མི་ཕམ་འཇམ་པའི་དབྱངས་ཀྱི་ངེས་པ་དོན་གྱི་བླ་མའི་རྣལ་འབྱོར།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-034
Wylie title mi pham 'jam pa'i dbyangs kyi nges pa don gyi bla ma'i rnal 'byor DKR-KABUM-02-KHA-034.pdf
Location dil mgo mkhyen brtse bka' 'bum
Volume 2, Text 34, Pages 162-167 (Folios 1a to 6a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People མི་ཕམ་རྒྱ་མཚོ་ (mi pham rgya mtsho)
Citation Khyentse, Dilgo. Mi pham 'jam pa'i dbyangs kyi nges pa don gyi bla ma'i rnal 'byor. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 162-167. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།དེ་སྐད་ནང་གི་འཇམ་དཔལ་ཨ་ཛི་ཏས། །བྱིན་རླབས་དྲོད་བཅུད་དད་པའི་ཆུ་སྐྱེས་ཀྱིས། །འཐུང་བའི་སྐལ་བཟང་ཐོབ་པ་མངྒ་ལ། །གཏད་མེད་རྒྱལ་ཁམས་ཉུལ་བའི་རྨོངས་པ་ལ། །ལུང་རྟོགས་སྦྲང་རྩིས་ཕྱུག་པའི་ངུར་སྨྲིག་འཛིན། །ཡང་དག་ཐོས་བསམ་སྒོམ་པའི་གུར་གུམ་ཕྲེང༌། །མགུལ་པར་འཆང་བའི་ཆོས་གྲོགས་སྡེ་སྣོད་སྨྲ། །ཀརྨ་ཕྲིན་ལས་ཉི་མས་བསྐུལ་བ་ལས། །ཁ་བཞི་ལྷོ་ཡི་སྨན་ལྗོངས་སྤ་གྲོའི་ཆར། །སྐྱེར་ཆུའི་གཙུག་ལག་ཁང་ནས་ལྷག་པའི་ལྷ། །སྒྲུབ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས། །གང་དྲན་ཡི་གེར་བྲིས་པའི་སྲིན་བུའི་རྗེས། །འདི་ལ་ལེགས་བྱས་ཞི་བསིལ་ཆ་མཆིས་ན། །འགྲོ་ཀུན་སྙིགས་མའི་རྒུད་པས་མིྃ་ཕམྃ་པ། །འཇྃམ་དཔྃལ་དཔའ་བོ་དགྱེས་པའི་རྣམ་ཐར་ཆེའི། །རྒྱྃ་མཚོྃར་གཅིག་ཏུ་འདྲེས་པའི་རྒྱུར་གྱུར་ཅིག །དགེའོ། མངྒ་ལཾ།།

/de skad nang gi 'jam dpal a dzi tas/__/byin rlabs drod bcud dad pa'i chu skyes kyis/__/'thung ba'i skal bzang thob pa mang+ga la/__/gtad med rgyal khams nyul ba'i rmongs pa la/__/lung rtogs sbrang rtsis phyug pa'i ngur smrig 'dzin/__/yang dag thos bsam sgom pa'i gur gum phreng*/__/mgul par 'chang ba'i chos grogs sde snod smra/__/karma phrin las nyi mas bskul ba las/__/kha bzhi lho yi sman ljongs spa gro'i char/__/skyer chu'i gtsug lag khang nas lhag pa'i lha/__/sgrub bka' brgyad kyi sgrub chen bgyis pa'i skabs/__/gang dran yi ger bris pa'i srin bu'i rjes/__/'di la legs byas zhi bsil cha mchis na/__/'gro kun snyigs ma'i rgud pas mi~M phama~M pa/__/'ja~Mm dpa~Ml dpa' bo dgyes pa'i rnam thar che'i/__/rgya~M mtsho~Mr gcig tu 'dres pa'i rgyur gyur cig___/dge'o/__mang+ga laM//

[edit]
༄༅། །མི་ཕམ་འཇམ་པའི་དབྱངས་ཀྱི་ངེས་པ་དོན་གྱི་བླ་མའི་རྣལ་འབྱོར་བཞུགས། །ཀུན་གཟིགས་འཇམ་པའི་རྡོ་རྗེ་དངོས། །མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱི། །ངེས་པ་དོན་གྱི་དགོངས་པ་དང༌། །འབྲེལ་བའི་བླ་མའི་རྣལ་འབྱོར་ནི། ན་མོ། །ཀུན་མཁྱེན་ཡེ་ཤེས་སྣང་བའི་ཉིན་བྱེད་ཀྱིས། །མིྃ་ཤེས་སྒྲིབ་པའི་སྦུབས་རྒྱ་བརྟོལ་ནས་ཀྱང༌། །བདུད་བཞི་ཕམྃ་མཛད་བླ་མ་འཇྃམ་པའི་དབྱངྃས། །རང་རིག་ལྷུན་རྫོགས་ཆེན་པོར་སྐྱབས་སུ་མཆི། །གཉིས་འཛིན་འཁྲུལ་པས་ནམ་ཡང་མིྃ་ཕམྃ་པའི། །སྲིད་ཞིའི་གཡུལ་ལས་རྣམྃ་རྒྱལྃ་མཉྫུ་ཤྲཱི། །སྲས་བཅས་རྒྱལ་བའི་རྣམ་ཐར་རྒྱྃ་མཚོྃའི་གཏེར། །འགྲོ་ཀུན་དབུགས་ཆེན་འབྱིན་ཕྱིར་སེམས་སྐྱེད་དོ། ཨ། །སྣང་སྲིད་ཀུན་བརྟགས་སྒྱུ་མའི འཁྲུལ་རྟོག་གིས། །མིྃ་སྒྲིབ་དག་ཆེན་སྐུ་དང་ཡེ་ཤེས་དལ། །མགོན་པོ་ཀུན་གཟིགས་ཞིང་གི་བཀོད་པ་ཡིས། །ལྷུན་རྫོགས་འོག་མིན་ཆེན་པོའི་གཞལ་ཡས་དབུས། །ཀུན་བཟང་སྒྱུ་འཕྲུལ་དྲ་བའི་མཆོད་སྤྲིན་གྱིས། །སྡུག་བསྔལ་ཀུན་འབྱུང་འཁྲུལ་སྣང་ཕམྃ་མཛད་ཅིང༌། །རྒྱལ་ཀུན་ཡབ་གཅིག་འཇྃམ་དཔྃལ་གཞོན་ནུ་ཡི། །ཟག་མེད་རྣམ་ཐར་གཅིག་འདུས་འཁོར་ལོའི་མགོན། །ཕྱོགས་ལས་རྣམྃ་རྒྱལྃ་མ་ཧཱ་པཎྜི་ཏ། །དཀར་གསལ་གཞོན་མཛེས་མཚན་དཔེའི་གཟི་བྱིན་བརྗིད། །ཁྲོ་འཛུམ་ལྷུན་ཆགས་སྣང་སྲིད་ཟིལ་གྱིས་གནོན། །ཕྱག་གཡས་ཆོས་འཆད་པད་སྡོང་བརྩེ་ཆེན་གྱིས། །འདབ་བརྒྱ་བཞད་པའི་ཟེའུ་འབྲུར་མཁྱེན་གཉིས་ཀྱི། །ཡེ་ཤེས་རལ་གྲིས་མིྃ་ཤེས་སྒྲིབ་པ་གཅོད། །གཡོན་པས་མཉམ་བཞག་སྡེ་སྣོད་གླེགས་བམ་བསྣམས། །ལུང་རྟོགས་ཆོས་སྒོ་འབྱེད་ལ་ཆགས་ཐོགས་བྲལ། །རྣམ་གསུམ་ཆོས་གོས་ངུར་སྨྲིག་རྒྱལ་མཚན་གྱིས། །མཐུ་སྟོབས་དཔལ་འབར་རྒོལ་ངན་བདུད་བཞི་ཕམྃ། །ཞབས་ཟུང་ཕྱེད་སྐྱིལ་པད་ཟླའི་སྟེང་འགྱིང་བས། །ཕྱོགས་ལས་རྣམྃ་རྒྱལྃ་ཆོས་ཀྱི་གྲགས་པ་དངོས། །མཐའ་ཡས་ཤེས་བྱ་གཟིགས་པའི་རྣམ་དཔྱོད་ཀྱིས། །ཆོས་རབ་རྣམ་འབྱེད་པཎ་ཞུ་དབང་མདོག་གསོལ། །མཁའ་ཁྱབ་ཡེ་ཤེས་སྐུ་ནི་གཞོམ་གཞིག་བྲལ། །སྣང་སྟོང་རྡོ་རྗེ་རྣོན་པོའི་གཟི་བྱིན་ལས། །རབ་འབྱམས་སྲས་བཅས་རྒྱལ་ཀུན་སྤྲོ་བསྡུས་བདག །འཇྃམ་དཔྃལ་དགྱེསྃ་པའིྃ་རངྃ་མདངྃས་ཞིང་ཀུན་གསལ། །འགག་མེད་གསུང་གསང་ཟབ་རྒྱས་རྡོ་རྗེའི་སྒྲ། །མཚོྃ་བྱུངྃ་དབྱངས་ཀྱི་རྒྱལ་མོའི་མགྲིན་གླུ་བཞིན། །ཐུན་མོང་ཐུན་མིན་ཆོས་སྒོ་འབྱམས་ཀླས་པས། །ཕན་བདེའི་ལང་ཚོ་བཞྃད་པའིྃ་གེྃ་སརྃ་མཛེས། །ཁྱོད་ཐུགས་མིྃ་ཤེས་ནོངས་པས་མ་ཕམྃ་དབྱིངས། །འོདྃ་གསྃལ་ཁྱབ་གདལ་རྡོྃ་རྗེྃ་ནམ་མཁའི་དཀྱིལ། །དངོས་མཚན་ལས་འདས་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་སེམས་དཔའི་ངོ་བོར་དགྱེས་དགུར་བཞུགས། །ཟག་མེད་ཡོན་ཏན་བྲལ་སྨིན་མཐར་སོན་པས། །སངས་རྒྱས་ཀུན་གྱི་མཛད་པ་ཁྱོད་ལ་རྫོགས། །ཆེྃ་བའི་ཆེ་མཆོྃག་བླ་མ་རིན་པོ་ཆེ། །སྐུ་ལྔ་ལྷུན་རྫོགས་དགྱེྃས་པསྃ་རོལ་བར་མཛད། །ནམ་མཁའ་ཇི་སྲིད་མཁའ་ཁྱབ་འགྲོ་བའི་སླད། །གང་འདུལ་ཕྲིན་ལས་མ་འགག་དེར་སྣང་བས། །སྐྱོན་བྲལ་པྃདྨྃ་བཞད་པའི་ཐུགས་བསྐྱེད་ནི། །རྒྱལ་ཀུན་དགྱེས་པའི་ཕྲིན་ལས་མཛད་པའི་མགོན། །ངེས་པའི་དོན་དུ་སྲིད་ཞི་གཉིས་མེད་ཚུལ། །ཟབ་གསང་བསམ་མི་ཁྱབ་པའི་དབྱིངས་སིམ་ཀྱང༌། །རྣམ་རོལ་མ་འགག་དད་མོས་རབ་ཡངས་མཁར། །དྲན་པས་གདུང་སེལ་བླ་མ་ལྷམ་མེར་གསལ། །ཡེ་ཤེས་གསང་བས་སྲིད་ཞི་མཉམ་པར་བརྡལ། །གང་འདུལ་མཛད་པའི་བྱིན་རླབས་ཐུགས་རྗེ་མྱུར། །ངེས་དོན་བླ་མ་ཡེ་ཤེས་སྐུ་ཅན་ལ། །ཡིད་ཆེས་རང་ངོ་ཤེས་པས་ཕྱག་འཚལ་ལོ། །ཁྱེད་ནི་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང༌། །དགྱེས་པའི་སྒྱུ་འཕྲུལ་ནམ་ཡང་འཕོ་འགྱུར་བྲལ། །ཅི་སྣང་ཡེ་ཤེས་སྒྱུ་མ་རོལ་པ་ཡི། །མཆོད་པ་དམ་པའི་སྲིད་ཞུའི་བསྙེན་བཀུར་བགྱིད། །མ་རྟོགས་གཉིས་སུ་སྣང་བའི་ལས་ཉོན་གྱིས། །མིྃ་ཕམྃ་ཡེ་ཤེས་གཅིག་གི་ངོ་བོའི་ཀློང༌། །འཁོར་འདས་ཀ་ནས་དག་པའི་ལྟ་གདིང་གིས། །འགྱོད་ཚངས་ཆེན་པོར་རང་ཤར་རང་གྲོལ་འབུལ། །ཆོས་ཀྱི་དབྱིངས་དང་མཉམ་པའི་སྐུ་ཡེ་ཤེས། །ཟག་མེད་གསང་བ་མི་ཟད་རྒྱན་གྱི་དབྱིངས། །སོ་སོ་རང་གིས་རིག་པའི་སྤྱོད་ཡུལ་ཅན། །ཡུལ་མེད་མཉམ་པས་རྗེས་སུ་ཡི་རང་ངོ༌། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒོ་བསམ་ཡས། །སོ་སོ་ཡང་དག་རིག་བཞིའི་བློྃ་གྲོསྃ་ཀྱིས། །འབྱེད་པས་དྲིྃ་མེདྃ་རྒྱལ་པའི་དགོངས་པའི་མཐིལ། །རྟོགས་བྱེད་ཆོས་འཁོར་བསྐོར་བར་སྙིང་ནས་བསྐུལ། །དོན་དམ་དབྱིངས་སུ་སྐྱེ་འཆི་ལས་འདས་ཀྱང༌། །ཀུན་རྫོབ་སྤྲུལ་པའི་རོལ་པ་མཁའ་ཁྱབ་ཏུ། །སྤྲོ་མཛད་རྣམ་བཅས་འཇམ་དཔལ་གཞོན་ནུའི་ཚུལ། །འགྲོ་འདིའི་སྣང་ངོར་མི་འགོག་སྟོན་པར་བསྐུལ། །དུས་གསུམ་ལེགས་བྱས་རྣམ་དཀར་ཟླ་བའི་འཛུམ། །ཆོས་ཉིད་ཀུན་གསལ་དབྱིངས་སུ་ཆེས་གསལ་བས། །སྲིད་ཞིའི་གདུང་སེལ་དགེ་ལེགས་ཀུ་མུ་དཱས། །མཛེས་པས་ཚོགས་གཉིས་ཆ་ཤས་ཡོངས་རྫོགས་ཤོག །མིྃ་ཕམྃ་མགོན་པོའི་དགོངས་དོན་མངོན་སུམ་རྟོགས། །འཇྃམ་པའི་དབྱངྃས་བཞིན་ཤེས་བྱ་ཀུན་ལ་མཁས། །ཕྱོགས་ལས་རྣམྃ་རྒྱལྃ་ཆོས་ཀྱི་གྲགས་པ་བཞིན། །སྙན་པས་རྒྱྃ་མཚོྃའི་གོས་ཁྱབ་གསོལ་བ་འདེབས། །སྲས་དང་བཅས་པའི་རྒྱལ་བ་བསྐལ་བའི་བར། །མཆོད་ལས་བླ་མའི་གསང་གསུམ་ཆ་ཤས་ཙམ། །རྗེས་སུ་དྲན་པས་རྣམ་གྲོལ་འབྲས་སྦྱིན་པའི། །མདོ་རྒྱུད་ལུང་གིས་བསྔགས་བཞིན་གསོལ་བ་འདེབས། །སྣ་ཚོགས་ཐེག་པས་སྒྲུབ་བྱ་མཐར་ཐུག་ནི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉག་གཅིག་སྟེ། །དེ་ཉིད་བླ་མར་ཤར་བ་འཇམ་པའི་དབྱངས། །སངས་རྒྱས་ཀུན་གྱི་ཡབ་གཅིག་གསོལ་བ་འདེབས། །དུས་མཐར་ལྷ་མཆོག་ཀུན་ལས་འཇམ་པའི་དབྱངས། །འགྲུབ་ཐག་ཉེ་བར་རྒྱལ་བས་ལུང་ལས་བསྔགས། །དེ་ཉིད་བླ་མར་ཤར་བ་ཁྱོད་ཉིད་ཕྱིར། །ཁྱེད་ཤེས་དད་པའི་ངང་ནས་གསོལ་བ་འདེབས། །རྣམ་པ་མོས་གུས་སྐྱ་རེང་གིས་བསུས་ཀྱང༌། །ངོ་བོ་ཁྱོད་ཉིད་རང་རིག་དབྱིངས་སུ་བཞུགས། །གནས་ལུགས་ཇི་བཞིན་རྟོགས་ཕྱིར་གསོལ་འདེབས་ན། །དགོངས་བརྒྱུད་འཕོ་བ་ཆེན་པོའི་དབང་བསྐུར་སྩོལ། །ཆོས་ཉིད་ཇི་བཞིན་རྟོགས་པས་འཇམ་མཉེན་ཞིང༌། །ཆོས་ཅན་གཟུངས་སྤོབས་འཕྲུལ་གྱི་ལྡེའུ་མིག་རྣོ། །ཟུང་འཇུག་སྡེ་སྣོད་རྒྱུད་སྡེའི་ཟབ་རྒྱས་དབྱངས། །སྒྲོག་མཛད་དཔྲལ་བའི་མིག་གཅིག་གསོལ་བ་འདེབས། །ཟབ་མོ་བརྒྱད་ལྡན་མིྃ་ཕམྃ་མགོན་པོའི་སྲོལ། །ཤེས་བྱ་ཀུན་གཟིགས་ཀླུ་སྒྲུབ་དགོངས་པའི་སྲོག །འཇྃམ་པའི་དབྱངྃས་དངོས་ཁྱོད་ཀྱིས་ཟུང་འཇུག་ཏུ། །སྒྲུབ་པའི་དགོངས་དོན་རྟོགས་ཕྱིར་གསོལ་བ་འདེབས། །ཚུལ་དེ་འཛིན་ལ་ལོག་སྨྲ་ཚར་གཅོད་དང༌། །བློ་ལྡན་རྗེས་འཛིན་ཐ་སྙད་རིག་ལམ་སྒོ། །སྟོན་ལ་ཆོས་ཀྱི་གྲགས་དང་ཕྱོགས་གླང་བཞིན། །ཕྱོགྃས་ལསྃ་རྣམྃ་རྒྱལྃ་དཔའ་བོར་གསོལ་བ་འདེབས། །ཁྱད་པར་སྔ་འགྱུར་བཀའ་གཏེར་ཟུང་འཇུག་གི །ཐེག་མཆོག་སེང་གེའི་སྒྲ་སྒྲོག་ཀུན་མཁྱེན་རྗེ། །སླར་ཡང་བྱོན་པའི་དོན་ལྡན་གྲགས་སྙན་རྔས། །ཕྲིན་ལས་རྒྱ་མཚོའི་མཐར་ཁྱབ་གསོལ་བ་འདེབས། །ངན་རྟོག་གྱ་གྱུའི་ཡང་དག་རིག་ལམ་སྒྲིབ། །ཚུལ་མིན་སྨྲ་བའི་འབྱུང་བྱས་ཅ་ཅོ་འབྱིན། །ཆོས་ལྟར་བཅོས་པའི་མུན་སྤྲུལ་བསལ་མཛོད་ཅེས། །གདུང་ཤུགས་མཆི་མ་འཁྲུགས་པས་གསོལ་འདེབས་ན། །ཡེ་ཤེས་ཀློང་ནས་དགོངས་པའི་རྩལ་བསྐྱེད་ལ། །བྱིན་རླབས་མེ་ལྕེས་སྲིད་པའི་ཚང་ཚིང་བསྲེགས། །རྒྱལ་བ་དགྱེས་པའི་ཤིང་རྟའི་ལམ་སྲོལ་ལ། །བདག་གཞན་འགྲོ་ཀུན་འཇུག་ནུས་བྱིན་གྱིས་རློབས། །འོད་གསལ་ཡེ་ཤེས་ཆེན་པོའི་སྣང་བ་ཡིས། །གློ་བུར་འཁྲུལ་པའི་མུན་ཁང་བརྟོལ་ནས་ཀྱང༌། །རྟོག་བྲལ་ཆོས་སྐུའི་དགོངས་བརྒྱུད་མངོན་གྱུར་ནས། །མགོན་པོ་ཁྱོད་དང་མཉམ་པར་བྱིན་གྱིས་རློབས། །མོས་གུས་ཤུགས་ཀྱིས་བླ་མའི་ཐུགས་རྗེ་གཡོས། །སྐུ་བཞིའི་ཕྱི་ནང་གསང་བའི་དཀྱིལ་འཁོར་ནས། །རྡོ་རྗེའི་ཡེ་ཤེས་བཞི་ཡི་རྣམ་རོལ་གྱིས། །དབང་བཞིའི་མངོན་རྟོགས་གཅིག་ཆར་བསྩལ་བར་གྱུར། །སྣང་སྟོང་སྒྱུ་མ་ཆེན་པོའི་སྐུ་རྡོ་རྗེ། །ཡེ་ཤེས་ལུས་ཅན་འཇམ་དཔལ་དེ་བཞིན་གཤེགས། །སྣང་བཅས་སྲིད་ཞི་ཁྱབ་པའི་བླ་མ་ནི། །དངོས་མཚན་ལས་འདས་བུམ་དབང་གྲུབ་མཐའ་སྙེགས། །གྲགས་སྟོང་རྡོ་རྗེ་ནཱ་དའི་རོལ་མོ་ནི། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལྟར་བསྒྲགས་ཀྱང༌། །ངེས་དོན་བརྗོད་བྲལ་གཞོམ་མེད་དབྱིངས་ཀྱི་སྲོག །ཟབ་ཞི་སྤྲོས་བྲལ་ཆོས་སྐུ་གཅིག་ཏུ་ཟླུམ། །བདེ་སྟོང་འཕོ་འགྱུར་མེད་པའི་གཤིས་ལུགས་ནི། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་བཙུན་མོའི་བྱིན། །ཟུང་འཇུག་དཔེ་དོན་འདྲེན་པའི་ཡེ་ཤེས་ཀྱིས། །ལྷན་ཅིག་སྐྱེས་པའི་དེ་ཉིད་མངོན་གྱུར་ཤོག །གཞི་གྲོལ་འཇམ་དཔལ་དང་པོའི་སངས་རྒྱས་གཤིས། །རྒྱུ་རྐྱེན་ལས་འདས་རང་བྱུང་ཡེ་ཤེས་ཀློང༌། །ཡིད་དཔྱོད་མཚན་རྟོག་བྲལ་བའི་ཆོས་ཉིད་ཆེར། །བསྐུར་ཐོབ་བྲལ་བའི་དབང་གི་དོན་རྟོགས་ནས། །དུས་གསུམ་ནམ་ཡང་འཁྲུལ་པས་མིྃ་ཕམྃ་ཞིང༌། །ཡེ་ཤེས་སྐུ་གཅིག་འཇྃམ་དཔྃལ་གདོད་མའི་གཤིས། །རྒྱལ་བ་དགྱེས་པའི་མགོན་པོ་ཁྱོད་ཉིད་དང༌། །གཉིས་མེད་རྟེན་འདིར་མངོན་པར་བྱང་ཆུབ་ཤོག །རྡོྃ་རྗེྃའི་ཡེ་ཤེས་སྣང་བ་ཆེས་གསལ་བས། །སྣང་སྲིད་བདེ་ཆེན་ཟག་མེད་དཔལ་གྱིས་འབྱོར། །མགོན་པོ་སྲས་བཅས་རྒྱལ་བའི་གསང་བ་ལ། །འགྲོ་ཀུན་ལོངས་སུ་སྤྱོད་པའི་བཀྲ་ཤིས་ཤོག །དེ་སྐད་ནང་གི་འཇམ་དཔལ་ཨ་ཛི་ཏས། །བྱིན་རླབས་དྲོད་བཅུད་དད་པའི་ཆུ་སྐྱེས་ཀྱིས། །འཐུང་བའི་སྐལ་བཟང་ཐོབ་པ་མངྒ་ལ། །གཏད་མེད་རྒྱལ་ཁམས་ཉུལ་བའི་རྨོངས་པ་ལ། །ལུང་རྟོགས་སྦྲང་རྩིས་ཕྱུག་པའི་ངུར་སྨྲིག་འཛིན། །ཡང་དག་ཐོས་བསམ་སྒོམ་པའི་གུར་གུམ་ཕྲེང༌། །མགུལ་པར་འཆང་བའི་ཆོས་གྲོགས་སྡེ་སྣོད་སྨྲ། །ཀརྨ་ཕྲིན་ལས་ཉི་མས་བསྐུལ་བ་ལས། །ཁ་བཞི་ལྷོ་ཡི་སྨན་ལྗོངས་སྤ་གྲོའི་ཆར། །སྐྱེར་ཆུའི་གཙུག་ལག་ཁང་ནས་ལྷག་པའི་ལྷ། །སྒྲུབ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་བགྱིས་པའི་སྐབས། །གང་དྲན་ཡི་གེར་བྲིས་པའི་སྲིན་བུའི་རྗེས། །འདི་ལ་ལེགས་བྱས་ཞི་བསིལ་ཆ་མཆིས་ན། །འགྲོ་ཀུན་སྙིགས་མའི་རྒུད་པས་མིྃ་ཕམྃ་པ། །འཇྃམ་དཔྃལ་དཔའ་བོ་དགྱེས་པའི་རྣམ་ཐར་ཆེའི། །རྒྱྃ་མཚོྃར་གཅིག་ཏུ་འདྲེས་པའི་རྒྱུར་གྱུར་ཅིག །དགེའོ། མངྒ་ལཾ།། །།

Footnotes

Other Information