DKR-KABUM-06-CHA-003

From Khyentse Lineage - A Tsadra Foundation Project
Revision as of 12:18, 14 November 2022 by Mort (talk | contribs)

DKR-KABUM-06-CHA-003

ཡང་དག་ཐུགས་ཀྱི་སྒྲུབ་པ།
Wylie title yang dag thugs kyi sgrub pa DKR-KABUM-06-CHA-003.pdf
Location dil mgo mkhyen brtse bka' 'bum
Volume 6, Text 3, Pages 9-12 (Folios 1a to 3a3)
Author རཏྣ་གླིང་པ་
Less details More details
Tertön རཏྣ་གླིང་པ་ (rat+na gling pa)
Source Author(s) ནམ་མཁའི་སྙིང་པོ་ (nam mkha'i snying po)
Citation rat+na gling pa. Yang dag thugs kyi sgrub pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 9-12. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle རྟ་མགྲིན་གསང་བ་འདུས་པ་ (rta mgrin gsang ba 'dus pa)
Deity yang dag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-SHA-023
Colophon
  • Treasure colophon: བདག་འདྲ་ནམ་མཁའི་སྙིང་པོའི་ཐུགས་བཅུད་འདི༔ མ་འོངས་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔
  • Revealer colophon: རཏྣ་གླིང་པས་བསམ་ཡས་ཨརྻ་པ་ལོའི་གླིང་ནས་གདན་དྲངས་པའོ། །ཤོག་སེར་ངོས་ལས་བསམ་གཏན་གླིང་དུ་བདག་འདྲ་སངས་རྒྱས་སྤྲང་བན་རིན་ཆེན་གྱིས། བློ་ལ་སྣང་བས་ཞུས་པ་ལགས།། །།
  • Contributor colophon: མངྒ་ལས་མཆན་བཏབ་པའོ།།
  • Treasure colophon: bdag 'dra nam mkha'i snying po'i thugs bcud 'di:_ma 'ongs thugs kyi sras dang 'phrad par shog:_sa ma ya:_rgya rgya rgya:_
  • Revealer colophon: rat+na gling pas bsam yas ar+Ya pa lo'i gling nas gdan drangs pa'o/_/shog ser ngos las bsam gtan gling du bdag 'dra sangs rgyas sprang ban rin chen gyis/_blo la snang bas zhus pa lags
  • Contributor colophon: mang+ga las mchan btab pa'o//
[edit]
ཡང་དག་ཐུགས་ཀྱི་སྒྲུབ་པ་བཞུགས་སོ༔


བཅོམ་ལྡན་འདས་དཔལ་ཆེན་བཛྲ་ཧེ་རུ་ཀ༔ ཐུགས་ཀྱི་ལྷ་མཆོག་ཤིན་ཏུ་གསལ་ཞིང་གཉན༔ བདག་ཉིད་སྒྲུབ་པ་མཐར་ཕྱིན་རྣལ་འབྱོར་པ༔ བདག་འདྲ་གནུབས་བན་ནམ་མཁའི་སྙིང་པོ་ཡིས༔ ཐུགས་ཀྱི་གསང་སྒྲུབ་ཡང་དག་ཟབ་ཏུ་དྲིལ༔ དེ་ཉིད་གནད་ཀྱི་སྒྲུབ་པ་འདི་ཡིན་ཏེ༔ དབེན་པའི་གནས་སུ་བདེ་བའི་སྟན་ལ་འདུག༔ སྐྱབས་སེམས་ཚད་མེད་པ་བཞི་སྔོན་སོང་ནས༔ ། བཛྲ་ཧེ་རུ་ཀའི་དགོངས་པ་ཡིས༔ དགའ་རབ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་དང༔ ཧཱུྃ་ཆེན་ཀཱ་རའི་བར་དུ་བྱིན་རླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཐུགས་ཀྱི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷ། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །ཧེ་རུ་ཀ་དཔལ་སྒྲུབ་པར་བགྱི། ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། སེམས་ཅན་བདེ་དང་སོགས་ལན་གསུམ། མཆན། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ དམིགས་མེད་ངང་ནས་བསྐྱེད་པའི་སྔགས་བརྗོད་པས༔ བདག་ཉིད་དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་རྔམས་ཤིང་བརྗིད༔ སྤྱན་དགུ་ཞལ་བགྲད་མཆེ་གཙིགས་རིགས་ལྔས་བརྒྱན༔ གཡས་གསུམ་རྡོ་རྗེ་ཁ་ཊྭཱྃ་ཌཱ་མ་རུ༔ གཡོན་གསུམ་བྷནྡྷ་ཐོད་ཁྲག་རྒྱུ་ཞགས་འཛིན༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས་པར་གསོལ༔ ཀྲོ་དྷཱི་ཤྭ་རཱི་ཡུམ་མཆོག་སྐུ་ལ་འཁྲིལ༔ རྒྱན་དང་སྐུ་མདོག་ཡབ་འདྲ་ཁྲི་ཐོད་འཁྱུད༔ དེ་ཡི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་རྡོ་རྗེ་དང༔ བྷནྡྷ་བསྣམས་པ་ཚོན་གང་བསྒོམ་པར་བྱ༔ ཐུགས་ཀར་ཙིཏྟ་རིན་ཆེན་ཟུར་བརྒྱད་པ༔ དེ་དབུས་རྡོ་རྗེ་ནས་ཙམ་གསལ་བར་བསྒོམ༔ རྡོ་རྗེའི་ལྟེ་བར་ཉི་མའི་དལ་ཉིད་ལ༔ ཧཱུྃ་ཡིག་མཐིང་ནག་སྤུ་ཡིས་བྲིས་པ་ཙམ༔ ཕྱི་རིམ་ཙིཏྟ་རིན་ཆེན་ཟུར་བརྒྱད་ལ༔ རུ་ལུ་འབྲུ་བརྒྱད་ཆོས་འཁོར་དག་ཏུ་བསམ༔ རུ་ལུ་བཟླ། དེ་ཉིད་གསལ་བར་བརྟན་པར་གྱུར་པ་དང༔ རུ་ལུའི་བསྙེན་པ་གསལ་ལ་དག་པ་བཅས༔ གྲགས་སྟོང་བྲག་ཅ་ལྟ་བུར་བཟླས་པ་ལས༔ བསྐྱེད་རིམ་གསལ་བའི་ངང་ནས༔ རང་ཉིད་ཡི་དམ་ཧེ་རུ་ཀ་དཔལ་ལྷ༔ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཉིད་ལ་ཐིམ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་དེ་ཉིད་ཀྱང༔ ཧཱུྃ་ལ་ཐིམ་སྟེ་ཧཱུྃ་ཉིད་གྱེན་རྫོགས་སུ༔ མས་ནས་རིམ་བཞིན་ཐིག་ལེ་ཉིད་ལ་ཐིམ༔ ཐིག་ལེ་སྐྱེ་མེད་ཆོས་སྐུར་རྒྱས་བཏབ་སྟེ༔ དེ་ཉིད་ངང་ནས་སྔགས་སྒྲ་སྙིང་པོ་ཛཔ༔ ཆོས་ཉིད་སྟོང་པའི་རང་སྒྲ་དག་ཏུ་བཟླ༔ རུ་ལུ་བཟླ། ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། སོགས། མཆན། མ་བཅོས་སེམས་ཉིད་དག་པའི་ཀློང་ཡངས་ནས༔ འཛིན་མེད་སྟོང་པའི་རང་སྒྲ་ཆུ་རྒྱུན་ལྟར༔ མ་བཅོས་ངང་ནས་གསལ་དག་བཟླས་པ་ཡིས༔ དུས་གསུམ་བདེ་གཤེགས་ཀུན་གྱི་ཐུགས་སྒྲུབ་ཅིང༔ བླ་མེད་དོན་གྱི་སྒྲུབ་པ་འདིས་འགྲུབ་བོ༔ དང་པོ་སྣང་སྟོང་ལྷ་བསྐྱེད་ཆད་མཐའ་བསལ༔ རྫོགས་རིམ་ཆོས་སྐུར་བསྡུས་པས་རྟག་མཐའ་བསལ༔ མ་འགག་སྔགས་སྒྲ་བཟླས་པས་ཆད་མཐའ་བསལ༔ སྔགས་སྒྲ་སྟོང་པར་ཤེས་པས་རྟག་མཐའ་བསལ༔ མ་བཅོས་གསལ་སྟོང་ངང་དུ་བཞག་པའི་ཚེ༔ གཉིས་ཀ་མཐའ་ལས་འདས་ཏེ་ངོ་མཚར་ཆེ༔ རྗེས་སྤྱོད་སྨོན་ལམ་གདབ་ཅིང་དགེ་བ་བསྔོ༔ སྣང་སྟོང་སྒྱུ་མ་ལྟ་བུའི་ང་རྒྱལ་གྱིས༔ སྒོ་གསུམ་དགེ་སོགས་སྤྱོད་ལམ་འཇུག་པར་བྱ༔ སྐལ་ལྡན་སྐྱེས་བུ་འདི་ལ་སུས་འབད་པ༔ དངོས་གྲུབ་ལ་ཟླ་ཙམ་གྱིས་འཐོབ་པར་འགྱུར༔ གྲངས་ཀྱི་བསྙེན་པ་བདུན་འབུམ་ཉི་ཁྲིས་འགྲུབ༔ གསང་སྔགས་འདི་ལ་རྣལ་འབྱོར་སུས་བརྩོན་པ༔ ཁྱད་པར་རྩ་བ་ཡན་ལག་དམ་ཚིག་དང༔ སྡོམ་གསུམ་ཚུལ་ཁྲིམས་ཉམས་སོགས་མ་ལུས་པ༔ ཐམས་ཅད་འདི་ཡིས་སོར་ཆུད་ཉམས་ཆག་སྐོང༔ དངོས་གྲུབ་རྣམ་གཉིས་ཡེ་ནས་ངེས་ཐོབ་ཅིང༔ ཁྱད་པར་ཉམས་ཆག་སྐོང་བའི་མཐར་ཐུག་གོ༔ རིག་འཛིན་ཚེ་ཡི་མཆོག་ཀྱང་འདིས་འགྲུབ་བོ༔ ཅི་ཕྱིར་ཞེ་ན་གསང་བའི་ཐུགས་སྒྲུབ་ཡིན༔ ཟབ་མོ་ཐུགས་ཀྱི་སྒྲུབ་པ་བླ་ན་མེད་འདི༔ ཡང་དག་ཐུགས་ཀྱི་སྒྲུབ་པ་ཕྱོགས་གཅིག་དྲིལ༔ ཟབ་དོན་ཉུང་དྲིལ་ཉམས་སུ་བླང་བར་བདེ༔ འདི་ལས་ཟབ་པའི་ཐུགས་སྒྲུབ་མཐར་ཐུག་པ༔ འཇིག་རྟེན་འདི་ན་འབྱུང་བ་ག་ལ་སྲིད༔ ཀྱེ༔ སྔོན་ནས་བསོད་ནམས་བསག་པའི་ལས་འཕྲོ་ཡིས༔ འདི་དང་འཕྲད་པར་གྱུར་པ་མ་ལགས་པ༔ བཙལ་བས་འཇིག་རྟེན་འདི་ནས་ག་ལ་རྙེད༔ དེ་ཕྱིར་འདི་ལ་བརྩོན་པ་རྟག་ཏུ་སྐྱེད༔ དངོས་གྲུབ་གཞན་ལས་མྱུར་རམ་བསྒྲུབས་ལ་ལྟོས༔ ཞལ་མཇལ་ལུང་སྟོན་ཐུགས་བརྒྱུད་བྱིན་གྱིས་རློབ༔ ཉི་ཤར་བྲག་རི་འཛེག་ཅིང་གཅེར་བུར་བུད༔ ཁྲུས་བྱེད་དར་ཆེན་ཕྱར་རམ་དུང་ཆེན་འབུད༔ མི་མང་ཁྲོམ་ཆེན་འདུ་དང་དགེ་ལ་བསྐུལ༔ དེ་སོགས་རྟགས་ཀྱི་རིམ་པ་བསམ་མི་ཁྱབ༔ བདག་འདྲ་ནམ་མཁའི་སྙིང་པོའི་ཐུགས་བཅུད་འདི༔ མ་འོངས་ཐུགས་ཀྱི་སྲས་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རཏྣ་གླིང་པས་བསམ་ཡས་ཨཱརྻ་པཱ་ལོའི་གླིང་ནས་གདན་དྲངས་པའོ། །ཤོག་སེར་ངོས་ལས་བསམ་གཏན་གླིང་དུ་བདག་འདྲ་སངས་རྒྱས་སྤྲང་བན་རིན་ཆེན་གྱིས། བློ་ལ་སྣང་བས་ཞུས་པ་ལགས། མངྒ་ལས་མཆན་བཏབ་པའོ།། །།
[edit]

yang dag thugs kyi sgrub pa bzhugs so: bcom ldan 'das dpal chen badz+ra he ru ka:_thugs kyi lha mchog shin tu gsal zhing gnyan:_bdag nyid sgrub pa mthar phyin rnal 'byor pa:_bdag 'dra gnubs ban nam mkha'i snying po yis:_thugs kyi gsang sgrub yang dag zab tu dril:_de nyid gnad kyi sgrub pa 'di yin te:_dben pa'i gnas su bde ba'i stan la 'dug:_skyabs sems tshad med pa bzhi sngon song nas:_/_badz+ra he ru ka'i dgongs pa yis:_dga' rab rdo rje 'jam dpal bshes gnyen dang:_hU~M chen kA ra'i bar du byin rlabs te:_'das dang ma byon da lta dus gsum gyi:_thugs kyi brgyud