འཛིན་པ་རང་གྲོལ་ཆ་ལག་ལསཿ མཚོ་རྒྱལ་དཀར་མོའི་སྒྲུབ་ཐབསཿ

From Khyentse Lineage - A Tsadra Foundation Project
Revision as of 10:15, 13 June 2024 by Mort (talk | contribs)
Wylie title 'dzin pa rang grol cha lag las mtsho rgyal dkar mo'i sgrub thabs DKYD-DZINDROL-013.pdf
Location mdo mkhyen brtse 'dzin grol
Volume 1, Text 13, Pages 63-75 (Folios 1a1 to 7a6)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Associated People ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal)
Citation Mdo mkhyen brtse. 'dzin pa rang grol cha lag las mtsho rgyal dkar mo'i sgrub thabs. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 63-75. Delhi: Shechen Publications, 2020.
Genre Sadhanas - Evocation Ritual - sgrub thabs
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

ཨེ་མ་ཧོཿ བདག་འདྲ་དུས་མཐའི་གཏེར་མིང་འཛིན་པ་འཁྲུལ་ཞིག་འཇའ་ལུས་རྡོ་རྗེས་བརྡ་རིས་ལས་ས་སྤྲེལ་ལོར་ཤར་བཞིན་ལོ་བདུན་གསང་རྒྱ་བྱས་ནས། སླར་ཤིང་ཁམས་སྟག་གི་ལོར་ཆོས་བདག་ཌཱཀྐི་མའི་སྐུ་འཕྲང་བསལ་ཞིང་འགྲོ་དོན་གྱི་སྣ་ཁ་འགྱེད་ཕྱིར་དུས་རྟགས་མངོན་གྱུར་སྐབས་སུ་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོ། །འདི་ཡིས་འགྲོ་དོན་ཉི་འོག་ཁྱབ་གྱུར་ཅིག །དགེའོ། །ཨ་ལ་ལ།། །།

e ma ho:_bdag 'dra dus mtha'i gter ming 'dzin pa 'khrul zhig 'ja' lus rdo rjes brda ris las sa sprel lor shar bzhin lo bdun gsang rgya byas nas/_slar shing khams stag gi lor chos bdag DAk+ki ma'i sku 'phrang bsal zhing 'gro don gyi sna kha 'gyed phyir dus rtags mngon gyur skabs su dag par phab pa'i yi ge'i 'du byed slob bu rig pa'i ye shes kyis bgyis pa'o/_/'di yis 'gro don nyi 'og khyab gyur cig_/dge'o/_/a la la//_//

[edit]

༄། །དྷཱ ར ཡ མུ ཀྟ བེ ཤ ནྟ ས ར ཛི ན ཀཱ ལཱི སཱ ད ན བི ཧ ར ཏི སྨ ། །

