སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག༔

From Khyentse Lineage - A Tsadra Foundation Project
Revision as of 09:11, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-20-WA-002
Wylie title snyan brgyud snying gi gsang mdzod las: yi dam zhi ba rdo rje sems dpa'i sgrub thabs ye shes gsang thig DKR-KABUM-20-WA-002.pdf
Location dil mgo mkhyen brtse bka' 'bum
Volume 20, Text 2, Pages 3-24 (Folios 1a to 22a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud snying gi gsang mdzod las yi dam zhi ba rdo rje sems dpa'i sgrub thabs ye shes gsang thig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 3-24. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje sems dpa'
Colophon
  • Author colophon: ཞེས་རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་བའི་ཐིག་ལེའི་སྙིང་པོའི་རྒྱུད་ཀྱི་ལམ་ཡོངས་སུ་རྫོགས་པའི་མན་ངག་གི་རིམ་པ་དུམ་བུ་བཅུ་གཅིག་པ་འདི་ནི་རང་ལོ་སོ་བཞི་པའི་སྐོར་ལྡན་ཡུལ་གྲུབ་པའི་ས་འཛིན་གྱི་བྱེ་བྲག་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་གི་ཤར་ཕྱོགས། རྟོགས་ལྡན་ཆེན་པོ་སེང་གེ་དཔལ་བ་སོགས་དམ་པ་དུ་མས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ར་བཀྲམ་བྲག་དཀར་དུ་ས་གཏེར་ཡོད་པའི་གསལ་སྣང་ཤར་ཡང་རྟེན་འབྲེལ་དུས་སུ་མ་སོན་པས་བཏང་སྙོམས་སུ་གྱུར་པ་ན། སླར་རང་ལོ་ཞེ་གཉིས་པའི་སྟེང་དགོངས་གཏེར་དུ་བརྡ་ཁྲོལ་བྱུང་བ་ལྟར་ལྕགས་ཡོས་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཚེས་བཅུའི་ཉི་ཤར་ནས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་ཀསྨི་རའི་སློབ་དཔོན་བི་མ་མི་ཏྲས་སྙན་བརྒྱུད་དུ་གདམས་པ་འདིས་ཀྱང་འགྲོ་ཀུན་བདེ་ཆེན་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཐིག་ལེར་གཉིས་སུ་མེད་པར་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུར་གྱུར་ཅིག །མངྒ་ལྃ། དགེའོ།། །།
  • Editor colophon: ཆོས་ཀྱི་བདག་པོ་གཏེར་ཆེན་རིན་པོ་ཆེའི་བཀའ་བཞིན། བཀའ་འབངས་ཀྱི་ཐ་ཤལ་པད་བཀོད་སྒམ་སྤྲུལ་གྱི་མིང་ཙམ་འཛིན་པ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་ཞུ་དག་གི་སྲུང་ཞུ་བསྒྲུབས་པར་བྱས་པའོ།།
  • Author colophon: zhes rdo rje sems dpa' ye shes gsang ba'i thig le'i snying po'i rgyud kyi lam yongs su rdzogs pa'i man ngag gi rim pa dum bu bcu gcig pa 'di ni rang lo so bzhi pa'i skor ldan yul grub pa'i sa 'dzin gyi bye brag klong thang sgrol ma'i gtsug lag khang gi shar phyogs/_rtogs ldan chen po seng ge dpal ba sogs dam pa du mas byin gyis brlabs pa'i sgrub gnas ra bkram brag dkar du sa gter yod pa'i gsal snang shar yang rten 'brel dus su ma son pas btang snyoms su gyur pa na/_slar rang lo zhe gnyis pa'i steng dgongs gter du brda khrol byung ba ltar lcags yos gro bzhin zla ba'i dmar phyogs tshes bcu'i nyi shar nas khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas gtan la phab pa kasmi ra'i slob dpon bi ma mi tras snyan brgyud du gdams pa 'dis kyang 'gro kun bde chen rdo rje sems dpa'i ye shes kyi thig ler gnyis su med par mngon par rdzogs pa byang chub pa'i rgyur gyur cig_/mang+ga la~M/_dge'o//__//
  • Editor colophon: chos kyi bdag po gter chen rin po che'i bka' bzhin/_bka' 'bangs kyi tha shal pad bkod sgam sprul gyi ming tsam 'dzin pa 'gyur med o rgyan bstan 'dzin nyi mas zhu dag gi srung zhu bsgrubs par byas pa'o//
[edit]
༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་བཞུགས༔
གཉག་ལོ་ཙཱ་བའི་ལུགས་སོ༔

༁ྃ༔ ༠༠༠༔ དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ༔ རང་བྱུང་སངས་རྒྱས་ཀུན་བཟང་གི༔ ཐུགས་ཀྱི་ཐིག་ལེ་ལས་བྱུང་བའི༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཡིན༔ དེ་ཡི་རྒྱུད་དང་སྒྲུབ་ཐབས་ནི༔ གསང་སྔགས་ཀུན་གྱི་རྩ་བ་སྟེ༔ མཐར་ཐུག་ངེས་པའི་སྙིང་པོའི་ཆོས༔ བླ་མེད་ལམ་མཆོག་འདིར་བསྟན་བྱ༔ ས་མ་ཡ༔ རྒྱ་གར་སྐད་དུ༔ བཛྲ་སཏྭ་དྷཱ་ཏུ་ཏནྟྲ༔ བོད་སྐད་དུ༔ རྡོ་རྗེ་སེམས་དཔའ་རང་བྱུང་གི་རྒྱུད༔ བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༔ རྡོ་རྗེ་མི་ཤིགས་དབྱིངས་ཀྱི་ངང༔ སེམས་དཔའ་བདེ་ཆེན་རིག་པའི་ལྷ༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བ་ནི༔ རྒྱུད་རྣམས་ཀུན་གྱི་རྩ་བའོ༔ དེ་ཉིད་བརྗོད་བྱར་སྣང་བ་ཡི༔ རིམ་དང་ཅིག་ཆར་གྲོལ་བའི་ལམ༔ རྒྱུད་སྡེའི་ངེས་པ་བགྲངས་ཡས་ཀྱང༔ སྙིང་པོ་རྣམ་པ་བཞི་རུ་བསྡུས༔ གནས་ལུགས་གདོད་ནས་མི་འགྱུར་སེམས༔ བཅིངས་མེད་རྣམ་པར་གྲོལ་མེད་པའི༔ ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས༔ བཞུགས་ཀྱང་རང་ངོ་མ་ཤེས་པས༔ རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ༔ ནན་གྱིས་མཁའ་ལ་མདུད་པ་འདོར༔ སྲིད་པ་ཀུན་ཏུ་རྒྱུ་བ་སྣང༔ སྦྱོང་བྱེད་རྒྱུ་དང་འབྲས་བུའི་ཐེག༔ ཐེག་པ་བཞི་ཡི་ངེས་འབྱུང་ལ༔ ཐེག་པ་གཅིག་གི་འབྲས་བུར་གནས༔ མཐར་ཐུག་སྙིང་པོའི་རྒྱུད་འདི་ཡིན༔ རྡོ་རྗེ་ཕུང་པོ་སྒྱུ་འཕྲུལ་ཏེ༔ དབྱིངས་ལྔ་དྲྭ་བ་ཡུམ་ཆེན་མཁའ༔ གཉིས་མེད་སེམས་དཔའ་ལྕམ་དྲལ་ལ༔ ལས་དབང་སྒོ་བ་ལྷ་རུ་གནས༔ དབྱིངས་ལ་དབྱིངས་ཀྱི་བྲིས་པ་ཡི༔ སེམས་ཀྱི་རིན་ཆེན་ཟ་མ་ཏོག༔ ཡི་གེ་སྤྲིན་གྱི་འཁོར་ལོ་ནི༔ རྡོ་རྗེ་གསང་བའི་སྔགས་སུ་བཤད༔ འཁོར་འདས་རྒྱུ་ཉིད་གཅིག་པ་སྟེ༔ རོལ་པ་ཡིག་འབྲུ་འགག་པ་མེད༔ ཆོས་ཀུན་བྱིན་གྱིས་བརླབས་པ་ལས༔ ཐམས་ཅད་སངས་རྒྱས་མངོན་སུམ་ཤར༔ དྷརྨ་ཙཀྲ་རང་བྱུང་གནས༔ ཡེ་ཤེས་ཆེན་པོ་ལྔ་ཉིད་གནས༔ དྭངས་མ་མི་ཤིགས་ཐིག་ལེའི་དཔྱིད༔ བདེ་ཆེན་རང་སྣང་ཉིད་དུ་གསལ༔ ཉིད་ལས་ཉིད་དུ་གང་སྣང་ཡང༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ ཀུན་ཀྱང་དེ་ལས་མ་འདས་པས༔ རྩོལ་མེད་འབྲས་བུའི་རྒྱལ་པོ་འགྲུབ༔ སྒྱུ་འཕྲུལ་དྲྭ་བ་རྒྱུད་ཆེན་པོའི༔ མན་ངག་གསང་བ་སྙིང་པོའི་ལམ༔ མཐར་ཐུག་རྩ་བའི་རྒྱུད་ཀྱི་སྙིང༔ རིག་སྟོང་རྡོ་རྗེ་སེམས་དཔས་བསྟན༔ ས་མ་ཡ༔ གུ་ཧྱ་གརྦྷ་རྫོགས་སོ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ རྒྱུད་ཀྱི་ལེའུ་སྟེ་དང་པོའོ༔ དང་པོ་རྡོ་རྗེ་སེམས་སྒོམ་ན༔ ངེས་འབྱུང་བསམ་པ་ཡང་དག་བསྐྱེད༔ དལ་བའི་རྟེན་ནི་ངེས་རྙེད་ཅིང༔ ཆོས་ཀུན་མི་རྟག་རྨི་ལམ་བཞིན༔ ཕྱི་མའི་ལམ་ནི་རྒྱུ་འབྲས་ཕྱིར༔ དེ་ལས་སྲིད་པའི་སྡུག་བསྔལ་སྣང༔ སྡུག་བསྔལ་ཆེ་ལས་ངེས་བསྒྲལ་ཕྱིར༔ བསླུ་མེད་སྐྱབས་གསུམ་སྙིང་ནས་བསྟེན༔ བདག་བས་གཞན་གཅེས་བློ་གྲོས་ཀྱིས༔ བླ་ན་མེད་པའི་སེམས་བསྐྱེད་ཅིང༔ ཐོག་མེད་ཉེས་ལྟུང་སྡིག་སྦྱང་ཕྱིར༔ སྟོབས་བཞིའི་སྒོམ་བཟླས་གཅེས་པར་ཟུངས༔ ཨཿ བདག་གི་ཚངས་པའི་གནས་ཉིད་དུ༔ པད་དཀར་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ཡིག་ཆུ་ཤེལ་ལྟར་འཚེར་བའི༔ འོད་ཀྱིས་སྤྲོ་བསྡུས་དོན་གཉིས་བྱས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་ཟླ་བ་རྒྱས་པའི་མདོག༔ མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར༔ ཞི་འཛུམ་ཚུལ་དགུས་སྒེག་པའི་སྐུ༔ རིན་ཆེན་དར་གྱི་རྒྱན་ཆས་མཛེས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འབར༔ རྒྱལ་ཀུན་སྤྲོ་དང་བསྡུ་བ་ཡི༔ བདག་པོ་མཆོག་ཏུ་ཡང་དག་བཞུགས༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ རྡོ་རྗེའི་གསང་བ་ཡོངས་རྫོགས་པ༔ ཁྱེད་ལས་གཞན་དུ་མེད་པས་ན༔ སྡིག་ལྡན་བདག་ལ་རྗེས་སུ་དགོངས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་དང༔ ཉོན་མོངས་མ་ལུས་སྦྱང་དུ་གསོལ༔ ཁྱེད་ནི་བདེ་ཆེན་ཡེ་ཤེས་བརྙེས༔ སྟོབས་བཅུའི་ཕྲིན་ལས་བསམ་མི་ཁྱབ༔ འགྲོ་བའི་མགོན་པོ་ཉིད་ལགས་ན༔ མ་གཡེལ་ཐུགས་རྗེ་ཆེན་པོས་སྐྱོངས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ རང་བྱུང་གསང་བའི་ཡི་གེ་བརྒྱ༔ གསང་སྔགས་ཀུན་གྱི་སྙིང་པོ་སྟེ༔ མ་ཡེངས་བརྒྱ་རྩ་བརྒྱད་བཟླས་ན༔ དུས་གསུམ་རྒྱལ་བའི་སྲས་སུ་སྐྱེ༔ མཚམས་མེད་ལས་བྱང་བདེ་ཆེན་འགྲུབ༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་བས༔ ས་བོན་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩི་འོ་རྒྱུན་ལྟ་བུར་བབ༔ ཞབས་ཀྱི་མཐེ་བོང་ལས་ཐོན་ནས༔ པདྨ་ལས་བྱུང་སྤྱི་བོར་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དང༔ སྡུག་བསྔལ་དྲུག་གི་ཚོགས་ཐམས་ཅད༔ མི་གཙང་རྣམ་པར་བྱུང་ནས་ནི༔ ལྷག་མེད་བྱང་སྟེ་ལུས་ཀྱི་ནང༔ ཡེ་ཤེས་བདུད་རྩིས་གང་བའི་མཐུས༔ དབང་དང་བྱིན་རླབས་ཐོབ་པར་བསམ༔ དེས་ནི་འགལ་རྐྱེན་སྡིག་ལྟུང་བྱང༔ མཐུན་རྐྱེན་བསོད་ནམས་བསགས་པའི་ཕྱིར༔ རིན་ཆེན་སྨན་འབྲུའི་མཎྜལ་ནི༔ སྐུ་གསུམ་ཞིང་གི་བཀོད་པ་འབུལ༔ ཨོཾ་ཨཱཿཧཱུྃ༔ ཆོས་དབྱིངས་རང་བྱུང་དག་པའི་ཞིང༔ ཀུན་བཟང་རིགས་ལྔ་སྒྱུ་འཕྲུལ་རྒྱན༔ གང་འདུལ་སྤྲུལ་པའི་བཀོད་པ་ཅན༔ བླ་མ་རྡོ་རྗེ་སེམས་དཔར་འབུལ༔ ཨོཾ་རཏྣ་མཎྜ་ལ་པཱུ་ཛ་ས་མ་ཡ་ཧོ༔ སེར་སྣ་ངོམ་ཆོས་མ་སོང་བར༔ ལྟོས་མེད་ཡང་དང་ཡང་ཕུལ་ན༔ ནད་གདོན་དབུལ་ཕོངས་སྡུག་བསྔལ་ཞི༔ ཚོགས་གཉིས་མ་ལུས་ཡོངས་རྫོགས་ནས༔ བྱང་ཆུབ་འཐོབ་པའི་སྐལ་བཟང་འགྱུར༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ ཕྱི་སྒྲུབ་ཀྱི་ལེའུ་སྟེ་གཉིས་པའོ༔ འཁྲུལ་པའི་ལུས་ངག་ཡིད་གསུམ་ཀྱང༔ ཕྱི་རུ་ཁམས་གསུམ་འཇིག་རྟེན་ཏེ༔ དག་པ་གཉུག་མའི་རྡོ་རྗེ་གསུམ༔ རང་བྱུང་ལྷུན་གྲུབ་བདེ་བ་ཆེ༔ རྡོ་རྗེ་སེམས་ལས་གཞན་མེད་པས༔ དག་བྱའང་དེ་དང་མཐུན་པ་ཡིན༔ རིག་གསུམ་རྣལ་འབྱོར་སྒོམ་འདོད་ན༔ སྔོན་འགྲོ་སྤྱི་ཡིས་ཁོག་ཕུབ་སྟེ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧྃ༔ དངོས་འཛིན་མ་དག་ཀུན་སྦྱངས་བའི༔ སྟོང་པའི་ངང་ལས་རྟེན་འབྱུང་རྩལ༔ སྣོད་བཅུད་དག་པའི་ཡེ་ཤེས་ཆེ༔ བལྟ་ན་སྡུག་གི་ཞིང་ཁམས་ནི༔ བཀོད་པ་ཚད་མེད་མངོན་པར་དགའ༔ དབུས་སུ་རིན་ཆེན་ཕོ་བྲང་གི༔ རྒྱན་བཀོད་ཚད་ལས་འདས་པའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་སྟེང༔ ངོ་མཚར་སེངྒེའི་ཁྲི་གནས་པར༔ པདྨ་ཟླ་བའི་དཀྱིལ་འཁོར་སྟེང༔ ས་བོན་ཧཱུྃ་མཐིང་སྤྲོ་བསྡུ་ལས༔ རྒྱལ་ཀུན་གསང་གསུམ་བྱིན་རླབས་བསྡུས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ མཐིང་ག་ཨིནྡྲ་ནཱི་ལའི་མདོག༔ ཞི་འཛུམ་མཚན་དཔེའི་གཟི་བྱིན་འབར༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ༔ གསོར་བའི་ཚུལ་གྱིས་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས༔ འོད་ཟེར་དཔག་ཡས་དབུས་ན་འགྱིང༔ གཡོན་ཕྱོགས་རྡོ་རྗེ་དབྱིངས་ཕྱུག་མ༔ ཞི་འཛུམ་ཆགས་པས་ཡབ་ལ་གཟིགས༔ རྡོ་རྗེ་དྲིལ་འཛིན་འགྱིངས་སྟབས་བཞུགས༔ ཤར་དུ་བདེ་གཤེགས་སེམས་དཔའ་ནི༔ དཀར་གསལ་འཁོར་ལོ་དྲིལ་བུ་འཛིན༔ ལྷོ་རུ་འཇིགས་མཛད་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་འཛིན༔ ནུབ་ཏུ་པདྨ་སེམས་དཔའ་ནི༔ དམར་གསལ་པདྨ་དྲིལ་བུ་བསྣམས༔ བྱང་དུ་པདྨ་རྟ་ཡི་རྒྱལ༔ པདྨ་ཞགས་འཛིན་ཁྲོ་ཆས་རྫོགས༔ གཙོ་བོའི་མདུན་དུ་གསང་བའི་བདག༔ རྡོ་རྗེ་དྲིལ་འཛིན་ཁྲོ་ཆས་ཅན༔ ཤར་ཕྱོགས་པདྨ་རྒྱས་པའི་ལྟེར༔ རང་ཉིད་སེམས་དཔའ་གཞོན་ནུའི་གཟུགས༔ ཐལ་སྦྱར་གུས་པའི་ཚུལ་དུ་འཁོད༔ ཁྱམས་ལ་མཆོད་པའི་ལྷ་མོ་བརྒྱད༔ རང་བྱུང་ཕྱག་རྒྱས་མཆོད་པའི་སྤྲིན༔ བསམ་ཡས་སྤྲོ་བས་དཀྱིལ་འཁོར་མཆོད༔ སྒོ་བཞིར་ཁྲོ་རྒྱལ་དཔའ་བོའི་ཚུལ༔ ཕྱག་རྒྱ་བཞི་འཛིན་བཞེངས་སྟབས་ཀྱིས༔ པད་ཉིའི་སྟེང་ན་མཛེས་པར་འགྱིངས༔ ཕྱི་རོལ་དཔལ་མགོན་བདུན་ཅུ་སོགས༔ བཀའ་སྡོད་འཇིག་རྟེན་སྐྱོང་བས་བསྐོར༔ སྣང་སྟོང་ཡེ་ཤེས་སྒྱུ་མ་ཡི༔ ལྷ་རྣམས་ཀུན་གྱི་གནས་གསུམ་དུ༔ ཡིག་འབྲུ་གསུམ་གྱིས་མཚན་པ་ལ༔ སངས་རྒྱས་ཀུན་གྱི་གསང་བ་དང༔ གཉིས་མེད་མཁའ་ཁྱབ་དབང་ལྷ་ཡིས༔ བདུད་རྩིས་དབང་བསྐུར་སྒྲིབ་བྱང་ཞིང༔ དུག་ལྔ་ཡེ་ཤེས་ངོ་བོར་དག༔ རིགས་ཀྱི་བདག་པོས་རྒྱས་བཏབ་བསམ༔ སྔགས་དང་ཕྱག་རྒྱས་བརྟན་པར་བྱ༔ ཡེ་ཤེས་འཁོར་ལོ་སྤྱན་འདྲེན་ཕྱིར༔ ཨོཾ༔ ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ ཡེ་ཤེས་འཁོར་ལོ་བསམ་ཡས་པ༔ བརྩེ་བའི་ཤུགས་ཀྱིས་གནས་འདིར་དགོངས༔ རྫུ་འཕྲུལ་ཆེན་པོས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོ༔ ཏིཥྛ་ལྷན༔ ཕྱག་འཚལ་མཆོད་བསྟོད་གསོལ་གདབ་ཀྱིས༔ དངོས་གྲུབ་གནས་ལ་ཉེ་བར་བསྐུལ༔ མདུན་བསྐྱེད་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀར་ཉ་གང་ཟླ་བ་མཛེས༔ ལྟེ་བར་ཧཱུྃ་ཡིག་རབ་དཀར་བ༔ སྟན་ལ་ཁབ་བཙུགས་ལྟ་བུར་གསལ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ སྒྲིབ་སྦྱངས་བྱིན་རླབས་དངོས་གྲུབ་བསྡུས༔ དྭངས་མ་མི་ཤིགས་ཐིག་ལེ་ལས༔ དངོས་གྲུབ་བདུད་རྩིའི་ཟེགས་མ་ཡིས༔ སྒོ་གསུམ་ཡེ་ཤེས་གསང་བ་དང༔ གཉིས་མེད་བྱིན་གྱིས་རླབས་པར་གྱུར༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཡི་གེ་དྲུག་གི་རྡོ་རྗེའི་སྔགས༔ གཞིག་ཅིང་གཞོམ་དུ་མེད་པ་ཡི༔ བྱིན་རླབས་ཆེན་པོ་གསང་བའི་དབྱིངས༔ དངོས་གྲུབ་མཆོག་གི་འབྱུང་གནས་སོ༔ གཙོ་བོའི་འོད་ཀྱིས་མདུན་བཞུགས་པའི༔ ཁྲོ་བོ་བསྐུལ་བས་དངོས་གྲུབ་ལ༔ བར་དུ་གཅོད་པའི་གདོན་བཏུལ་ནས༔ ཡེ་ཤེས་ཆེན་པོས་སྲུང་བར་གྱུར༔ ཨོཾ་བཛྲ་ཙཎྜ་ཧཱུྃ་ཕཊ༔ རྡོ་རྗེ་གཏུམ་པོའི་རིག་པ་ཆེ༔ བླ་ན་མེད་པ་གསང་བའི་སྔགས༔ གང་ཞིག་དང་བའི་སེམས་ལྡན་པས༔ བཟླས་པ་ཙམ་གྱིས་ལས་གྲུབ་པའོ༔ སླར་ཡང་གཙོ་བོས་བསྐུལ་བའི་ཕྱིར༔ འོད་སྤྲོས་རིགས་བཞིའི་ལྷ་ལ་ཕོག༔ རྡོ་རྗེ་བཞི་ཡི་ཡེ་ཤེས་དབྱིངས༔ མངོན་སུམ་ཉིད་དུ་བྱིན་བརླབས་བསམ༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་པདྨ་སཏྭ་ཨྃ༔ ཧྲཱིཿཧ་ཡ་གྲཱྀ་ཝ་ཨཱ༔ རྟག་པའི་རྒྱལ་པོ་སེམས་དཔའ་ཆེ༔ རིན་ཆེན་ཉི་མ་གཤིན་རྗེ་གཤེད༔ གར་གྱི་དབང་ཕྱུག་བདེ་བ་ཆེ༔ རྟ་ཡི་རྒྱལ་པོ་དབང་གི་གཟི༔ རིགས་ཀྱི་སེམས་དཔའ་ཞི་ཁྲོའི་སྔགས༔ ལྷ་དང་གཉིས་མེད་བཟླས་པ་ཡིས༔ དོན་གྱི་འབྲས་བུར་ངེས་པར་སྦྱོར༔ འོད་ཀྱིས་སྒོ་བ་བཞི་བསྐུལ་བས༔ ཕྱག་རྒྱ་བཞི་ཡི་ཏིང་འཛིན་གྱིས༔ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ནས༔ དོན་གཉིས་ཡིད་བཞིན་འགྲུབ་པར་གྱུར༔ ཨོཾ་བཛྲ་ཨངྐུ་ཤ་ཛ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བྃ༔ ཨོཾ་བཛྲ་གཎྜེ་ཧོ༔ ཏིང་འཛིན་དང་བཅས་བཟླས་པ་ཡིས༔ རབ་འབྱམས་ལས་ཀུན་ཐོགས་མེད་པའི༔ ཕྱག་རྒྱ་བཞི་ལྡན་གསང་བའི་སྔགས༔ རྣལ་འབྱོར་ལྡན་པས་བཟླས་པར་བྱ༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ ནང་སྒྲུབ་ཀྱི་ལེའུ་སྟེ་གསུམ་པའོ༔ དཔག་ཡས་རྒྱལ་བ་མ་ལུས་པའི༔ ཁྱབ་བདག་བླ་མ་རྡོ་རྗེ་སེམས༔ རབ་འབྱམས་ལས་ཀུན་སྒྲུབ་པའི་ཕྱིར༔ རྒྱུད་དོ་ཅོག་གི་རྩ་བ་ཆེ༔ རྣམ་པར་འཇོམས་ལྟར་སྒྲུབ་འདོད་ན༔ གཙང་མའི་གནས་སུ་ཀུ་ཤ་ཡི༔ གདན་ཁྲི་བརྩེགས་ལ་འཁོད་ནས་སུ༔ ཆོས་ཀུན་སྟོང་པའི་ཐིག་ལེར་སྦྱངས༔ དེ་ཡི་ངང་ལས་འོད་གསལ་བའི༔ ཡེ་ཤེས་རོལ་པའི་སྣོད་བཅུད་ཀྱི༔ རྡོ་རྗེའི་ཞིང་ཁམས་ཆེན་པོའི་དབུས༔ རྡོ་རྗེའི་སྲུང་བའི་འཁོར་ལོའི་ནང༔ རྡོ་རྗེའི་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེ་རིན་ཆེན་སྣང་བ་ཆེ༔ ཁ་དོག་ལྔ་པའི་རྩིག་པ་དང༔ ཕ་གུ་དྲྭ་བ་དྲྭ་ཕྱེད་མཛེས༔ མདའ་ཡབ་པུ་ཤུ་རྡོ་རྗེའི་ཏོག༔ འོད་ཟེར་སྣང་བས་ཕྱོགས་ཀུན་ཁྱབ༔ གྲུ་བཞི་རྣམ་པར་ཐར་པའི་སྒོ༔ རྟ་བབ་བང་རིམ་མཛེས་པར་བཀྲ༔ ཆོས་འཁོར་རི་དྭགས་གདུགས་དང་བཅས༔ ལྟེ་བར་པད་འདབ་བཞི་དང་བཅུའི༔ ཟེའུ་འབྲུར་རྡོ་རྗེའི་གདན་ཡངས་པར༔ པད་ཟླ་རྒྱས་སྟེང་ས་བོན་ཧཱུྃ༔ སྤྲོ་བསྡུའི་འོད་ཀྱིས་དངོས་འཛིན་སྦྱངས༔ ཡེ་ཤེས་ཆེན་པོར་བྱིན་བརླབས་པའི༔ རྡོ་རྗེ་སྙིང་པོ་ནམ་མཁའི་མདོག༔ རྩེ་ལྔ་གཞོམ་གཞིག་བྲལ་བ་རུ༔ ཡོངས་གྱུར་བཅོམ་ལྡན་རྣམ་པར་འཇོམས༔ རྡོ་རྗེ་ཁྲོ་བོ་ལས་བྱུང་བ༔ ལྗང་སྔོན་ཨིནྡྲ་ནཱི་ལའི་མདོག༔ ཁྲོ་འཛུམ་རོལ་པའི་མཚན་དཔེའི་སྐུ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྤྱན་གསུམ་མཆེ་བ་ཡིད་ཙམ་གཙིགས༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཆེ༔ ཐུགས་ཀར་གསོར་ཞིང་བསྐྱོད་པས་འཛིན༔ གཡོན་པས་དྲིལ་བུ་དཀུར་བརྟེན་ནས༔ རྡོ་རྗེའི་སྐྱིལ་ཀྲུང་མཛེས་པར་བཞུགས༔ སྣ་ཚོགས་འོད་ཟེར་འཁྲུགས་པའི་ཀློང༔ གཟི་བྱིན་མཚུངས་པ་མེད་པར་རོལ༔ ཐུགས་དབུས་བཛྲ་སཏྭ་ཡི༔ ཐུགས་ལས་འཕྲོས་པའི་ས་བོན་གྱིས༔ ཕྱོགས་བཞིར་རིགས་བཞིའི་རྣམ་པར་འཇོམས༔ དཀར་ཨོཾ་སེར་ཏྲཱྃ་དམར་ཧྲཱིཿམཐིང་ཨཿགཙོ་བོ་བཞིན༔ རིགས་ཀྱི་ཁྱབ་བདག་དམ་པར་གསལ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ༔ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན་ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ སླར་ཡང་ཐུགས་ནས་ཧཱུྃ་བཅུ་སྤྲོས༔ པདྨའི་འདབ་མར་བབ་པ་ལས༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་པ་སྔོ༔ གཤིན་རྗེ་མི་གཡོ་རྟ་ཡི་མགྲིན༔ འདོད་པའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ༔ ཀུན་ཀྱང་ཞབས་གཉིས་བཞེངས་པའི་སྟབས༔ དར་དང་སྟག་ལྤགས་སྨད་དཀྲིས་ཤིང༔ རྡོ་རྗེ་དྲིལ་འཛིན་པད་ཉིའི་སྟེང༔ འོད་ཟེར་མེ་ལྕེ་འཁྱིལ་དབུས་རོལ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡ༔ མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ༔ ཏདྱ་ཐཱ༔ ཨོཾ་ཧ་ར་ཧ་ར་བཛྲ༔ མ་ཐ་མ་ཐ་བཛྲ༔ དྷུ་ན་དྷུ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ དྷཱ་ར་དྷཱ་ར་བཛྲ༔ དྷཱ་ར་ཡ་དྷཱ་ར་ཡ་བཛྲ༔ དཱ་རུ་ཎ་དཱ་རུ་ཎ་བཛྲ༔ ཚིནྡྷ་ཚིནྡྷ་བཛྲ༔ བིནྡྷ་བིནྡྷ་བཛྲ་ཧཱུྃ་ཕཊ྄༔ ཐུགས་ཀའི་འོད་ཀྱི་ས་བོན་བཞི༔ ཡོངས་གྱུར་སྒོ་བཞིར་ཁྲོ་བོའི་རྒྱལ༔ རིགས་བཞིའི་ཕྱག་རྒྱ་བཞི་འཛིན་པས༔ བར་ཆད་གདོན་བགེགས་སྲུང་བར་གྱུར༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བྃ༔ ཀརྨ་གཎྜེ་ཧོ༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་པ༔ མདུན་གྱི་ནམ་མཁར་བཞུགས་པ་ལ༔ ཧཱུྃ༔ རྡོ་རྗེ་ལྕགས་ཀྱུ་འབར་བ་ཆེ༔ འདྲེན་པ་ཆེན་པོ་རྡོ་རྗེའི་རིགས༔ ཐུགས་རྗེའི་ཐུགས་དམ་བསྐུལ་བ་ལས༔ སངས་རྒྱས་མ་ལུས་ཉེ་བར་བྱེད༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛ༔ རྡོ་རྗེ་ཞགས་པ་གདེངས་བ་ནི༔ འཆིང་བ་ཆེན་པོ་རིན་ཆེན་རིགས༔ དབྱིངས་ཀྱི་གནས་ནས་སྤྱན་འདྲེན་པའི༔ ཕོ་ཉ་མཆོག་ཏུ་འཕྲོ་བའོ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ རྡོ་རྗེ་ལྕགས་སྒྲོག་སྡོམ་པ་སྟེ༔ གཉིས་མེད་ཆེན་པོ་པདྨའི་རིགས༔ གནས་ནས་བསྐྱོད་ཅིང་བསྟིམ་པ་ཡི༔ དམ་ཚིག་ཕྱག་རྒྱ་ཆེ་མཆོག་གོ༔ ཨོཾ་བཛྲ་སྥོ་ཊ་བྃ༔ རྡོ་རྗེ་དྲིལ་བུ་སྙོམས་པ་ནི༔ དགྱེས་པ་ཆེན་པོ་ལས་ཀྱི་རིགས༔ གཉིས་སུ་མེད་པའི་བདག་ཉིད་ཀྱི༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་ཆིངས༔ ཨོཾ་བཛྲ་གཎྜེ་ཧོ༔ བསྟིམ་ལ་ཕྱག་མཆོད་བསྟོད་པ་ནི༔ ཨོཾ༔ རྡོ་རྗེའི་སྐུ་ནི་རྡོ་རྗེའི་རིགས༔ རྡོ་རྗེ་ཡེ་ཤེས་ཕྱག་རྒྱ་ཆེ༔ རྡོ་རྗེ་ལས་བྱུང་རྡོ་རྗེའི་སྐུ༔ རྡོ་རྗེ་རྣམ་པར་འཇོམས་ལའོ༔ རྡོ་རྗེའི་གསུང་གི་རྡོ་རྗེ་ཆེ༔ རྡོ་རྗེ་ཚངས་པའི་དབྱངས་སུ་ལྡན༔ རྡོ་རྗེའི་སྒྲ་སྟེ་རྡོ་རྗེའི་གསུང༔ རྡོ་རྗེ་ཀུན་ཏུ་ཁྱབ་པ་ལའོ༔ རྡོ་རྗེའི་ཐུགས་ནི་རྡོ་རྗེའི་མཁའ༔ རྡོ་རྗེ་ཡེ་ཤེས་སྙིང་པོར་མཁྲེགས༔ རྡོ་རྗེ་ལས་བྱུང་རྡོ་རྗེའི་དབྱིངས༔ རྡོ་རྗེའི་དཀྱིལ་འཁོར་ཉིད་ལའོ༔ རྡོ་རྗེའི་ཡོན་ཏན་བསམ་མི་ཁྱབ༔ རྡོ་རྗེའི་ས་བོན་མངོན་གྱུར་པས༔ རྡོ་རྗེ་དེ་བཞིན་གཤེགས་ཀུན་དང༔ རྡོ་རྗེ་གཉིས་མེད་གསང་བ་ལའོ༔ རྡོ་རྗེའི་ཕྲིན་ལས་ཁྱབ་པ་ཆེ༔ རྡོ་རྗེ་ཀུན་ཏུ་ཟབ་མོའི་ཀློང༔ རྡོ་རྗེའི་རིགས་ཅན་ཀུན་སྒྲོལ་བའི༔ རྡོ་རྗེའི་སེམས་དཔའ་ཆེན་པོ་ལའོ༔ གཙོ་བོའི་ཐུགས་ཀར་འོད་ལྔའི་ཀློང༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ རྒྱན་མེད་མཛེས་པར་རོལ་པ་ཡི༔ ཐུགས་དབུས་རྡོ་རྗེའི་ལྟེ་བར་ཧཱུྃ༔ མཐའ་བསྐོར་རྒྱུ་སྐར་ལྟར་མཛེས་པའི༔ གསང་སྔགས་རྒྱལ་པོས་དོན་ཆེན་བྱེད༔ འོད་ཀྱི་སྤྲོ་བསྡུས་ལས་ཀུན་སྒྲུབ༔ དངོས་གྲུབ་ཐོགས་མེད་སྩོལ་བར་བསམ༔ གཟུང་དང་སྙིང་པོ་ཉེ་སྙིང་བཅས༔ རྟགས་དང་སྦྱར་ལ་དག་པར་བཟླ༔ མཐའ་དག་ལས་དང་དངོས་གྲུབ་ནི༔ བཟླས་ཙམ་ཉིད་ནས་དངོས་གྲུབ་བྱེད༔ རྡོ་རྗེའི་རིག་པའི་སྔགས་ཆེན་པོ༔ སྒྲུབ་པ་ཀུན་གྱི་རྩ་བའོ༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ གསང་སྒྲུབ་ཀྱི་ལེའུ་སྟེ་བཞི་པའོ༔ སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༔ རྡོ་རྗེ་སེམས་དཔའི་བདག་ཉིད་དེ༔ སངས་རྒྱས་ཉིད་ལས་གཞན་པའི་ཆོས༔ བཙལ་ཀྱང་རྒྱལ་བས་མི་རྙེད་ཕྱིར༔ སྣང་སྲིད་གཞིར་བཞེངས་བསྐྱེད་པའི་རིམ༔ རྣལ་འབྱོར་ཆེན་པོའི་ཚུལ་དུ་བསྒོམ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཆོས་ཀུན་སྐྱེ་འགག་གནས་དམིགས་དང༔ འགྲོ་འོང་བྲལ་བའི་དབྱིངས་ཀྱི་ངང༔ རོལ་པ་ཐུགས་རྗེའི་ཆོ་འཕྲུལ་ནི༔ མཁའ་མཉམ་འགྲོ་ལ་ཁྱབ་པར་བརྡལ༔ གཉིས་མེད་སེམས་ཀྱི་ཡི་གེ་ནི༔ ཧཱུྃ་ཡིག་མཁའ་ལ་ཟླ་བ་བཞིན༔ འོད་ཀྱིས་སྣོད་བཅུད་ཞེན་འཛིན་སྦྱངས༔ སྟོང་གསལ་ངང་ལས་སྣོད་བཅུད་ཀུན༔ རྣམ་དག་ཡེ་ཤེས་རོལ་པ་ལས༔ མི་ཤིགས་རྡོ་རྗེ་སྲུང་བའི་གུར༔ གཞོམ་གཞིག་བྲལ་བར་ལྷུན་གྱིས་གྲུབ༔ ནང་དུ་འབྱུང་ལྔ་རི་རབ་དང༔ པདྨ་ཉི་མའི་དཀྱིལ་འཁོར་སྟེང༔ སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ༔ ཡེ་ཤེས་རིན་ཆེན་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་ཚད་དང་ལྡན༔ རྩིག་པ་རིམ་ལྔ་ཕྱོགས་ཀྱི་མདོག༔ ཕ་གུ་དྲྭ་ཕྱེད་འཕྱང་བ་ཡི༔ མདའ་ཡབ་རྡོ་རྗེའི་གདུང་གིས་བཏེགས༔ པུ་ཤུ་འཕན་གདུགས་བ་དན་འཕྱང༔ དབུས་ཕྱུར་ཡེ་ཤེས་རིན་ཆེན་ཏོག༔ རྡོ་རྗེ་འབར་བའི་གཙུག་ཏོར་ཅན༔ གྲུ་ཆད་འཁོར་ལོ་རྩིབས་བཞི་པའི༔ ལྟེ་བར་སྣ་ཚོགས་པདྨའི་དབུས༔ མི་འཇིགས་སེང་ཁྲི་པདྨ་ཡི༔ གདན་སྟེང་ཟླ་བ་ཉ་གང་བར༔ ས་བོན་ཧཱུྃ་བབ་དེ་ཉིད་ལས༔ སྤྲོ་བསྡུས་དོན་གཉིས་སྒྲུབ་པའི་མོད༔ ཡེ་ཤེས་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧཱུྃ་མཚན་ཡོངས་གྱུར་ལས༔ དང་པོའི་སངས་རྒྱས་རོལ་པའི་སྐུ༔ རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ ནམ་མཁའ་ལྟ་བུའི་ཆོས་ཉིད་ནི༔ རིག་པ་ཡེ་ཤེས་ཕྱག་རྒྱའི་གཟུགས༔ དྲི་མེད་ཟླ་བ་རྒྱས་པའི་མདོག༔ ཞི་ཚུལ་དགུ་དང་མཚན་དཔེར་ལྡན༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ རིན་ཆེན་རྒྱན་དང་དར་གྱིས་མཛེས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན༔ རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔ མཁའ་ཁྱབ་འོད་ཟེར་ཀློང་ན་བཞུགས༔ པང་དུ་རྡོ་རྗེ་སྙེམས་མ་དཀར༔ གཞོན་ནུ་མེ་ཏོག་རུས་རྒྱན་ཅན༔ དཀར་གསལ་གྲི་ཐོད་འཛིན་པ་ཡི༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ སྣང་སྟོང་གཉིས་མེད་དག་པ་ཆེའི༔ སྐུ་ཡིས་ཞིང་ཀུན་ཁྱབ་པར་གསལ༔ སྦྱོར་མཚམས་འོད་དང་བདེ་བའི་སྒྲས༔ སངས་རྒྱས་སྲས་བཅས་སྤྱན་དྲངས་ནས༔ ཞལ་ཞུགས་བྱང་ཆུབ་སེམས་ཞུ་བའི༔ དྭངས་མའི་འོད་ཟེར་ཨོཾ་དཀར་དང༔ ཏྲཱྃ་སེར་ཧྲཱིཿདམར་ཨ་ལྗང་གི༔ ཐིག་ལེ་འཕྲོས་པ་ཕྱོགས་བཞིར་བབ༔ ཡོངས་གྱུར་རྒྱལ་བ་རྟག་པ་དང༔ རིན་ཆེན་ཉི་མ་གར་དབང་རྟ༔ རྨད་བྱུང་རྡོ་རྗེ་སེམས་ཀྱི་དངོས༔ མཐིང་སེར་དམར་ལྗང་ཡུམ་དང་སྦྱོར༔ གླང་ཆེན་རྟ་དང་རྨ་བྱ་དང༔ ཤང་ཤང་ཁྲི་ལ་དགྱེས་པར་བཞུགས༔ གཙོ་བོའི་ཕྱོགས་བཞིར་བདེ་གཤེགས་དང༔ རིན་ཆེན་པདྨ་ལས་རབ་ཀྱི༔ རྡོ་རྗེ་སེམས་དཔའ་རིགས་བཞིས་བསྐོར༔ ཕྱོགས་ཀྱི་རིགས་བཞིའི་ཕྱོགས་བཞི་རུ༔ རྡོ་རྗེ་སེམས་དང་རྡོ་རྗེ་རྒྱལ༔ རྡོ་རྗེ་ཆགས་པ་རྡོ་རྗེ་ལེགས༔ མཐིང་སྔོན་འཁོར་ལོ་དྲིལ་འཛིན་པ༔ ཡུམ་དང་བཅས་པས་རྟག་པར་བསྐོར༔ རྡོ་རྗེ་རིན་ཆེན་གཟི་བརྗིད་དང༔ རྡོ་རྗེ་རྒྱལ་མཚན་རྡོ་རྗེ་བཞད༔ གསེར་མདོག་རིན་ཆེན་དྲིལ་འཛིན་ཡུམ༔ སྦྱོར་བ་ཉི་མའི་ཕྱོགས་བཞིར་བཞུགས༔ རྡོ་རྗེ་ཆོས་དང་རྡོ་རྗེ་རྣོན༔ རྡོ་རྗེ་རྒྱུ་དང་སྨྲ་བ་དམར༔ ཡུམ་བཅས་པདྨ་དྲིལ་འཛིན་པས༔ གར་གྱི་དབང་ཕྱུག་ཕྱོགས་བཞིར་བསྐོར༔ རྡོ་རྗེ་ལས་དང་སྲུང་བ་ཆེ༔ གནོད་སྦྱིན་རྡོ་རྗེ་ཁུ་ཚུར་ལྗང༔ རྒྱ་གྲམ་དྲིལ་འཛིན་ཡུམ་བཅས་པས༔ དོན་ཡོད་རྟ་ཡི་རྒྱལ་པོར་བསྐོར༔ ཀུན་ཀྱང་ཞི་ཚུལ་སེམས་དཔའི་ཆས༔ ཕྱེད་པའི་སྐྱིལ་ཀྲུང་པད་ཟླར་བཞུགས༔ སྒོ་བཞིར་རྣམ་རྒྱལ་གཤིན་རྗེའི་གཤེད༔ རྟ་མཆོག་བདུད་རྩི་འཁྱིལ་བ་རྣམས༔ ཁྲོ་བོའི་ཆས་རྫོགས་རྡོ་རྗེ་དང༔ དུང་ཁྲག་འཛིན་པ་སྦྱོར་བའི་ཡུམ༔ ཕྱག་རྒྱ་བཞི་བསྣམས་ཁྲོ་མོ་སྟེ༔ མེ་དབུས་པད་ཉི་རོ་སྟེང་བཞེངས༔ གཞན་ཡང་རྩ་བརྒྱུད་བླ་མ་དང༔ ཡི་དམ་ཞི་ཁྲོ་མཁའ་འགྲོའི་ཚོགས༔ རྡོ་རྗེའི་ཆོས་སྲུང་དང་བཅས་པ༔ དངོས་གཅིག་དུ་མའི་ཡེ་ཤེས་ནི༔ སྒྱུ་འཕྲུལ་དྲྭ་བའི་སྤྲོ་བསྡུ་ཡིས༔ སྣང་སྟོང་རོལ་པ་ཆེན་པོར་ཤར༔ ཕྱི་སྣོད་རྡོ་རྗེའི་མཎྜལ་ལ༔ ནང་བཅུད་བདེ་ཆེན་ཡེ་ཤེས་ལྷ༔ གདོད་ནས་འདུ་འབྲལ་མེད་པ་ཡི༔ དཀྱིལ་འཁོར་གཅིག་ཏུ་མ་བཅོས་ཤར༔ ལེགས་པར་བསྒོམས་ལ་ཡན་ལག་ཏུ༔ ལས་ཀྱི་རིམ་པ་ཀུན་རྫོགས་བྱ༔ གསལ་བརྟན་ཚད་དུ་འགྱུར་བའི་ཕྱིར༔ ལུས་སེམས་ལྷ་སྐུར་སྨིན་ལ་བསླབ༔ བཟླས་པས་གེགས་སེལ་བོགས་འབྱིན་ནི༔ ཐུགས་ཀར་བཛྲ་ཧེ་རུ་ཀ༔ མཐིང་ནག་རྡོ་རྗེ་དུང་ཁྲག་འཛིན༔ པད་ཉིར་བཞེངས་སྟབས་ཡུམ་དང་སྦྱོར༔ ཐུགས་དབུས་རིན་ཆེན་ཟུར་བརྒྱད་པའི༔ ལྟེ་བར་རྡོ་རྗེའི་དབུས་ཧཱུྃ་མཐིང༔ སྔགས་ཀྱི་ཕྲེང་བ་བར་མེད་བྱུང༔ ཡབ་ཡུམ་ཞལ་དང་མཁའ་གསང་འཁོར༔ བཟོད་མེད་བདེ་ཆེན་འབར་བའི་གཟིས༔ སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་སད༔ ལྷ་སྔགས་ཡེ་ཤེས་ཆེན་པོ་ནི༔ མཆོག་ཏུ་མི་འགྱུར་བདེ་ཆེན་གྱི༔ བདག་ཉིད་རྡོ་རྗེ་སེམས་སུ་ཤར༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོ་སུ་ར་ཏ་སྟྭྃ༔ དེ་བཞིན་གཤེགས་པ་མ་ལུས་ཀུན༔ བདེ་བ་ཆེན་པོ་མི་འགྱུར་བའི༔ རྗེས་སུ་ཆགས་པའི་རྡོ་རྗེའི་གླུ༔ ཟབ་མོའི་སྔགས་སུ་རང་ཤར་བ༔ བཟླས་པ་ཙམ་གྱིས་ལྷ་རྣམས་ཀུན༔ དངོས་གྲུབ་གནས་ལ་དབང་མེད་དུ༔ བསྐུལ་བའི་སྙིང་པོ་འདི་བཟླས་པས༔ དཀྱིལ་འཁོར་མཆོག་དང་སྐལ་མཉམ་འགྱུར༔ དེ་ཕྱིར་བླ་མེད་གསང་བ་ལྟར༔ སྒྲུབས་པའི་དཀྱིལ་འཁོར་གསང་སྔགས་ཟབ༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ བསྐྱེད་རིམ་ཟབ་མོའི་ལེའུ་སྟེ་ལྔ་པའོ༔ དེ་ལྟར་ཕྱི་ནང་གསང་བ་ཡི༔ སྒྲུབ་ཐབས་ཀུན་གྱི་སྤྱི་ཡི་ཆིངས༔ སྔོན་འགྲོ་དངོས་གཞིའི་ལས་ཀྱི་རིམ༔ ཡང་དག་ཉིད་དུ་འདིར་བཤད་བྱ༔ ན་མོ༔ བདེ་ཆེན་འོད་གསལ་བྱང་ཆུབ་སེམས༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ བླ་མ་རྡོ་རྗེ་སེམས་དཔའ་ནི༔ རང་གི་རིག་པས་སྐྱབས་སུ་མཆི༔ ཧོ༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་སྐུ་དང་ཞིང༔ མ་རྟོག་སྲིད་ལས་བསྒྲལ་བའི་ཕྱིར༔ གནས་ལུགས་རྡོ་རྗེའི་སེམས་མཆོག་བསྐྱེད༔ ཧོཿ ཆོས་དབྱིངས་དང་མཉམ་རྩ་གསུམ་ལྷ༔ མངོན་སུམ་རིག་པས་ཕྱག་འཚལ་ལོ༔ སྣང་སྲིད་ཀུན་བཟང་རོལ་པས་མཆོད༔ བློས་བྱས་ཡིད་དཔྱོད་སྡིག་ལྟུང་བཤགས༔ ཟག་མེད་ཆོས་ལ་རྗེས་ཡི་རང༔ ཟབ་རྒྱས་ངེས་དོན་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་རྟག་བཞུགས་གསོལ༔ བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྔོ༔ བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག༔ ཧཱུྃ༔ ང་ནི་རང་བྱུང་ཧེ་རུ་ཀ༔ བཛྲ་ཀྲོ་དྷ་དཔལ་ཆེན་པོ༔ བཀའ་ལས་འདའ་ནུས་སུ་ཡང་མེད༔ འདི་རུ་རྡོ་རྗེའི་དཀྱིལ་འཁོར་སྒྲུབ༔ ཁྱེད་རྣམས་ལྟ་ཉན་མི་དབང་བས༔ སྐྱེ་མེད་དབྱིངས་ཀྱི་ཀློང་དུ་དེངས༔ བསྒོ་བའི་བཀའ་ལས་འདས་གྱུར་ན༔ ཡེ་ཤེས་རྡོ་རྗེ་འབར་བ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་ཧཱུྃ་ཧཱུྃ༔ བིགྷྣཱན་ཨུཥཙ་ཊ་ཡ་ཕཊ྄༔ ཧཱུྃ༔ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ གཞོམ་མེད་རྡོ་རྗེའི་སྲུང་བའི་གུར༔ འབར་བའི་ཁྲོ་རྒྱལ་དཀྱིལ་འཁོར་བཅས༔ དབྱིངས་ལས་བྱུང་ཞིང་ལྷུན་གྱིས་གྲུབ༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང༔ ནམ་ཡང་འདུ་འབྲལ་མེད་པར་བཞུགས༔ ཨོཾ་ཛྙཱ་ན་བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ ཧོཿ སྣང་སྲིད་རྣམ་དག་རྡོ་རྗེ་སེམས༔ བདེ་ཆེན་རང་སྣང་ཞིང་ཁམས་ཆེར༔ དག་པ་ཚད་མེད་ཐུགས་རྗེའི་སྒོ༔ ཡེ་ཤེས་ཕྱག་རྒྱ་བཞིས་དབྱེའོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ ཧཱུྃ༔ རང་བྱུང་གསང་བའི་ཡེ་ཤེས་དབྱིངས༔ ཡེ་ནས་རྣམ་དག་དཀྱིལ་འཁོར་ལྷ༔ རང་སྣང་ཙམ་དུ་ཤེས་པའི་བློས༔ གཉིས་སུ་མེད་པའི་ངོ་བོར་འདུད༔ ན་མོ་ན་མ་མི༔ ཧོཿ གདོད་མའི་ཡེ་ཤེས་འཁོར་ལོ་ཆེ༔ མངོན་དུ་མ་གྱུར་སྒོ་གསུམ་གྱིས༔ འགལ་འཁྲུལ་ཉེས་པར་སྤྱོད་པའི་ནོངས༔ དངོས་གྲུབ་སྒྲིབ་པའི་རྒྱུ་ཀུན་བཤགས༔ དག་ཚངས་ཆེན་པོར་སོར་ཆུད་ནས༔ སྒྲིབ་མེད་ཚངས་པའི་ཞལ་སྟོན་ཅིག༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ བླ་མེད་བྱང་ཆུབ་རྡོ་རྗེའི་སེམས༔ དཀྱིལ་འཁོར་བདག་པོ་རང་ལ་བཞུགས༔ རང་ངོ་ཤེས་པ་སྙིང་པོའི་བར༔ སྲོག་ཕྱིར་བསྒྲུབ་པར་དམ་བཅའོ༔ ས་མ་ཡ་སྟྭྃ༔ ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔ བྷ་ག་ཝན༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃ༔ ཆོས་དབྱིངས་དང་མཉམ་སངས་རྒྱས་ཀུན༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་བཞེངས༔ བདེ་ཆེན་འཁོར་ལོ་བསམ་ཡས་པ༔ ནམ་མཁའ་མཉམ་པའི་སྤྲོ་བསྡུ་ཡིས༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ བྱིན་གྱིས་བརླབ་པའི་དུས་ལ་བབ༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་བསྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛྙཱ་ན་མཎྜལ་ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ་ཧོ༔ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་རྣམ་དག་འོག་མིན་ཞིང༔ བཀོད་པ་ཚད་མེད་ཡོན་ཏན་རྫོགས༔ རྫས་རྣམས་ཀུན་བཟང་མཆོད་པའི་སྤྲིན༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་གྱུར༔ ཨོཾ་སརྦ་པཱུ་ཛ་ཨཱ་ཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ནས། ཤབྡའི་བར་དང༔ ཧཱུྃ་ཧྲཱིཿ དབྱིངས་ཀྱི་ངོ་བོ་ཀ་པཱ་ལར༔ རིག་པ་བླ་མེད་དམ་ཚིག་རྫས༔ སྨན་གཏོར་རཀྟའི་ཚོགས་ཆེན་པོ༔ མཆོག་གི་མཆོད་པ་བསམ་ཡས་ཤར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིངྟ་ཨཱ་ཧཱུྃ༔ ཨོཾ་རཀྟ་རཱ་ག་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ དངོས་གཞི་ཕྱི་ནང་གསང་བ་དང༔ བླ་མེད་སྒྲུབ་པ་གང་འོས་སྦྱར༔ ཐབས་ཤེས་བཟའ་བཏུང་གཙང་སྦྱར་བའི༔ ཚོགས་ཀྱི་འཁོར་ལོ་འདུ་བྱས་ལ༔ རྃ་ཡྃ་ཁྃ༔ དབྱིངས་ཀྱི་ངང་ལས་ཡེ་ཤེས་རྩལ༔ རོལ་པའི་ཆོ་འཕྲུལ་བདེ་བ་ཆེ༔ རྡོ་རྗེའི་དམ་ཚིག་ཚོགས་ཀྱི་རྫས༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཧཱུྃ༔ འཁོར་ལོའི་དབང་ཕྱུག་རྡོ་རྗེ་སེམས༔ ཕྱོགས་དུས་རྩ་གསུམ་རབ་འབྱམས་བཅས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ སྒྱུ་འཕྲུལ་རོལ་པས་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨེ་ཧྱ་ཧི༔ ཛཿཧཱུྃ་བྃ་ཧོ༔ ཧཱུྃ༔ བླ་མེད་མཆོད་པའི་དམ་རྫས་ནི༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཚོགས་མཆོད་བདེ་བ་ཆེན་པོར་བཞེས༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃ༔ ཐོག་མེད་འཁྲུལ་པའི་བག་ཆགས་ཀྱིས༔ སྡིག་ལྟུང་ཉེས་པ་བྱས་པའི་ཚོགས༔ འགྱོད་པས་བཤགས་སོ་བྱང་བའི་ཕྱིར༔ ཤ་ལྔ་བདུད་རྩིའི་དམ་རྫས་འབུལ༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ གཟུང་འཛིན་རྒྱུ་ལས་སྣང་བའི་བགེགས༔ གཉིས་སྣང་རུ་ཏྲ་བཀུག་ཅིང་བསྒྲལ༔ ཤ་ཁྲག་བདེ་གསལ་མི་རྟོག་ཕུད༔ ཁྲག་འཐུང་ལྷ་ཚོགས་ཞལ་དུ་འབུལ༔ མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ རྣལ་འབྱོར་ཕོ་མོ་རྫས་ལ་རོལ༔ བརྟུལ་ཞུགས་རྡོ་རྗེའི་གླུ་གར་བྱ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་དཀྱིལ་འཁོར་སྐྱོང༔ རྡོ་རྗེའི་ཐ་ཚིག་ལ་གནས་པའི༔ མ་མོ་མཁའ་འགྲོའི་ཚོགས་རྣམས་ལ༔ བདུད་རྩིའི་ཕམ་ཕབས་འབུལ་གྱིས་བཞེས༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་པཱུ་ཛ་ཧོ༔ ཧཱུྃ༔ དབྱིངས་ལ་རྟོག་པ་མི་མངའ་ཡང༔ རང་བྱུང་ཐུགས་རྗེའི་རྩལ་ཤུགས་བསྐྱེད༔ མཁྱེན་བརྩེ་ནུས་སྟོབས་རྨད་བྱུང་བའི༔ རྡོ་རྗེའི་ཐུགས་དམ་དུས་ལ་བབ༔ འཁྲུལ་སྣང་ཡེ་ཤེས་དབྱིངས་སུ་སྦྱོར༔ མཆོག་གི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དཔལ་ཆེན་འབར་བའི་སྟོན་འཁོར་གྱིས༔ རྡོ་རྗེའི་རྒྱུད་ཀྱི་རང་སྒྲ་ནི༔ སྲིད་ཞི་ཁྱབ་པར་བསྒྲགས་པའི་ཚེ༔ ཞལ་བཞེས་དམ་ཅན་སྲུང་མ་ཀུན༔ སྔོན་གྱི་གཡར་དམ་མ་བསྙེལ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་ཀརྨ་ཀུ་རུ་ཧོ༔ ཧཱུྃ༔ ལུགས་ལྡོག་བརྟན་མ་མཁའ་འགྲོ་རྣམས༔ བདེན་དོན་དགའ་བཞིའི་བཤལ་ཆུ་བཞེས༔ ལུགས་འབྱུང་ཡིད་བྱེད་ཀླ་ཀློ་སྒྲོལ༔ རྡོ་རྗེའི་གནས་ཡུལ་བདེ་བར་མཛོད༔ མ་མ་པཱུ་ཛ་ཧོ༔ ཧཱུྃ༔ གློ་བུར་ལྟར་སྣང་དམ་སྲིའི་ཚོགས༔ ཨེ་དབྱིངས་རྣམ་ཐར་གསུམ་ཀློང་མནན༔ རིག་པ་རྡོ་རྗེའི་རྒྱས་བཏབ་པས༔ འཁྲུལ་པ་གཞིར་དག་ཕྲིན་ལས་མཛོད༔ ས་མ་ཡ་སྟྭྃ་བྷ་ཡ་ནན༔ ཧཱུྃ༔ བླ་མ་བདེ་ཆེན་རྡོ་རྗེ་སེམས༔ གཉིས་མེད་དགོངས་པས་བྱིན་རླབས་སྩོལ༔ རིགས་ཀུན་ཁྱབ་བདག་དཀྱིལ་འཁོར་ལྷས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གནས་ཡུལ་ཌཱ་ཀིའི་ཚོགས་རྗེ་ཡིས༔ ཕྲིན་ལས་ཐོགས་མེད་བསྒྲུབ་ནས་ཀྱང༔ གྲུབ་པ་བརྒྱད་དང་རིག་འཛིན་བཞིའི༔ སྐལ་བཟང་མཆོག་ཏུ་བདག་སྦྱོར་ཅིག༔ སརྦ་སིདྡྷི་ཕ་ལ་ཧོ༔ ཧཱུྃ༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་ལ༔ གཉིས་སྣང་འཁྲུལ་པས་བསྐྱེད་པ་ཡི༔ ལྷག་ཆད་འགལ་འཁྲུལ་ནོངས་པ་ཀུན༔ བྱང་དག་ཚངས་པའི་དངོས་གྲུབ་སྩོལ༔ ཨ་ཨ་ཨ༔ ཧཱུྃ༔ རང་སྣང་ཏིང་འཛིན་ཆོ་འཕྲུལ་གྱི༔ དཀྱིལ་འཁོར་དབྱིངས་སུ་བཛྲ་མུ༔ སླར་ཡང་སྣང་གྲགས་རིག་པའི་ཚོགས༔ རྡོ་རྗེ་སེམས་དཔའི་གསང་གསུམ་ཤར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ རྣལ་འབྱོར་ཆེན་པོའི་བསྐྱེད་བཟླས་ཀྱིས༔ སྣང་སྲིད་སྐུ་དང་ཡེ་ཤེས་ཤར༔ ཟབ་ལམ་རྫོགས་པའི་ཏིང་འཛིན་ཆེས༔ ལྷན་སྐྱེས་བདེ་སྟོང་ཕྱག་རྒྱར་སྨིན༔ གཉིས་མེད་དོན་གྱི་དགོངས་པའི་ཀློང༔ རྡོ་རྗེ་སེམས་དཔའི་གསང་བ་རྫོགས༔ དབང་གིས་རྒྱུད་སྨིན་དམ་ཚིག་དག༔ ཡང་དག་ས་ལམ་མཐར་ཕྱིན་ཤོག༔ ཧཱུྃ༔ རིག་འཛིན་བླ་མས་བྱིན་བརླབས་ནས༔ དགོངས་བརྒྱུད་རྟོགས་པའི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་ཡིས་རྗེས་བཟུང་སྟེ༔ དངོས་གྲུབ་དབང་ཐོབ་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ཕྲིན་ལས་ཀྱིས༔ ས་ལམ་མཐར་ཕྱིན་བཀྲ་ཤིས་ཤོག༔ འདོད་དགུ་ལྷུན་གྱིས་གྲུབ་པ་ཡི༔ དགེ་ལེགས་རྟག་བརྟན་བཀྲ་ཤིས་ཤོག༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ ལས་ཀྱི་ཡན་ལག་ཚང་བར་བསྟན་པའི་ལེའུ་སྟེ་དྲུག་པའོ༔ རྡོ་རྗེ་ལུས་ཀྱི་ཡེ་ཤེས་ཁམས༔ དག་པ་རྩ་རླུང་ཐིག་ལེ་སྟེ༔ གནད་དུ་ཡང་དག་བསྣུན་པ་ཡིས༔ བསམ་གྱིས་མི་ཁྱབ་དེ་ཉིད་མཐོང༔ ཨ་ཝ་དྷཱུ་ཏི་རོལ་པའི་མཁར༔ དྷརྨ་ཙཀྲའི་གཞལ་ཡས་སུ༔ མི་ཤིགས་ཐིག་ལེ་རྡོ་རྗེ་སེམས༔ བདེ་ཆེན་ཡུམ་དང་དགྱེས་པར་རོལ༔ གསང་མཆོག་དབྱིངས་ཀྱི་སྦུབས་གནས་པའི༔ སྐུ་དང་ཡེ་ཤེས་མཐོང་འདོད་ན༔ ཛ་ལནྡྷ་རའི་ཧེ་རུ་ཀ༔ སྤྲུལ་པའི་འཁོར་ལོའི་སྙེམས་མ་ཡིས༔ བསྐུལ་ཏེ་ཐབས་ཀྱི་བྱེད་པ་བསྡམ༔ རླུང་གི་བཞོན་པ་ལ་བརྟེན་ནས༔ ཡས་བབ་རྒྱུ་དང་མས་བརྟན་གྱི༔ འབྲས་བུའི་དགའ་བཞིའི་ཉམས་སྐྱེས་ནས༔ གཉིས་མེད་ངང་དུ་བསྲེས་ཏེ་བལྟ༔ སྒོ་གསུམ་གཉིས་མེད་མ་ནིང་གི༔ རྡོ་རྗེ་སེམས་དཔའི་ཞལ་མཐོང་ནས༔ ནམ་མཁའ་ལྟ་བུའི་དོན་རྟོགས་ཏེ༔ ཡེ་ཤེས་ཆེན་པོ་མངོན་བྱེད་འགྱུར༔ འཁོར་ལོ་ལྔ་ཡི་མདུད་དཀྲོལ་ཞིང༔ ལམ་ལྔའི་སྤང་རྟོགས་རྫོགས་པ་ཡི༔ སྤྱན་དང་ཡེ་ཤེས་ཡོན་ཏན་ཚོགས༔ ཡུད་ཀྱིས་མཐོང་བར་གདོན་མི་ཟ༔ ཤིན་ཏུ་གསང་བ་ཟབ་མོའི་གནས༔ དབྱིངས་ཀྱི་ཌཱ་ཀཱིའི་སྲོག་ཏིག་རྒྱ༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ རྡོ་རྗེའི་རྫོགས་རིམ་ཟབ་མོ་བསྟན་པའི་ལེའུ་སྟེ་བདུན་པའོ༔ ཤིན་ཏུ་གསང་བ་དབྱིངས་ཕྱུག་མའི༔ སྣ་རྩེའི་ཟེའུ་འབྲུ་ལ་བརྟེན་ནས༔ ཐབས་ཀྱི་བྱེད་པས་སྦྱོར་བ་ཡི༔ ཡེ་ཤེས་མངོན་སུམ་མཐོང་འདོད་ན༔ རིགས་ཅན་ལྔ་ལས་པདྨ་ཅན༔ མཚན་དང་ལྡན་པ་བཙལ་ནས་ཀྱང༔ རྒྱུད་སྦྱངས་དྲོད་དང་ལྡན་པ་ཡི༔ ཕྱག་རྒྱ་བྱིན་གྱིས་བརླབས་བྱས་ཏེ༔ འདུ་ཤེས་གསུམ་གྱིས་རོལ་པ་ཡི༔ བསྙེན་སྒྲུབ་ཕྱག་རྒྱ་བཞིས་བྱེད་པས༔ ཉི་ཟླ་སྒྲ་གཅན་དབྱིངས་སྡོམ་སྟེ༔ ལས་རླུང་ཟད་པའི་ལྷན་ཅིག་སྐྱེས༔ བསམ་གྱིས་མི་ཁྱབ་དེ་ཁོ་ན༔ གསང་བ་མངོན་གྱུར་སྐད་ཅིག་གིས༔ སྲིད་པའི་རྒྱུ་འབྲས་དབྱིངས་སུ་དག༔ འཕོ་མེད་བདེ་ཆེན་ཡུད་ཀྱིས་རྟོགས༔ ནམ་མཁའ་ཁྱབ་པའི་རྡོ་རྗེ་སེམས༔ མཆོག་ཏུ་མི་འགྱུར་བདེ་བ་ཆེའི༔ བཙུན་མོར་བཅས་པའི་ཞལ་མཐོང་འགྱུར༔ ལམ་གྱི་སྔོན་དུ་འགྲོ་བ་ཡི༔ རྡོ་རྗེ་ཆོས་ཀྱི་ཏིང་འཛིན་ནི༔ ཨཿ གསང་བ་མཆོག་གི་བྷ་ག་རུ༔ རྟག་ཏུ་དགྱེས་པའི་རྡོ་རྗེ་སེམས༔ གསུང་གི་རྡོ་རྗེ་པདྨའི་རིགས༔ གར་གྱི་དབང་ཕྱུག་རཱ་གའི་མཆོག༔ ཁྲོ་འཛུམ་མཆེ་བའི་མྱུ་གུ་ཅན༔ རྗེས་སུ་ཆགས་པའི་གཟི་བརྗིད་ཅན༔ ཡེ་ཤེས་ཕྱག་རྒྱ་ལྔ་མཚོན་པའི༔ དར་དང་རུས་པ་རྒྱན་གྱིས་བརྒྱན༔ གཅེར་བུ་སྟག་གི་ཤམ་ཐབས་ཅན༔ པད་ཉིའི་སྟེང་ན་བཞུགས་པའི་པང༔ སྙེམས་མ་དམར་གསལ་གྲི་ཐོད་ཅན༔ གཅེར་བུ་བཟོད་མེད་བདེ་བས་སྦྱོར༔ དམར་གསལ་འོད་ཀྱི་ཕུང་པོ་དང༔ བདེ་དྲོད་འཁྲུགས་པའི་ཀློང་ན་འགྱིང༔ ཐུགས་ཀར་པདྨ་རཱ་ག་ཡི༔ རྡོ་རྗེའི་ལྟེ་བར་ཧཱུྃ་སྔགས་འབར༔ འོད་ཀྱིས་སྣང་སྲིད་བདེ་བ་ཆེའི༔ རོལ་པ་ཆེན་པོར་ཁྱབ་བརྡལ་ཤར༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་རཱ་ག་ཡ་སྟྭྃ་ཨ་ཧྃ་ཤྲཱི་ཧོ༔ བཟླས་པས་བདེ་དྲོད་དངོས་གྲུབ་ཀུན༔ ཡུད་ཀྱིས་ཐོབ་པའི་ཟབ་ལམ་མོ༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ རྫོགས་པའི་རྣལ་འབྱོར་གྱི་ལེའུ་སྟེ་བརྒྱད་པའོ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ ཡིད་དཔྱོད་རྟོག་པའི་བློ་ལས་འདས༔ ཡེ་ཤེས་རྗེན་པ་དེ་ཁོ་ན༔ གདོད་ནས་འདུ་འབྲལ་མེད་དབྱིངས་བཞུགས༔ གཉིས་སྣང་ཡུལ་དུ་མི་སྤྱོད་པའི༔ རྣམ་ཀུན་མཆོག་གི་དཀྱིལ་འཁོར་ཆེར༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི༔ འབྲས་བུའི་ལྷ་ཚོགས་གདོད་ནས་གནས༔ མི་ཉམས་གཉུག་མའི་དེ་ཉིད་ལ༔ བྱིང་རྒོད་བྲལ་བའི་མཉམ་བཞག་གིས༔ དོན་ལ་ངེས་པའི་གདེང་ཐོབ་ན༔ ཆོས་ཀུན་དེ་ཉིད་དངོས་སུ་རྟོགས༔ སྒོ་ཡུལ་རླུང་དང་རིག་པའི་གནད༔ བཞུགས་སྟངས་གཟིགས་སྟངས་ཀྱིས་གཅུན་པའི༔ འོད་གསལ་རྡོ་རྗེའི་གསེང་ལམ་གྱིས༔ སྣང་བ་རང་གསལ་ལམ་མེ་བའི༔ ཆོས་ཉིད་མངོན་སུམ་མཐོང་བ་དང༔ ཉམས་སྣང་རིམ་དང་གཅིག་ཆར་འཕེལ༔ སྐུ་དང་ཡེ་ཤེས་ཚད་ཕེབས་ཏེ༔ ཕྱི་ནང་དབྱིངས་རིག་ཟད་པའི་སར༔ ཕྱིན་ནས་འཁོར་འདས་རང་གྲོལ་བས༔ སྐུ་གསུམ་རིག་པའི་བཙན་ས་ཟིན༔ ཚེ་འདི་ཉིད་དུ་བུདྡྷའོ༔ འདི་ནི་བདག་ཉིད་བི་མ་ལའི༔ འོད་གསལ་ཆེན་པོའི་དེ་ཉིད་ལམ༔ ཛྙཱ་ན་སཱུ་ཏྲ་ལས་ཐོབ་པའི༔ མན་ངག་སྡེ་ཡི་སྙིང་པོའི་སྲོག༔ ཐིག་ལེ་ཆེན་པོ་ཡི་གེའི་གཟུགས༔ ཟབ་དོན་གནད་དུ་བརྡེག་པའོ༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ མཐར་ཐུག་ངེས་པའི་ལམ་གྱི་ལེའུ་སྟེ་དགུ་པའོ༔ རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ༔ སྒྲུབ་པར་འདོད་པའི་གང་ཟག་གིས༔ ཐོག་མར་དབང་ལ་མ་བརྟེན་པར༔ ནམ་ཡང་འགྲུབ་པའི་དུས་མེད་པས༔ དང་པོ་མཚན་མའི་དཀྱིལ་འཁོར་སྟེང༔ བུམ་པ་སྐུ་དང་མེ་ལོང་རྣམས༔ འདུ་བྱས་བདག་མདུན་གཞུང་བསྲངས་ཏེ༔ བཟླས་པས་ནུས་ལྡན་གྱུར་པ་དང༔ སློབ་མ་ཁྲུས་བྱས་མཎྜལ་ཕུལ༔ ལོ་རྒྱུས་ཡིད་ཆེས་ཡང་དག་བསྐྱེད༔ དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་དགོངས༔ གསང་བ་ཟབ་མོའི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ༔ སྐྱབས་སེམས་བསག་སྦྱང་སྡོམ་པ་བཟུང༔ སློབ་མའི་ལུས་ཀྱང་ལྷར་གསལ་ལ༔ ཡེ་ཤེས་ལྷག་པར་གནས་ནས་ཀྱང༔ ཏིཥྛ་བཛྲས་བརྟན་པར་བྱ༔ རིན་ཆེན་བུམ་པ་བཅུད་ལྡན་ཐོགས༔ ཧཱུྃ༔ མི་བསྐྱོད་ཡེ་ཤེས་བདུད་རྩིའི་ཆུས༔ རྡོ་རྗེ་རང་བྱུང་ལས་ཀུན་བྱེད༔ དབང་མཆོག་བུ་ལ་བྱིན་པ་ཡིས༔ སྒྲིབ་དག་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཁྲུས་དང་འཐོར་འཐུང་ཉེ་རེག་བྱ༔ ཏྲཱྃ༔ རིན་ཆེན་དབུ་རྒྱན་ཅོད་པན་ཅན༔ ཡང་དག་ཡེ་ཤེས་ལྔ་དང་ལྡན༔ དོན་རྟགས་འབྲེལ་བས་དབང་བསྐུར་བས༔ ཟག་མེད་འབྲས་བུའི་སར་ཕྱིན་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཧྲཱིཿ རྡོ་རྗེ་བླ་མེད་མན་ངག་ཆོས༔ གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེའི༔ ཕྱག་རྒྱ་ཆེན་པོས་དབང་བསྐུར་བས༔ ཆོས་ཀུན་འབྱུང་བའི་ས་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཨ༔ དྲིལ་བུ་ཡེ་ཤེས་སྒྲ་དང་ལྡན༔ དོན་ཀུན་གྲུབ་པ་དཀྱིལ་འཁོར་གཙོའི༔ ཡང་དག་ཕྱག་རྒྱའི་དབང་བྱིན་པས༔ ཕྲིན་ལས་སྩོལ་མེད་ལྷུན་གྲུབ་ཤོག༔ ཨོཾ་གཎྜེ་ཨ་བྷི་ཥིཉྩ་ཧོ༔ ཨོཾ༔ རྡོ་རྗེ་སྣང་མཛད་ཡེ་ཤེས་སྐུ༔ དེ་ཉིད་མཚོན་པ་རྡོ་རྗེའི་མིང༔ སྲིད་གསུམ་ཁྱབ་པར་བསྒྲགས་པ་ཡིས༔ ཞིང་ཀུན་མཛེས་པའི་དབང་ཐོབ་ཤོག༔ ཨོཾ་བྷུརྦྷུ་ཝ་སྭ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ བཀྲ་ཤིས་བུམ་པ་མཚན་ཉིད་རྫོགས༔ ཡེ་ཤེས་ཆེན་པོའི་བདུད་རྩིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པར་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྡོ་རྗེ་ཡང་དག་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཐུགས་ཉིད་དེ༔ དེ་རིང་བུ་ལ་བྱིན་པ་ཡིས༔ ཁྱོད་ཀྱང་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཨོཾ་བཛྲ་ཧཱུྃ༔ ཧཱུྃ༔ དྲིལ་བུ་སྟོང་པའི་སྒྲ་སྒྲོག་པ༔ ཆོས་ཀུན་དེ་ཉིད་རྗེས་སུ་མཚོན༔ སངས་རྒྱས་གསུང་གི་དབང་བསྐུར་བས༔ རྡོ་རྗེའི་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་གཎྜེ་ཧཱུྃ༔ ཧཱུྃ༔ བདེ་ཆེན་མི་འགྱུར་རྡོ་རྗེ་སེམས༔ ཤེས་རབ་ཡུམ་དང་གཉིས་སུ་མེད༔ རྟག་ཏུ་ཕྱག་རྒྱ་དགྱེས་རོལ་བའི༔ སངས་རྒྱས་སྐུ་དང་གཉིས་མེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ༔ ཁྱོད་ནི་ངེས་པར་རྡོ་རྗེ་སེམས༔ ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས༔ དོན་རྣམས་ཐམས་ཅད་སྒྲུབ་པ་དང༔ རྡོ་རྗེའི་སློབ་མའི་ཚོགས་སྡུས་ཤིག༔ ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མ་ཡབ་ཡུམ་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་སྦྱིན༔ ཧཱུྃ༔ བདེ་སྟོང་རོལ་པའི་བྱང་ཆུབ་སེམས༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གཉིས་མེད་མཉམ་པའི་ཡེ་ཤེས་རྒྱུན༔ གཙང་དམེ་མེད་པར་རོལ་བར་གྱིས༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ མཚན་ལྡན་མུ་དྲ་བྱིན་ནས་ཀྱང༔ ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ དཔེ་ཡི་ཐབས་ཀྱིས་མངོན་བྱེད་པའི༔ བཅུ་དྲུག་དགའ་སྦྱིན་སྒྱུ་མ་ཆེ༔ སྒྱུ་མའི་རོལ་པས་སྤྱོད་ཅིག་བུ༔ ཨོཾ་ཨཱཿཧཱུྃ་པདྨ་བྷཉྫ་མོ་ཀྵ་ཧོ༔ ཤེལ་དང་མེ་ལོང་བརྡས་མཚོན་ནས༔ བླ་མེད་རྡོ་རྗེའི་གསང་ལམ་བསྟན༔ ཧཱུྃ༔ སྟོང་གསལ་རིག་པ་ཡེ་ཤེས་སེམས༔ ཀུན་ཁྱབ་རྡོ་རྗེའི་ཁམས་ཆེན་པོ༔ རང་རིག་ཐིག་ལེ་གཉིས་མེད་པས༔ ཆོས་དབྱིངས་གནས་ལུགས་རྟོགས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ ལམ་ཀུན་དབང་ལ་རྫོགས་པ་སྟེ༔ རྡོ་རྗེ་བཞི་དང་གཉིས་སུ་མེད༔ དབང་གི་སྤྱི་སྡོམ་འདི་ཉིད་ལས༔ རྒྱུད་སྡེ་སོ་སོར་རིག་པས་འཕྲུལ༔ གང་ཞིག་ཐབས་འདིས་རྗེས་བཟུང་ན༔ ཡང་དག་ལམ་གྱི་སྐལ་ལྡན་པས༔ ངེས་པར་བླ་མེད་སར་ཕྱིན་འགྱུར༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ དབང་གི་རིམ་པ་སྟེ་ལེའུ་བཅུ་པའོ༔ བཀའ་ཡི་སྲུང་མ་མཆོད་འདོད་ན༔ བྷནྡྷའི་སྣོད་དུ་ཤ་ཁྲག་གིས༔ བརྒྱན་པའི་གཏོར་མ་མཆོད་པ་བཅས༔ བཤམས་ལ་བྱིན་གྱིས་བརླབས་བྱས་ནས༔ ཨེ༔ ཆོས་དབྱིངས་མཐིང་ནག་ཨེ་ཡི་ཀློང༔ འདོད་ཆགས་རཀྟའི་རྦ་ཀློང་འཁྲུགས༔ པད་ཉི་དགྲ་བགེགས་བམ་རོའི་སྟེང༔ ཏྲཀ་ལས་ཨེ་ཀ་ཛཱ་ཊི་མཐིང༔ རལ་གཅིག་སྤྱན་གཅིག་མཆེ་བ་གཅིག༔ ནུ་མ་གཅིག་འཕྱང་ཕྱག་གཉིས་ཀྱི༔ ཞིང་དབྱུག་ཉམས་པའི་ཙིཏྟ་བསྣམས༔ ཞབས་གཉིས་དོར་སྟབས་བརྐྱང་བསྐུམ་འགྱིང༔ ལྷོ་སྤྲིན་འཇའ་ཚོན་གོ་ཟུ་དང༔ ཐོད་ཕྲེང་དོ་ཤལ་དབུ་རྒྱན་ཅན༔ རླུང་མེ་དུད་སྤྲིན་དབུས་ན་རོལ༔ འཁོར་དུ་སྣང་སྲིད་མ་མོས་བསྐོར༔ ཐུགས་ཀའི་འོད་ཀྱི་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ བྷྱོ༔ རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཀློང༔ ཀུན་ཏུ་བཟང་མོ་ཁྲོས་མའི་ཚུལ༔ སྔགས་སྲུང་མ་མོ་རཀྟའི་གདོང༔ བདེ་སྟོང་ཡུམ་གྱི་མཁའ་ལས་བཞེངས༔ རང་བྱུང་རྒྱལ་མོ་མ་མོའི་གཙོ༔ གསང་སྔགས་བསྟན་པ་སྲུང་བའི་ཕྱིར༔ དྲག་མོ་དཔལ་འབར་མཐུ་རྩལ་ཅན༔ བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ༔ དོན་ལ་རྟོག་པ་མི་མངའ་ཡང༔ དད་དང་དམ་ཚིག་གདུང་ཤུགས་ཀྱིས༔ ཐུགས་རྗེའི་ཆོ་འཕྲུལ་མི་བཟད་པས༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ མ་མ་ཡོ་གི་ནི་ཨེ་ཀ་ཛཱ་ཊི་ས་མ་ཡ་ཛ་ཛ༔ བྷྱོ༔ དབྱིངས་ཀྱི་གཞལ་ཡས་ཡངས་པའི་དབུས༔ རིག་པ་བདེ་ཆེན་སྒྱུ་མའི་ཚུལ༔ སྔགས་སྲུང་ཁྲོ་མོ་འཁོར་དང་བཅས༔ གཉིས་མེད་ཀློང་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བྷྱོ༔ ཀུན་བཟང་དགྱེས་པ་རྣལ་འབྱོར་མ༔ བི་མ་མི་ཏྲ་ཐོད་ཕྲེང་རྩལ༔ རིག་འཛིན་བརྒྱུད་པའི་རྡོ་རྗེའི་དམ༔ མ་འདའ་བཅོལ་བའི་ལས་ཀུན་མཛོད༔ ས་མ་ཡ་ཨ་མྲྀ་ཏ་ཧོ༔ བྷྱོ༔ དོན་དམ་དབྱིངས་སུ་རོ་གཅིག་ཀྱང༔ རིག་རྩལ་དམ་ཅན་སྲུང་མའི་རྒྱལ༔ ཏིང་འཛིན་མོས་པའི་ཆོ་འཕྲུལ་ལས༔ གཉིས་སུ་མེད་པའི་ཕྱག་བགྱིའོ༔ ན་མ་མི་ཧཱུྃ༔ བྷྱོ༔ དངོས་དང་ཏིང་འཛིན་སྒོམ་པའི་མཐུས༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་སྤྲིན་རྒྱ་མཚོ་བཀོད་པའི་ཚོགས༔ མ་མོ་འཁོར་དང་བཅས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་དྷཱ་ཏུ་ཧོ༔ བྷྱོ༔ མཐིང་ནག་ཨེ་ཡི་ཀློང་ཡངས་ནས༔ འབར་བའི་སྐུ་བཞེངས་ཨེ་ཀ་ཛཱ༔ སྣང་སྲིད་མ་མོའི་གཙོ་མོ་སྟེ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ མི་སྡུག་སྐུ་ནི་སྲིན་མོའི་ཚུལ༔ དྲག་ཤུལ་ཁྲོས་མའི་རྣམ་འགྱུར་ཅན༔ ནམ་མཁའི་གཟུགས་ཅན་སྤྱན་དང་མཆེ༔ ནུ་མ་རལ་གཅིག་སྒྲེང་ལ་བསྟོད༔ ཕྱག་གཡས་ཞིང་ཆེན་དབྱུག་པ་འཕྱར༔ གཡོན་པས་ཉམས་པའི་སྙིང་ནས་འདྲེན༔ བརྐྱང་སྐུམ་སྟབས་ཀྱིས་ཁྲག་མཚོའི་ཀློང༔ པད་ཉི་བམ་རོར་འགྱིང་ལ་བསྟོད༔ ལྷོ་སྤྲིན་བེར་དང་འཇའ་ཚོན་གོས༔ དུར་ཁྲོད་འབར་བའི་ཆས་ཀྱིས་སྤྲས༔ ཁྲོས་པའི་ཞལ་གདངས་ལྗགས་འདྲིལ་ཞིང༔ ཧཱུྃ་ཕཊ་ང་རོ་སྒྲོགས་ལ་བསྟོད༔ འཁོར་དུ་སྣང་སྲིད་ཡེ་ཤེས་ལས༔ འཇིག་རྟེན་མ་མོ་མཁའ་འགྲོས་བསྐོར༔ རྫུ་འཕྲུལ་མཐུ་རྩལ་མི་བཟད་པས༔ གསང་ཆེན་བསྟན་པ་སྲུང་ལ་བསྟོད༔ སྔགས་སྲུང་ཐུགས་ཀར་ཡེ་ཤེས་སེམས༔ ཀུན་ཏུ་བཟང་མོ་མཉམ་བཞག་ཅན༔ དེ་ཡི་ཐུགས་ཀློང་ཉི་མའི་སྟེང༔ ཏྲཀ་ལ་སྔགས་ཀྱིས་བསྐོར་བ་གསལ༔ བདག་ཉིད་ཐུགས་ཀའི་འོད་ཟེར་གྱིས༔ བསྐུལ་ཏེ་གང་འདོད་ལས་སྒྲུབ་བསམ༔ ཨོཾ་མ་མ་ཏྲ་ཀ་རཀྵ་ཨེ་ཀ་ཛཱ་ཊི་ཧཱུྃ་བྷྱོ་ཛ་ཛ༔ ཞེས་བཟླས་དབྱིངས་རིག་དགོངས་པས་གཟིར༔ བྷྱོ༔ ཡེ་ཤེས་ཀློང་ནས་འབར་བའི་སྐུ༔ ཨེ་ཀ་ཛཱ་ཊི་མ་མོའི་གཙོ༔ འབུམ་ཕྲག་ཡངས་པའི་འཁོར་དང་བཅས༔ ཐུགས་དམ་མ་གཡེལ་དབྱིངས་ནས་བཞེངས༔ དམ་ཉམས་གདུགས་པ་བསྒྲལ་བ་ཡི༔ དམར་གྱི་མཆོད་གཏོར་འདི་བཞེས་ལ༔ དགྱེས་པ་ཆེན་པོའི་ཕྲིན་ལས་ནི༔ མ་གཡེལ་ད་ལྟ་ཉིད་དུ་མཛོད༔ ངེས་གསང་བླ་མེད་བསྟན་པའི་སྲོག༔ བཤད་སྒྲུབ་ལས་ཀྱིས་སྤེལ་ཞིང་རྒྱས༔ འགྲོ་ཀུན་ཐར་པའི་ལམ་ཞུགས་ཏེ༔ ཕན་བདེའི་དཔལ་འབྱོར་རྒྱས་པར་མཛོད༔ བདག་ཅག་རིག་འཛིན་སྒྲུབ་པ་པོ༔ ཁྱོད་དང་འདུ་འབྲལ་མེད་པ་དང༔ མ་ཡིས་བུ་བཞིན་རྟག་བསྐྱང་སྟེ༔ འདོད་པའི་དོན་ཀུན་ཐོགས་མེད་སྒྲུབས༔ ནད་གདོན་བགེགས་དང་བར་ཆད་ཞི༔ ཚེ་བསོད་ཕྲིན་ལས་སྙན་གྲགས་རྒྱས༔ གདུལ་བྱ་མོས་པ་བཞིས་བསྡུས་ཏེ༔ དགྲ་བགེགས་གདུག་པ་རྩད་ནས་ཆོད༔ ཡང་དག་ལམ་གྱི་གྲོགས་མཛད་ནས༔ འོད་གསལ་ཡེ་ཤེས་ཉམས་རྟོགས་སྤེལ༔ བསྟན་སྲུང་དབྱིངས་ཀྱི་མ་མོ་ཁྱོད༔ རིག་པའི་ཐིག་ལེར་དབྱེར་མེད་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་འབུལ༔ སློབ་མར་བཀའ་གཏད་རྗེས་བཟུང་ན༔ རྒྱུད་སྦྱང་ལྷར་བསྐྱེད་གཏོར་མ་ནི༔ སྔགས་ཀྱི་སྲུང་མར་གསལ་བ་ཡིས༔ བཀའ་བསྒོ་བཤལ་ཆུའི་བདུད་རྩི་སྦྱིན༔ འདོད་དོན་བཅོལ་བས་ལས་ཀུན་བྱེད༔ འདི་ནི་དབྱིངས་ཀྱི་རྗེ་མོ་སྟེ༔ ཐུགས་རྗེ་རིག་རྩལ་མ་མོའི་གཙོ༔ ཨ་ཏིའི་བསྟན་སྲུང་རྒྱལ་མོ་སྟེ༔ ཉམས་རྟོགས་ས་ལམ་གྲོགས་སུ་བྱེད༔ བསྒྲུབ་པས་འདོད་པའི་ལས་སྒྲུབ་མ༔ རྣོ་མྱུར་ཟབ་ཁྱད་གཞན་ལས་འཕགས༔ ཀུན་མཐུན་ཀུན་ལས་ཁྱད་པར་ཆོས༔ ངོ་མཚར་གསང་བའི་སྲུང་མ་ཡི༔ མཆོད་བྱང་སྙིང་པོའི་ཡང་ཏིག་འདི༔ འོད་ཀྱི་ལུས་ཅན་བི་མ་ལས༔ སྔགས་སྲུང་ཁྲོས་མའི་རྒྱུད་ལས་བཏུས༔ ཟབ་ཆོས་མཆོག་གི་སྲུང་མ་རུ༔ གཏད་རྒྱས་བཏབ་བཞིན་སྣང་གྱུར་ཅིག༔ ཀུན་ལ་མ་སྤེལ་ཟབ་རྒྱ་ཐམ༔ ས་མ་ཡ༔ ཡེ་ཤེས་གསང་བའི་ཐིག་ལེ་ལས༔ བཀའ་སྲུང་གི་མཆོད་བྱང་སྟེ་ལེའུ་བཅུ་གཅིག་པའོ༔ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ༔ ཏནྟྲ་ཀུན་གྱི་སྙིང་པོ་སྟེ༔ ཐབས་ཀྱི་བླ་མེད་རྡོ་རྗེའི་ལམ༔ རྒྱུད་སྡེ་བཞི་དང་ཡང་དག་འབྲེལ༔ འདི་ནི་འབྲས་བུ་ངེས་པ་ཡི༔ གསང་ཆེན་རྡོ་རྗེའི་ལམ་ཆེན་པོ༔ ཟབ་གསང་སྙིང་པོའི་མན་ངག་ནི༔ ཉམས་སུ་ལེན་བདེ་བྱིན་རླབས་མྱུར༔ པད་འབྱུང་བི་མའི་ཐུགས་དམ་མཐིལ༔ སྒྲུབ་པས་ཚེ་གཅིག་འབྲས་བུའི་སར༔ སྦྱོར་བའི་གདམས་པ་ཡང་དག་པ༔ དུམ་བུ་བཅུ་གཅིག་ཡང་དག་བསྡུས༔ དུས་ཀྱི་ཐ་མ་ལྔ་བརྒྱའི་ཚེ༔ འགྲོ་ཁམས་སྡུག་བསྔལ་ཚད་བཟུང་བྲལ༔ རྫོགས་དུས་མེད་པའི་སྐལ་ངན་ལ༔ མངོན་སུམ་སྤྱོད་བཞིན་དེ་རུ་བརྩོན༔ དེ་ཚེ་ལས་ཅན་རྗེ་འབངས་ཀྱིས༔ གདུལ་བྱའི་ལྷག་མ་སྐྱོང་བའི་ཕྱིར༔ ཡེ་ཤེས་གསང་བའི་ཐིག་ལེ་ཆེ༔ སྙིང་པོ་ཐུགས་ཀྱི་ཡང་ཞུན་ནི༔ གསང་སྔགས་རྒྱུད་སྡེའི་བཅུད་ཕུར་མཆོག༔ མན་ངག་ཟབ་བརྒྱའི་མཐར་ཐུག་གདམས༔ འདི་ནས་བདུན་སྟོང་འདས་པའི་མཚམས༔ དུས་ཀྱི་འཁྲུགས་རྩོད་མེ་བཞིན་འབར༔ སྣོད་བཅུད་རྒུད་པས་ཡང་ཡང་མནར༔ གང་དུའང་བདེ་བའི་སྐབས་མེད་པར༔ ངན་སོང་ཐོག་ཏུ་ལྷུང་ལྟ་བུའི༔ དུས་སུ་པད་འབྱུང་བི་མ་ལའི༔ ཡེ་ཤེས་ཆེན་པོའི་རང་གཟུགས་ནི༔ ཞིག་པོ་སྔགས་ཀྱི་སྤྱོད་པ་ཅན༔ བརྟུལ་ཞུགས་རིག་པའི་རྩལ་འཆང་བའི༔ སྐྱེས་བུ་དེ་ཡི་སྐལ་པ་རུ༔ སྨོན་ལམ་གཏད་རྒྱས་བཏབ་ནས་ཀྱང༔ སྦས་པས་འགྲོ་དོན་རྒྱ་ཆེར་སྤྱོད༔ དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛས༔ བཀའ་ཡི་བྱ་ར་མ་གཡེལ་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ྀཨཐི༔ ཞེས་རྡོ་རྗེ་སེམས་དཔའ་ཡེ་ཤེས་གསང་བའི་ཐིག་ལེའི་སྙིང་པོའི་རྒྱུད་ཀྱི་ལམ་ཡོངས་སུ་རྫོགས་པའི་མན་ངག་གི་རིམ་པ་དུམ་བུ་བཅུ་གཅིག་པ་འདི་ནི་རང་ལོ་སོ་བཞི་པའི་སྐོར་ལྡན་ཡུལ་གྲུབ་པའི་ས་འཛིན་གྱི་བྱེ་བྲག་ཀློང་ཐང་སྒྲོལ་མའི་གཙུག་ལག་ཁང་གི་ཤར་ཕྱོགས། རྟོགས་ལྡན་ཆེན་པོ་སེང་གེ་དཔལ་བ་སོགས་དམ་པ་དུ་མས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ར་བཀྲམ་བྲག་དཀར་དུ་ས་གཏེར་ཡོད་པའི་གསལ་སྣང་ཤར་ཡང་རྟེན་འབྲེལ་དུས་སུ་མ་སོན་པས་བཏང་སྙོམས་སུ་གྱུར་པ་ན། སླར་རང་ལོ་ཞེ་གཉིས་པའི་སྟེང་དགོངས་གཏེར་དུ་བརྡ་ཁྲོལ་བྱུང་བ་ལྟར་ལྕགས་ཡོས་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཚེས་བཅུའི་ཉི་ཤར་ནས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་ཀསྨི་རའི་སློབ་དཔོན་བི་མ་མི་ཏྲས་སྙན་བརྒྱུད་དུ་གདམས་པ་འདིས་ཀྱང་འགྲོ་ཀུན་བདེ་ཆེན་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་ཐིག་ལེར་གཉིས་སུ་མེད་པར་མངོན་པར་རྫོགས་པ་བྱང་ཆུབ་པའི་རྒྱུར་གྱུར་ཅིག །མངྒ་ལྃ། དགེའོ།། །། ཆོས་ཀྱི་བདག་པོ་གཏེར་ཆེན་རིན་པོ་ཆེའི་བཀའ་བཞིན། བཀའ་འབངས་ཀྱི་ཐ་ཤལ་པད་བཀོད་སྒམ་སྤྲུལ་གྱི་མིང་ཙམ་འཛིན་པ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་ཞུ་དག་གི་སྲུང་ཞུ་བསྒྲུབས་པར་བྱས་པའོ།། །།

Footnotes

Other Information