་ཐིག་ལེ་ཡིན་ཀྱང་། འཆར་ཡུལ་ཕྱི་རོལ་དུ་འཆར་ཡང་དོན་ནང་ཡེ་ཤེས་ཀྱི་རྩ་ལ་འཆར་བ་ཡིན། གོམ་པ་ན་ཉི་ཟླ་མར་མེའི་རྟེན་མི་དགོས་མིག་བཙུམ་ནའང་འཆར། ཡེ་ཤེས་ཀྱི་སྐུ་རབ་ཐོད་རྒལ་གྱི་སྣང་བ་དང་། འབྲིང་དུས་འཁོར་གྱི་སྟོང་གཟུགས་སྲ་ཕབ་བརྒྱད་དང་མཚུངས་པ་ཐ་མ་གསང་བ་འདུས་པའི་རླུང་འོད་ཟེར་ལྔ་པའི་སྒྱུ་ལུས་ལ་བརྟེན་པའི་སྐུ་ཡིན། ཕྱི་མ་དང་ཐོད་རྒལ་གྱི་ཁྱད་པར་བཅོས་མ་བཅོས་དང་། བར་པ་རླུང་གདང་དང་། རིག་གདང་གི་ཁྱད་པར་དང་། རིག་གདང་ཡང་རླུང་གདང་ཡིན་ནམ་སྙམ་ན། འདི་དབུ་མའི་ཡེ་ཤེས་ཀྱི་རླུང་ཕྱིར་མཆེད་པའི་གདང་དང་། དུས་འཁོར་རླུང་གདང་། གཟུང་འཛིན་གྱི་རླུང་བཅུ་སྟེ་ལས་རླུང་དབུ་མར་ཐིམ་པའི་གདང་ཡིན། ཁྱད་ཤིན་ཏུ་ཆེ་གསུངས།། །། ༈ རིག་པ་ཚད་ཕེབས་ཀྱི་བར་གོང་འཕེལ་དུ་གྱུར་པའི་ཐར་ཡེ་ཤེས་ཀྱི་རླུང་སྤྲོ་བསྡུ་རེས་འཇོག་ཟད་དུས། གཞི་སྣང་ལ་འཕེལ་འགྲིབ་མེད། ཆོས་ཉིད་ཟད་པའི་མཐར་ཐུག་སྣང་མེད་ཀྱི་འོད་གསལ་ལ་སངས་རྒྱས་པ་ཡིན་གསུངས། བཞུགས་སྟངས་ལ་ཀུན་མཁྱེན་འཇིགས་བྲལ་གླིང་པའང་རྒྱུན་དུ་དྲང་སྲོང་ཙོག་པུར་བཞུགས། སྐུ་གཤེགས་པ་ན་ཡང་དེ་བཞིན་བཞུགས་ཆོས་རྗེ་ཐམས་ཅད་མཁྱེན་པའི་གསུངས་ཞེས་ཕེབས། ཐོད་རྒལ་གྱི་སྐབས་བླ་མའི་མན་ངག་ལ་བརྟེན་ནས་རྡོ་རྗེ་ལུ་གུ་རྒྱུད་ལ་མདུད་ཚུགས་སུ་གཟིར་ན་རིག་ངོ་ཡང་དེས་འཕྲོད། རྩལ་རྫོགས། བརྟན་པ་ཐོབ། ལྷ་བསྒོམ། སྔགས་བཟླས། ཐུགས་འོད་གསལ་ཆོས་སྐུའི་རྣལ་འབྱོར་ཐམས་ཅད་དེ་ཡིན་གསུངས། །ཕྲེང་བ་ལས་ཞེས་པ་རྒྱུད་མི་ཏིག་ཕྲེང་བ་དང་༧སྤྱི་བོའི་ཚངས་བུག་ནས་འོད་གསལ་འཆར་ཚུལ་དང་། མིག་རྣ་བ་སོགས་ལ་ཡེ་ཤེས་འཆར་ཚུལ་གྱི་སྒོ་ཡོད་པར་གསུངས་ཀྱང་། ཡེ་ཤེས་ཀྱི་སྣང་བ་ལ་རྒྱང་ཞགས་ཆ་སྒྲོན་ལས་སུ་རུང་། ༧དབྱིངས་རིག་སྨིན་མཚམས་ནས་སོར་བཞིའི་ཐད་དུ་འཆར། ༧སེམས་ཅན་གྱི་སྐབས་སུ་བདེ་གཤེགས་སྙིང་པོ་མངོན་དུ་མ་གྱུར་པ་རང་ངོ་མ་ཤེས་པ་ཡིན་ཏེ། རྒྱུད་མུ་ཏིག་ཕྲེང་བ་ལས། ང་ལ་འཁྲུལ་པ་མེད། ངའི་རྩལ་ལས་འཁྲུལ་པ་བྱུང་ཞེས་གསུངས།། །། ༈ ཁྱད་ཆོས་རླུང་ཁ་ནས་རྒྱུ་བ་དང་། ཁྱད་རླུང་རང་བབས་སུ་དགོས་པས་དེ་ཁོ་ནས་འབྱིན་འཇུག་འཇམ། དབྱིངས་རིག་མི་འབུལ་ཞེས་པ་ལས་རླུང་དལ་ན་ཡེ་ཤེས་མི་གཡོ་གསུངས། བྱ་བ་བྱས་ཞེས་བཞུགས་སྟངས་གཟིགས་སྟངས་དང་སྒོ་ཡུལ་རླུང་རིག་གི་གནས་ལ་བརྟེན་ནས་བྱེད་པ་བྱས་པས་སྲིད་པ་ཧྲུལ་པོར་བྱེད་གསུངས། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དག་པའི་དབྱིངས་དང་ཡེ་ཤེས་ཀྱི་སྣང་བ་དག་པ་རབ་འབྱམས་ལ་ལོངས་སྤྱོད་པ་ལ་སྲིད་པ་རྣམ་པར་གྲོལ་བ་ཞེས་གསུངས། ཤེས་རབ་ཀྱི་མིག་གི་མཐོང་ཞེས་པ་ཁྲེགས་ཆོད་ཀྱི་སྟོང་པའི་རྩལ་ཆེན་ཁ་གཅིག་གི་ཆོས་ཉིད་བར་དོའི་འཆར་ཚུལ་ཡོངས་རྫོགས་མ་བྱུང་རུང་འོད་གསལ་གྱི་སྣང་བ་དང་པོ་འཆར་བ་ནས་གྲོལ་བ་ཡོད། །དེ་ལས་དབུལ་བ་འོད་གསལ་ཟུང་འཇུག་ལ་ཐིམ་པའི་སྐབས་གྲོལ་བ་སོགས་ཁྱད་པར་ཡོད། སྐད་ཅིག་དང་པོ་རང་སྣང་རིག་པ་ངོ་ཤེས་པ་ཀུན་བཟང་ཡབ་ཀྱི་དགོངས་པ་དང་། སྐད་ཅིག་གཉིས་པ་རང་རིག་གཞི་སྣང་སྟོང་ཆེན་དུ་ཐིམ། རིག་པ་དེའི་བག་ལ་ཞ་བ་ཡིན་གསུངས་པ་དབྱིངས་ཐོག་ཏུ་ཁེལ་བ། སྐད་ཅིག་གསུམ་པར་དབྱིངས་རིག་དབྱེར་མེད་ཀྱི་དགོངས་པར་བཙན་ས་ཟིན། ཆོས་ཉིད་བར་དོའི་སྐབས་ཕུང་ཁམས་སྐྱེ་མཆེད་གདོད་མའི་གཞི་དབྱིངས་ལ་ཐིམ་པའི་དེ་མ་ཐག་པར་གདོད་མ་ཉིད་ནས་རིག་པའི་སྟེང་ལ་ཤེས་རབ་དང་ཡེ་ཤེས་ཀྱི་རྩལ་གདོད་ནས་གྲུབ་པ་རྣམས་ཡེ་ཤེས་ཀྱི་རླུང་གི་བསྐུལ་ནས་རྫོགས་པར་སད་པ་དང་། ད་ལྟ་ལམ་གྱི་སྐབས་ཕུང་པོའི་བུམ་པ་མ་བཅག་བར་དུ་གཞི་དབྱིངས་རྫོགས་པར་མི་འཆར། དེ་མི་འཆར་ན་གཞི་སྣང་མཚན་ཉིད་པ་མི་འཆར་བས་ཁྱད་ཆེ། ༧ལུས་འདུག་སྟངས་དང་མིག་གཟིགས་སྟངས་ལས་མི་གཡོ་བར་བྱ་རིག་པ་སྟོང་པའི་དབྱིངས་ལ་ཕར་ཐིམ་འགྲོ་བ་ལྟ་བུ་ལ་གཏད་པས། དངོས་དབྱིངས་མཐིང་ཀ་ཁྱབ་པ་ཆེན་པོ་དང་། དེ་ནས་རླུང་རིག་གི་གནད་བཅུ་བདུན་པས་ཀོ་མདོག་ཏུ་རྡོ་བོར་བ་ལྟ་བུའི་ཐིག་ལེ་ཆེན་པོ་ཟླུམ་པོ་རྩིབ་ཤར་གྱེན་འགྲེང་སོགས་འཆར་བ་ནང་དབྱིངས་རྣམ་དག་གི་སྒྲོན་མ་སྟེ་དཔེ་འོ་མ་ལྟ་བུ་དང་། དབྱིངས་ཀྱི་བཅུད་མར་ལྟ་བུ་དྲིལ་སྤྱད་རླུང་རིག་གི་གནད་དབྱིངས་ལ་གཙུན་པས་རང་བཞིན་གསལ་བའི་སྨིན་ཆ་ཡེ་ཤེས་ཐིག་ལེ་སྟོང་སྒྲོན་མར་སྒོང་སུམ་སྒྲེལ་རེ་རེ་སོགས་འཆར། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་ཐིག་ལེའི་གནད་ལ་བརྟེན་པའི་རྟགས་སུ་བར་དུ་ཐིག་ལེ་ཡོད་པ། རྩ་བའི་གནད་ལ་བརྟེན་པའི་རྟགས་སུ་འཁྱོགས་པ། རླུང་གི་གནད་ལ་བརྟེན་པའི་རྟགས་སུ་གཡོ་བ། དེ་རླུང་རིག་དལ་བས་ཐིག་ལེ་སྟོང་སྒྲོན་དུ་བཙུད་པ་བཙན་རྫོང་ལྟ་བུ་ཡིན། རྡོ་རྗེ་ལུག་རྒྱུད་རིག་པ་དངོས་ཡིན་ཀྱང་མིང་བཏགས་དུས་རིག་གདང་ཟེར། རིག་པའི་གསལ་མདང་ཇེ་ཆེར་འབར་བཞིན་རིག་པ་དབྱིངས་དང་དབྱེར་མེད་དབྱིངས་ཐིག་གི་སྲོག་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་གཟིར་ན་ཇེ་བརྟན་དུ་འགྱུར། དཔེར་ན་མིའི་སྲོག་རྩ་བཅད་ན་ཀུན་འགགས་པ་བཞིན་རིག་པའི་སྲོག་བཅད་ན་དབྱིངས་ཐིག་གཞན་རྣམས་འགགས།། །། ༈ ལྷུན་གྲུབ་ཆོས་ཉིད་བར་དོའི་གཞི་སྣང་ལ་སྐུ་འོད་རྐྱང་པ་མ་ཡིན་པར་མཁྱེན་པ་དང་ཡེ་ཤེས་མངོན་ཤེས་སོ་དྲུག་སོགས་ད་ལྟ་ལས་བྱེ་བ་བརྒྱ་འགྱུར་གྱི་འཕགས་པ་ཡིན། ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རྫོགས་ལུགས་རྣམ་པར་མི་རྟོག་པའི་དབྱིངས་རིག་པ་རང་དང་གཉིས་མེད་དུ་བཞུགས་པ་དེ་བཞུགས་ཚུལ་དང་མཐུན་པར་མངོན་དུ་བྱེད་པའི་རྩལ་ཆེ་ཆུང་ལ་ལྟོས་ནས་འཇོག་དགོས། ཤེར་སྒྲོན་རིག་པ་ཡིན། རིག་པའི་འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས། དེ་རྟོགས་བྱ་མཐར་ཐུག་གི་དབྱིངས་དང་གཅིག་ཡིན། རྟོགས་བྱ་རྟོགས་བྱེད་གཅིག་ཏུ་གྱུར་པས་མི་འཐད་སྙམས་ན་རིག་པ་མཐར་ཐུག་ཀུན་མཁྱེན་ཡེ་ཤེས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མེད་པར་མཁྱེན། དེ་ཡང་རང་གི་དབྱིངས་ལས་མི་འདག་པ་དང་། རྟོགས་བྱ་རྟོགས་བྱེད་གཉིས་སུ་མེད་པ་གཉིས་སྣང་བྲལ་བའི་ཚུལ་དུ་མཁྱེན་པ་རྟོགས་པ་ཞེས་ཐ་སྙད་འདོགས་རུང་བ་བཞིན་ནོ།། །། ༈ ཤེས་རབ་རང་བྱུང་སྒྲོན་མ་ལ་ངོ་བོ་དང་། རྩལ་དང་གདང་གསུམ་ལས། རྩལ་གྱི་ཆ་ཚིག་དོན་འབྱེད་པའི་ཤེས་རབ་ལྷག་པར་མཆོད་པའི་མཚམས་གཙོ་བོར་ཉམས་གོང་འཕེལ་ཡན་ཆད་དུ་བཞག་དགོས་ཏེ། ཉམས་གོང་འཕེལ་ཞེས་པའི་ཉམས་ལ་སྣང་ཉམས་ཤེས་ཉམས་གཉིས་གསུངས་པའི་ཕྱི་མའི་སྐབས་སུ་ཤེས་སོ། །ཐིག་ལེ་སྟོང་སྒྲོན་ཆེར་འཕེལ་བ་ལས་ཞིང་ཁམས་དང་། རྡོ་རྗེའི་ལུག་རྒྱུད་ཀྱི་སྐུར་སྨིན་གསུངས། ༧ཚད་ཕེབས་ཙམ་ཁྱད་བི་མ་ལས་ཉམས་གང་འཕེལ་མཐར་ཐུག་ཚད་ཕེབས་ཁྱད་པར་བ་དང་། ལྷ་སྐུ་རྐྱང་པ་འཆར་བ་ཙམ་སོ་བ་བཞེད། ཨོ་རྒྱན་གྱི་ལྷ་སྐུ་རྐྱང་པ་ཙམ་སོ། །ཡབ་ཡུམ་ཟུང་འབྲེལ་ཁྱད་པར་བ་བཞེད་པ། དོན་དུ་གཉིས་ཀའི་བཞེད་པ་གནད་གཅིག་ཏུ་བབས་གསུངས། ༧འཇུག་པ་ལ་དབང་བའི་འོད་གསལ་ནང་དབྱིངས་སུ་སྡུད་པའམ་སྐད་ཅིག་གཉིས་པ་ནས་མི་སློབ་ལམ་ཡིན་གསུངས།། །། ༈ ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པ་ཡན་ཆད་ལ་ངོ་བོ་སྟོང་ཆ་དང་། རང་བཞིན་གསལ་གདང་ཤས་ཆེ། ཐུགས་རྗེ་རིག་གདང་དབྱིངས་སུ་ཐིམ། ལྷུན་གྲུབ་ལ་ཐིམ་པའི་སྐབས་འདིར་ཐུགས་རྗེའི་རིག་རྩལ་གྱི་གྲོང་ནས་མཆོད་པའི་རིག་གདང་ཕྱིར་འཆར། སྤྱིར་ཆོས་ཉིད་བར་དོའི་གྲོལ་ཚད་ལ་བདེན་པ་མཐོང་བས་གྲོལ་བ་ཞེས། རིག་པ་རང་ངོ་མཐོང་བའི་ཕྱིར། ༧ཁྲེགས་ཆོད་ཀྱི་རིག་ངོ་འཕྲོད་པ་དཔེ་དོན་གྱི་འོད་གསལ་གང་ཡིན་པ་ལ་རྗེ་མཁྱེན་བརྩེས་སྲབ་མོའི་འོད་གསལ་དཔེ་ཡི་ཡེ་ཤེས། མཐུག་པོའི་འོད་གསལ་དོན་གྱི་ཡེ་ཤེས་གསུངས་ཤིང་། དབང་གསུམ་པའི་ལྷན་སྐྱེས་ཀྱི་དགའ་བ་དང་། ཐམས་ཅད་སྟོང་པ་གཉིས་འདྲེས་པའི་ཡེ་ཤེས་ནི་དཔེ་ཡི་ཡེ་ཤེས་སུ་བཤད་ལ། དོན་རྣམ་རྟོག་ངོ་ཤེས་པ་ནས་རྣམ་རྟོག་གི་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་དུ་རྐུན་མ་ཕྱིན་པ་ལྟ་བུ་ཕན་ཆད་ཀྱི་སྒོམ་པ་དཔེ་ཡི་ཡེ་ཤེས། དེ་ཚུན་ཆོད་དོན་གྱི་ཡེ་ཤེས་དངོས་དང་། དོན་གྱི་འོད་གསལ་ལའང་རྗེས་མཐུན་དང་ཁྱད་པར་བ་གཉིས་ལས་རྗེས་མཐུན་མཚན་ཉིད་པར་བཤད་ན་འགྲིགས་གསུངས། ༧ཁྲེགས་ཆོད་ཀྱི་རིག་པ་རྩལ་རྫོགས་པའི་མཐར་ཐུག་དུས་མི་སློབ་པའི་ཆ་ཡིན། དེ་བར་རྩལ་རྫོགས་མ་ཐུབ་པས་ལྷུན་གྲུབ་ཀྱི་རང་གདངས་ཕྱིར་མི་འཆར། རིག་པ་རྩལ་མ་རྫོགས་བར་དུ་ཡིད་ཤེས་ཀྱི་རྟོག་པ་ཕྲ་བ་དང་བཅས་གསུངས། ཁྲེགས་ཆོད་རྡུལ་ཕྲན་དེང་པ་ལ་འཇའ་ལུས་ཟེར་ཆོག་ཀྱང་། ཐོད་རྒལ་ལ་ལྟོས་ན་འཇའ་ལུས་ཙམ་སོ་བ་ཡིན། འཕོ་ཆེན་ཟེར་མི་ཉན། ༧ཁྲེགས་ཐོད་ཀྱི་མི་སླེབ་པ་ལ་བཟང་ངན་མེད་ཀྱང་སངས་མ་རྒྱས་གོང་ལུས་ཀྱི་རྣམ་པས་འགྲོ་དོན་བྱེད་པའི་ཕྲིན་ལས་མཐུ་ཆེ་ཆུང་ལས་སངས་རྒྱས་ནས་ཕྲིན་ལས་ཆེ་ཆུང་ཡོད་པར་མི་སྨྲ་གསུངས། ༧རིག་པའི་རྩལ་དབང་སྐབས་རྫས་ཀྱི་སྤྲོས་པ་མེད། ཡེ་ཤེས་དབབ་པ་དང་། གཉུག་མ་སེམས་ཀྱི་རྡོ་རྗེ་ཐབས་ལ་བརྟེན་ནས་ངོ་སྤྲོད། འཇུག་པ་དངོས་ལ་སྤྲུལ་སྐུ་དེ་བཞིན་གཤེགས་པ་རིགས་ལྔའི་དཀྱིལ་འཁོར། ལོངས་སྐུ་རྒྱན་སྟུག་པོ་བཀོད་པ། ཆོས་སྐུའི་དཀྱིལ་འཁོར་འོད་གསལ་གཞོན་ནུ་བུམ་པ་དབྱིངས་རིག་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆོས་སྐུའི་ཞིང་ཁམས། དེ་རྣམས་རེ་རེའི་ཕ་རོལ་བརྒལ་མ་ཡིན་པ། ནང་ལྟར་རང་གི་སྙིང་ཁའི་དཀྱིལ་འཁོར་ཕྱོགས་བཞི་དབུས་ལྔ་ཡོད་པ་ཕྱི་ལྟར་འཆར་བ་སངས་རྒྱས་རང་སྣང་གི་དཀྱིལ་འཁོར་རྒྱན་བཀོད་པ་ཚད་མེད་པ་འཆར་བ། ཟག་མེད་རང་སྣང་གི་དགེ་བའི་སྟོབས་དང་། རྡོ་རྗེ་འཆང་གི་བྱིན་རླབས་ཀྱི་མཐུ་ཡིན་ལ། དེ་ལྟ་བུ་ལ་ཕ་རོལ་ཞེས་པ་རྟོགས་དཀའ་བ་དེ་རང་གི་ཤེས་པ་ཇེ་ཕྲར་གྱུར་པ་ལས་རིམ་གྱི་རྟོགས་པ་ལ་ཕ་རོལ་ཞེས་གོ་དགོས། གཟུགས་སྐུའི་ཕ་རོལ་ཞེས་པ་དེ་བཞིན་གཤེགས་པའི་སྐུ་མཇལ་རུང་སྐུ་དེ་ཉིད་རྟོགས་དཀའ་བ་བཞིན་གཟུགས་སྐུ་གཉིས་ཀྱི་དེ་ཉིད་གཟུགས་སྐུའི་རྗེས་སུ་རྟོགས་དགོས་པ་ལ་ཕ་རོལ་ཞེས་གོ་དགོས། རིག་པའི་རྩལ་དབང་སྐུར་བས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱི་སར་སླེབས་ཤིང་། རང་གི་རིག་པ་བཟང་རྟོག་གི་ཕན་མ་བཏགས་ངན་རྟོག་གི་གནོད་མི་བསྐྱལ། ལུང་མ་བསྟན་གྱི་མགོ་མ་བསྐོར་བའི་རིག་པ་ཟང་ཐལ་རྗེན་པ་དེ། སྐུ་གསུམ་རིག་པ་དབྱིངས་ཐོག་ཏུ་སྨིན་པ་ན། ཤིང་མཁན་ཤིང་གི་གནད་ལ་མཁས་པའི་དཔེ་ལྟར། སྐབས་འདིར་གནད་གང་ཡིན་ན་རིག་པའི་སྲོག་དབྱིངས་ངོ་བོ་སྟོང་པ་ལ་གནད་དུ་བརྫུན་པས་དོན་གྱི་རིག་པའི་སྐུ་གསུམ་དུ་རྩལ་རྫོགས་རུང་། བླ་མའི་མན་ངག་གི་ངོ་སྤྲོད་པ་ལ་བརྟེན། ལམ་སྣང་གི་རིག་པ་རྡོ་རྗེའི་ལུ་གུ་རྒྱུད་དང་། ཁྲེགས་ཆོད་ཀྱི་ལྷག་མཐོང་གི་རིག་པ་ཟང་ཀ་མ་གཉིས་དབྱེར་མེད་པ་འདི་ཀ་རིགས་ལྔའི་ཞིང་སྐུ་ཡིན་པ་ལ་ཐེ་ཚོམ་མི་དགོས། བུ་ཁྱོད་ཀྱི་ད་ལྟ་གནད་དུ་བསྣུན་དང་། མ་འོངས་པ་ན་གློ་བུར་གྱི་སྒྲིབ་པ་དག་རིམ་བཞིན་འོད་གསལ་སྟོབས་ཇེ་རྒྱས་སུ་གྱུར་པ་ན་རིག་པའི་ཡོན་ཏན་ཡེ་ནས་ཡོད་པའི་སྐུ་ལྔ་ཡེ་ཤེས་ལྔ་ཕྲིན་ལས་ཉེར་བདུན་སོགས་མངོན་དུ་གྱུར་པ། དཔེར་ན་རྒྱ་མཐོངས་འབྱེད་རིམ་བཞིན། གནམ་རྒྱ་ཇེ་མཐོང་འགྱུར་བ་བཞིན་ནོ།། །། ༈ དུས་གསུམ་འཕོ་འགྱུར་མེད་པ་ཡི། །རིག་པ་རང་སྣང་སྐད་ཅིག་མ་ཞེས་པ་ལྟར། ལམ་སྣང་དང་རིག་པ་ཞེས་སྒོམ་སྒོམ་བྱེད་ཐ་དད་དུ་མི་འཛིན་པས་ངོ་བོ་བསྐྱངས་ཤིང་། ལས་དང་པོ་ལ་མཉམ་བཞག་གི་སྐབས་སུ་སེམས་འགགས་རུང་རྗེས་ཐོབ་ལ་སེམས་ཤུགས་ཆེ་བ་འབྱུང་བ། འདི་རིག་སེམས་འགགས་པ་དེ་སྐུ་ཡི་མངོན་དུ་མཛད་པ་ཞེས་པ་ལྟར་གྱི་འགགས་དགོས་པ་ལ་བརྟེན། ལམ་སྣང་གི་རིག་པ་ཞེས་མིང་འདོགས་པ་ལས་རིག་པ་ལམ་བདེན་ཕར་ཐེག་ལྟར་འདུས་བྱས་མིན་གསུངས། དགེ་སྦྱོར་སྲང་གཞུགས་ཐུར་མའི་སྲང་ལ་མི་ཟེར། དགེ་སྦྱོར་ལམ་དུ་གཞུགས་ཅེས་ཐིག་ལ་ཕན་པ་ལས་ཉ་རེ་ཉོ་རེ་མི་འོང་ཞིང་། བྱ་དགུ་ཕྲུགས་སུ་བཏང་ནས་ལམ་སྣང་གི་རིག་པ་རྡོ་རྗེའི་ལུ་གུ་རྒྱུད་འོད་གསལ་དབྱིངས་ཀྱི་རྭ་བར་མཉམ་བཞག་གི་འཛུད་ཅི་ཐུབ་དགོས་དུས། འདི་ཁོ་ན་ལ་བརྩོན་དགོས། དེ་ལ་དགོངས་ནས། ཀུན་མཁྱེན་ཕྱི་མས་སྒོམ་འདོད་རྣམ་ཤེས་བྱ་མ་སློབ་ཅིག། ཞེས་སོགས་ལུང་དྲང་། ལུང་འདིའི་དུས་བཞིའམ་མཉམ་སྦྱོར་ནང་གི་དུས་བཞི་མཉམ་སྦྱོར་ཡིན་གསུངས། བདེན་པ་མཐོང་ཞེས་པ་རིག་པ་རང་བྱུང་གི་སྒྲོན་མ་རྡུལ་དང་བྲལ་བ། གཟུགས་སུ་འཆར་བ། ནང་དབྱིངས་ཀྱི་རྭ་བ་ཁྲིད། བརྟན་རིམ་བཞིན་གང་གི་ལྷག་མཐོང་གི་རིག་པ་འོད་གསལ་ཇེ་འཕེལ་དུ་འགྱུར་བ་ལ་ཆོས་ཉིད་ཀྱི་བདེན་པ་མཐོང་ཞེས་པ་སྐབས་འདིའི་ལུགས་ཡིན། ༧རི་དྭགས་རྩིབས་ལ་རྒྱུ་བ། འདབ་ཆགས་འཕུར་སྐྱོད་པའི་དཔེ་སོགས་ཀྱི་བཤད་པ་རྒྱས་པ་ཐེག་མཆོག་མཛོད་དུ་གསལ། བུ་ཡི་རྒྱུད་ཞེས་པ་བསྟན་པ་བུ་གཅིག་གམ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་གཉིས་གཅིག་ཡིན་གསུངས། དབྱིངས་ཐིག་རིག་པ་གསུམ་ལ་མགོ་དང་པོ་བརྩམས་པ་ནས། དབྱིངས་རིག་སྨིན་མཚམས་ནས་མ་བྲལ་བ་ཆོས་ཉིད་མངོན་གསུམ། དེ་ལས་དབྱིངས་ཐིག་རིག་གསུམ་སྒྲོན་མ་སྣང་ཉམས་འཕེལ་ཤིང་། ལུག་རྒྱུད་ཇེ་དལ་དུ་འགྲོ་ཞིང་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་མཆེད་དེ། བདེ་གསལ་མི་རྟོག་སྤྱན་དང་མངོན་ཤེས་སོགས་ཤེས་ཉམས་འཆར་བར་འགྱུར་གསུངས། འཇའ་ལུས་གྲུབ་པའི་གནད་ནི་ལས་རླུང་ཆ་དང་བཅས་པ་ཡེ་ཤེས་ཀྱི་རླུང་ལ་ལོག་པས་ཡིན་ཏེ་དཔེར་ན་ཉི་མས་ཆབ་རམ་ཞུ་བ་བཞིན་ཕྱི་ནང་གི་དབྱིངས་རིག་འོད་གསལ་ཁ་གཏིང་འདྲེས་པའི་དྲོད་ཀྱི་སེམས་ཀྱི་ཡེ་ཤེས་སུ་ཞུ་བ་ལྟ་བུ་ལ་གོ །ཤེས་ཉམས་འདི་ཀུན་རྟོག་གི་ཆ་ཡིན་ལ་དེ་ཐུགས་རྗེ་རིག་པའི་རྩལ་ཡིན་ཤིང་། མཉམ་བཞག་གི་སྐབས་ན་ཆེད་དུ་མངོན་ཤེས་དང་། ཞིང་ལྟ་ན་ལས་མཉམ་བཞག་ལ་རྣམ་པར་མི་རྟོག་ཅིང་རང་བབས་གཤིས་སུ་འཇོག་པ་དང་། རྗེས་ཐོབ་ཀྱི་སྤྱན་དང་མངོན་ཤེས་སོགས་འཆར། ཆོས་ཉིད་ཟད་ཅིང་དབྱིངས་སུ་ཐིམ་པ་ན་སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་འཆར་བ་ལ་ཤེས་ཉམས་ཀྱི་དྲི་མ་གཏན་ནས་མེད། རིག་པ་ལ་དབང་ཐོབ་རུང་སློབ་པའི་ལམ་མ་རྫོགས་བར་དུ་ནི་ཡིད་ཀུན་རྟོག་ཕྲ་བའི་ཤེས་ཉམས་ཡོད་གསུངས།། །། ༈ འོད་གསལ་ལ་སྣང་བའི་འོད་གསལ། སྟོང་པའི་འོད་གསལ། རིག་པའི་འོད་གསལ་དང་གསུམ་གསུངས།། །། ༈ གསལ་ཕྱོགས་པ་ཁ་ཅིག་གིས་རྒོལ་བ། སངས་རྒྱས་ཀྱི་གཟུགས་སྐུ་འགྲུབ་པ་ལ་དེའི་རྣམ་པ་འདྲ་བ་ལམ་དུས་སུ་མ་སྒོམ་ན་མི་འགྲུབ་པར་སྨྲ་བ་ལ། སྐྱོན་མེད་དེ་དམྱལ་བར་སྐྱེ་ངེས་གཅིག་སྡིག་པའི་འབྲས་བུ་དམྱལ་བར་འཕངས་པ་ལས་དམྱལ་བའི་རྣམ་པ་འཆར་མི་དགོས་པ་བཞིན་ཉེས་པ་མེད་ཅེས་རྣམ་མཁྱེན་ཤིང་རྟར་གསུངས། ཡང་རྒོལ་བས་དོགས་པ་ཁོང་སླང་མཛད་སྙམ་དེ་རྣམས་ཀྱི་འབྲས་བུ་ཡིན་ལ། གཟུགས་སྐུ་འགྲུབ་པ་ལ་རྒྱུ་མཐུན་གྱི་རྒྱུ་ཡིན་དགོས་སྨྲ་ན། དོགས་སེལ་དམིགས་གསལ་མེད་ཀྱང་། ཕར་ཐེག་གི་མཚན་དཔེ་ངོ་བོའི་དབྱིངས་སུ་རྫོགས་པ་ལྷ་སྐུ་རྐྱང་པ་དང་། དེ་ནས་རིམ་གྱི་ལྷ་སྐུ་ཟུང་འབྲེལ་དང་། བ་སྤུའི་ཁུང་བུ་རེ་རེར་ཡང་ཞི་ཁྲོ་མུ་མཐའ་མེད་པ་འཆར་བ་ཡིན་རུང་། ཚད་ཕེབས་ཙམ་སོང་བ་ཞེས་ཚད་ཕེབས་ཡན་ཆད་ལ་མཉམ་བཞག་སྐབས་ན་ཤེས་རབ་ཀྱི་ལོངས་སྤྱོད་རུང་ཐུན་མཚམས་སྐབས་ཀུན་རྟོག་གི་ཆ་ཕྲ་བ་དང་བཅས་པ་རྩི་ཤིང་རི་བྲག་སོགས་སྣང་བ་ཡིན་ལ། ཁྱད་པར་བ་འདིར་རང་ལུས་ཀྱང་སྐུར་སྨིན་པ་ས་རྡོ་སོགས་ཐ་མལ་གྱི་སྣང་བ་མ་དག་པ་མེད་ཅིང་ལྷུན་གྲུབ་གྱི་འོད་ལྔ་སྣང་བ་ལས་མི་འདའ་ཞིང་། དཔེར་གསེར་གླིང་དུ་ཕྱིན་ན་ས་རྡོ་བཙལ་ཀྱང་མི་རྙེད་པ་བཞིན།། །། ༈ རྒོལ་བ་པོ་དག་ལ་རྣལ་འབྱོར་པས་ཐམས་ཅད་ལྷུན་གྲུབ་ཀྱི་རོལ་པར་སྣང་བ་ནི་རང་སྣང་དག་པ་ཡིན། རྣལ་འབྱོར་བ་གཅིག་དག་ན་ཐམས་ཅད་དག་མི་དགོས་ཏེ་སེམས་ཅན་སྤྱི་མཐུན་གྱི་སྣང་ཡུལ་དག་མི་དགོས་གསུངས། ཅེས་ཀུན་མཁྱེན་བཞེད།། །། ༈ ལྷ་སྐུ་ཕྱེད་མཐོང་ཀུན་རྫོབ་སྙིགས་མའི་འབྱུང་བཞི་ཕྱེད་ཙམ་ཞིག། དོན་དམ་ཡེ་ཤེས་ཀྱི་འབྱུང་བཞི་ཕྱེད་རྐྱང་པས་ཕྱེད་སྐུ་དང་། ཀུན་རྫོབ་འབྱུང་བཞི་ཐམས་ཅད་དེངས། དོན་དམ་ཡེ་ཤེས་ཀྱི་འབྱུང་བཞི་ཚང་བར་རྒྱས་པས་ལྷ་སྐུ་ཡབ་ཡུམ་ཟུང་འབྲེལ་སོགས་འཆར། ཚད་ཕེབས་སྐབས་འདིར་ལས་རླུང་དང་། ཀུན་རྟོག་ཐམས་ཅད་ཟད་པས་མཐོང་ལམ་འཇོག། སྐྱ་འཇུག་ལ་དབང་བ་རྒྱུན་མཐའ་ཆོས་ཟད་སྒོམ་ལམ། ཉམས་གོང་འཕེལ་སྦྱོར་ལམ། མངོན་སུམ་ཚོགས་ལམ་དུ་བཞེད་གསུངས། ཡེ་ཤེས་འཆར་བའི་གནས་སྐབས་ན་ལམ་རྟགས་ཀྱི་ཡོན་ཏན་འཆར་བ་ཀུན་མཁྱེན་ལྔ་པས་གསུངས་པ་ཐོད་རྒལ་ལ་དགོངས། ཀུན་མཁྱེན་ཕྱི་མས་རྒྱབ་ཆོས་གྲོལ་ཐིག་གི་གཏེར་གཞུང་རྩ་བར་བྱས་པའི་འགྲེལ་པ་པད་དཀར་དུ། རྩེ་གཅིག་ཞེས་སེམས་བྱུང་གནས་འགྲོ་བ་བརྟགས་པའི་མཁན་པོའི་ངོ་བོ་ལ། རྩེ༵་གཅི༵ག་ཏུ་གནས་པ་སྟེ་མཁན་པོ་ཞེས་དོན་ཀུན་གཞིའི་རྣམ་ཤེས་ལས་མ་འདས། དེ་ཉིད་བླ་མའི་བྱིན་རླབས་སོགས་རྐྱེན་ཞིག་ལ་བརྟེན་མཁན་པོ་དེ་ཉིད་ཀྱང་ནམ་མཁའ་ལྟར་སོང་བ་སྤྲོས྄༵་བྲལ྄༵་དེ་ལ་བཟང་ངན་སོགས་ཀྱི་རྟོགས་པ་རོ༵་སྙོམ༵། མཐར་སྒོམ་བྱ་སྒོམ་བྱེད་དང་བྲལ་བ་སྒོམ྄༵་མེད྄༵་སྟེ་དེ་བཞི་དང་ཁྲེགས་ཆོད་སྦྱར་ནས་གསུངས། ལམ་རྟགས་རྣམ་སྨིན་གྱི་ཕུང་པོ་མ་བཅག་བར་དུ་མི་འབྱུང་བ་ཀུན་མཁྱེན་ཕྱི་མའི་རང་བཞེད་ཐུན་མིན་གྱི་དབང་དུ་བཏང་ན་ཁྲེགས་ཆོད་ལ་དགོངས་ནས་གསུངས་པར་མངོན། བླ་མ་དམ་པའི་རང་བཞེད་སྒོམ་མེད་ལ་ཐོག་མ་དབུས་མཐའ་གསུམ་དུ་ཕྱེ་བའི་དབུས་མཐའ་མ་མཚམས་ཞིག་ལ་སྒོམ་ལམ་གྱི་རྟགས་སྣང་དོན་ལ་འབྱུང་དགོས་པ་འདྲ། ཁྲིད་ཚུལ་འདི་དམིགས་པ་ཡུལ་གྱི་བློ་ཅན་གྱི་ཁྲིད་ཚུལ་ཡིན་གསུངས། འཇིགས་བྲལ་གླིང་པ་ནི་སྒོམ་མེད་ཆུང་ངུ་ཡིན་པའང་ཞལ་གྱི་བཞེས། རྣམ་སྨིན་རིག་རྣམ་ཡིན་པ་ཞལ་གྱི་བཞེས་པ་མི་འགལ་བའི་གནད་ནི། སྤྱིར་སྒོམ་མེད་མི་སློབ་ལམ་ཟེར་ཡང་། ཚོགས་སྦྱོར་སོགས་རེ་རེ་ལ་ནང་གསེས་རྣལ་འབྱོར་བཞི་བཞིར་ཕྱེ་བའི་མོས་སྤྱོད་ཀྱི་དབྱེ་བའི་སྒོམ་མེད་དེ་མི་སློབ་ལམ་ལ་དངོས་བཏགས་གཉིས་ཕྱེ་བའི་བཏགས་པ་བར་བཞག་ན་འགྲིགས་གསུངས།། །། ༈ ཆོས་ཉིད་ཟད་པའི་སྐབས། ཆོས་ཟད་ཅེས་པ། ཆོས་ཉིད་དང་རོ་གཅིག་པར་ཟད་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་སྣང་བ་ཟད་ཚུལ་བཤད་པ་གཉིས་ལས། ཀུན་མཁྱེན་ཕྱི་མ་བཞེད། ལས་རླུང་རགས་པ་དག། ཕྲ་བ་ཐམས་ཅད་ཡེ་ཤེས་ཀྱི་ཁམས་སུ་གྱུར་པས་སྙིགས་མའི་འབྱུང་བ་ཇེ་ཟད། ཡེ་ཤེས་ཀྱི་འབྱུང་བ་བཞི་དྭངས་མའི་དྭངས་མ་གསང་བ་ཆེན་པོ་འོད་གསལ་གྱི་དྭངས་མའི་ཆ་མཐར་ཐུག་བར་འཕེལ་བ་སྟོབས་སུ་གྱུར་པ་ལས་ཚད་ཕེབས་ཀྱི་སྣང་བ་འཆར་ཞིང་། ཐོད་རྒལ་ལམ་སྣང་འདི་རྣམས་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བའི་སྣང་བ་ཕྱིར་མཆེད་པ་དང་། དུས་འཁོར་བའི་སྟོང་གཟུགས་ནི་ལས་རླུང་དབུ་མར་ཚུར་སྡུད་པའི་རྟགས་ཡིན། ཡེ་ཤེས་ཀྱི་རླུང་གི་སྤྲོ་བསྡུ་ཇི་ཙམ་ཆེ་བ་ཚད་ཕེབས་ཀྱི་སྣང་བ་དེ་ཙམ་ཆེ་ལ། འདིར་ཤེས་པ་ཡུལ་ལ་འཕོ་བའི་བག་ཆགས་དང་ཡེ་རླུང་ཡང་ཟད་པའམ་དག་པ། སྐབས་འགར་དམ་ཚིག་གི་ལྷ་མོ་བཞི་དབྱིངས་སུ་ཐིམ་ཞེས་པའང་འདི་ལ་དགོངས། དེའི་ཕྱིར་ན་ལྷུན་གྲུབ་ཀྱི་སྣང་བ་ནང་དབྱིངས་སུ་ཟད་གསུངས། ད་ཅི་སྣང་ཞེ་ན་རྣམ་པར་རྟོག་མི་རྟོག་གི་མཐའ་ལས་འདས་ཤིང་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་རིག་འོད་གསལ་ཆེན་པོའི་ཀློང་དུ་འུབ་ཆུབ་པ་ལ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཞེས་འཕགས་ཆེན་ཀྱིས་ཀྱང་བསམ་པར་དཀའ།། །། ༈ འཇའ་ལུས་འཕོ་ཆེན་གྱི་སྐུར་བཞེངས་མཚམས་སྣང་བཅས་ཟད་པའི་རྒྱུན་མཐའ་ནང་དབྱིངས་ལ་འཇུག་ཁ་མའི་གོང་ཡིན་ཅེས་གསུངས།། །། ༈ རང་ལུས་ཀྱི་བསྡུས་པའི་སྣང་བ་དང་སྣང་ཡུལ་ཐམས་ཅད་འོད་གསལ་ཡེ་ཤེས་ཆེན་པོ་འོད་ཟེར་གྱི་སྐུས་ལག་སོར་ལ་རིག་པ་གཏད་པས་འཕོ་ཆེན་གྱི་སྐུར་བཞེངས་པ་ངོ་བོ་དྭངས་གསལ་ཆུ་ཟླའི་སྐུ་རྡོ་རྗེ་སེམས་དཔའ་ལྟ་བུ་ལ་རྣམ་པ་ཐམས་ཅད་པ་འཆར་བ་སྐྱེ་བ་ལ་དབང་ཐོབ་པ་བི་མ་དང་། པད་འབྱུང་ཡེ་ཤེས་ཆེན་པོའི་སྐུ་དེ་ཉིད་ནང་དབྱིངས་སུ་བསྡུས་པ་ནི་འཇུག་པ་ལས་དབང་བ་ཞེས་བཤད་པ་ཡིན།། །། ༈ ཆོས་ཉིད་མངོན་སུམ་སྐབས་མི་འགུལ་བ་གསུམ། གོང་འཕེལ་སྐབས་སྡོད་པ་གསུམ། ཚད་ཕེབས་སྐབས་ཐོབ་པ་གསུམ། ཆོས་ཟད་སྐབས་གདོང་བཞེས་ཞེས་སྨིན་གཏེར་སོགས་དང་ཞལ་རྒྱུན་ལའང་སོ་སོར་སྦྱར་རུང་། རྟགས་བཅུ་གཉིས་པོ་སྣང་བཞི་སྤྱི་ལ་ཁྱབ་གསུངས།། །། ༈ ལམ་ལ་གནས་པའི་རྡོ་རྗེ་མཁའ་འགྲོ་བརྟེན་མ་སོགས་དང་། དབང་ཐོབ་པ་ཡིན་རུང་དམ་ཚིག་ཉམས་པའི་དྲིས་རྣལ་འབྱོར་པ་དྲོད་ཚོད་ཉུལ་བ་དང་། བར་ཆད་རྩོམ་པ་ནི་ཉམས་གོང་འཕེལ་མན་ཆད་ལ་ཡོད། ཚད་ཕེབས་ཡན་ལ་མེད་ཅིང་། ཀུན་གཞི་སེམས་ཀྱི་གཡའ་ཡི་མི་གོས་པས་ཕྱི་རོལ་གྱི་བར་ཆད་འབྱུང་གསུངས། བར་ཆད་ཐམས་ཅད་རིག་པ་རྣལ་མའི་དགོངས་པ་བསྐྱངས་བས་མི་ཚུགས། གསང་རྟགས་རྣམས་རྩ་དང་རླུང་སེམས་འདུས་པ་ལས་མ་ཡིན་པར། འོད་གསལ་མེ་ལོང་དྭངས་པའི་ངོགས་སུ་པྲ་ཕབས་པ་ལྟ་བུ་འཆར་གསུངས། གདེང་བཞིའི་སྐབས་ཆོས་ཉིད་མི་འགྱུར་ལྟ་བའི་གདེང་མཐར་ཐུག་པ་དང་། ཡང་དག་པ་རྫོགས་པའི་སངས་རྒྱས་ཞེས་པ་འདིའི་ལུགས་ལ་འོད་གསལ་ཆེན་པོའི་དབྱིངས་སུ་ཕུང་པོ་ལྷག་མ་མེད་པར་ཟད་པ་ལ་བཤད་གསུངས། ཕར་ཕྱིན་ཐེག་པའི་སྐབས། ས་དགུ་འདས་ནས་ཡེ་ཤེས་ནི། །སོགས་ཀྱི་ལུང་དྲངས། ས་བཅུའི་རྒྱུན་མཐའ་ལ་སངས་རྒྱས་ཀྱི་སྒྲ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པ་མངོན་པར་རྫོགས་པ་སངས་རྒྱས་པ་གཉིས་ལའང་ཁྱད་ཡོད་པ་ཡིན་ཅེས་འཕྲོས་ལ་གསུངས། རྒྱན་ཞགས་ཆུ་སྒྲོན་ཅེས་ཆུ་བུར་མིག་དབང་དང་རྟེན་བརྟེན་པའི་ཚུལ་དུ་ཡོད་ལ། དཔེར་ན་རྫོགས་ཆེན་གྱི་ལུགས་ལ་བླ་མེད་ནས་བཤད་པའི་དབུ་མའི་ནང་། རང་ལུགས་ཀྱི་དབུ་མ་ཕྲ་བ་བཤད་བ་བཞིན་ཡིན་ལ། སྙིང་ནས་མིག་སོགས་རྒྱུ་མཐུན་གྱི་འབྲས་བུར་གསལ་གསུངས་ཀྱང་། འདིར་རྫོགས་ཆེན་ཁྲེགས་ཆོད་ཀྱི་ཉམས་ལེན་མཐར་ཕྱིན་པ་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ཏེ་སངས་རྒྱས་པ་ནི། དེ་ཡང་ཀུན་གཞི་མ་རིག་པའི་ཆ་ལས་ཤར་བ་ནི་ཕུང་ཁམས་སྐྱེ་མཆེད་རྣམས་ཡིན་པ་ལ། རིག་པའི་རྩལ་རྫོགས་པས་ཀུན་གཞིའི་ཆ་སྣང་བས་མུན་པ་བསལ་བ་བཞིན་རང་དག་ཏུ་གྱུར་པ་ན་དེས་སྐྱེད་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རང་ཡལ་དུ་གྱུར་པ་ཡིན་ལ་རྫོགས་ཆེན་གྱི་རྩ་བའི་གྲུབ་མཐའ་རིག་དབྱིངས་ཀྱི་ཁམས་ལ་མཚན་དཔེ་སྟོབས་བཅུ་ཕར་ཕྱིན་ལས་མ་འདྲེས་པའི་ཆོས་སུམ་བརྒྱ་སོགས་དང་། མ་འདྲེས་སོགས་ཟག་མེད་ཀྱི་ཡོན་ཏན་ཡེ་ལྡན་ཡོད་པས་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་རུང་། གློ་བུར་དྲི་བྲལ་གྱི་སངས་རྒྱས་མ་ཡིན་ཏེ། ཀུན་གཞི་མ་རིག་རྟོག་འཁྲུལ་གྱི་དྲི་མ་དང་བཅས་པའི་ཕྱིར་དེ་དག་པ་རིག་པ་ཉིད་མངོན་དུ་གྱུར་པ་དག་པ་གཉིས་ལྡན་གྱི་སངས་རྒྱས་དང་། སངས་རྒྱས་ལ་ཚོགས་བསགས་དགོས་སམ་མི་དགོས་ཞེ་ན། གོང་མ་ཁ་གཅིག་གི་དང་པོའི་སངས་རྒྱས་ཀྱི་ཚོགས་མ་བསགས་ཟེར། ཀུན་མཁྱེན་ཆེན་པོས་ཚོགས་མ་བསགས་པའི་སངས་རྒྱས་ཀྱི་ཚོགས་མ་བསགས་ཟེར། ཀུན་མཁྱེན་ཆེན་པོས་ཚོགས་མ་བསགས་པའི་སངས་རྒྱས་མེད་གསུངས། སྔ་མའི་བཞེད་པ་ནི་ཕར་ཕྱིན་ཐེག་པའི་ཚོགས་འདྲ་བསགས་མི་དགོས་པ་ལ་དགོངས། ཕྱི་མའི་བཞེད་པ་ཟག་མེད་རང་ངོ་ཤེས་པའི་དགེ་བ་ཞེས་རིག་ངོ་བསྐྱངས་པ་འདི་ཟག་མེད་ཚོགས་བསགས་ཀྱི་རྒྱལ་པོ་ཡིན་པས་དེ་ལ་དགོངས་པས་གནད་གཅིག་ཏུ་བབས་གསུངས།། །། ༈ ཁྲེགས་ཆོད་ཀྱི་སྐབས་རིག་པ་རང་བབ་གཤིས་ཀྱི་ངང་བསྐྱང་བ་གཅིག་པུའི་གནད་ཀྱི་གོང་དུ་བསྟན་པ་ལྟར་སངས་རྒྱས་ཐོབ་ལ། ཐོད་རྒལ་བསང་གནད་ལྟ་ནས་དབྱིངས་རིག་གི་ཡོན་ཏན་དབང་པོའི་མངོན་སུམ་དུ་བྱེད་པ་ལ་བརྟེན་མཐར་ཆོས་ཟད་ཆེན་པོར་མི་སློབ་པའི་ས་མངོན་དུ་བྱེད་ལ་ཁྲེགས་ཆོད་ཀྱི་རིག་པ་གཏད་པའི་ཁྱད་པར་གྱི་ལུས་ཀྱི་རྣམ་པས་གཞན་ཕན་བརླབས་ཆེན་བསྒྲུབ་ནུས་པ་ཁྱད་པར་ཆེ་གསུངས།། །། ༈ རྟགས་སྣང་བཞིའི་འཆར་ཚུལ་ལ་རིག་པ་ཚད་ཕེབས་ཀྱི་སྐབས། གྲུ་མཐའ་འཛིན་པར་རློམ་པའི་རང་ཕྱོགས་ཀྱི་གྱ་ཚོམ་ཅན་དང་། རྒོལ་བ་པོས་མུན་སྤྲུལ་ཡིན་ཚུལ་སྒོ་ཙམ་བཤད་ནས། ཀུན་མཁྱེན་ཆེན་པོའི་མན་ངག་དྲང་པོར་ཤེས་ན་གཞན་མཚུངས་ཤུགས་ཀྱིས་ཤེས། ཚད་ཕེབས་དངོས་ལ་ཁྲིད་གཞུང་དུ་རྒྱུད་ནས་ཆུ་འདྲེན་ཞེས་པ། རྫོགས་ཆེན་ལ་སྐུར་པ་བཏབ་ན་དུས་འཁོར་ལ་ལང་བརྒྱུད་ནས་ཆུ་འདྲེན་ཞེས་སྔོན་འཇུག་ཡོད་དགོས་གསུངས། མཐར་ཐུག་གི་དབུ་མ་རབ་ཏུ་མི་གནས་པ་ཞེས།། །། ༈ མདོར་ན་རིག་པ་ཚད་ལ་ཕེབས་ཞེས། ནང་གི་ཚད་ལ་ཕེབས་རྒྱུ་ཤེར་སྒྲོན་ཡིན། ཤེས་རབ་ཀྱི་མིག་ཕྲ་མོ་སྔར་ཐོབ་པ་རྩལ་རྒྱས་ཏེ་དབྱིངས་ལ་རིག་པ་ཇི་ཙམ་མཉམ་པར་བཞག་པའི་གཞི་དབྱིངས་ནང་གསལ་གྱི་རིག་པར་ཞུགས་པ་དེ་ལྟར་ཐུགས་རྗེ་རིག་རྩལ་ཡུལ་ལ་འཆར་ཡོད་པ་ཉམས་གོང་འཕེལ་ནས་བརྩམ་སྣང་ཉམས་ཀྱི་ཆ་རྣམས་ངོ་བོ་སྟོང་པའི་དབྱིངས་སུ་རིག་པ་རྩལ་རྫོགས་ཏེ་ངོ་བོ་སྟོང་པ་དང་རིག་པ་རོ་གཅིག་ཏུ་རྫོགས་པ་ལ་ཚད་ཕེབས་དང་། ཚད་ཕེབས་ཐུན་མིན་དངོས་ནི་རིག་པ་དབྱིངས་དང་འདྲེས་པ་ཆོས་ཉིད་མངོན་སུམ་ནས་ཡོད་ཅིང་སྣང་ཉམས་རིག་པ་སྐུར་སྨིན་དང་འབྲེལ་རྩ་ཀ་ཏི་ཤེལ་སྦུགས་ཅན་གྱི་སྒོ་ལ། ཕྲ་ལ་འཁྲིལ་སོགས་རྩ་ཡི་བྱེ་བྲག་ཁ་ཤས་གསུངས་པའི་ནང་ཚན་རྒྱ་མཚོ་གསེར་གྱི་ཉི་མའི་རྩ་ཞེས་པ་དེ་རྒྱང་ཞགས་ཆུ་སྒྲོན་དངོས་ཡིན་གསུངས། དབྱིངས་རིག་སྨིན་མཚམས་ནས་བྲལ་ཞེས་པ། ཕྱིའི་རིག་རྩལ་འོད་གསལ་གྱི་སྣང་ཆ་དང་པོ་རྫི་མ་དང་འབྲེལ་བ་ནས་མཆེད་པས་དེ་ལ་དགོངས་གསུངས། ཐོད་རྒལ་སྐབས་ལྷུན་གྲུབ་ཀྱི་རིག་གདང་ལམ་རིག་ཆ་དང་། ལྷུན་གྲུབ་ཐུགས་རྗེའི་རིག་རྩལ་གྱི་གདང་གཉིས་ལས། སྔ་མ་ནང་དབྱིངས་སུ་འཁྱིལ་བ། ཕྱི་མ་ཕྱིར་མཆེད་པའོ།། །། ༈ དབྱིངས་སྣང་དང་རིག་པ་ལུག་རྒྱུད་ཀྱི་དཀྱིལ་དུ་ལུས་སེམས་དབྱེར་མེད་དུ་གཏད་དགོས་ཞེས་ལུང་རྟོགས་རིན་པོ་ཆེས་གསུངས། ཤར་ལུགས་བརྒྱད་པོའི་ལྟར་ཅེས་པའི་ཚིག་ལ་གོ་བ་བླངས་དགོས་ཏེ། དཔེར་ན། འོད་ལྟར་ཤར་བ། ཡུལ་སྣང་གི་འོད་རིག་པའི་རང་གདངས་དེ་ལྟར་དུ་ཤར་བ་ཡིན་རྒྱུ་སོགས་ཀྱི་མཚོན། རྒྱུ་རྐྱེན་གྱིས་གསར་དུ་མ་བསྐྱེད་པའི་སེམས་ཉིད་གཉུག་མ་རང་བྱུང་གི་ཡེ་ཤེས་འོད་གསལ་ལྷུན་གྲུབ་ལ་འདུས་མ་བྱས་གསུངས། ཐིམ་ལ་མ་རྨུགས་ཅེས་པ་དང་། དབྱིངས་དང་གོས་རོ་གཅིག་འདྲེས་པ་ལ་གསུངས། སྤངས་བསྒྱུར་ལམ་དུ་བྱེད་པ་ཞེས་གསང་བདག་སྒྲོ་ཕུག་པའི་དུག་སྡོང་སྟོང་ཐུན་ནང་གསུངས་ལྟར། སྐྱེ་བོ་རང་གསང་སྤངས། སྨན་པས་བསྒྱུར་ཞིང་བླངས། རྨ་བྱས་ཟོས་པ་བཞིན་དུ་ཉན་ཐོས་ཀྱི་སྤངས། བྱང་སེམས་ཀྱི་བསྒྱུར། གསང་སྔགས་བླ་མེད་པས་ལམ་དུ་བྱེད། རྫོགས་པ་ཆེན་པོས་ནི། དཔལ་སྤྲུལ་རིན་པོ་ཆེས། རང་བྱུང་གི་རིག་པ་དུག་སྡོང་ཆེན་པོ་ལྟ་བུ་ལ། དུག་སྡོང་གཅིག་གི་མ་ཚད་ཕྱོགས་བཅུའི་འཇིག་རྟེན་གྱི་དུག་སྡོང་ས་ཆེན་པོའི་སྟེང་དུ་ཡོད་ཀྱང་མ་སྤངས། མ་བསྒྱུར། མ་ཟོས་སྤང་བླངས་ཕན་གནོད་ཅི་ཡང་མེད་པ་དེ་བཞིན་ཡིན་གསུངས།། །། ༈ ངོ་བོ་ལ་འཕོ་འགྱུར་མེད་ཀྱང་། རྩལ་གྱི་ཡོན་ཏན་ཆེ་ཆུང་གི་རྟོགས་ལྡན་བཟང་ངན་འབྱེད་ཅེས་ཀུན་མཁྱེན་ཕྱི་མས་གསུངས།། །། ༈ ཐོད་རྒལ་གྱི་སྣང་ཆའི་ལུག་རྒྱུད་ཀྱང་རྣམ་ཤེས་ལས་འདས་པའི་ཡེ་ཤེས་ཀྱི་སྲོག་དང་ལྡན་པས་མཁྱེན་ཆ་མི་འགགས་པ་ཡིན།། །། ༈ སྣང་བཞིའི་གོ་རིམ་ངེས་མེད་མཚོན་ན་ཆོས་ཉིད་མངོན་སུམ་ནས། ཟད་སར་ཐོད་རྒལ་དུ་གོམས་པ་ཡང་ཡོད་གསུངས།། །། ༈ སྨིན་མཚམས་ཀྱི་ཐིག་ལེར་རླུང་སེམས་བསྡུས་ནས་དག་ཞིང་དུ་འཕོ་བའི་གནད་ཡིན།། །། ༈ ཕྱི་དབྱིངས་ནམ་མཁའ་ནས་ཐིག་ཕྲན་མང་པོ་ཡོད་པའི་སྔོ་རིམ་བ་དེ་དང་། ནང་དབྱིངས་དེར་ནང་འོད་ལྔའི་མུ་ཁྱུད་དེ་ཡིན་གསུངས། ཐིག་ལེ་སྟོང་སྒྲོན་སེར་སྐྱ་སོགས་མཐེ་བོང་ཙམ་པ་དེ་གཞལ་ཡས་ཁང་། ལུག་རྒྱུད་སོགས་སྐུ་སྟེ་ལོངས་སྐུ་རང་སྣང་གི་སྐུ་དང་ཞིང་ཁམས་འབྲལ་མེད་ཟག་མེད་ཁ་སྦྱོར་བདུན་ལྡན་དེ་དོན་སེམས་ཀྱི་མདངས་ལས་སྐྱེས་པ་ཡིན། སྐུ་ཚད་མེད་པས་ལུག་རྒྱུད་གྲངས་མང་།། །། ༈ ཆོས་ཉིད་ཟད་པའི་སྐབས་སྐྱེ་བ་ལ་དབང་འབྱོར་བས་ལུས་སེམས་ཆོས་ཉིད་ཀྱི་ངང་དུ་ཟད་པ་ན་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུར་བཞེངས་པར་བཞེད་པ་ན་འོད་ཀྱི་ལག་སོར་ཙམ་ལ་གཏད་གསུངས། འཆི་མེད་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་ལྟ་བུ་དག་པ་གཉིས་ལྡན་གྱི་སྐུ་དངོས་ཡིན་རྒྱུ་ལས། སྤང་བྱའི་སྒྲིབ་པ་ཞིག་གཏན་ནས་མེད་ཅེས། གལ་སྲིད་ཡོད་ན་རྡོ་རྗེའི་སྐུ་ནམ་མཁའ་ཇི་སྲིད་བར་བཞུགས་པ་ཡིན། དེ་སྲིད་བར་དུ་བག་ཆགས་དང་བཅས་པའི་སྐུ་དང་བཅས་པ་ཐལ་བར་ཡིན་པས་དེ་མི་སྲིད་དོ། །ཅེས་རྗེ་འཇམ་དབྱངས་བླ་མའི་གསུང་གི་སྙིང་ཁུ་ཡིན་གསུངས་སོ། །ཉམས་གོང་འཕེལ་ཞེས་པ་སྣང་ཉམས་འཕེལ་བ་རྟགས། རྟགས་ཅན་རིག་པ་འཕེལ་བ་ཡིན་གསུངས།། །། ༈ སྤྱིར་གཞི་ཞེས་པ། སེམས་ཀྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་རིག་པ་དེ་གཞི་ཀུན་ཏུ་བཟང་པོ་དང་། དེ་ངོ་ཤེས་ན་རིམ་གྱིས་གྲོལ་བ་སྟོན་པ་ཀུན་ཏུ་བཟང་པོ་དང་། དག་པ་གཉིས་ལྡན་གྱི་གོ་འཕང་ཐོབ། ངོ་མ་ཤེས་ན། འཁྲུལ་པ་གློ་བུར་གྱི་དྲི་མས་བསླད་ཐོག་ཅན་བཞིན་དུ་སྤྱི་གཞི་མ་སྒྲིབ་ལུང་མ་བསྟན་བེམ་ཆོས་དང་མ་འབྲེལ་བ་དང་། སྲིད་པ་སྔོན་མ་དང་། ལས་ཉོན་གྱི་སྐྱེ་བ་ཅན་སོགས་དང་མ་འབྲེལ་བ་ཡིན་གསུངས་ཀྱང་ཞིབ་ཏུ་དཔྱད་དགོས།། །། ༈ མ་དག་པ་འཁོར་བའི་སྒོ་ལྟར་ཤར་དུས་སེམས་ཅན་སུམ་སྟོང་ལ་རིག་པ་བཅུག་ནས་གྲོལ་ཅེས་པ་དེ། རང་སྣང་ཡིན་གསུངས།། །། ༈ དབྱིངས་སྣང་ངོ་མ་ཤེས་པས་སྣོད་དུ་འཁྲུལ། ཡེ་ཤེས་ཀྱི་སྐུ་དེ་ངོ་མ་ཤེས་པས་ལུས་སུ། ཡེ་ཤེས་དེ་སེམས་སུ་འཁྲུལ་པ། རྐྱེན་བཞི་འཁྲུལ་ཚུལ་དང་། རྐྱེན་བཞིའི་གྲོལ་ཚུལ་བསྟན། དཔེ་ངོ་བོའི་སྒོ་ནས་གཅིག་རྣམ་པ་ཐ་དད་ཆུ་དང་ཆབ་རོམ།། །། ༈ སྣོད་བཅུད་དག་པ་རབ་འབྱམས་ཆོས་ཅན་གྱི་སྟེང་ནས་སྒྲུབ་མ་གཏོགས། ཆོས་ཉིད་ཀྱི་སྟེང་ནས་མ་ཡིན་ཏེ། ཆུ་དང་ཆབ་རོམ་གཉིས་ཀ་སྟོང་ཉིད་ཡིན་མཚུངས་སོ། །ཞེས་གནད་འདི་གསུངས།། །། ༈ རིག་པ་རང་ཐོག་ཏུ་མ་གཡོས་པས་འཁྲུལ་རྟོག་ཡུལ་དུ་བཅས་པ་རང་གྲོལ་རྩལ་རྫོགས་ཡིན།། །། ༈ གདོད་མིའི་སྤྱི་གཞི་འཆི་སྲིད་ལ་བརྟེན་ནས་ངོས་བཟུང་། ཡང་ན་རྣམ་རྟོག་རགས་པ་མ་མཆོད། རིག་ཐོག་ཏུ་མ་ཐོན་གོང་ལ་སྤྱི་གཞི་ཡིན་གསུངས།། །། ༈ དག་པའི་སྒྱུ་ལུས་དང་འཕོ་ཆེན་ལ་ཁྱད་ཡོད། མ་དག་པའི་སྒྱུ་ལུས་དང་ཆོས་ཉིད་བར་དོའི་སྣང་བ་གཉིས་ཁྱད་པར་ཡོད་གསུངས་སོ།། །།ཡེ་ཤེས་བླ་མའི་ཟིན་བྲིས་རྡོ་གྲུབ་སྤྲུལ་སྐུ་བསྟན་པའི་ཉི་མའི་གསུང་རྒྱུན་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོའི་ཕྱག་བྲིས་དངོས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་ལ་གནང་བའི་དཔེ་ལས་ཞལ་བཤུས་པའི་མཁན་པོའི་ཕྱག་དཔེ་ལས་སླར་ཡང་བཤུས་པའོ།། །།

Footnotes

Other Information