རྗེ་བཙུན་དམ་པ་སངས་རྒྱས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་མཛེས།

From Khyentse Lineage - A Tsadra Foundation Project
Revision as of 09:00, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-02-KHA-033
Wylie title rje btsun dam pa sangs rgyas kyi bla ma'i rnal 'byor byin rlabs sprin mdzes DKR-KABUM-02-KHA-033.pdf
Location dil mgo mkhyen brtse bka' 'bum
Volume 2, Text 33, Pages 158-161 (Folios 1a1 to 4b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People ཕ་དམ་པ་སངས་རྒྱས་ (pha dam pa sangs rgyas)
Citation Khyentse, Dilgo. Rje btsun dam pa sangs rgyas kyi bla ma'i rnal 'byor byin rlabs sprin mdzes. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 158-161. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཞེས་མེ་སྦྲུལ་དབོ་ཟླའི་ཚེས་སྐོར་ཐུབ་བསྟན་ཆོས་གླིང་དུ་གདམས་མཛོད་སྤྲུལ་པའི་གླེགས་བམ་གྱི་སྨིན་གྲོལ་འབོག་པའི་ཚེ་སྐྱབས་རྗེའི་ཞལ་སློབ་བསླབ་ལྡན་དགེ་སློང་ངག་དབང་ཚུལ་ཁྲིམས་རྒྱལ་མཚན་ནས་བསྐུལ་བ་བཞིན་གྲུབ་པ་མཆོག་གི་དེད་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཞིན་མངྒ་ལ་ཤྲཱི་བྷཱུ་ཏིས་ཤོད་རོང་རི་ཁྲོད་ཐུབ་བསྟན་ཆོས་གླིང་ནས་བྲིས་པ་ཆོས་ཉིད་ཟབ་མོའི་རྟོགས་པ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག

/zhes me sbrul dbo zla'i tshes skor thub bstan chos gling du gdams mdzod sprul pa'i glegs bam gyi smin grol 'bog pa'i tshe skyabs rje'i zhal slob bslab ldan dge slong ngag dbang tshul khrims rgyal mtshan nas bskul ba bzhin grub pa mchog gi ded dpon chen po'i rdo rje'i gsung bzhin mang+ga la shrI b+hU tis shod rong ri khrod thub bstan chos gling nas bris pa chos nyid zab mo'i rtogs pa rgyud la skye ba'i rgyur gyur cig

[edit]
༄༅། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་སྤྲིན་མཛེས་བཞུགས། ན་མོ་གུ་ར་ཝེ། རྗེ་བཙུན་དམ་པ་སངས་རྒྱས་ཀྱི་བླ་མའི་རྣལ་འབྱོར་ཉམས་ལེན་བྱ་བར་འདོད་པས། ཐོག་མར་སྐྱབས་སེམས་ནི། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་གསུམ། ཤེས་རབ་སྙིང་བརྩེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བགྱིས་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བགྱི། ལན་གསུམ་བྱ། བླ་མ་མཆོད་པ་དགོས་ན་གནས་ཁང་དང་མཆོད་རྫས་བྱིན་རླབས་བྱ། བླ་མའི་རྣལ་འབྱོར་ཁོ་ནའི་སྐབས་མི་དགོས། གཉིས་པ་དངོས་གཞི་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