ྈ འཛིན་པ་རང་གྲོལ་ཆ་ལག་ལསཿ མཚོ་རྒྱལ་དཀར་མོའི་སྒྲུབ་ཐབས་བཞུགསཿ

ཌཱཀྐིའི་མེས་པོ་ཧེ་རུ་ཀཿ པདྨ་ཐོད་ཕྲེང་རྩལ་ལ་འདུདཿ དབྱིངས་ན་བདེ་ཆེན་དཀར་མོ་ནིཿ པོ་ཊ་ལ་རུ་ཀུན་གྲོལ་མཿ གུ་རུའི་དྲུང་དུ་མཚོ་རྒྱལ་ཡུམཿ སླར་ཡང་ཤེས་རབ་ཕར་ཕྱིན་མའིཿ དགོངས་དོན་འཛིན་པ་རང་གྲོལ་ཆོསཿ ཟབ་མོ་བདུད་ཀྱི་གཅོད་ཡུལ་ཞེསཿ བོད་རྒྱར་ཉི་ལྟར་གསལ་མཛད་མཿ ལབ་ཀྱི་སྒྲོན་མ་སྒྲུབ་པའི་ཐབསཿ གུ་རུའི་ཐུགས་ཀྱི་བུམ་བཟང་བསྟནཿ རང་ལུས་དཀྱིལ་ལ་ཕྱི་སྣོད་འཁོརཿ ཡུལ་དྲུག་འདོད་ཡོན་མཆོད་པའི་རྫསཿ བཟའ་བཏུང་ཚོགས་ཀྱི་འཁོར་ལོ་འོཿ ཨེ་མ་ཧོཿ རྣམ་དག་མཁའ་དབྱིངས་འོད་ཀྱི་གཞལ་ཡས་ཁངཿ རྒྱན་བཀོད་ཕུན་ཚོགས་དབུས་སུ་པདྨ་འབྱུངཿ ཉི་མ་འོད་ཟེར་ཧེ་རུ་ཀཿཡི་ཆསཿ སངས་རྒྱས་བྱང་སེམས་རྩ་གསུམ་མཁའ་འགྲོས་བསྐོརཿ བདག་དང་ཕ་མ་དགྲ་གདོན་སེམས་ཅན་ཀུནཿ ས་གཞིའི་ཉི་རྡུལ་འཁྲིགས་བཞིན་དད་གུས་ཀྱིསཿ ན་མོཿ སྐྱེ་བ་མེད་པ་ཆོས་ཀྱི་སྐུཿ མི་གནས་མཉམ་ཉིད་ལོངས་སྤྱོད་རྫོགསཿ མ་འགགས་རང་གསལ་སྤྲུལ་པའི་སྐུཿ རྩ་བ་གསུམ་ལ་སྐྱབས་སུ་མཆིཿ སྐྱབས་འགྲོ་ལན་གསུམ་སེམས་བསྐྱེད་ནིཿ ཀྱེ་མཿ མ་རིག་ལས་ཉོན་མཐུས་བསྐྱེད་པའིཿ གཟུང་འཛིན་ཨ་འཐས་འཁྲུལ་པའི་འགྲོོཿ ཡེ་ཤེས་རང་ངོ་ཤེས་པའི་ཕྱིརཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོཿ ལན་གསུམ་ཡན་ལག་བཅུ་པ་ནིཿ ན་མོཿ དབྱིངས་ཀྱི་ལྷ་ཚོགས་སྤྱན་འདྲེན་གཤེགསཿ སྤྲུལ་པའི་གནས་འདིར་དགྱེས་པར་བཞུགསཿ འགྲོ་ཀུན་ལུས་བཏུད་གུས་ཕྱག་འཚལཿ སྟོང་གསུམ་རབ་འབྱམས་མཆོད་ཚོགས་འབུལཿ རང་ངོ་མ་ཤེས་མཐོལ་ལོ་བཤགསཿ འགྲོ་དོན་མཛད་ལ་རྗེས་ཡི་རངསཿ ཕར་ཕྱིན་ཆོས་འཁོར་བསྐོར་བར་སྐུལཿ སེམས་ཅན་དོན་དུ་བཞུགས་གསོལ་འདེབསཿ དུས་གསུམ་དགེ་ཚོགས་ཅི་བསགས་པཿ མར་གྱུར་སེམས་ཅན་དོན་དུ་བསྔོཿ ?2x ཕྱི་སྣོད་ནང་བཅུད་བྱིན་རླབས་ནིཿ ཨོཾ་ཨཱཿཧཱུྃཿ བྱིན་རླབས་ཡ་མཚན་མཆོག་གི་གནསཿ པདྨ་འོད་ཀྱི་གཞལ་ཡས་ནསཿ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷཿ ཁྱད་པར་པདྨ་ཐོད་ཕྲེང་རྩལཿ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ བྱིན་ཆེན་ཕོབ་ལ་དངོས་གྲུབ་སྩོལཿ ཕྱི་སྣོད་བདེ་ཆེན་རོལ་པའི་ཞིངཿ ནང་བཅུད་མཁའ་འགྲོ་སྡེ་ལྔའི་ངངཿ ཡུལ་དྲུག་མཆོད་པའི་ལྷ་མོའི་སྤྲིནཿ སྲིད་གསུམ་རྣམ་དག་ཞིང་དུ་གྱུརཿ ཨོཾ་དྷརྨ་སམྦྷོ་ནིརྨཱ་ཀཱ་ཡ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾཿ སརྦ་ས་མ་ཡ་ཛཿ དངོས་གཞི་བསྐྱེད་པའི་རིམ་པ་ནིཿ ཨཿ ཆོས་དབྱིངས་ཡེ་ཤེས་རིག་པའི་ཀློངཿ མེ་ལོང་ཡེ་ཤེས་སྤྲོས་དང་བྲལཿ མཉམ་ཉིད་ཡེ་ཤེས་སྙིང་རྗེ་ཤརཿ སོར་རྟོགས་ཡེ་ཤེས་རང་རིག་ཨཿ བྱ་བ་གྲུབ་པའི་ཡེ་ཤེས་ལསཿ བདག་ཉིད་ཡེ་ཤེས་མཁའ་འགྲོ་མཿ དཀར་གསལ་དུང་གི་རི་བོ་ལཿ ཉི་ཟེར་འཁྱུད་ལྟའི་འོད་ཟེར་འབརཿ ཞལ་གཅིག་མཛེས་འཛུམ་ཆགས་པའི་ཉམསཿ སྤྱན་ཟུང་ཐུགས་རྗེས་འགྲོ་ལ་གཟིགསཿ ཞལ་ནས་ཆོས་ཉིད་ཉམས་དབྱངས་ལེནཿ ཕྱག་གཉིས་གཡས་པས་ཌཱ་མ་རུཿ བྷནྡྷ་ལྟག་སྤྲོད་ནམ་མཁར་འཁྲོལཿ སྐུ་གསུམ་ཞིང་གི་ཐུགས་རྒྱུད་བསྐུལཿ གཡོན་པས་གསེར་གྱི་དྲིལ་བུ་འཁྲོལཿ ལྷ་འདྲེ་མི་གསུམ་དབང་མེད་འགུགཿ ཞབས་ཟུང་དཔའ་མོའི་གར་སྟབས་བསྒྱུརཿ ནུ་མ་འབུར་ཞིང་བྷ་ག་རྒྱསཿ སྐུ་ལུས་བཀྲག་དང་གཟི་བརྗིད་འབརཿ དབུ་སྐྲ་ཐོར་ཚུགས་དར་སྣས་བཅིངསཿ ལྷག་མ་སིལ་མས་སྐུ་རྒྱབ་ཁེབསཿ རུས་པའི་རྒྱན་དྲུག་རིན་པོ་ཆེའིཿ རྒྱན་ཆ་དུ་མས་རབ་ཏུ་སྤྲསཿ འཇའ་ཚོན་དར་གྱི་འཕྱང་འཕྲུལ་གཡོཿ བུདྡྷ་རིགས་ཀྱི་ཌཱཀྐི་མཿ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མཐིངཿ གྲི་གུག་གཡས་ལ་ལྕགས་ཀྱུ་གཡོནཿ ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་སེརཿ ཞིང་ལྤགས་གཡས་ལ་ཞགས་པ་གཡོནཿ ནུབ་ཕྱོགས་པདྨ་ཌཱཀྐི་དམརཿ ལྕགས་སྒྲོག་གཡས་ལ་བྷནྡྷ་གཡོནཿ བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་ལྗངཿ རལ་གྲི་གཡས་ལ་དྲིལ་བུ་གཡོནཿ རིགས་བཞི་མཁའ་འགྲོ་སོ་སོ་ཡིཿ རུས་རྒྱན་དུར་ཁྲོད་ཆས་ཀྱིས་བརྒྱནཿ ལྔ་ཀའང་རང་རང་རིགས་མཐུན་གྱིཿ འབུམ་ཕྲག་འབུམ་ཕྲག་འཁོར་གྱིས་བསྐོརཿ བྷནྡྷ་གཡང་གཞི་རྐང་གླིང་དངཿ གྲི་གུག་ཐོད་རྔ་ཅང་དྲིལ་འཛིནཿ སྟེང་ཕྱོགས་བམ་ཆེན་རོ་ཡི་སྟེངཿ དམ་པ་རྒྱ་གར་ནག་ལ་སྣུམཿ གཟི་བརྗིད་འོད་ཟེར་ཕྱོགས་བཅུར་འཕྲོསཿ ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལཿ དཔའ་བོ་མཁའ་འགྲོ་འདར་ཞིང་འདུཿ གཡོན་པས་མི་རྐང་གླིང་བུའི་སྒྲསཿ ལྷ་འདྲེ་མི་གསུམ་བརྒྱལ་ཞིང་འགུགསཿ གྲུབ་ཐོབ་རྒྱ་མཚོའི་དབུས་སུ་བཞུགསཿ སྤྱི་བོར་རིགས་བདག་ཐོད་ཕྲེང་རྩལཿ ཤཱཀྱ་སེང་གེའི་རྣམ་པར་བཞུགསཿ གཞན་ཡང་རྩ་གསུམ་རིག་འཛིན་ཚོགསཿ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་གསལཿ སྲིད་གསུམ་ཡེ་ནས་རྣམ་དག་ཞིངཿ མ་དག་འཁྲུལ་པའི་སྣང་བ་ཀུནཿ རྨི་ལམ་སད་བཞིན་དག་ཅིང་གསལཿ སྤྱན་འདྲེན་པ་ནིཿ ཨོཾ་ཨཱཿཧཱུྃཿ འདུས་མ་བྱས་པ་ཆོས་ཀྱི་དབྱིངསཿ རིག་པ་ཡེ་ཤེས་ཀློང་ཡངས་ནསཿ པདྨ་འབྱུང་གནས་སྤྲུལ་པའི་སྐུཿ ཤཱཀྱ་སེང་གེ་གཤེགས་སུ་གསོལཿ བརྟུལ་ཞུགས་རོ་སྙོམས་ལོངས་སྤྱོད་རྫོགསཿ འདོད་ཡོན་མ་སྤངས་རྒྱན་དུ་ཤརཿ འཛིན་པ་རང་སར་གྲོལ་བ་ཡིཿ དམ་པ་རྒྱ་གར་གཤེགས་སུ་གསོལཿ ཐུགས་རྗེའི་འགྲོ་འདུལ་སྤྲུལ་པའི་སྐུཿ སྙིང་སྟོབས་བཟོད་པའི་གོ་ཆ་ཅནཿ འགྲོ་དྲུག་འདྲེན་པའི་མཁའ་འགྲོ་མཿ བུདྡྷ་ཌཱཀྐི་གཤེགས་སུ་གསོལཿ ལས་བཞི་ལྷུན་གྲུབ་རྫོགས་སངས་རྒྱསཿ སྣ་ཚོགས་སྤྲུལ་པས་འགྲོ་དོན་མཛདཿ འཁྲུལ་པ་དབྱིངས་སུ་བསལ་མཛད་པའིཿ རིགས་བཞིའི་ཌཱཀྐི་གཤེགས་སུ་གསོལཿ འགྲོ་དྲུག་ལུས་ངག་ཡིད་གསུམ་ལཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབསཿ བྱིན་ཆེན་ཕོབ་ལ་དབང་མཆོག་སྐུརཿ ཁྱོད་དང་དབྱེར་མེད་འདྲེས་གྱུར་ཅིགཿ གུ་རུ་དྷེ་ཝ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནཱི་ཨཱ་བེ་ཤ་ཡ་ཕེཾ་ཕེཾཿ སརྦ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧོཿ བཞུགས་གསོལ་ཕྱག་འཚལ་བ་ནིཿ ཧོཿ ཡེ་ནས་དམ་ཡེ་དབྱེར་མེད་ཀྱངཿ རྣམ་རྟོག་བསལ་ཕྱིར་དབྱེར་མེད་འདྲེསཿ ཁམས་གསུམ་སེམས་ཅན་དད་གུས་ཀྱིསཿ ཕྱག་འཚལ་རང་ངོ་ཤེས་པར་ཤོགཿ ཏིཥྛ་ལྷནཿ ན་མོ་ན་མ་ཧོཿ འདོད་ཡོན་རོལ་མཆོད་ནིཿ ཨོཾ་ཨཱཿཧཱུྃཿ སྟོང་གསུམ་སྟོང་གི་འཇིག་རྟེན་ནཿ གཟུགས་སྒྲ་དྲི་རོ་རེག་བྱ་ཆོསཿ གཞན་ཡང་མཆོད་པའི་བྱེ་བྲག་ཚོགསཿ ལྷ་མིའི་བཟའ་བཏུང་ལོངས་སྤྱོད་གཏེརཿ རྟགས་བརྒྱད་སྣ་བདུན་སྲིད་ཞིའི་དཔལཿ གསང་བ་བྱང་ཆུབ་སེམས་ཀྱི་སྤྲིནཿ དགའ་བ་བཞི་ཡི་ཡེ་ཤེས་རོཿ མ་རིག་ཉོན་མོངས་བསྒྲལ་པའི་ཁྲགཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོདཿ ཨོཾ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ བསྟོད་ཅིང་གསོལ་བ་གདབ་པ་ནིཿ ཨེ་མ་ཧོཿ ཆོས་སྐུའི་ཞིང་དུ་བདེ་ཆེན་ཀུན་ཏུ་བཟངཿ ལོངས་སྤྱོད་རྫོགས་སྐུར་བཛྲ་བྷ་རཱ་ཧཱིཿ ཐུགས་རྗེའི་སྤྲུལ་བསྒྱུར་སངས་རྒྱས་པདྨའི་ལྕམཿ རྟོགས་གྲོལ་དུས་མཉམ་མཁར་ཆེན་བཟའ་ལ་བསྟོདཿ ཟག་བཅས་འོད་ལུས་འབྱུང་བཞིའི་དགྲས་མི་ཚུགསཿ ཚངས་དབྱངས་གསུང་གིས་འགྲོ་ཁམས་དབང་དུ་བསྡུཿ སྟོང་ཉིད་སྙིང་རྗེས་གདུལ་བྱའི་རེ་སྐོང་མཿ མ་ཅིག་ཡེ་ཤེས་ཌཱཀྐི་མ་ལ་བསྟོདཿ རྡོ་རྗེ་མཁའ་འགྲོས་འཁོར་བ་དོང་ནས་སྤྲུགཿ རིན་ཆེན་མཁའ་འགྲོས་གདུལ་བྱའི་རེ་བ་སྐོངཿ པདྨ་མཁའ་འགྲོས་ཁམས་གསུམ་དག་ཞིང་འདྲེནཿ ལས་ཀྱི་མཁའ་འགྲོས་སྣ་ཚོགས་འགྲོ་དོན་སྤྱོདཿ དམ་པ་ནག་པོས་གཟུང་འཛིན་དབྱིངས་སུ་གཅོདཿ ཤཱཀྱ་སེང་གེས་ཡུམ་དོན་རང་ངོ་སྤྲོདཿ སྣང་སྲིད་ལྷ་འདྲེས་ས་ལམ་བར་ཆད་སེལཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོདཿ མ་ཅིག་མི་མིན་ཡེ་ཤེས་མཁའ་འགྲོ་མཿ མ་བུའི་ཚུལ་དུ་སེམས་ཅན་དོན་མཛད་ཅིངཿ མ་དག་འཁོར་བའི་ལོག་སྒྲུབ་སྐྱོ་ངལ་བཟོདཿ མ་རིག་སེམས་ཅན་རིག་པའི་དོན་རྟོགས་མཛདཿ མ་ཅིག་དྲིན་མོ་ཆེ་ལ་གསོལ་བ་འདེབསཿ མ་ཡི་དགོངས་སྤྱོད་ཐུགས་བསྐྱེད་ཇི་ལྟ་བཿ མ་ཡི་ཐུགས་རྗེས་བདག་ལ་འཕོས་ནས་ཀྱངཿ མ་དག་འཁོར་བའི་རྒྱ་མཚོ་མ་སྟོངས་བརཿ མ་ཡི་རྒྱལ་ཚབ་དམ་པར་བདག་འགྱུར་ཤོགཿ བསྙེན་སྒྲུབ་ཆིག་དྲིལ་བཟླས་པ་བྱ་བ་ནི། ཙིཏྟ་རིན་ཆེན་འོད་ཀྱི་གུར་ཁང་ནངཿ པདྨ་ཉི་ཟླའི་གདན་ལ་ཡེ་ཤེས་སེམསཿ ཤེས་རབ་ཕར་ཕྱིན་ཞལ་གཅིག་ཕྱག་བཞི་མཿ གསེར་རྡོར་གླེགས་བམ་མཉམ་གཞག་རྡོར་སྐྱིལ་བཞུགསཿ གསེར་གྱི་མདོག་ཅན་ཕྱོགས་ཀུན་ཐ་ལེར་གཟིགསཿ ཐུགས་ཀར་ཉི་ཟླའི་སྟེང་དུ་ཨ་ཡིག་མཐརཿ སྔགས་ཀྱི་ཕྲེང་བ་གཡས་བཀོད་གཡོན་དུ་འཁོརཿ སངས་རྒྱས་ཞིང་མཆོད་བྱིན་རླབས་དངོས་གྲུབ་བསྡུསཿ ཁམས་གསུམ་རིགས་དྲུག་སེམས་ཅན་བག་ཆགས་སྦྱངསཿ ཕྱི་སྣོད་དག་ཞིང་ནང་བཅུད་ཡུམ་ཆེན་སྐུརཿ དཀྱིལ་འཁོར་ལྷ་ཚོགས་གསལ་བརྟན་གཟི་བརྗིད་འབརཿ སྨྲ་བསམ་བརྗོད་མེད་སྤྲོས་བྲལ་ཆོས་སྐུའི་ངངཿ ཨོཾ་ཨ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་ནཱི་སིདྡྷི་ཕ་ལ་ཧཱུྃཿ བསྙེན་སྒྲུབ་ཆིག་དྲིལ་སྙིང་པོ་ནིཿ གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམཿ མཚན་མའི་བསྙེན་པ་རྟགས་མཐོང་བརཿ དུས་ཀྱི་བསྙེན་པ་སྐབས་དང་སྦྱརཿ ཆུ་བོའི་རྒྱུན་བཞིན་སྐབས་སུ་བཟླཿ སྐབས་སུ་སྣང་བ་གང་དགར་སྤྱོདཿ སྐབས་སུ་ཤ་ཁྱེར་ཁྲག་ཁྱེར་བྱཿ སྐབས་སུ་སྣང་བ་གཏད་མེད་གཏངཿ དུས་ཀུན་བྱང་ཆུབ་སེམས་བསྐྱེད་ཅིངཿ འགྲོ་བའི་དོན་དུ་ལུས་སྲོག་གཏོངཿ མ་ཅིག་ཉིད་ཀྱི་དམ་ཚིག་གོཿ ཞལ་མཇལ་གསུང་ཐོས་ལུང་སྟོན་ཞིངཿ ཡུམ་ཆེན་ཉིད་དང་འགྲོ་དོན་མཉམཿ ཆོས་ཟད་བློ་འདས་རྫོགས་སངས་རྒྱསཿ ལས་སྦྱོར་དམིགས་པའི་རིམ་པ་ནིཿ མ་ཅིག་ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོསཿ འཁོར་གྱི་མཁའ་འགྲོ་སྡེ་བཞིའི་ཐུགས་རྒྱུད་བསྐུལཿ རང་རང་ཐུགས་ཀའི་འོད་ཟེར་ལས་མདོག་འཕྲོསཿ ཞིང་ཁམས་རྩ་གསུམ་རྒྱ་མཚོའི་བྱིན་རླབས་བསྡུསཿ སླར་འཕྲོས་འགྲོ་བའི་ནད་གདོན་སྡིག་སྒྲིབ་ཞིཿ ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རྒྱསཿ འགྲོ་བའི་ལས་ཉོན་བསྲེགས་ཤིང་དག་ཞིང་འདྲེནཿ གང་འདོད་ཕྲིན་ལས་ཐོགས་མེད་འགྲུབ་པར་བསམཿ ཨོཾ་ཨཿབཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནཱི་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊཿ གང་འདོད་དམིགས་པའི་འཕྲུལ་འཁོར་ཞལ་ལས་ཤེསཿ ཡིད་བཞིན་ནོར་བུར་གསོལ་བ་བཏབ་པ་བཞིནཿ དགོས་འདོད་ཀུན་འབྱུང་ཕྲིན་ལས་ལྷུན་གྱིས་གྲུབཿ ས་མ་ཡཿ ཐུན་མཐར་མཆོད་བསྟོད་བཤགས་པ་དངཿ དངོས་གྲུབ་བསྡུ་བའི་རིམ་པ་ནིཿ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊཿ མ་ཅིག་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨོཾ་ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཱཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ ཧོཿ མ་ཅིག་མཁའ་འགྲོ་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབ་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་མ་ཅིག་མཁའ་འགྲོ་སྡེ་ལྔའི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱདཿ ལས་ཆེན་བཅུ་གཉིས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལཿ ཨོཾ་ཡེ་དྷརྨ་སོགས། ཧཱུྃཿ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགསཿ ཕྱི་ནང་གསང་བའི་མཆོད་པ་འབུལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོདཿ བག་མེད་འགལ་འཁྲུལ་ཉམས་ཆག་བཤགསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཱ་ཤབྡ་མ་ཧཱ་སརྦ་པཱུ་ཛ་ཧོཿ རྒྱལ་བའི་ཡུམ་མཆོག་ཤེས་རབ་ཕ་རོལ་ཕྱིནཿ ཕྲིན་ལས་སྤྲུལ་པའི་རྣམ་རོལ་མཚོ་རྒྱལ་ཡུམཿ སྙིགས་དུས་གདུལ་དཀའ་ཐབས་ཀྱིས་འདུལ་མཛད་མཿ མ་ཅིག་དྲིན་མོ་ཆེ་ལ་ཕྱག་འཚལ་བསྟོདཿ ཅེས་བསྟོད་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགསཿ དགེ་བ་འདི་ཡིས་མྱུར་དུ་བདགཿ ཆོས་སྐུ་ཡུམ་ཆེན་འགྲུབ་གྱུར་ནསཿ འགྲོ་བ་གཅིག་ཀྱང་མ་ལུས་པཿ དེ་ཡི་ས་ལ་འགོད་པར་ཤོགཿ འཕྲུལ་སྣང་རྨི་ལམ་སད་པ་བཞིནཿ མ་དག་གདོས་བཅས་འབྱུང་ལྔའི་ཁམསཿ དག་པའི་ཞིང་དུ་བློ་སྦྱངས་ཕྱིརཿ བསྡུ་རིམ་ལོགས་སུ་མི་དགོས་ཤིངཿ དཀྱིལ་འཁོར་གསུམ་གྱི་ལམ་ཁྱེར་བྱཿ བྱིན་རླབས་ཡོན་ཏན་མངོན་དུ་འགྱུརཿ ཨེ་མཿ བསིལ་བ་ཚལ་གྱི་དུར་ཁྲོད་དུཿ ཡེ་ཤེས་མཁའ་འགྲོ་ལབ་སྒྲོན་མཿ སྒྱུ་ལུས་འོད་སྐུར་གྲོལ་བའི་ཚེཿ བརྟུལ་ཞུགས་སྤྱོད་པའི་ཧེ་རུ་ཀཿ གུ་རུ་ཉི་མ་འོད་ཟེར་གྱིསཿ ལུས་མེད་མཁའ་འགྲོའི་ཆོས་སྐོར་གསུངསཿ རྡོ་རྗེ་གསང་བའི་ཡི་གེར་བཏབཿ རྡོ་རྗེ་ཕག་མོའི་ཐུགས་ཀློང་སྦསཿ འགྲོ་དོན་དུས་ལ་བབ་པའི་ཚེཿ ལྷ་ལྕམ་སྤྲུལ་པའི་དཔའ་མོ་དངཿ འཕྲད་ནས་འགྲོ་དོན་སྤྱོད་པར་ཤོགཿ སྨྱོན་ཁ་ནག་པོས་ཐུབ་པར་སྲུངསཿ ས་མ་ཡཿ སྐུ་གསུང་ཐུགས་ཀྱི་རྒྱཿ ཨེ་མ་ཧོཿ བདག་འདྲ་དུས་མཐའི་གཏེར་མིང་འཛིན་པ་འཁྲུལ་ཞིག་འཇའ་ལུས་རྡོ་རྗེས་བརྡ་རིས་ལས་ས་སྤྲེལ་ལོར་ཤར་བཞིན་ལོ་བདུན་གསང་རྒྱ་བྱས་ནས། སླར་ཤིང་ཁམས་སྟག་གི་ལོར་ཆོས་བདག་ཌཱཀྐི་མའི་སྐུ་འཕྲང་བསལ་ཞིང་འགྲོ་དོན་གྱི་སྣ་ཁ་འགྱེད་ཕྱིར་དུས་རྟགས་མངོན་གྱུར་སྐབས་སུ་དག་པར་ཕབ་པའི་ཡི་གེའི་འདུ་བྱེད་སློབ་བུ་རིག་པའི་ཡེ་ཤེས་ཀྱིས་བགྱིས་པའོ། །འདི་ཡིས་འགྲོ་དོན་ཉི་འོག་ཁྱབ་གྱུར་ཅིག །དགེའོ། །ཨ་ལ་ལ།། །།