རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་དམིགས་ཟིན་བྲིས།

From Khyentse Lineage - A Tsadra Foundation Project
Revision as of 09:33, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-05-CA-048
Wylie title rtsa gsum dril sgrub kyi tshogs dmigs zin bris JKCL-KABUM-05-CA-048.pdf
Location chos kyi blo gros bka' 'bum
Volume 5, Text 48, Pages 625-629 (Folios 1a1 to 3a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, སངས་རྒྱས་བླ་མ་ ('jam dbyangs mkhyen brtse'i dbang po, sangs rgyas bla ma)
Citation 'jam dbyangs mkhyen brtse chos kyi blo gros. rtsa gsum dril sgrub kyi tshogs dmigs zin bris. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 625-629. Bir, H.P.: Khyentse Labrang, 2012.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle རྩ་གསུམ་དྲིལ་སྒྲུབ་ (rtsa gsum dril sgrub)
Colophon

།ཞེས་པའང་ནུབ་བླ་མས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།

/zhes pa'ang nub bla mas gsung bskul ngor chos kyi blo gros pas so/

1 Texts in this Section (sde tshan or chos tshan)

[edit]
རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་དམིགས་ཟིན་བྲིས་བཞུགས། ལགས། ཉིད་ཀྱི་ཚོགས་མཆོད་སྐོར་གྱི་དམིགས་པ་མདོར་བསྡུས་དགོས་གསུངས་པ། རྙིང་མ་བཀའ་གཏེར་རྒྱུད་ལུང་མན་ངག་རྣམས་སུ་ཚོགས་ཀྱི་རྣམ་གཞག་རྒྱ་ཆེར་འབྱུང་བ་དང་། རང་ལུགས་རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ངོར་ཆེན་བཅས་ཀྱི་ཚོགས་འཁོར་རྣམ་གཞག་ཞིབ་མོ་ཡོད་པ་རྣམས་ཅུང་ཟད་ཙམ་རེ་ལས་དོན་གྱི་གནད་གཅིག་པ་དང་། རྙིང་ཕྱོགས་ལ་སྐལ་ལྡན་ལྷའི་ཚོགས། དགྱེས་ལྡན་མིའི་ཚོགས། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་སོ། །དང་པོ་ནི་དཀྱིལ་འཁོར་གྱི་ལྷ་དང་། གཉིས་པ་ནི་རྣལ་འབྱོར་དམ་ལྡན་མཆེད་ལྕམ་དང་། གསུམ་པ་ནི་རྟེན་མཆོད་སྒྲུབ་རྫས་དང་། ཁྱད་པར་དུ་ཚོགས་ཀྱི་ཡོ་བྱད་རྣམས་ཡིན་ལ། དེ་ཡང་རྩ་གསུམ་དྲིལ་སྒྲུབ་ལྟ་བུ་ལ་མཚོན་ན། ཚོགས་ཀྱི་ཡོ་བྱད་རྣམས་ལས་བཟའ་བ་གཡས་དང་། བཏུང་བ་གཡོན་དུ་གཅན་གཟན་གྱི་པགས་པ་བཀྲམ་པའི་ཁར་བཤམས། ཕྱག་ལེན་ཕལ་ཆེར་ལ་མེ་ཆུ་རླུང་གསུམ་གྱི་སྦྱང་བ་བྱེད་ཀྱང་། སྨིན་གླིང་ཕྱག་ལེན་དུ་བསང་ཆུའམ། ལས་བུམ་བསྒྲུབས་ཡོད་ན་དེ་དང་། མེད་ན་ཆུ་གཙང་དང་ནང་མཆོད་ཀྱི་བདུད་རྩི་བྲན་པར་མཛད་ཅིང་། རྃ་གྱིས་མེ་འབར་བས་མི་གཙང་བའི་དྲི་མ་བསྲེགས། ཡྃ་ལས་རླུང་བྱུང་བས་གཏོར། ཁྃ་ལས་ཆུ་བྱུང་བས་དྲི་མ་སྦྱོང་། ཚོགས་ཀྱི་སྣོད་སྟོང་གསུམ་དང་མཉམ་པའི་ཀ་པཱ་ལའམ། གཞུང་འདིའི་དངོས་བསྟན་ཐོད་སྣོད་ཡིན། རིན་པོ་ཆེའི་ཡོལ་གོ་པདྨས་མཚན་པ་རྒྱ་ཁྱོན་ཚད་ལས་འདས་པའི་ནང་དུ་ཚོགས་གཏོར་རིན་པོ་ཆེ་སྣ་ཚོགས་ཀྱི་ལྷུན་པོ་རྒྱ་དང་ཚད་དཔག་ཏུ་མེད་པ་དང་། རྫས་རྣམས་ཤ་ལྔ་བདུད་རྩི་ལྔའི་ངོ་བོ་དེ་དང་དེ་ཡིན་པ་ལ་རྣམ་པ་འདོད་ཡོན་དྲུག་གི་ལྷ་མོ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ལྟར་སྤྲོ་བ་དང་། བདག་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ནས་ཨོཾ་ཨཱཿཧཱུྃ་གསུམ་ཆར་བབས་པ་ལྟར་འཕྲོས་པས་ཨོཾ་གྱིས་མ་དག་པ་སྦྱངས། ཨཱཿཡིས་ཡེ་ཤེས་ཀྱི་བདུད་རྩིར་སྤེལ། ཧཱུྃ་གིས་གང་མོས་སུ་སྒྱུར། ཧ་ཧོ་ཧྲཱིཿས་རྒྱ་ཆེར་སྤེལ་ཞིང་བྱིན་གྱིས་བརླབས་པའི་ཚོགས་གཏོར་དེ་རིམ་པ་གསུམ་དུ་སྤྲོས་ལ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབ་ཅན་འཕྲོས་པས་ནམ་མཁའི་ཁམས་གང་བའི་ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྱན་དྲངས། ཚོགས་གཏོར་གྱི་སྟེང་གི་ནམ་མཁར་བཞུགས་པར་སྒོམ་པའམ། མདུན་བསྐྱེད་དཀྱིལ་འཁོར་བསྒོམས་ཡོད་ན་དེ་ལ་དབྱེར་མེད་དུ་ཐིམ་པར་བསམ་ལ། ཚོགས་ཕུད་དང་པོ་དང་བདུད་རྩིའི་ཕུད་ཀྱི་ཟེག་མ་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་སྤྲོ་བས་དཀྱིལ་འཁོར་གྱི་ལྷ་ཚོགས་མཆ྄ོ༷ད་པ་དང་། བར་པས་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་ཞིང་བཤག྄༷ས་པ་དང་། ཐ་མས་བསྟན་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་དམ་སྲི་ཀླ་ཀློ་སོགས་ཀྱི་རྣམ་ཤེས་དགུག་བསྟིམ་དང་། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་གུར་དྲག་དང་རྟ་མགྲིན་སོགས་ཁྲོ་བོ་དང་། ཁྲོ་མོའི་ཚོགས་དཔག་ཏུ་མེད་པས་མཚོན་ཆའི་ཆར་ཕབ་སྟེ་གཟུགས་ཕུང་བསྒྲལ྄༷་ཞིང་། རྣམ་ཤེས་དབྱིངས་སུ་བསྟིམས་ཤིང་ལྔ་ཕུང་ཞལ་དུ་བསྟབས་པའི་དམིགས་པ་མདོར་བསྡུས་བྱ་དགོས་ཤིང་། དེ་ལྟར་ཕུལ་བས་མཆོག་ཐུན་གྱི་དངོས་གྲུབ་ཞུ་སྩོལ་གྱི་གསོལ་འདེབས་ཏེ། འདིའི་འདོན་ཆ་ཤིན་ཏུ་བསྡུས་པ་ཡིན་ཀྱང་ཚིག་ཉུང་དོན་རྒྱས་པ་དང་། སྐོང་བཤགས་ནི་གོང་གི་ཚོགས་བར་པ་ལས་འཕྲོས་པ་ཡིན་པས་ཚོགས་གཏོར་གྱི་རྫས་རྣམས་ལས་གཞུང་ཚིག་དང་མཐུན་པའི་མཆོད་སྤྲིན་སྤྲོ་བ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་རྡོ་རྗེའི་དབང་པོ་དྲུག་གིས་དགྱེས་རྒུར་རོལ་ཞིང་ཚིམས་པས་ཐུགས་རྒྱུད་ལ་བདེ་ཆེན་དགའ་བཞིའི་ཡེ་ཤེས་ཀྱི་རོས་གང་ཞིང་། བདག་ཅག་རྣལ་འབྱོར་པའི་དམ་ཚིག་ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས་རྣམས་བྱང་ཞིང་དག་ནས་རྩ་གསུམ་རབ་འབྱམས་རྒྱ་མཚོའི་གསང་གསུམ་བྱིན་རླབས་རྒྱུད་ལ་ཞུགས་པ་དང་། ཚོགས་ཞིང་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་བྱུང་བ་རང་གི་གནས་གསུམ་ཕོག་པ་སོགས་དབང་བླང་བའི་དམིགས་པ་གཞུང་གསལ་ལྟར་དང་། ཚོགས་ལ་རོལ་བའི་སྐབས་བདག་ལུས་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ལ་ཚོགས་རྫས་ཡེ་ཤེས་ཀྱི་བདུད་རྩི་མཆོད་པར་མོས་ཤིང་། སྤྲོ་ན་རྡོ་རྗེའི་གླུ་བླང་བ་སོགས་བྱ། ལྷག་མ་ལ་དམ་ཚིག་དང་ལྡན་པ་རྣམས་ཀྱིས་བཟའ་བའི་ལྷག་མ་དང་། དཀྱིལ་འཁོར་པ་ལ་མཆོད་པའི་ལྷག་མ་རྣམས་གཅིག་ཏུ་བསྲེས། སློབ་དཔོན་གྱི་ཞལ་ཆབ་དང་སྨན་རཀ་གིས་བྲན་ལ། དཔལ་ཆེན་པོའི་ཕ་འབབ་ལ་དབང་བའི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། མ་ཚོགས་འབར་མ་གིང་དང་ལངྐ་སྟེ་སྲིན་པོ་ལ་སོགས་ལྷག་མགྲོན་རྣམས་ལ་འབུལ་ཞིང་སྟོབ་པས་བར་ཆད་སེལ་ཞིང་རྣམ་བཞིའི་ཕྲིན་ལས་བསྒྲུབ་པར་བསམ། མཐར་རྡོ་རྗེའི་རྣལ་འབྱོར་གཅིག་ཏུ་ཚོགས་པ་རྣམས་ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བའི་སྨོན་ལམ་གདབ་པ་སྟེ་གོ་དོན་མདོར་བསྡུས་དང་། དེ་དག་གི་སྐབས་སུ་ལྷ་ཡི་གསལ་སྣང་དང་མི་འབྲལ་བ་དང་། གཙང་སྨེ་གཉིས་འཛིན་མི་བྱ་ཞིང་། ཤག་དང་ཀུ་ཅོ་རྩོད་པ་སོགས་མི་བྱ་བའི་ཚོགས་ཀྱི་དམ་ཚིག་རྣམས་གསར་རྙིང་གི་གསང་བ་སྤྱི་ཁྱབ་ལྟར་ལགས། སྤྱིར་རྣལ་འབྱོར་བླ་མེད་ཀྱི་མཆོད་པ་ཐམས་ཅད་ཀྱི་རྒྱལ་པོ་ཚོགས་འཁོར་འདི་ལས་ཕན་ཡོན་ཆེ་བ་མེད་པར་རྒྱུད་སྡེ་ཆེན་པོ་རྣམས་ལས་ཡང་ཡང་བསྟན་ཅིང་། དེ་ལ་དེང་དུས་རང་རེ་མ་དག་པའི་གཞན་དབང་དུ་གྱུར་པས་ཟ་འདོད་ཀྱི་སྲེད་པ་སོགས་འབྱུང་ཤས་ཆེ་ཡང་། དེ་འདྲའི་རང་འདོད་ཀྱི་འཕྲི་བ་དེ་ནི་ལྷ་སྒོམ་སྔགས་བཟླས་ཚོགས་བསགས་མཆོད་པ་སོགས་གང་གི་སྐབས་སུ་ཡང་རང་དོན་ཡིད་བྱེད་ཀྱི་བློ་ངན་དང་། ཉོན་མོངས་པའི་དུག་དང་འདྲེས་པ་རེ་འབྱུང་འདུག་པ་དང་། གསང་སྔགས་ཀྱི་རྣལ་འབྱོར་པ་ཡིན་ན་བཟའ་བཏུང་ཚོགས་འཁོར་དུ་ཤེས་དགོས་པ་ཡིན་ཀྱང་། དེའང་ཞིམ་བཙོག་གི་སྲེད་པ་དང་བཅས་བཟའ་བའི་ཕྱིར་ན། ཟ་འདོད་ཚོགས་འཁོར་བསྐོར་བའི་རྙིང་མ་པ། །ཞེས་ཟེར་ཡང་བརྗོད་འདོད་ཙམ་ལས། དོན་ལ་ཉེས་ལྟུང་བསྐྱེད་པ་མཚུངས་པའི་ཕྱིར། དེས་ན་ཀུན་སློང་བཅོས་པ་དང་། དྲན་ཤེས་བག་ཡོད་ཀྱི་བསམ་པ་བརྟན་པོ་བྱེད་པ་ཤིན་ཏུ་གཅེས་སོ། །ཞེས་པའང་ནུབ་བླ་མས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ། །། །

Footnotes

Other Information