པའི་རང་རྩལ་སྣོད་བཅུད་དག་པ་ཆེན་པོའི་འོག་མིན་སྟུག་པོ་བཀོད་པའི་ཞིང་གི་དབུས་སུ་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པའི་དབུས་སུ་པད་ཉི་རོ་ཡི་གདན་ལ་གཞི་ལུས་ཨོཾ་ལས་རྗེ་བཙུན་རྡོ་རྗེ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ་སྤྱན་གསུམ་མཆེ་བའི་མྱུ་གུ་གཙིགས་ཤིང་ཁྲོ་འཛུམ་བཞད་ཉམས་ཅན། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བརྟེན་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་ཕྲེང་བ་སོགས་ལྷ་མོའི་ཆ་བྱད་ཅན། གཡས་བསྐུམ་གཡོན་བརྐྱང་གིས་མེ་ཕུང་གི་དབུས་ན་བཞུགས་པའི་མདུན་དུ་རབ་འབྱམས་མཆོད་པའི་སྤྲིན་ཕུང་འཁྲིགས་པའི་དབུས་སུ་མི་འཇིགས་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྟེང་དུ་མ་ཆགས་པདྨའི་གདན། ཐུགས་རྗེ་ཉི་ཟླའི་གདན། བྱང་སེམས་ཀྲྀ་ཎ་ས་རའི་པགས་པའི་སྟེང་དུ་རང་གི་རྩ་བའི་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་དམ་པ་རྒྱ་གར་པ་སྐུ་མདོག་སྨུག་ལ་དམར་བའི་མདངས་ཆགས་པ། སྤྱན་དམར་པོ་སྐྲའི་ལྭ་བ་ཅན། གཅེར་བུ་མཆོག་ཏུ་འབར་བའི་གཟི་བྱིན་ཅན། སྐུ་སྨད་དུ་བལ་ཐུལ་དཀར་པོ་དང༌། རས་ཀྱི་ཨང་རག་གསོལ་ཞིང་རུས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་སྐྱབས་སྦྱིན་དང༌། གཡོན་རྟེན་འབྲེལ་གྱི་པར་བུ་ཐུགས་ཀར་འཛིན་པ། འཁོར་འདས་ཟིལ་གྱིས་གནོན་པའི་ལྟ་སྟངས་མཛད་པ། གང་འདུལ་སྐུ་གསུམ་གྱི་རོལ་པ་མ་འགག་པར་སྟོན་པ་སྒྱུ་མའི་སྐུ་ཅན་དུ་གསལ་བའི་མདུན་དུ་ས་ར་ཧ་སོགས་ཕྱག་ཆེན་བརྡ་ཡི་བླ་མ་བཅུ་གཅིག །གཡས་སུ་སངས་རྒྱས་གསང་བ་སོགས་ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག །གཡོན་དུ་མཚོ་སྐྱེས་རྡོ་རྗེ་སོགས་མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག །རྒྱབ་ཏུ་ཀླུ་སྒྲུབ་སྙིང་པོ་སོགས་མཚན་ཉིད་སྒྲ་རིག་གི་བླ་མ་བཅུ་གཅིག །མཚམས་རྣམས་སུ་མཁའ་འགྲོ་མ་སུ་ཁ་སིདྡྷི་སོགས་རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ། སྟེང་དུ་ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག །དེའི་སྟེང་དུ་བྱིན་རླབས་མཁའ་འགྲོའི་བླ་མ་ཉེར་བཞི། དེའི་སྟེང་ཐུགས་དམ་བདེ་གཤེགས་བཅུ་གཉིས་ཀྱི་བླ་མ། དེའི་སྟེང་དུ་སངས་རྒྱས་སྐུ་བཞིའི་བླ་མ་བཞུགས་པ། དམ་པ་རིན་པོ་ཆེའི་མདུན་ཕྱོགས་སུ་མ་གཅིག་ལབ་ཀྱི་སྒྲོན་མ། མཐའ་སྐོར་དུ་དམ་པ་ཕྱར་ཆེན། བཛྲ་ཀྲོ་དྷ། དམ་པ་ཕྱར་ཆུང༌། བྱང་སེམས་ཀུན་དགའ། ཁ་ཆེ་གུ་ཧྱ་ཛྙཱ་ན། རྨ་ཆོས་ཀྱི་ཤེས་རབ། སོ་དགེ་འདུན་འབར། སྐམ་ཡེ་ཤེས་རྒྱལ་མཚན། པ་ཚབ་སྒོམ་པ། རྒྱལ་བ་ཏེ་ནེ། རོག་ཤེས་རབ་འོད། ཞིག་པོ་ཉི་སེང༌། སྙེ་མདོ་སྨྲ་བའི་སེང་གེ་སོགས་ཞི་བྱེད་སྔ་ཕྱི་བར་གསུམ་གྱི་བརྒྱུད་པའི་བླ་མ་རྣམས་དང༌། སྲས་རྒྱལ་བ་དོན་འགྲུབ། ཐོད་སྨྱོན་བསམ་འགྲུབ། ཁུ་སྒོམ་ཆོས་སེང་སོགས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་བཀའ་བབས་བུ་ཆེན་བཅུ་དྲུག་དང༌། ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ། ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་ར་སོགས་དམ་ཅན་ཆོས་སྐྱོང་བཅས་སྤྲིན་གཏིབས་པ་ལྟར་བྱིན་ཐིབས་སེ་བཞུགས་པར་མོས་ལ། ཧོ། ངོ་བོ་ཆོས་སྐུའི་བླ་མ་རོ་གཅིག་ཀྱང༌། །གང་འདུལ་དེར་སྟོན་སྣ་ཚོགས་རོལ་པའི་གཟུགས། །སངས་རྒྱས་སྲས་བཅས་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཆོ་འཕྲུལ་དུ་མས་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་གུ་རུ་ཀ་མ་ལ་ཤཱི་ལ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝ་ར་ཨེ་ཧྱེ་ཧི། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿས་སྤྱན་དྲངས་པ་ཚོགས་རྟེན་དང་དབྱེར་མེད་དུ་བཞུགས་པར་མོས། བསགས་སྦྱང་ནི་བླ་མ་མཆོད་པ་གཙོར་བཏོན་པའི་སྐབས་ཕྱག་འཚལ་དང༌། མཆོད་བཤགས་སོགས་ཡན་ལག་བདུན་པ་རྣམས་ཚིག་ཚོགས་རྒྱས་པར་སྤྲོ་ན་ཞི་གཅོད་ཀྱི་བླ་མཆོད་བཀྲ་ཤིས་གྲགས་པའི་སྙིང་པོ་ལྟར་སྦྱར་ན་ལེགས་ཤིང༌། དཀྱུས་ཙམ་དུ། དམིགས་བཅས་དམིགས་མེད་གཉིས་སུ་མེད་པ་ཡི། །རང་རིག་བླ་མའི་སྐུ་ལ་ཕྱག་འཚལ་ལོ། །མཆོད་བྱ་མཆོད་བྱེད་དབྱེར་མེད་ཟུང་འཇུག་དངོས། །རྣམ་དག་ཆོས་ཀྱི་སྐུ་ལ་མཆོད་པ་འབུལ། །ཉོན་མོངས་ཡེ་ཤེས་བླང་དོར་མེད་པ་ཡི། རིག་པ་དྲི་མེད་ངང་དུ་སྡིག་ཀུན་བཤགས། །ཡེ་ནས་སངས་རྒྱས་བློ་ཡིས་མ་བཅོས་པ། །བཅིངས་གྲོལ་མེད་པར་སྐྱོང་ལ་ཡི་རང་ངོ༌། །སེམས་ཉིད་གདོད་ནས་དག་པ་ཆོས་སྐུའི་ཀློང༌། །རྩོལ་མེད་ཡང་དག་དྲན་པའི་ཆོས་འཁོར་བསྐོར། །བདེ་སྡུག་ལ་སོགས་རྐྱེན་དང་འཕྲད་པའི་ཚེ། །སྒོམ་པ་མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་འཁོར་གསུམ་དམིགས་མེད་དག་པ་ཡིས། །མཚན་འཛིན་མེད་པར་བྱང་ཆུབ་ཆེན་པོར་བསྔོ། །བྱ་བྱེད་མེད་པར་བྱ་བ་ཀུན་རྫོགས་པའི། །ཆོས་ཉིད་སྤྲོས་བྲལ་རྒྱུན་དུ་སྐྱོང་བར་ཤོག །ལན་གསུམ་སོགས་བྱ། གསོལ་འདེབས་གང་འོས་དང༌། འཇམ་དཔལ་སྨྲ་བའི་སེང་གེས་བྱིན་བརླབས་ཤིང༌། །ཨཱ་ལི་ཀཱ་ལིའི་སྒྲ་དོན་རྟོགས་པ་ཡིས། །མདོ་རྒྱུད་ཀུན་གྱི་དགོངས་པ་ཐུགས་ལ་ཤར། །བརྒྱུད་པའི་གདམས་པ་མ་ལུས་འཛིན་མཛད་པའི། །ཀ་མ་ཤཱི་ལའི་ཞབས་ལ་གསོལ་བ་འདེབས། ཞེས་ཞལ་གསུང་གསོལ་འདེབས་དང༌། ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་ཀ་མ་ལ་ཤཱི་ལ་དྷརྨ་སཏྟ་བྷོ་ནིརྨ་ཀཱ་ཡ་སིདྡྷི་ཛྙཱ་ན་ཨ་བཻ་ཤ་ཡ་ཧྲཱིཾ་བྃ་སྭཱ་ཧཱ། ཞེས་མཚན་སྔགས་རེ་ལྟོས་ལིང་སྐྱུར་གྱིས་མོས་གུས་དྲག་པོས་ཅི་ནུས་བཟླ། ཚོགས་མཆོད་བྱེད་པར་འདོད་ན། ཚོགས་རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལའི་སྣོད་དུ་ཨོཾ་ལས་ཤ་ལྔ་དང་བཟའ་བཅའ་བཏུང་བའི་བྱེ་བྲག་རྣམས་ཞུ་ཞིང་འདྲེས་པའི་ཚོགས་རྫས་ཀྱིས་གང་བ་ལ་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམས་པས་ཚོགས་མཆོད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། མང་དུ་བརྗོད། ཚོགས་ཞིང་རྣམས་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཕྱོགས་བཅུ་དུས་གསུམ་གྱི་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། བཅོམ་ལྡན་འདས་རྡོ་རྗེ་བདག་མེད་མ་དང་ཐུགས་དམ་བདེ་གཤེགས་བཅུ་གཉིས་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཡེ་ཤེས་ཀྱི་མགོན་པོ་ཨ་གྷོ་ར་སོགས་ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། མཁའ་འགྲོ་སྡེ་བཞི་ཞིང་སྐྱོང་ཀུན་ཏུ་རི་ཀ་སོགས་སྲུང་མ་ཐུགས་དམ་ཅན་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། རིགས་དྲུག་གི་སེམས་ཅན་དཀྱིལ་འཁོར་འཁོར་ལོའི་ངོ་བོར་རྣམ་པར་དག་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཚོགས་ཕུད་ཕུལ། བར་པ་དམ་ཚིག་གི་རྫས་ལ་ལོངས་སྤྱོད། ལྷག་མ་རྣམས་བསྡུས་ཏེ། ཨོཾ་ཨུཙྪིཥཊ་བ་ལིཾ་ཏ་ཁཱ་ཧིས་བསྔོ། ཨོཾ་ཨཱཿཧཱུྃ་ཧྲཱིཿགུ་རུ་སིདྡྷི་ཧཱུྃ། ཞེས་སྔགས་བཟླས་པས་གསོལ་བ་བཏབ་པས། བླ་མ་དམ་པ་རིན་པོ་ཆེ་ལ་འཁོར་རྣམས་ཐིམ། སྐུ་གཟི་བྱིན་རྒྱས་པས་སྤྱི་བོར་བྱོན། གནས་བཞི་ལས་ཚད་མེད་པའི་ཐུགས་རྗེ་དང་བྱིན་རླབས་ཆེན་པོས་འོད་ཟེར་དཀར་དམར་མཐིང་ག་སྣ་ཚོགས་པའི་རྣམ་པར་བྱུང་སྟེ་རང་གི་གནས་བཞིར་ཆུ་ལ་ཆུ་བཞག་པ་ལྟར་ཐིམ་པས་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་དག །སྐུ་གསུང་ཐུགས་སྣང་སྟོང་གྲགས་སྟོང་དྲན་སྟོང་གཉིས་སུ་མེད་པའི་བྱིན་རླབས་ཞུགས་ནས་ཉམས་དང་རྟོགས་པ་འུ་རུ་རུ་འབར། མཐར་བླ་མ་སངས་རྒྱས་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན་སྨོན་ལམ་ནི། ན་མོ། བདག་དང་བདག་གི་རིགས་བདག་ལ་སོགས་པ། །མཐའ་ཡས་རྒྱུད་ཀྱིས་བསྡུས་པའི་འགྲོ་བ་རྣམས། །འདི་ནས་ཚེ་འཕོས་རིན་ཆེན་ཅན་གྱི་ཞིང༌། །བྱང་སེམས་སྨོན་ལམ་གྲུབ་པས་དཀྲིགས་པ་དེར། །རྒྱན་གྱི་འཁོར་ལོ་ཕོ་བྲང་རྣམ་མཛེས་པ། །ཡོངས་དག་གཞལ་མེད་ཁང་དུ་སྐྱེ་བར་ཤོག །ཅེས་སྨོན་ལམ་རྡོ་རྗེའི་ཚིག་དྲུག་མས་རྒྱས་འདེབས་པར་བྱའོ། །ཞེས་མེ་སྦྲུལ་དབོ་ཟླའི་ཚེས་སྐོར་ཐུབ་བསྟན་ཆོས་གླིང་དུ་གདམས་མཛོད་སྤྲུལ་པའི་གླེགས་བམ་གྱི་སྨིན་གྲོལ་འབོག་པའི་ཚེ་སྐྱབས་རྗེའི་ཞལ་སློབ་བསླབ་ལྡན་དགེ་སློང་ངག་དབང་ཚུལ་ཁྲིམས་རྒྱལ་མཚན་ནས་བསྐུལ་བ་བཞིན་གྲུབ་པ་མཆོག་གི་དེད་དཔོན་ཆེན་པོའི་རྡོ་རྗེའི་གསུང་བཞིན་མངྒ་ལ་ཤྲཱི་བྷཱུ་ཏིས་ཤོད་རོང་རི་ཁྲོད་ཐུབ་བསྟན་ཆོས་གླིང་ནས་བྲིས་པ་ཆོས་ཉིད་ཟབ་མོའི་རྟོགས་པ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་ཅིག །། །།

Footnotes

Other Information