pa'i bla ma la gsol ba 'debs:_o rgyan pad+ma 'byung gnas la gsol ba 'debs:_na mo/_bla ma mchog gsum yi dam lha/_/gus pas skyabs mchi mkha' mnyam 'gro/_/bla med byang chub mchog thob phyir/_/he ru ka dpal sgrub par bgyi/_lan gsum/_rdo rje slob dpon sangs rgyas dpal sogs lan gsum/_sems can bde dang sogs lan gsum/_mchan/__oM ru lu ru lu hU~M b+h+yo hU~M:_dmigs med ngang nas bskyed pa'i sngags brjod pas:_bdag nyid dpal chen badz+ra he ru ka:_mthing nag zhal gsum phyag drug zhabs bzhi bgrad:_g.yas dkar g.yon dmar dbus mthing rngams shing brjid:_spyan dgu zhal bgrad mche gtsigs rigs lngas brgyan:_g.yas gsum rdo rje kha T+wA~M DA ma ru:_g.yon gsum b+han+d+ha thod khrag rgyu zhags 'dzin:_dur khrod chas brgyad sku la rdzogs par gsol:_kro d+hI shwa rI yum mchog sku la 'khril:_rgyan dang sku mdog yab 'dra khri thod 'khyud:_de yi thugs kar ye shes sems dpa' ni:_zhal gcig phyag gnyis mthing nag rdo rje dang:_b+han+d+ha bsnams pa tshon gang bsgom par bya:_thugs kar tsit+ta rin chen zur brgyad pa:_de dbus rdo rje nas tsam gsal bar bsgom:_rdo rje'i lte bar nyi ma'i dal nyid la:_hU~M yig mthing nag spu yis bris pa tsam:_phyi rim tsit+ta rin chen zur brgyad la:_ru lu 'bru brgyad chos 'khor dag tu bsam:_ru lu bzla/_de nyid gsal bar brtan par gyur pa dang:_ru lu'i bsnyen pa gsal la dag pa bcas:_grags stong brag ca lta bur bzlas pa las:_bskyed rim gsal ba'i ngang nas:_rang nyid yi dam he ru ka dpal lha:_thugs ka'i ye shes sems dpa' nyid la thim:_ye shes sems dpa' rdo rje de nyid kyang:_hU~M la thim ste hU~M nyid gyen rdzogs su:_mas nas rim bzhin thig le nyid la thim:_thig le skye med chos skur rgyas btab ste:_de nyid ngang nas sngags sgra snying po dzapa:_chos nyid stong pa'i rang sgra dag tu bzla:_ru lu bzla/_/_dge ba 'di yis myur du bdag_/he ru ka dpal 'grub gyur nas/_sogs/_mchan/_ma bcos sems nyid dag pa'i klong yangs nas:_'dzin med stong pa'i rang sgra chu rgyun ltar:_ma bcos ngang nas gsal dag bzlas pa yis:_dus gsum bde gshegs kun gyi thugs sgrub cing:_bla med don gyi sgrub pa 'dis 'grub bo:_dang po snang stong lha bskyed chad mtha' bsal:_rdzogs rim chos skur bsdus pas rtag mtha' bsal:_ma 'gag sngags sgra bzlas pas chad mtha' bsal:_sngags sgra stong par shes pas rtag mtha' bsal:_ma bcos gsal stong ngang du bzhag pa'i tshe:_gnyis ka mtha' las 'das te ngo mtshar che:_rjes spyod smon lam gdab cing dge ba bsngo:_snang stong sgyu ma lta bu'i nga rgyal gyis:_sgo gsum dge sogs spyod lam 'jug par bya:_skal ldan skyes bu 'di la sus 'bad pa:_dngos grub la zla tsam gyis 'thob par 'gyur:_grangs kyi bsnyen pa bdun 'bum nyi khris 'grub:_gsang sngags 'di la rnal 'byor sus brtson pa:_khyad par rtsa ba yan lag dam tshig dang:_sdom gsum tshul khrims nyams sogs ma lus pa:_thams cad 'di yis sor chud nyams chag skong:_dngos grub rnam gnyis ye nas nges thob cing:_khyad par nyams chag skong ba'i mthar thug go:_rig 'dzin tshe yi mchog kyang 'dis 'grub bo:_ci phyir zhe na gsang ba'i thugs sgrub yin:_zab mo thugs kyi sgrub pa bla na med 'di:_yang dag thugs kyi sgrub pa phyogs gcig dril:_zab don nyung dril nyams su blang bar bde:_'di las zab pa'i thugs sgrub mthar thug pa:_'jig rten 'di na 'byung ba ga la srid:__kye:_sngon nas bsod nams bsag pa'i las 'phro yis:_'di dang 'phrad par gyur pa ma lags pa:_btsal bas 'jig rten 'di nas ga la rnyed:_de phyir 'di la brtson pa rtag tu skyed:_dngos grub gzhan las myur ram bsgrubs la ltos:_zhal mjal lung ston thugs brgyud byin gyis rlob:_nyi shar brag ri 'dzeg cing gcer bur bud:_khrus byed dar chen phyar ram dung chen 'bud:_mi mang khrom chen 'du dang dge la bskul:_de sogs rtags kyi rim pa bsam mi khyab:_bdag 'dra nam mkha'i snying po'i thugs bcud 'di:_ma 'ongs thugs kyi sras dang 'phrad par shog:_sa ma ya:_rgya rgya rgya:__rat+na gling pas bsam yas Ar+Ya pA lo'i gling nas gdan drangs pa'o/__/shog ser ngos las bsam gtan gling du bdag 'dra sangs rgyas sprang ban rin chen gyis/_blo la snang bas zhus pa lags/_mang+ga las mchan btab pa'o//__//

Footnotes

Other Information