JKW-KABAB-03-GA-007: Difference between revisions
No edit summary |
No edit summary |
||
Line 32: | Line 32: | ||
|versonotes=mkhyen brtse'i bka' babs | |versonotes=mkhyen brtse'i bka' babs | ||
|colophontib=སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་འཕྲུལ་ཤོག་ལས་གཏན་ལ་ཕབ་རིམ་བཞིན་ཏུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། | |colophontib=སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་འཕྲུལ་ཤོག་ལས་གཏན་ལ་ཕབ་རིམ་བཞིན་ཏུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། | ||
|colophonwylie=sprul pa'i gter chen 'gro 'dul mchog gyur bde chen gling pas mdo khams nor bu spun gsum gyi brag nas spyan drangs pa'i bdud rtsi lnga'i 'phrul shog las gtan la phab rim bzhin tu mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa | |colophonwylie=sprul pa'i gter chen 'gro 'dul mchog gyur bde chen gling pas mdo khams nor bu spun gsum gyi brag nas spyan drangs pa'i bdud rtsi lnga'i 'phrul shog las gtan la phab rim bzhin tu mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa dge | ||
|pdflink=File:JKW-KABAB-03-GA-007.pdf | |pdflink=File:JKW-KABAB-03-GA-007.pdf | ||
}} | }} | ||
Line 38: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༁ྃ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་བཞུགས་སོ༔ ༁ྃ༔ རང་རིག་བླ་མ་འདུས་མ་བྱས་པའི་སྐུ༔ བདེ་ཆེན་རྒྱལ་པོ་པདྨ་བཛྲ་རྩལ༔ དཀྱིལ་འཁོར་གཙོ་བོ་རིག་རྣམས་ཀུན་གྱི་བདག༔ འགྲོ་མགོན་གུ་རུ་བཀའ་དྲིན་ཅན་ལ་འདུད༔ དེ་ཡང་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་པའི་ཚེ༔ ཡུལ་ལ་བྱིན་ཆགས་པ་འདོད་རྒུ་འབྱུང་བ་མང་ཡུལ་གུང་ཐང་ལ་ཁར་བདག་ཅག་རྗེས་འབྲངས་རྣམས་ཀྱིས་ཕྱག་སྐྱེལ་དུ་ཕྱིན་པའི་སྐབས༔ ལྷ་སྲས་མུ་ཁྲི་གཙད་པོས་གུ་རུ་ལ་སྨྲེ་སྔགས་གདུང་བའི་ཤུགས་ཀྱིས་སྲིན་ཡུལ་དུ་མི་བཞུད་པར་བཤོལ་ལན་མང་དུ་བཏབ་པའི་མཐར༔ གུ་རུའི་རང་གི་ཞལ་ཚབ་ལྟ་བུར་ཉོན་མོངས་རང་གྲོལ་གྱི་གདམས་པ་དང་༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གནང་བའི་ཐོག་མར་ཉོན་མོངས་རང་གྲོལ་གྱི་གདམས་པ་གཞན་དུ་ཤེས་ལ༔ གཉིས་པ་བོད་ཀྱི་ཆོས་འཁོར་གཉན་པོ་ཐམས་ཅད་ལ་མ་འོངས་པའི་དུས་ན་དང་པོ་རྒྱལ་པོ་གླང་གི་མིང་ཅན་སོགས་བདུད་དམག་དང་༔ དེ་ནས་ཧོར་དང་༔ རྒྱ་དང༔ སོག་པོ་དང༔ གཞན་ཡང་མཐའ་དམག་ཇི་སྙེད་བོད་དུ་ལྷགས་པ་དང་༔ ཁྱད་པར་དུ་བོད་ཡུལ་ཐམས་ཅད་ནང་འཁྲུགས་ཏེ་བསྟན་པ་འཇིག་པར་ཉེ་བ་ན༔ ཆོས་འཁོར་དང་༔ ཡུལ་འཁོར་སྲུང་བའི་ཕྱིར་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང་གཉིས་སུ་མེད་པའི་རིག་འཛིན་ཐོད་ཕྲེང་རྩལ་གྱི་འཁོར་ལྷ་སྲིན་དང་བཅས་པས་སྲུང་བར་བྱེད་པའི་ཐབས་དང་པོ་བསྐྱེད་རིམ་བསྒོམས་པ་ནི༔ ཆོས་རྣམས་དམིགས་མེད་ངང་ཉིད་ལས༔ རྡོ་རྗེ་ཕ་ལམ་ལས་གྲུབ་པའི༔ གཞལ་ཡས་ཁང་གི་ནང་ཉིད་དུ༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ལ༔ པད་ཉི་དྲེགས་པ་བསྒྱེལ་བའི་སྟེང་༔ བདག་ཉིད་རིག་འཛིན་ཐོད་ཕྲེང་རྩལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་ཁ་ཊྭཱཾ་གཡོན་དྲིལ་བུ༔ དབུ་སྐྲ་གྱེན་བརྫེས་དུར་ཁྲོད་ཆས༔ ཞབས་གཉིས་དོར་སྟབས་མེ་ཀློང་བཞུགས༔ ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ༔ ཤར་དུ་ཡ་མ་རཱ་ཛ་མཐིང་༔ འཁོར་ལོ་དང་ནི་ཐུན་ཁྲག་འཛིན༔ ལྷོ་རུ་སྐོས་རྗེ་དྲང་དཀར་མཐིང་༔ རྡོ་རྗེ་དང་ནི་བདུད་ཞགས་འཛིན༔ ནུབ་ཏུ་ཡམ་ཤུད་དམར་པོ་ནི༔ མདུང་དར་དང་ནི་བཙན་ཞགས་འཛིན༔ བྱང་དུུ་གང་བ་བཟང་པོ་ནག༔ བེ་ཅོན་དང་ནི་ནད་རྐྱལ་འཛིན༔ ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན༔ དམ་ཚིག་ཡེ་ཤེས་དབྱེར་མེད་ཅིང་༔ གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་འཕྲོས་དྲེགས་པ་བཞིའི༔ ཐུགས་སྲོག་ལ་ཕོག་དྲེགས་པ་རྣམས༔ སྔོན་གྱི་དམ་ཚིག་དྲན་ནས་སུ༔ སྤྲུལ་པ་བསམ་མི་ཁྱབ་པ་ཡིས༔ གཡོ་འཁྲུགས་དམག་དཔུང་བཟློག་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡ་དུ་ཙ་ཤ་བྷྱོ་ཟློག༔ ལས་སྦྱོར་ཟོར་གྱི་ཟློག་པ་ནི༔ འབྲུ་ནག་ཁྲག་སྦྲུས་དྲག་པོའི་ཟོར༔ དྲེགས་པའི་ཞལ་ནི་རྔམ་པར་བཞེངས༔ ཤ་ཁྲག་བ་སུ་ཏ་ཡིས་བརྒྱན༔ དར་ནག་ཁ་ཊྭཱྃ་མཚོན་ཆ་གཟུག༔ ཞིང་ཆེན་ལྤགས་པའི་སྟེང་དུ་བཞག༔ རང་ཉིད་བླ་མ་དྲག་པོར་བསྒོམ༔ མདུན་དུ་དུར་ཁྲོད་ས་གཞིའི་དབུས༔ གཤིན་རྗེ་ཡ་མ་རཱ་ཛ་ལ༔ དྲེགས་པའི་སྡེ་དཔོན་གསུམ་གྱིས་བསྐོར༔ ཐམས་ཅད་ལས་ལ་རྔམ་པར་བསམས༔ དགྲ་བོའི་ལིང་ག་ཟག་རྫས་བཅས༔ དྲེགས་པ་རྣམས་ཀྱིས་མདུན་དུ་བཞག༔ གྲི་སྐོར་བྱ་ཞིང་དྲེགས་པ་བསྐུལ༔ བསྒྲལ་སྟབས་ལིང་རོ་ལྷག་མ་རྣམས༔ རས་ནག་ཁུག་མར་བླུག་ནས་སུ༔ གཡག་ནག་རྭ་ཅོ་གཡོན་པར་བྲུབས༔ ཕུང་རེས་ཁ་བཅད་རྒྱུ་མས་དཀྲིས༔ དེ་ནས་དྲེགས་པ་འདི་སྐད་བསྐུལ༔ བྷྱོ༔ གཏུམ་དྲག་དུར་ཁྲོད་རོལ་པའི་གཞལ་ཡས་ནས༔ སྲིད་པ་གསུམ་གྱི་སྲོག་བདག་ཆེན་པོ་ནི༔ གཤིན་རྗེའི་རྒྱལ་པོ་ཡ་མ་རཱ་ཛ་ཁྱོད༔ རྣལ་འབྱོར་བདག་གི་མྱུར་དུ་བསྐུལ་ལགས་ན༔ མ་ཐོག་གཤིན་རྗེའི་དམག་ཚོགས་རབ་བསྡུས་ལ༔ དམ་ཉམས་དགྲ་བོའི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་རྡུལ་དུ་རློགས༔ བྷྱོཿ མུན་པ་ནག་པོ་འཁྲུགས་པའི་ཀློང་དཀྱིལ་ནས༔ སྲིད་པ་གསུམ་གྱི་དབང་བྱེད་བདུད་ཀྱི་རྗེ༔ སྐོས་རྗེ་དྲང་དཀར་དྲག་པོའི་ལས་ལ་བསྐུལ༔ བདུད་ཀྱི་དམག་ཚོགས་མང་པོ་མྱུར་དུ་བསྡུས༔ དམ་ཉམས་དགྲ་ཡི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་ཐལ་བར་རློགས༔ བྷྱོ༔ གྲི་ཐབས་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ སྲིད་གསུམ་འཇིགས་བྱེད་བཙན་གྱི་རྒྱལ་པོ་ནི༔ ཡམ་ཤུད་དམར་པོ་དྲག་པོའི་ལས་ལ་བསྐུལ༔ དམ་ཉམས་དགྲ་ཡི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་རྡུལ་དུ་རློགས༔ བྷྱོ༔ གདུག་རྩུབ་རླུང་ནག་འཁྱིལ་བའི་གུར་ཁང་ནས༔ འཇིག་རྟེན་ཕུང་བྱེད་གནོད་སྦྱིན་ཀུན་གྱི་གཙོ༔ གང་བ་བཟང་པོ་དྲག་པོའི་ལས་ལ་བསྐུལ༔ དམ་ཉམས་དགྲ་ཡི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་རྡུལ་དུ་རློགས༔ ཞེས་བསྐུལ་གཞན་ཡང་དམོད་བཅོལ་གང་ཤེས་བརྗོད༔ དགྲ་བོའི་ཕྱོགས་སུ་ཟོར་གཏོར་འཕང་ནས་ཀྱང་༔ དྲེགས་པ་འཁོར་བཅས་དེར་སོང་ཕ་རོལ་པོ༔ མི་བསད་ཁྱིམ་བཤིག་ནོར་ཕྱུགས་ཕྱགས་མས་བཏབ༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ༔ ལས་གྲུབ་དུས་སུ་དྲེགས་པར་གཏང་རག་བཏང་༔ གཞན་ལ་གཡུལ་འགྱེད་མཚོན་ཆ་སྲུང་བའི་ཕྱིར༔ འབྲུ་ནག་ཁྲག་སྦྲུས་གཏོར་མ་དྲག་པོའི་གཟུགས༔ ནང་དུ་དྲེགས་པ་བཞིའི་སྲོག་ཡིག་བཅུག༔ རྩ་བའི་སྔགས་མཐར་དྲེགས་པའི་ས་བོན་འཇུག༔ མཚོན་ཆའི་འཇིགས་པ་སྲུང་སོགས་འདོད་གསོལ་བྲིས༔ ཆོས་སྨན་བྱུགས་ཏེ་གཏོར་མའི་ནང་དུ་གཞུག༔ ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་འབར་བ་ན༔ དྲེགས་པ་སྡེ་བཞི་ཉུང་འབྲུ་ཙམ་བཞུགས་པའི༔ སྐུ་ལས་མཚོན་ཆའི་ཆར་འཕྲོས་ཕ་རོལ་པོའི༔ མཚོན་ཆའི་དཔལ་ཟློག་ནུས་པ་ལྡན་པར་བསམ༔ སྔགས་ཀྱི་ངར་གདགས་དྲག་སྔགས་མེ་དཔུང་བཅས༔ མགུལ་དུ་འཆང་བས་མཚོན་ཆ་སྲུང་བར་ཟབ༔ གཞན་ཡང་རིན་ཆེན་བུམ་པ་གྲུ་བཞི་པར༔ ཡུལ་འཁོར་སྲུང་གི་སྐུ་དང་སྔགས་བྱང་གཞུག༔ རིན་ཆེན་དཀོར་ཆ་མཐུན་རྫས་དུ་མས་བཀང་༔ ཡུལ་འཁོར་སྲུང་དུ་བསྐྱེད་ལ་མཆོད་བསྟོད་བྱ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཀར་འཕྲོས་ཏེ༔ སྤྲོས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས༔ ཆོས་འཁོར་ཡུལ་དང་བཅས་པ་སྲུང་བར་བསམ༔ བུམ་པ་དེ་ཉིད་ལྕགས་རིའི་སྒོ་གོངས་སུ༔ སྦས་ཏེ་རབ་གནས་ཤིས་པ་བརྗོད་ལ་བརྟན༔ རྟེན་འབྲེལ་ཕྱིར་དུ་རྒྱལ་མཚན་དཀར་པོ་བཙུག༔ དེ་ཡིས་ཕྱི་ནང་འཁྲུགས་པ་ཞི་བར་འགྱུར༔ ཞེས་གསུངས་སོ༔ ཡང་བདག་ཅག་རྗེས་འབྲངས་རྣམས་དང་ཕྱི་རབས་ཀྱི་བོད་འབངས་རྣམས་ལ་གསོ་རིག་གང་གིས་མི་ཕན་པའི་དུས་ངན་འབྱུང་པོའི་ཁ་རླང་གི་ནད་ཀྱི་སྡུག་བསྔལ་བ་བྱུང་ན་ཇི་ལྟར་བྱ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ཕྱི་རབས་ངོས་མི་ཟིན་པའི་ནད་མང་ཞིང་༔ ཁྱད་པར་འགོང་པོའི་ཁ་རླངས་གཉན་ནད་དར༔ སྨན་དཔྱད་གང་གིས་མི་ཕན་ངེས་པར་འོང་༔ དེ་དུས་ང་ཉིད་སྨན་ལྷ་དབྱེར་མེད་དུ༔ སྤྱི་བོའི་སྟེང་དང་ན་བའི་གནས་སུ་བསྒོམ༔ གསོལ་བ་ཕུར་ཚུགས་བཏབ་ན་སྡུག་བསྔལ་ཞི༔ མ་བཅོས་དབྱིངས་ལས་རང་རྩལ་ཧཱུྃ་མཐིང་ག༔ དེ་ལས་རང་ཉིད་བླ་མ་སྨན་བླ་མཐིང་༔ མཚན་དཔེ་རབ་རྫོགས་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་གཡས་སྐྱབས་སྦྱིན་སྨན་མཆོག་རྣམ་རྒྱལ་དང་༔ གཡོན་པས་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས༔ འགྲོ་འདུལ་ཚུལ་གྱིས་པད་ བཟང་པོའི་བཞུགས་སྟངས་མཆན་ ཟླའི་གདན་ལ་བཞུགས༔ འཁོར་དུ་དྲང་སྲོང་རིགས་བཞི་སྤྲུལ་སྐུའི་ཚུལ༔ དཀར་སེར་དམར་ལྗང་དར་གྱི་ན་བཟའ་གསོལ༔ སྐྱབས་སྦྱིན་ཕྱག་རྒྱས་ཨ་རུ་རྣམ་རྒྱལ་འཛིན༔ ཀུན་ཀྱང་འོད་འབར་གཟི་བརྗིད་ལྡན་པར་བསྒོམ༔ དམ་ཡེ་དབྱེར་མེད་ཀུན་གྱི་ཐུགས་ཀ་རུ༔ ཟླ་བའི་གདན་ལ་ཧཱུྃ་ཡིག་རང་མདོག་གི༔ འོད་ཟེར་ཀུན་འཕྲོས་བདག་དང་སེམས་ཅན་གྱི༔ དུག་ལྔ་ལས་བྱུང་ནད་གདོན་བར་ཆད་བསལ༔ འཁོར་འདས་ཀུན་གྱི་ནད་སེལ་བདུད་རྩིའི་རིགས༔ བསྡུས་ཏེ་རང་གི་བ་སྤུའི་ཁུང་ནས་བཞུགས༔ བདུད་རྩིའི་ལུས་གང་འབྱུང་བ་ཆ་སྙོམས་ཏེ༔ སྒྲིབ་མེད་དྭངས་གསལ་རྡོ་རྗེའི་སྐུ་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏདྱ་ཐཱ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ གཞན་དག་ནད་ཀྱི་ཤིན་ཏུ་གདུང་བ་ལ༔ རིན་ཆེན་བུམ་པ་རྒྱན་དང་ལྡན་པའི་ནང་༔ སྨན་མཆོག་རྣམ་པར་རྒྱལ་བ་གཙོར་གྱུར་པའི༔ སྨན་ལྔ་ལ་སོགས་ཉེར་ལྔའི་རྫས་ལྡན་པ༔ ཆུ་བོ་རྒྱུན་འབབ་དག་གིས་ལེགས་པར་གཏམས༔ གཟུངས་ཐག་བཏགས་ཅིང་རྣམ་ལྔའི་མཆོད་པས་བསྐོར༔ རང་ཉིད་བླ་མ་སྨན་ལྷ་གསལ་བར་བསྒོམ༔ བུམ་པ་བྷྲཱུྃ་ལས་མཚན་ཉིད་ཀུན་རྫོགས་ནང་༔ བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་བྃ༔ དེ་ཉིད་པདྨ་ལྔ་ཚོམ་ཟླ་གདན་བཅས༔ དབུས་སུ་ཧཱུྃ་ལས་གུ་རུ་སྨན་གྱི་བླ༔ མཐིང་གསལ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསོལ༔ མཚན་དཔེ་ཀུན་རྫོགས་འགྲོ་བ་འདུལ་བའི་ཚུལ༔ ཕྱག་གཡས་སྐྱབས་སྦྱིན་དང་བཅས་སྨན་མཆོག་འཛིན༔ གཡོན་པས་བདུད་རྩིའི་གང་བའི་ལྷུང་བཟེད་བསྣམས༔ ཕྱོགས་བཞིར་དྲང་སྲོང་དཀར་སེར་དམར་ལྗང་བཞི༔ སྨན་མཆོག་འཛིན་ཅིང་དར་དང་རིན་ཆེན་བརྒྱན༔ བཞེངས་སྟབས་འཛུམ་པའི་སྟབས་ཀྱིས་གཙོ་ལ་གཟིགས༔ ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འཕྲོས་བཻ་ཌཱུར་སྣང་བའི་ཞིང་ཁམས་ནས༔ སྨན་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་གྱུར༔ སྤོས་བཏུལ་ཐལ་སྦྱར་ཤར་ཕྱོགས་གདོང་འདུད་དེ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་རྣམ་དག་ལོངས་སྐུ་ལྷུན་གྲུབ་ལས༔ སྤྲུལ་པའི་ཞིང་ཁམས་བཻ་ཌཱུར་སྣང་བ་ནས༔ འཚོ་མཛད་སྨན་ལྷ་རིགས་ལྔ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་བཞིན་དུ་འདིར་གཤེགས་ཤིག༔ བཛྲ་ས་མ་ཛ༔ ཛཿཧཱུྃ་བྃ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དམིག་མེད་ཞི་བ་ཆེན་པོའི་ངང་ཉིད་ལས༔ མཁྱེན་དང་བརྩེ་བས་སྨན་པའི་སྐུར་བཞེངས་པ༔ བཅོམ་ལྡན་ལྷ་ཡི་ལྷ་མཆོག་བཻ་ཌཱུར་མདངས༔ སངས་རྒྱས་ཀུན་གྱི་རྗེ་ལ་ཕྱག་འཚལ་ལོ༔ བླ་མའི་བླ་མ་རིག་འདུས་སྨན་པའི་རྒྱལ༔ ཉོན་མོངས་གཅོང་ནད་དྲུང་ནས་འབྱིན་མཛད་པ༔ ཆོས་ཀྱི་ཉི་མ་གདུང་སེལ་ཟླ་བ་ཆེ༔ མཉམ་མེད་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་སྡུག་བསྔལ་སེལ༔ འཚོ་མཛད་རིགས་ཀྱི་སྐུར་བཞེངས་རྫུ་འཕྲུལ་ལྡན༔ དྲང་སྲོང་འཇིག་རྟེན་ཀུན་གྱི་སྐྱབས་དང་མགོན༔ འགྲོ་བའི་དོན་རྣམས་མཛད་ལ་ཕྱག་འཚལ་བསྟོད༔ ལྷ་རྣམས་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལས༔ འོད་ཟེར་ཀུན་འཕྲོས་རྒྱལ་རྣམས་ཐུགས་དམ་བསྐུལ༔ ཐམས་ཅད་སྨན་པའི་རྒྱལ་པོའི་ངོ་བོར་བྱོན༔ བུམ་ནང་ལྷ་ཚོགས་རྣམས་ལ་གཉིས་མེད་ཐིམ༔ གཞན་ཡང་ལྷ་དང་དྲང་སྲོང་ཐམས་ཅད་ཀྱི༔ ནུས་རྩལ་འཁོར་བཅས་ཀུན་གྱི་བདུད་རྩི་ཡི༔ བཅུད་རྣམས་ཀུན་འདུས་ལྷ་ཚོགས་སྐུ་ལ་ཐིམ༔ བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར༔ སྔགས་བཟླས་སློབ་མ་མདུན་དུ་བཀུག་ནས་སུ༔ བགེགས་དང་ཕྲལ་ཞིང་མཎྜལ་ཕུལ་དུ་གཞུག༔ གསོལ་བ་བཏབ་ཅིང་རྒྱུད་སྦྱངས་ལྷར་བསྐྱེད་ལ༔ ཡེ་ཤེས་དབབ་ཅིང་དེ་ཉིད་བརྟན་པར་བྱ༔ དེ་ནས་བུམ་པ་བསྒྲུབ་བྱའི་སྤྱི་བོར་བཟུང་༔ ཧཱུྃ༔ རྒྱལ་རྣམས་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་པ༔ རིགས་ཀུན་ཁྱབ་བདག་བླ་མ་སྨན་གྱི་བླ༔ དྲང་སྲོང་སྨན་པའི་འཁོར་ཚོགས་བསམ་མི་ཁྱབ༔ དེངས་འདིར་ཐུགས་རྗེས་བརྩེར་དགོངས་མཐུ་རྩལ་བསྐྱེད༔ སྐལ་ལྡན་སློབ་མར་སྐུ་ཡི་དབང་མཆོག་བསྐུར༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ སྐལ་ལྡན་བུ་ལ་གསུང་གི་དབང་མཆོག་བསྐུར༔ ངག་གི་ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ སྐལ་ལྡན་སློབ་མར་ཐུགས་ཀྱི་དབང་བསྐུར་བས༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ བུམ་ཆུ་བླུད་ཅིང་ལུས་ཀྱི་ཕྱི་ནང་ཀུན༔ བདུད་རྩིའི་བཀྲུས་ཤིང་དྭངས་མ་ཀུན་འདུས་ནས༔ འཆི་མེད་རྡོ་རྗེའི་སྐུ་རུ་རབ་འགྲུབ་སྟེ༔ སྨན་པའི་རྒྱལ་པོ་དག་དང་དབྱེར་མེད་བསྒོམ༔ ལྷ་ཚོགས་སློབ་མར་བསྟིམ་ཞིང་དགེ་བ་བསྔོ༔ རང་གཞན་གཉིས་ཀའི་ནད་རྣམས་སེལ་བའི་ཕྱིར༔ སྐྱོན་མེད་ཨ་རུ་ར་དང་དབང་པོ་ལག༔ ཀ་ར་འོ་མ་ཆ་མཉམ་སྦྱར་བ་ཡི༔ རིལ་བུ་གླ་བའི་རིལ་མ་ཙམ་བསྒྲིལ་ལ༔ ཐོད་པའི་ནང་བླུགས་དར་སྣའི་ན་བཟའ་གསོལ༔ ཕྱི་ནང་གསང་བའི་མཆོད་པས་རབ་བསྐོར་ལ༔ ཐོད་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་༔ པད་ཟླ་ལྔ་ཚོམ་དབུས་མར་ཧཱུྃ་ཡིག་ལས༔ བླ་མ་སྨན་བླ་ལོངས་སྤྱོད་རྫོགས་པའི་སྐུ༔ མཉམ་བཞག་ཐོད་པ་སྨན་གྱིས་བཀང་བ་འཛིན༔ ཕྱོགས་བཞིར་དྲང་སྲོང་རིགས་བཞི་རིགས་ཀྱི་མདོག༔ སྨན་མཆོག་འཛིན་ཅིང་དར་དང་རིན་ཆེན་བརྒྱན༔ ཉོན་མོངས་རང་གྲོལ་རིགས་ལྔའི་ངོ་བོ་ལ༔ རིགས་ཀྱི་ཡུམ་ལྔ་གཉིས་མེད་མཉམ་པར་སྦྱོར༔ བདེ་བའི་འོད་ཀྱིས་འཁོར་འདས་ཐམས་ཅད་ཀྱི༔ མཆོག་དང་ཐུན་མོང་བདུད་རྩི་ཀུན་བསྡུས་ནས༔ ལྷ་ཚོགས་ཀུན་གྱི་ཞལ་ཞུགས་སྐུ་ཡི་ནང༔ བདུད་རྩིའི་གང་ནས་ཡབ་ཡུམ་སྦྱོར་མཚམས་བབ༔ འོད་ཀྱི་རང་བཞིན་བདུད་རྩིའི་གོང་བུའི་ནང་༔ ཨོཾ་ཨཱཿཧཱུྃ་གིས་མཚན་པ་གྲངས་མེད་པ༔ ཐོད་པ་གཞལ་ཡས་ཁང་ནང་གང་བསམ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཧཱུྃ་མྃ་ཨ་མྲྀ་ཏ་ར་ས་ཡ་ན་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཟླས་ཏིང་འཛིན་རྩེ་གཅིག་ལ་བརྩོན་ན༔ རིལ་བུ་འཕེལ་དང་སྒྲ་འོད་དྲི་བཟང་འབྱུང་༔ འགྲུབ་པའི་རྟགས་ཡིན་ལྷ་རྣམས་འོད་དུ་ཞུ༔ རིལ་བུའི་རང་བཞིན་ཉིད་བསམ་དགེ་བ་བསྔོ༔ བཀྲ་ཤིས་བརྗོད་ཅིང་རྗེས་སུ་རིལ་བུ་རྣམས༔ སུས་སྤྱོད་འདུ་བ་སྙོམས་ཤིང་ནད་རྣམས་ཞི༔ གདོན་བགེགས་བར་ཆད་ཕྱོགས་སུ་ཉེ་མི་ནུས༔ ལུས་སྟོབས་འཕེལ་ཞིང་གཟི་བརྗིད་རིག་རྩལ་རྒྱས༔ མཐར་ཐུག་འཁོར་བ་ངན་སོང་སྡུག་བསྔལ་ལས༔ རྣམ་གྲོལ་བྱང་ཆུབ་མཆོག་གི་རིགས་སུ་འགྱུར༔ གཉན་རིགས་ཀུན་ལ་ཀ་ར་འོ་མ་དོར༔ བཙན་དུག་ཤུ་དག་སྦྱར་བའི་ཁྱད་པར་རོ༔ དེ་དག་སུ་ཡིས་བགྱིས་པ་རང་གཞན་རྣམས༔ ནད་དང་སྡུག་བསྔལ་ལུས་ཀྱི་འབྱུང་འཁྲུགས་ཞི༔ ཁམས་དྭངས་ཤེས་པ་གསལ་ཞིང་ཤེས་སྟོབས་འཕེལ༔ བྱང་ཆུབ་བླ་མེད་གོ་འཕང་ཀུན་གྱིས་འགྲུབ༔ ཞེས་གསུངས་སོ༔ དེ་ནས་ཡང་རྗེས་འབྲངས་རྣམས་ཀྱི་ད་ལྟ་དང་མ་འོངས་པའི་སེམས་ཅན་རྣམས་ལ་དབུལ་བའི་སྡུག་བསྔལ་བྱུང་ན་དེ་ལས་སྐྱོབས་པའི་ཐབས་ཇི་ལྟར་མཆིས་ཞེས་ཞུས་པས༔ མ་ཧཱ་གུ་རུས་བཀའ་སྩལ་པ༔ མ་འོངས་སེམས་ཅན་བསོད་ནམས་དམན་པ་ཡིས༔ སྐྱིད་པར་འདོད་ནས་མི་དགེ་བཅུ་སྤྱད་པས༔ སྣང་སྲིད་མ་མོ་མཁའ་འགྲོའི་དཀྱིལ་འཁོར་འཁྲུགས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་ནས་སུ༔ འབྲུ་དང་རྩི་བཅུད་ལོ་རེ་བཞིན་དུུ་སྐམ༔ དེ་དུས་གདམས་ངག་བླ་མའི་གསོལ་འདེབས་དང་༔ བསྟུན་ཏེ་བསྐྱེད་རིམ་རྫས་སྔགས་རྣམས་ལ་བརྟེན༔ ཐོག་མར་རང་ཉིད་བླ་མར་བསྒོམ་པ་ནི༔ སྟོང་ཉིད་དབྱིངས་ལས་འོད་གསལ་རྩལ་གདངས་ལས༔ ཧྲཱིཿཡིག་སེར་པོ་འོད་འབར་ཡོངས་གྱུར་ལས༔ གུ་རུ་ནོར་ལྷ་སྐུ་མདོག་གསེར་གྱི་མདོག༔ གཞོན་ནུའི་ཚུལ་འཆང་ཤ་རྒྱས་གཟི་བརྗིད་ཅན༔ ཕྱག་གཡས་དབང་གྀ་རྒྱལ་པོའི་རྒྱལ་མཚན་དང་༔ གཡོན་པས་དགོས་འདོད་ཀུན་འབྱུང་སྒྲོམ་བུ་འཛིན༔ གསང་གོས་ཕོད་ཁ་ཆོས་གོས་བེར་གྱིས་ཀླུབ༔ པདྨའི་ཞྭ་གསོལ་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ གཏེར་བདག་རྣམས་ནི་བསྣོལ་བའི་རིན་ཆེན་ཁྲི༔ པདྨ་ཟླ་བ་འོད་འབར་ལྷམ་མེར་གསལ༔ ཕྱོགས་བཞིར་ཛམ་ལྷ་དཀར་སེར་དམར་ནག་བཞི༔ གཡས་པས་ལྕགས་ཀྱུ་གཡོན་པས་རིན་ཆེན་འཛིན༔ དར་དང་རིན་ཆེན་རྒྱན་ལྡན་གཏེར་བདག་མནན༔ གཞན་ཡང་ལྷ་མིའི་གནོད་སྦྱིན་ཀླུ་རྣམས་ཀྱི༔ ནོར་བདག་བསམ་མི་ཁྱབ་པ་ཀུན་གྱིས་བསྐོར༔ ཀུན་གྱི་ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ ཧྲཱི་ཡིག་འབར་ཞིང་འཚེར་བའི་འོད་ཟེར་གྱིས༔ སྣོད་བཅུད་རྒུད་པ་ཀུན་བསལ་སྟོབས་རྣམས་སྤེལ༔ ཚུར་འདུས་དངོས་གྲུབ་ཀུན་གྱི་བདག་ཉིད་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་བཟླས་ཉི་ཟླ་ཤར་དང་ལོངས་སྤྱོད་རྙེད༔ གོས་རྒྱན་བཟང་པོར་གྱོན་ནས་རི་རྩེར་ཕྱིན༔ བརྗིད་ཆགས་སྐྱེས་བུའི་ནོར་རྫས་སྟེར་བ་སོགས༔ རྟགས་མཚན་བྱུང་ན་དངོས་གྲུབ་ལེན་བྱའི་ཕྱིར༔ གཏོར་མ་རི་རབ་གཏེར་གྱི་བུམ་པ་ལ༔ ནོར་བུའི་མཚན་པ་སྤོད་ཀྱིས་བྲན་པ་དང་༔ གཞན་ཡང་ནོར་སྣའི་རིགས་དང་མཐའ་བཞིའི་རྫས༔ བླ་མ་ནོར་ལྷ་རྣམས་ཀྱི་གཟུངས་སྔགས་དང་༔ མདོ་སྡེ་རྣམས་ནས་གསུང་བའི་ནོར་ལྷའི་སྔགས༔ གསེར་གྱིས་བྲིས་ལ་རིན་ཆེན་ག་འུར་བཅུག༔ དེ་ཀུན་ལྷན་ཅིག་རས་དཀར་ཁུག་མར་བླུགས༔ མཚན་བཟང་ལུག་གི་སོག་བལ་སྐུད་པས་བཅིང་༔ རིན་ཆེན་འབར་བ་ཉི་ཟླའི་རྟགས་མཚན་བྲི༔ ཐོད་པ་མཚན་བཟང་ངམ་ནི་རིན་ཆེན་སྣོད༔ གནས་ཆེན་ས་སྣ་རྒྱལ་པོའི་བང་མཛོད་ལས༔ བྱུང་བའི་ཟས་སྣ་མར་ཁུ་བཅས་པས་བཀང་༔ བདུད་རྩི་ཅན་གྱི་ཤིང་སྣ་དར་ཚོན་དང་༔ རིན་ཆེན་ཟ་འོག་རྒྱན་གྱིས་མཛེས་པར་བྱ༔ གཞན་ཡང་འབྲང་རྒྱས་ཆང་དང་འོ་མ་སོགས༔ བཟའ་བཏུང་ཅི་འབྱོར་དེ་སོགས་གཙང་མར་བཤམ༔ བླ་མ་ནོར་ལྷའི་དཀྱིལ་འཁོར་མདུན་ཏུ་བསྒོམ༔ སྤྲོ་ན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི༔ བླ་མ་ནོར་ལྷའི་ཕྲིན་ལས་ཚུལ་བཞིན་བཏང་༔ དངོས་གྲུབ་ཐམས་ཅད་མདུན་གྱི་རྫས་ལ་བསྟིམ༔ དེ་ནས་རང་དང་གཞན་གྱི་དོན་དག་ཏུ༔ དངོས་གྲུབ་བསྐུལ་དང་གཡང་ལེན་བྱ་བ་ནི༔ ཧཱུྃ་ཧྲཱི༔ བདེ་ཆེན་ཡེ་ཤེས་འགྱུར་མེད་བླ་མའི་ཚོགས༔ དངོས་གྲུབ་ཀུན་བདག་མ་ལུས་དགོངས་སུ་གསོལ༔ དེང་གི་དུས་འདིར་བདག་ཅག་དད་ལྡན་གྱིས༔ ཚུལ་བཞིན་བླ་མ་ནོར་ལྷའི་ལྷ་ཚོགས་རྣམས༔ མི་གཡོ་རྩེ་གཅིག་བསྒྲུབ་པ་མཐར་ཕྱིན་ནས༔ དེངས་འདིར་དངོས་གྲུབ་འབྱུང་བའི་དུས་ལ་བབ༔ འཇིག་རྟེན་ཀུན་གྱི་དཔལ་ཀུན་འདུ་བའི་ཕྱིར༔ རིན་ཆེན་རི་རབ་དགོས་འདོད་ཀུན་འབྱུང་དང་༔ ཡིད་བཞིན་འདོད་སྟེར་བུམ་པ་བཟང་པོ་ལས༔ དངོས་གྲུབ་གང་འདོད་མྱུར་དུ་ཐོབ་བྱའི་ཕྱིར༔ རིན་ཆེན་འོད་འབར་དངོས་གྲུབ་ཆེན་པོའི་བཅུད༔ བདག་ལ་རྩལ་ཞིང་ལོངས་སྤྱོད་སྤེལ་བ་དང་༔ གཞན་ཡང་ཕྱི་ནང་སྣོད་བཅུད་རྒུད་པ་རྣམས༔ མ་ལུས་ཁྱོད་ཀྱིས་མྱུར་དུ་བསལ་ནས་ཀྱང་༔ དགེ་བཅུ་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ བདག་ཅག་འདིར་འཚོགས་རྣམས་ལ་སྩལ་དུ་གསོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཡང་རྫས་བཟའ་བཏུང་རྟེན་རྣམས་མཛོད་དུ་སྦ༔ ཁྱད་པར་ས་བཅུད་ཉམས་པ་གསོ་བའི་ཕྱིར༔ ང་ཡི་སྦས་པའི་ཀླུ་ཡི་བྱེ་མ་དང་༔ མཚོ་ཆེན་བཞིའི་བྱེ་མ་གཙང་མ་རྣམས༔ མ་ཉམས་གནས་ཀྱི་ས་དང་ས་བཅུད་ལེགས༔ དཔལ་རྣམས་བཟང་བའི་ས་སྣ་སྨན་སྣ་རྣམས༔ ཡན་ལག་བརྒྱད་ལྡན་ཆུ་ཡིས་སྦོལ་ནས་སུ༔ རིལ་བུ་བྱ་ཞིང་ཆོས་ཉིད་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་འོད་ཀྱི་གུར་ཁྱིམ་དུ༔ བླ་མ་ནོར་ལྷ་འཁོར་བཅས་ཁྱད་པར་དུ༔ སངས་རྒྱས་སྤྱན་མ་གསེར་མདོག་མཚན་དཔེ་ཅན༔ དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས༔ ཕྱག་གཉིས་ཐལ་སྦྱར་གསེར་གྱི་བུམ་པ་རུ༔ བདུད་རྩིའི་བཅུད་བཀང་ལྃ་ཡིག་ཐ་མ་རུ༔ སྔགས་ཕྲེང་བསྐོར་བའི་འོད་ཟེར་ཀུན་འཕྲོས་ནས༔ རྒྱལ་ཀུན་མཆོད་ཅིང་བྱིན་རླབས་མ་ལུས་བསྡུས༔ སྣོད་བཅུད་རྒུད་པ་བསལ་ནས་འབྱུང་བཞིའི་བཅུད༔ ཚུར་འདུས་ལྷ་ཚོགས་སྐུ་ལ་ཐིམ་པར་བསམ༔ བླ་མའི་སྙིང་པོ་སངས་རྒྱས་སྤྱན་མའི་སྔགས༔ འབུམ་མམ་ཁྲི་ཕྲག་བཟླས་ལ་ལྷ་ཚོགས་ཀུན༔ འོད་ཞུ་འོད་ཀྱི་གོང་བུ་ལྃ་ཡིག་མཚན༔ ཉེས་པ་ཀུན་སེལ་འོད་ཟེར་འཕྲོ་བར་བསམ༔ དཀོན་མཆོག་མཆོད་ཅིང་ས་བདག་ཀླུ་གཉན་བརྔན༔ གོང་གི་རིལ་བུ་གནས་མལ་གཙུག་ལག་ཁང་༔ དུར་ས་ལ་སོགས་ཕོག་ཐུག་འགྲམ་འཁྲུགས་ཤོར༔ ས་ཉམས་རྒུད་པ་རྣམ་རྟོག་ཡོད་པའི་སར༔ སྦས་ན་ཉེས་པ་ཀུན་གཞོམ་བདེ་ལེགས་འགྱུར༔ དེ་ལྟར་འབད་པས་ས་བཅུད་རྒྱས་པ་དང་༔ ལོངས་སྤྱོད་འདུ་ཞིང་དངོས་གྲུབ་ཐམས་ཅད་ཐོབ༔ ཞེས་གསུངས་སོ༔ དེ་ནས་ཡང་རྗེས་འབྲངས་རྣམས་ཀྱི་མ་འོངས་པའི་དུས་སུ་ཟབ་མོ་གཏེར་གྱི་བོད་ཁམས་ཐམས་ཅད་བསྐྱབས་པར་གསུངས་པས་དེ་དུས་ལས་ཅན་རྣམས་ཀྱིས་ཟབ་མོའི་གཏེར་རྣམས་འདོན་པའི་སྐབས་སུ་ལྷ་འདྲེ་རྣམས་ཀྱི་བཀག་ཞིང་གཏེར་ལ་འཁྲེན་ན་དེའི་བར་ཆད་གང་གིས་སེལ༔ ཞུས་པས༔ བཀའ་སྩལ་པ༔ མ་འོངས་ལས་ཅན་གཏེར་ལ་སྤྱོད་པ་རྣམས༔ བོད་འབངས་སྐྱོབས་ཕྱིར་ང་ཡི་བཀའ་བཞིན་དུ༔ ཟབ་མོའི་གཏེར་རྣམས་འདོན་ཚེ་གཏེར་སྲུང་གིས༔ འཁྲེན་ན་ཡ་གི་ཀུན་བཟང་མན་ཆད་དང་༔ མ་གི་མནར་མེད་དམྱལ་བ་ཡན་ཆོད་རྣམས༔ ཐམས་ཅད་རང་གི་སེམས་ལས་གཞན་མེད་ཅིང་༔ ལྷ་འདྲེ་ཐམས་ཅད་རང་རྩལ་ཆོ་འཕྲུལ་ཡིན༔ རྟོགས་པའི་གདེངས་བསྐྱེད་ཀ་དག་ངང་ཉིད་ལས༔ ང་ཉིད་གཏེར་སྲུང་ཀུན་གྱི་སྲོག་སྙིང་བདག༔ དྲག་པོ་ཐོད་ཕྲེང་སྐུ་མདོག་དམར་ལ་རྔམས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མཁའ་ལ་གདེངས༔ གཡོན་པས་སྒྲོམ་བུའི་སྲོག་སྙིང་མ་ལུས་འདྲེན༔ པད་ཞྭ་གསང་གོས་ཕོད་ཁ་ཆོས་གོས་གསོལ༔ ཞབས་གཉིས་དོར་སྟབས་དྲེགས་པའི་གདན་ལ་བཞུགས༔ འཁོར་དུ་གཟའ་དང་མ་མོ་ཀླུ་རྒྱལ་པོ༔ གིང་ཆེན་གཙང་བཙན་ལ་སོགས་གཏེར་སྲུང་རྣམས༔ བཀའ་དང་དམ་ལ་གནས་ཤིང་བྲན་དུ་འདུས༔ ཅི་བགྱིས་བཀའ་ཉན་བྱེད་པར་བསྒོམས་པ་དང་༔ ང་ཡི་གཏེར་རྣམས་མ་མོ་གཟས་སྲུང་ཤིང་༔ ཁྱད་པར་གཙང་བཙན་རྡོ་རྗེ་ལེགས་པར་གཏད༔ དེ་ཕྱིར་འདི་ལྔ་མཆོད་ཅིང་མཐུན་རྫས་བཤམས༔ སྐུ་ནི་མ་མོ་མཐིང་ནག་གཡུ་སྤྱང་འགྱེད༔ གཟའ་བདུད་སྨུགས་ནག་མདའ་གཞུ་འགེང་ཞིང་འཕེན༔ ཀླུ་བདུད་ནག་པོ་འཁོར་ལོ་སྦྲུལ་ཞགས་འཛིན༔ གིང་ཆེན་ནག་པོ་སྤུ་གྲི་དགྲ་སྟ་བསྣམས༔ གཙང་བཙན་དམར་པོ་རྡོ་རྗེ་དགྲ་སྙིང་བསྣམས༔ ཀུན་ཀྱང་ཚེམ་བེར་ཁྲ་བོ་ཐོད་ཕྲེང་གསོལ༔ ཞབས་རྣམས་ཐམས་ཅད་དོར་སྟབས་དྲེགས་པ་བརྫིས༔ དེ་ལྟར་འབུར་དུ་བསྟོད་དམ་རིས་སུ་བྲིས༔ སྔགས་ཀྱི་བྱང་བུ་རིན་ཆེན་ཁུ་བས་བྲིས༔ ཐུགས་རྟེན་ཕྱག་མཚན་ཡོན་ཏན་མདོས་གཏོར་དང་༔ ཕྲིན་ལས་སྤྱན་གཟིགས་གོ་ཁྲབ་གཡག་ལུག་ར༔ བྱ་རྟ་གླང་སོགས་མཐུན་རྫས་གསེར་སྐྱེམས་བཤམས༔ རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་བསྒོམ༔ མདུན་དུ་དབུས་སུ་མ་མོ་གཡས་སུ་གཟའ༔ གཡོན་དུ་ཀླུ་དང་མདུན་དུ་གིང་ཆེན་ཏེ༔ རྒྱབ་ཏུ་གཙང་བཙན་བསྒོམ་ལ་མཆོད་རྫས་རྣམས༔ བྱིན་གྱིས་རླབས་ཤིང་གཏེར་སྲུང་སྡེ་ལྔ་ཡི༔ སྲོག་སྙིང་འདི་ཉིད་རིག་པ་ཧུར་ཕྱུང་བཟླ༔ ཨེ་ཀ་ཛ་ཏྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ རཀྵ་ར་ཧུ་ལ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ནཱ་ག་རཀྵ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ གིང་ཀ་རཱ་ར་ཛ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ བཛྲ་སཱ་དྷུ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ རང་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ༔ སྣང་སྲིད་ཟིལ་གནོན་རྩལ་གྱི་བཀའ་བསྒོས་པས༔ གཏེར་སྲུང་སྡེ་ལྔ་མདུན་དུ་འདུས་པར་བསམ༔ ཧཱུྃ༔ སྔོན་ཚེ་པདྨ་འབྱུང་གནས་ཀྱི༔ དམ་ལ་བཞག་ཅིང་གཏེར་སྲུང་དུ༔ བསྐོས་པའི་གཟའ་དང་མ་མོ་ཀླུ༔ གིང་ཆེན་བཙན་རྒྱལ་ཁྱེད་རྣམས་ནི༔ ཟབ་གཏེར་ཀུན་གྱི་སྲུང་མར་བསྐོས༔ བདག་ནི་དེ་ཉིད་ལེན་པ་ཡི༔ ལས་ཅན་བུ་རུ་སྨོན་ལམ་བཏབ༔ སྔོན་དུས་བཙད་པོ་རྗེ་བློན་དང་༔ མ་ཧཱ་གུ་རུ་ཐོད་ཕྲེང་གིས༔ གཏེར་གྱིས་བཅོལ་དམ་ཁྱོད་ལ་བྱས༔ ལེན་པར་བདག་ཉིད་བསྐོས་པ་བཞིན༔ བཅོལ་ངན་བདག་ཏུ་མ་བཟུང་བར༔ ཕ་ནོར་བུ་ལ་ད་ལྟ་སྤྲོད༔ རང་ནོར་རང་གིས་ལེན་པ་ལ༔ དེ་ལ་འཁྲེན་པ་སུ་ཞིག་ཡིན༔ བཅོལ་པོ་གཞན་གྱིས་ལེན་པ་མིན༔ གུ་རུ་རྗེ་ཡིས་བཀའ་བྱུང་བས༔ བཅོལ་མ་བདག་ལ་ད་ལྟ་གཏོད༔ གལ་ཏེ་བཅོལ་ངན་བདག་བཟུང་ན༔ ལྷོ་ནུབ་དཔལ་རིའི་རྩེ་མོ་ནས༔ ཕ་གཅིག་གུ་རུ་ཐུགས་ཁྲོས་ཏེ༔ སྤྲུལ་པས་འཛམ་གླིང་ཁེངས་པར་མཛད༔ ལྷ་འདྲེ་ཁྱེད་རྣམས་བཅུན་ནས་སུ༔ སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར༔ དེ་བས་ཕ་ནོར་བུ་ལ་སྤྲོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲཱིཾ་ཧྲཱིཾ༔ གཞན་ཡང་ཐ་ཚིག་ཆེན་པོ་ནི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བོད་ཡུལ་དབུས་སུ་བྱོན་པའི་ཚེ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆོས་སྐྱོང་ཐམས་ཅད་བྲན་དུ་བཀོལ༔ ང་ནི་སློབ་དཔོན་དེ་ཡི་རྒྱུད༔ ཁྱོད་ནི་སྲུང་མ་དེ་ཡི་རིགས༔ སྔོན་ཚེ་ཞལ་བཞེས་དེ་བཞིན་དུ༔ སྔོན་ཚེ་སློབ་དཔོན་བཀའ་མ་བཅག༔ ད་ལྟ་རྣལ་འབྱོར་དམ་མ་བཀྲལ༔ མཐུན་རྫས་དཀོར་ཆ་འདི་བཞེས་ལ༔ བདག་གི་འདོད་དོན་འགྲུབ་པར་མཛོད༔ ཅེས་བརྗོད་ལྟ་བའི་གདེངས་བསྐྱེད་ལ༔ འདོད་པའི་དོན་ལ་ལོངས་སྤྱོད་ན༔ ཆོ་འཕྲུལ་མི་འབྱུང་བསམ་པ་འགྲུབ༔ ཕ་ནོར་བུ་ཡིས་སྤྱོད་ནས་སུ༔ མ་འོངས་བོད་འབངས་སྡུག་བསྔལ་སེལ༔ ང་ཡི་བསྟན་པ་མཐའ་རྒྱས་བྱེད༔ དེ་ལྟ་བུ་ཡི་གདམས་པ་ནི༔ མེད་ན་ལས་ཅན་སྐྱེས་བུ་ཡི༔ ལུང་བསྟན་ཁ་བྱང་ཡོད་ནའང་༔ ལག་སྡུམ་བྲག་ལ་འཛེགས་པ་འདྲ༔ དེ་བས་གདམས་པ་འདི་ཉིད་གཅེས༔ སྔོན་དུ་རིག་འཛིན་ཟིལ་གནོན་གྱི༔ བསྐྱེད་རིམ་ལེགས་པར་བསྒོམ་ནས་སུ༔ བླ་མའི་སྙིང་པོ་ཐོད་ཕྲེང་རྩལ༔ འབུམ་ཕྲག་གཅིག་བཟླས་ཁྱད་པར་དུ༔ གཏེར་སྲུང་སྲོག་སྙིང་འདྲེན་པ་ཡི༔ བཟླས་པ་རྟགས་མ་བྱུང་བར་བྱ༔ དྲེགས་པའི་འཚུབས་སློང་ངེས་པར་འོངས༔ དེ་ཚེ་ཆོ་འཕྲུལ་གང་ལའང་༔ མི་འཇིགས་ལྟ་བའི་ཟིལ་གྱིས་མནན༔ གཏེར་སྲུང་མཐུན་རྫས་རྣམས་ཀྱིས་མཆོད༔ ཕ་ནོར་བུ་ཡིས་ལེན་པ་ཡི༔ ཞལ་ཆེམས་མ་འོངས་དོན་དུ་བཞག༔ ཞེས་གསུངས་སོ༔ ཡང་རྗེས་འབྲངས་རྣམས་ཀྱི་མ་འོངས་པའི་དུས་སུ་ཁྱེད་ཀྱིས་རྗེས་འཇུག་སྒྲུབ་པ་ལ་བརྩོན་པ་རྣམས་སྦས་ཡུལ་སྙེགས་པ་དང་༔ གཞན་ཡང་འགྲོ་བ་གང་དག་ལམ་འཕྲང་བགྲོད་པའི་ཚེ༔ བར་གཅོད་ཀྱི་ཁ་ཆར་དང་༔ མུན་པ་སོགས་ཤུལ་རིང་དུ་འགྲོ་བ་རྣམས༔ སྡུག་བསྔལ་བར་གྱུར་པའི་ཚེ་དེ་དག་རྣམས་བསྐྱབས་པའི་གདམས་པ་ཞིག་སྩལ་ཏུ་གསོལ༔ ཞེས་ཞུས་པ་ན༔ བཀའ་སྩལ་པ༔ ད་ལྟ་མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ང་ཡི་རྗེས་འཇུག་བསྒྲུབ་ལ་བརྩོན་པ་རྣམས༔ འཆི་བ་སེམས་ནས་འཇིག་རྟེན་རྒྱབ་བོར་ཏེ༔ སྒྲུབ་པ་ལྷུར་ལེན་དབེན་གནས་སྙེགས་པ་རྣམས༔ འགྲོ་བ་གང་ཞིག་ཤུལ་རིང་ཞུགས་པའི་ཚེ༔ ལམ་ལ་བར་དུ་བཅོད་པ་ཅི་བྱུང་ཡང་༔ པདྨ་བདག་ལ་རྩེ་གཅིག་གསོལ་བ་ཐོབ༔ ཁྱད་པར་རང་གི་སེམས་ཉིད་ཡེ་ཤེས་རྩལ༔ མ་འགགས་ཆོ་འཕྲུལ་གུ་རུ་ལས་རབ་རྩལ༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ བ་དན་འཛིན་ཅིང་གཡོན་པས་དྲིལ་བུ་འཛིན༔ འཁོར་དུ་གཉན་ཆེན་སྡེ་བཞི་དཀར་སྨུགས་སེར༔ ལྗང་བའི་མདོག་ཅན་བ་དན་འཛིན་པ་བསྒོམ༔ ཡང་ན་གང་དུ་འགྲོ་བའི་ཡུལ་ལྷའི་གཙོ༔ བསྒོམ་པ་ལེགས་མོད་འོན་ཀྱང་བོད་ཡུལ་འདིར༔ ཡུལ་ལྷའི་གཙོ་བོ་གཉན་ཆེན་སྡེ་བཞི་སྟེ༔ ང་ཡི་དམ་བཞགས་ལྷ་ཡི་རིག་འཛིན་ཡིན༔ དེ་ཕྱིར་སྒྲུབ་པ་པོ་ལ་ཕྲིན་ལས་སྒྲུབ༔ ང་ལ་མོས་པའི་སེམས་ཅན་ཐམས་ཅད་བསྐྱབས༔ དེ་ཕྱིར་འདི་ཉིད་མཆོད་ཅིང་བསྟོད་ན་ལེགས༔ གཞན་དག་ཕལ་ཆེར་ཡུལ་འདྲེས་དབང་བསྒྱུར་བས༔ སྐྱབས་སུ་སོང་ན་ལོག་པའི་ལམ་དང་འཕྲད༔ དེ་བས་གཉན་ཆེན་སྡེ་བཞི་བསྒོམ་པར་འབད༔ གཞན་ཡང་སྤྱི་དང་བྱེ་བྲག་ལྷ་འདྲེ་རྣམས༔ མ་ལུས་བཀའ་དང་བྲན་ལ་གནས་པར་བསམ༔ དེ་ནས་ལས་ཀྱི་སྦྱོར་བ་བརྩམ་པ་ནི༔ རས་དཀར་བ་དན་བཟང་པོའི་ངོས་དག་ཏུ༔ ང་ཉིད་ལས་རབ་རྩལ་དང་ཡུལ་ལྷ་བཞི༔ སྐུ་གཟུགས་སྔགས་བྱང་ལྡན་པ་ཚུལ་བཞིན་བྲི༔ ཆོས་སྨན་བྱུག་ལ་གོང་བཞིན་དངོས་སུ་བསྒོམ༔ སྤྱན་དྲངས་མཆོད་བསྟོད་ཕྲིན་ལས་གཞུང་ལྟར་གྱེར༔ དམིགས་པ་རྩེ་གཅིག་བསྒོམས་ནས་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ལོ་ཀ་པཱ་ལ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཀརྨ་གུ་རུ་ཧཱུྃ༔ ཞེས་པ་ཁྲི་བཟླས་ནུས་བསྐྱེད་སྔགས་ཀྱིས་བསྒྲུབ༔ བ་དན་རྒྱབ་ལོག་རིགས་གསུམ་མགོན་པོ་དང་༔ བླ་མའི་སྙིང་པོ་རྗེ་བཙུན་སྒྲོལ་མ་དང་༔ འོད་ཟེར་ཅན་དང་དོན་རྣམས་གྲུབ་པའི་གཟུངས༔ སྤྲོ་ན་ཉེས་པ་ཀུན་སེལ་སྔགས་རྣམས་བྲི༔ ཁྱད་པར་བདག་གི་ཀླུང་རྟ་དབང་ཐང་དང་༔ ཚེ་དང་བསོད་ནམས་རྩལ་གྱི་དངོས་རྣམས་ཀུན༔ མཆོག་གསུམ་ལྡན་པས་ནུས་པ་ཡར་ལ་བསྐྱེད༔ བསམ་པའི་དོན་རྣམས་འགྲུབ་པའི་བཀྲ་ཤིས་ཤོག༔ ཞེས་པའི་ཤམ་བུར་བཏགས་ལ་རྟེན་འབྲེལ་གྱི༔ གཟུངས་དང་བཀྲ་ཤིས་རྟགས་བརྒྱད་ལ་སོགས་བྲི༔ མདུང་གི་རྩེ་རྒྱན་བཀྲ་ཤིས་རྫས་བརྒྱད་བཏགས༔ འགྲོ་བའི་དུས་སུ་བླ་མ་ཡུལ་ལྷའི་གཙོས༔ སྔོན་དུ་བྱོན་ནས་ལམ་སྣ་བྱེད་པར་བསམ༔ བ་དན་ཕྱར་ལ་གོང་གི་སྔགས་ཀྱང་བཟླ༔ ཁྱད་པར་ནུས་ལྡན་སྒྲུབ་པའི་ཨ་མྲྀ་ཏ༔ གཡུ་ཤུགས་བ་ལུ་སྤན་དཀར་མཁན་དཀར་དང་༔ འོམ་བུ་ལྔ་སྟེ་བདུད་རྩི་ཅན་གྱི་ཤྀང་༔ དམ་མེད་མཛེ་ཡུག་སྡིག་ཅན་མ་ཡིན་པའི༔ དཀར་ཕྱོགས་མཚན་བཟང་ལག་ནས་བྱུང་བ་ཡི༔ དཀར་གསུམ་ཟས་སྣ་མ་ཉམས་འབྲུ་ཡི་རིགས༔ ཁྱད་པར་གངས་རྒྱལ་ཙཱ་རི་ཟབ་བུ་ལུང་༔ ཤེལ་བྲག་འཆིང་ཕུ་ཏིལ་སྒྲོ་མོན་མཁར་དང་༔ ཁམས་ཀྱི་གནས་ཆེན་ཉེར་ལྔ་ལ་སོགས་པ༔ དམ་སེལ་སྡེ་འཁྲུགས་རྣམས་ཀྱིས་མ་གོས་པའི༔ གནས་ཆེན་རྣམས་ཀྱི་ཤིང་སྣ་ཐམས་ཅད་བསྡུས༔ བཟང་དྲུག་ཁྱད་པར་ཨ་རུ་སྨན་སྣའི་ཚོགས༔ ཞིབ་པར་བཏགས་ནས་མ་ཉམས་གངས་ཆུས་སྦོས༔ རིལ་བུ་བསྒྲིལ་ལ་མཁར་གཞོང་ལྟ་བུར་བླུགས༔ ཆོས་ཉིད་སྔགས་ནི་བརྒྱ་རྩ་བཟླས་ནས་སྦྱངས༔ སྟོང་པའི་ངང་ལས་ཨ་ཡིག་ལས་བྱུང་བའི༔ འོད་ཀྱི་གོང་བུའི་ནང་དུ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་གསུམ་ཤིན་ཏུ་འབར་བ་ལས༔ འོད་ཟེར་ཀུན་འཕྲོས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ ཨོཾ་ཨཱཿཧཱུྃ་གི་རྣམ་པར་སྤྱན་དྲངས་ནས༔ དེ་དག་རྣམས་ལ་ཐིམ་པས་གྲིབ་སེལ་ཞིང་༔ ཉེས་པ་ཀུན་འཇོམས་བདེ་བ་འཕེལ་བའི་བཅུད༔ འདོད་ཡོན་མ་ལུས་འཕྲོ་བའི་གཞིར་གྱུར་བསམ༔ ཨོཾ་ཨཱཿཧཱུྃ་གསུམ་ཁྲི་ཕྲག་བཟླས་པས་བསྒྲུབ༔ གཞི་བདག་དམ་ལ་གནས་ཤིང་བྲན་འཁོལ་ཕྱིར༔ རིལ་བུ་ཐམས་ཅད་བདུད་རྩི་འཁྱིལ་པར་བསྒོམ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ སྟོང་བཟླས་འོད་ཞུ་རིལ་བུར་གྱུར་པར་བསམ༔ རིལ་བུ་སྟོན་པ་ཤཱཀྱའི་སྐུར་བསྒོམ་ལ༔ དོན་འགྲུབ་གཟུངས་དང་རྟེན་འབྲེལ་སྙིང་པོ་དང་༔ བརྒྱ་འམ་སྟོང་བཟླས་འོད་ཞུ་རིལ་བུ་ལ༔ སྐུ་གསུང་ཐུགས་ཀྱི་སྙིང་པོས་མཚན་པར་བསམ༔ མི་ཉམས་ཕྱིར་དུ་དབྱངས་གསལ་རྟེན་སྙིང་གིས༔ རབ་ཏུ་གནས་ལ་དར་གྱི་ཁུག་མར་བླུགས༔ དོན་ཆེན་སྒྲུབ་དང་ལམ་དུ་ཞུགས་པའི་ཚེ༔ ཤིང་སྣ་དང་བཅས་རིལ་བུ་མེ་ལ་བསྲེག༔ ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་མཆོད་པའི་ཚོགས༔ འཁོར་འདས་ཁྱབ་པར་འཕྲོས་ཏེ་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ ཡུལ་ལྷ་གཞི་བདག་རིགས་དྲུག་ལན་ཆགས་བགེགས༔ མ་ལུས་ཚིམ་ཤིང་བདག་གི་དོན་སྒྲུབ་བསམ༔ མཚན་དང་མིང་སྨོས་འདོད་དོན་གསོལ་བ་གདབ༔ དེ་ཡིས་གང་འདོད་བསམ་པ་ཐམས་ཅད་འགྲུབ༔ གཞན་ཡང་བླ་མ་ཡུལ་ལྷའི་ཚོགས་བཅས་དང་༔ ཁྱད་པར་ཤར་དུ་འགྲོ་ན་རྡོ་རྗེའི་རིགས༔ རྨ་རྒྱལ་སྤོམ་ར་ལ་སོགས་ཡུལ་ལྷ་མཆོད༔ ལྷོ་རུ་འགྲོ་ན་ལས་རིགས་བདུད་ཀྱི་རྗེ༔ དམག་དཔོན་དབྱི་རྒྱལ་ལ་སོགས་ཡུལ་ལྷ་མཆོད༔ ནུབ་ཏུ་འགྲོ་ན་པདྨའི་རིགས་ཀྱི་གཉན༔ ཐང་ལྷ་ལ་སོགས་ཡུལ་ལྷ་ཐམས་ཅད་མཆོད༔ བྱང་དུ་འགྲོ་ན་རིན་ཆེན་གནོད་སྦྱིན་རྗེ༔ གེར་མཛོའི་སྒྱོགས་ཆེན་སྡོང་ར་ལ་སོགས་མཆོད༔ གཞན་ཡང་གང་དུ་འགྲོ་བའི་ཡུལ་ལྷ་ལ༔ གསེར་སྐྱེམས་དམ་བསྒྲགས་བརྔན་གྱི་གྲངས་ལ་འབད༔ དེ་ལྟར་བྱས་ན་བོད་ཡུལ་གནས་ཆེན་སོགས༔ ཁྱད་པར་ཉེར་ལྔའི་སྦས་ཡུལ་བགྲོད་པ་དང་༔ གཞན་ཡང་དོན་གཉེར་འགྲུལ་བགྲོད་ལ་སོགས་པར༔ གདམས་པ་འདི་ལྟར་འབད་པས་འཇིགས་པ་སེལ༔ ཅེས་གསུངས་སོ༔ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་དགྲ་ཇག་ཆོམ་རྐུན་གཅན་གཟན་གྱིས་སྒྲུབ་པ་པོ་རྣམས་ཀྱིས་སྒྲུབ་པ་བྱེད་དུ་མི་སྟེར་བ་དང་༔ སེམས་ཅན་ཐམས་ཅད་ཐོགས་བཅས་བདུད་ཀྱིས་འཇིགས་ན་ཇི་ལྟ་བའི་གདམས་པ་མཆི་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་ཕྱོགས་བཞིའི་མཐའ་དམག་དབུས་གཏིབས་ནས༔ འགའ་ཞིག་སྦས་ཡུལ་འབྲོག་དང་སེམས་ཅན་ལ༔ གཅན་གཟན་ལ་སོགས་སྲོག་ལ་འཚེ་བྱེད་པའི༔ འཇིགས་པ་བྱུང་ན་རང་ཉིད་སྐད་ཅིག་གིས༔ རང་རྩལ་རིག་པའི་ཆོ་འཕྲུལ་ཡེ་ཤེས་ལས༔ མ་ཧཱ་གུ་རུ་པདྨ་གིང་གི་གཙོ༔ དཀར་གསལ་གཡས་པས་ཐོད་རྔ་གཡོན་དྲིལ་བུ༔ པད་ཞྭ་གསང་ཕོད་ཆོས་གོས་རྣམས་ཀྱིས་ཀླུབས༔ ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ྄་ཀྱི་སྒྲ་སྒྲོགས་ཤིང་༔ ཞབས་གཉིས་ནམ་མཁའི་ཁམས་སུ་གར་སྟབས་བསྒྱུར༔ འཁོར་དུ་གིང་ཆེན་སྡེ་བཞི་དཀར་སེར་དམར་ལྗང་༔ ཐོད་པའི་རྔ་ཆེན་བརྡུང་ཞིང་ཕཊ྄་སྒྲ་སྒྲོགས༔ གིང་དང་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ༔ ནམ་མཁའི་ཀློང་དུ་འུར་འུར་ཆེམས་ཆེམས་དང་༔ འཇིགས་པ་ཀུན་གཞོམ་མཐུ་རྩལ་ཐོགས་མེད་བསམ༔ རིགས་པ་ཧུར་ཕྱུང་ཕཊ྄་སྒྲ་དྲག་པོ་བསྒྲག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ བཛྲ་རཏྣ་པདྨ་ཀརྨ་གིངྐ་ར་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ྄་ཕཊ྄༔ དྲག་ཏུ་བཟླས་པས་གདུགས་པའི་གཅན་གཟན་སོགས༔ གནོད་ཅིང་འཚེ་བའི་རིགས་རྣམས་དབང་མེད་བྲོས༔ གཞན་ཡང་ཌཱ་མ་རུ་ལ་སྔགས་དེ་བྲིས༔ རིག་འཛིན་གིང་དང་གཅས་པའི་སྐུ་རུ་བསྒོམ༔ སྔགས་རྣམས་བཟླས་ཤིང་ཡེ་ཤེས་ཡང་ཡང་བསྟིམ༔ བསྒྲུབ་ཅིང་མཆོད་ལ་ཚོགས་ཀྱི་འཁོར་ལོ་བསྐོར༔ དེ་སོགས་རྟགས་རྣམས་བྱུང་ན་རབ་གནས་བྱ༔ སུས་དཀྲོལ་མ་མོ་མཁའ་འགྲོ་གིང་རྣམས་འདུ༔ འཇིགས་པ་ཀུན་འཇོམས་ལས་རྣམས་འགྲུབ་པར་བྱེད༔ གཞན་ཡང་རས་སོགས་ཤོག་བུར་ཌཱ་མ་རུའི༔ གཟུངས་དང་སྔགས་བྲིས་ཇག་སྲུང་ཤམ་བུར་སྦྱར༔ གང་ལ་བཏགས་ན་གཅན་གཟན་འཇིགས་པ་སེལ༔ ཐོགས་བཅས་བདུད་འཇོམས་གདམས་པ་ཟབ་མོ་འདི༔ ཕན་བྱེད་ལས་ཚོགས་ཕྲན་ཚེགས་མ་འོང་གི༔ འགྲོ་བའི་དོན་བྱེད་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་འབྱུང་བའི་གཡོ་འཁྲུགས་ཀྱི་ཁྱེད་ཀྱི་རྗེས་འཇུག་སྒྲུབ་པ་པོ་རྣམས་ལ་བར་དུ་བཅོད་ཅིང་སེམས་ཅན་སྡུག་བསྔལ་བར་གྱུར་ན་དེ་དག་སེལ་བའི་གདམས་པ་ཇི་ལྟ་བུ་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་དུས་ན་ཆོས་མིན་ཟོག་པོ་ཡིས༔ ཡུལ་རྣམས་ཁེངས་ཤིང་བདུད་ཀྱི་བྱིན་བརླབས་པའི༔ ཆེ་དགུ་རྣམས་ཀྱིས་ཆོས་མིན་ཆོས་ལྟར་བྱེད༔ དགེ་སློང་ཁྲིམས་མེད་སྔགས་པ་དམ་ཚིག་མེད༔ སྐྱེ་བོ་ཁྲེལ་མེད་བུད་མེད་ངན་སྤྱོད་ཤོམས༔ དེ་དུས་མ་མོ་མཁའ་འགྲོ་ཐམས་ཅད་འཁྲུགས༔ འབྱུང་བ་ཁོད་མི་སྙོམས་ཤིང་བར་ཆད་ལྡང་༔ དེ་ཚེ་རྣལ་འབྱོར་རྣམས་ཀྱི་གཉིས་བསྡུས་ཆོས༔ སྟོང་ཞིང་བདག་མེད་རང་རིག་བདེ་ཆེན་རྩལ༔ མ་ཧཱ་གུ་རུ་པདྨ་ནམ་མཁའི་རྒྱལ༔ མཐིང་གསལ་གཡས་པས་བདུད་རྩི་བུམ་པའི་ཁར༔ རིན་ཆེན་རི་རབ་གཡོན་པས་མེ་རླུང་ཞགས་པ་འཛིན༔ པད་ཞྭ་གསང་ཕོད་ཆོས་གོས་རྣམས་ཀྱིས་ཀླུབས༔ ཞབས་གཉིས་བཞེངས་སྟབས་པད་ཟླའི་གདན་ལ་འགྱིངས༔ འོད་འབར་སྣང་སྲིད་ཟིལ་གྱིས་ནོན་པར་གསལ༔ འཁོར་དུ་འབྱུང་བའི་ལྷ་མོ་རིགས་བཞི་ནི༔ མཐིང་སེར་དམར་ལྗང་མཛེས་པའི་ངང་ཚུལ་ཅན༔ གཡས་པ་རྣམས་ཀྱིས་བདུད་རྩིའི་བུམ་པ་དང་༔ རི་རབ་མེ་ཕུང་རླུང་གི་ཞགས་པ་དང་༔ གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཆེན་པོར་བསམ༔ གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དང་༔ འཁོར་བཞིར་པྃ་ལྃ་རྃ་ཡྃ་ཡེ་ཤེས་སྲོག༔ འོད་འབར་མ་དག་འབྱུང་བཞིའི་གཡོ་འཁྲུགས་སྦྱངས༔ དག་པ་འབྱུང་བཞིའི་དྭངས་མ་ཀུན་བསྡུས་ནས༔ ཡི་གེ་རྣམས་ཐིམ་ཡེ་ཤེས་འབྱུང་ལྔ་ཡི༔ དྭངས་མ་ཀུན་འཁྱིལ་འོད་ལྔའི་ལུས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བྃ་ལྃ་རྃ་ཡྃ་སརྦ་སདྡྷི་ཧཱུྃ༔ དེ་ལྟར་འབད་པས་ཕྱི་ནང་འབྱུང་བ་བཞི༔ རྒུད་པ་ཀུན་ཞི་ཁམས་ལྔའི་སྟོབས་རྣམས་འཕེལ༔ ས་བཅུད་འདུས་པས་ལུས་ཀྱི་སྟོབས་རྣམས་འཕེལ༔ ཆུ་བཅུད་འདུས་པས་ལུས་ཀུན་ཐིག་ལེས་ཁེངས༔ མེ་བཅུད་བདུས་པས་བདེ་དྲོད་བཀྲག་མདངས་འཕེལ༔ རླུང་བཅུད་འདུས་པས་རྩལ་ཆེ་ཤེས་པ་གསལ༔ ནམ་མཁའི་བཅུད་འདུས་ཁམས་མཉམ་ཏིང་འཛིན་འཕེལ༔ ཚེ་སྒྲུབ་ཀུན་གྱི་མཐར་ཐུག་འདི་ཡིན་ནོ༔ དེ་ནས་མཚན་མ་རྫས་ལ་བསྟིམ་པ་ནི༔ དང་པོ་ས་གཞི་བརྟན་ཞིང་བཅུད་རྒྱས་ཕྱིར༔ གནས་ཀྱི་ས་སྣའི་རི་རབ་ལྷུན་ཆག་པའི༔ ས་དང་ས་ཡི་སྙིང་པོ་རིན་ཆེན་ཚོགས༔ གཅིག་ཏུ་ཚོགས་པའི་འཇིམ་ལ་རི་རབ་གཟུགས༔ ནང་དུ་ལཾ་ཡིག་གསེར་གྱིས་བྲིས་པ་ལ༔ རྟེན་འབྲེལ་སྙིང་པོ་ཨཱ་ལི་ཀཱ་ལིའི་བསྐོར༔ ས་ཡི་ལྷ་མོར་བསམ་ལ་རབ་གནས་བྱ༔ གང་དུ་སྦས་སམ་གནས་ཁང་ནང་དུ་བཞག༔ ས་ཡི་འཇིགས་པ་ཐམས་ཅད་དེ་ཡིས་སེལ༔ ས་བཅུད་འཕེལ་ཞིང་ས་བཀྲ་ངན་པ་འཇོམས༔ གཉིས་པ་ཆུ་ཡི་འཇིགས་སེལ་ཆུ་མོད་ཕྱིར༔ རིན་ཆེན་ལ་སོགས་ཤེལ་གྱི་བུམ་པ་རུ༔ རིན་ཆེན་ཆུ་ཤེལ་ངོགས་སུ་ཆུ་གསེར་གྱིས༔ བྃ་ཡིག་རྟེན་སྙིང་དབྱངས་གསལ་བཅས་པ་བྲི༔ མཚོ་ཆེན་རྣམས་ཀྱི་བྱེ་མས་བཀང་ནས་སུ༔ ཆུ་ཡི་ལྷ་མོ་བསྐྱེད་ལ་རབ་གནས་བྱ༔ ཆུ་ལ་སྦས་ན་ཆུ་ཡི་འཇིགས་པ་སེལ༔ གསུམ་པ་མེ་ཡི་འཇིགས་སེལ་ལོངས་སྤྱོད་ཀུན༔ འདུ་ཕྱིར་རིན་ཆེན་ཟངས་ཀྱི་བུམ་པ་རུ༔ མེ་ཤེལ་ངོགས་སུ་གསེར་གྱི་རྂ་ཡིག་དང་༔ རྟེན་སྙིང་དབྱངས་གསལ་བྲིས་ལ་རྡོ་སོལ་སོགས༔ དྲོད་དང་ལྡན་པའི་རྫས་རིགས་རྣམས་ཀྱིས་བཀང་༔ མེ་ཡི་ལྷ་མོར་བསྐྱེད་ལ་རབ་གནས་བྱ༔ ཐབ་ཀ་ལ་སོགས་གང་འདོད་ས་རུ་སྦས༔ མེ་ཡི་འཇིགས་པ་སེལ་ཞིང་ལོངས་སྤྱོད་འདུ༔ བཞི་པ་རླུང་གི་འཇིགས་སེལ་ནུས་བསྐྱེད་ཕྱིར༔ ཤིང་གི་བྱང་བུར་རླུང་གི་ལྷ་མོའི་སྐུ༔ བྲིས་པའི་སྙིང་གར་གསེར་གྱི་ཡྃ་ཡིག་འབྲི༔ མཐའ་སྐོར་རྟེན་སྙིང་དབྱངས་གསལ་བསྐོར་བ་བྲི༔ རླུང་གི་ལྷ་མོ་བསྐྱེད་ལ་རབ་ཏུ་གནས༔ གང་དུ་བཏགས་ན་རླུང་གི་འཇིགས་སེལ་འགྱུར༔ དེ་ལྟར་འབྱུང་བཞིའི་ཉེས་པ་ཀུན་འཇོམས་པའི༔ གདམས་པ་ཟབ་མོ་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་ཆོམ་རྐུན་གྱིས་སྒྲུབ་པ་པོ་བཅོམ་ཞིང་འཕྲོག་པ་དང་༔ སེམས་ཅན་ཐམས་ཅད་རྩོད་པ་དྲུག་གི་འཇིགས་པ་ལ་བརྟེན་ན་ཕན་པའི་གདམས་པ་ཇི་ལྟ་བུ་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་དུས་སུ་རྒྱལ་ཁྲིམས་ཆོས་ཁྲིམས་བཤིག༔ བོད་རྣམས་ཆོམ་རྐུན་ཨ་ར་ཅན་གྱིས་འཇིགས༔ རྣལ་འབྱོར་དབེན་པར་གནས་ཀྱང་དགྲ་ཡིས་འཚེ༔ དེ་ཚེ་རང་རིག་ཆོས་སྐུའི་རྩལ་གདངས་ལས༔ གུ་རུ་སྣང་སྲིད་ཕྱག་རྒྱས་རྒྱས་འདེབས་སྐུ༔ དཀར་དམར་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་ལྕགས་ཀྱུ་གདེངས་ཞིང་ཞགས་པ་འཕེན༔ གཡོན་པས་ལྕགས་སྒྲོག་འཛིན་ཅིང་དྲིལ་བུ་དཀྲོལ༔ འཁོར་དུུ་ཁྲོ་ཆུང་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་འཛིན་སྤྲུལ་པ་གྲངས་མེད་སྤྲོ༔ གཙོ་བོའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་དང་༔ འཁོར་བཞིའི་ཐུགས་ཀར་ཛཿཧཱུྃ་བྂ་ཧོཿབཞི༔ ཡེ་ཤེས་འབར་བའི་སྲོག་ལས་འོད་ཟེར་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་དབྱིབས༔ གྲངས་མེད་འཕྲོས་ཤིང་དགྲ་རྐུན་རྔམས་སེམས་ཅན༔ གླག་ལྟའི་རིགས་རྣམས་སྙིང་ཕུག་ལུས་ཀུན་བཅིངས༔ དབང་པོ་ཀུན་བསྡམས་དྲན་མེད་མྱོས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ བཛྲ་ཀྲོ་དྷ་ཛཿཧཱུྃ་བྂ་ཧོཿཧཱུྃ་ཧཱུྃ༔ ཞེས་བཟླས་རིག་པའི་ངར་ཕྱུང་དཔའ་གདེངས་བསྐྱེད༔ གནོད་བྱེད་དགྲ་བགེགས་ཐམས་ཅད་འབྲོས་པར་འགྱུར༔ ལས་སྦྱོར་ཤིང་ཤུན་བུག་རྡོལ་མེད་པ་ལ༔ དབུས་སུ་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐར༔ སྔགས་ཀྱིས་བསྐོར་ཞིང་གང་འདོད་ཤམ་བུར་སྦྱར༔ ཡི་གེ་བཞིས་མཚན་རྒྱལ་མཚན་བཞི་ཡིས་བསྐོར༔ ལྷ་ཚོགས་བསྒོམ་ལ་བསྐྱེད་བསྟིམ་ཡང་ཡང་བྱ༔ སྔགས་ནི་སྟོང་བཟླས་འཁོར་ལོར་བརྟན་བཞུགས་བྱ༔ སུས་འཆང་ཆོམ་རྐུན་འཇིགས་པ་ཀུན་ལས་སྐྱོབས༔ དེ་ལྟར་རྣལ་འབྱོར་གྲོགས་མེད་གཅིག་པུར་འགྲོ༔ དེ་ཚེ་ཟབ་པའི་གདམས་པ་འདི་ལ་འབད༔ འགྲོ་བའི་དོན་བྱེད་ལས་ཅན་དོན་དུ་བཞག༔ ས་མ་ཡ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་རྗེས་འཇུག་སྒྲུབ་པ་པོ་རྣམས་དང་༔ སེམས་ཅན་རྣམས་ལ་མཚོན་ཆ་གདུག་པའི་དཔལ་གྱིས་བར་དུ་གཅོད་ཅིང་སྡུག་བསྔལ་ན༔ དེ་དག་སྐྱོབས་པའི་ཐབས་ཀྱི་མན་ངག་ཇི་ལྟ་བུ་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་དུས་སུ་སྐྱེ་བོ་སྡིག་ཅན་རྣམས༔ འབྱུང་པོས་རྒྱུད་དཀྲུག་ཆོས་བྱེད་དཔོན་པོ་དང་༔ ཡ་རབ་ཆེ་དགུ་རྣམས་ལ་མཚོན་དང་དུག༔ མ་རུང་ལོག་པའི་སྦྱོར་བས་བཀུམ་པར་འགྱུར༔ དེ་དུས་བར་ཆད་དེ་དག་བསྲུང་བའི་ཕྱིར༔ མི་འགྱུར་མི་ཤིགས་སྟོང་པའི་རང་རྩལ་ལས༔ གུ་རུ་རྡོ་རྗེ་རྒྱལ་པོ་སྐུ་མདོག་ལྗང་༔ ཁྲོ་འཛུམ་གཟི་བརྗིད་རབ་འབར་ཕྱག་གཡས་ཀྱི༔ རྡོ་རྗེའི་མཚན་པའི་རལ་གྲི་འབར་བ་དང་༔ གཡོན་པས་རྡོ་རྗེའི་གོ་ཁྲབ་མེ་འབར་འཛིན༔ པད་ཞྭ་གསང་ཕོད་ཆོས་གོས་རྣམས་ཀྱིས་བཀླུབས༔ ཞབས་གཉིས་འདོར་སྟབས་དགྲ་བགེགས་གདན་ལ་བཞེངས༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་སྔོན་པོ་ལས༔ འོད་འཕྲོས་འོག་གཞི་སྣ་ཚོགས་རྡོ་རྗེ་དང་༔ ཕྱི་རོལ་ཕ་ལམ་ལས་གྲུབ་རྡོ་རྗེའི་གུར༔ འོག་གཞི་རྡོ་རྗེའི་ཕྱོགས་བཞི་རྭ་བཞི་ལ༔ ཉི་མའི་སྟེང་དུ་དགྲ་བགེགས་བསྒྱེལ་བའི་སྟེང་༔ ཤར་དུ་དེ་བཞིན་གདུགས་དཀར་སྐུ་མདོག་དཀར༔ གཡས་པས་རྡོ་རྗེ་གཡོན་པས་གདུགས་དཀར་འཛིན༔ ལྷོ་རུ་རྡོ་རྗེ་སྡེར་མོ་སྐུ་མདོག་མཐིང་༔ གཡས་པས་རྡོ་རྗེ་གཡོན་པས་ཕུར་པ་འཛིན༔ ནུབ་ཏུ་རྣམ་རྒྱལ་ཁྲོ་མོ་སྐུ་མདོག་དམར༔ ཕྱག་གཉིས་རྡོར་དྲིལ་དང་བཅས་མདའ་གཞུ་འགེངས༔ བྱང་དུ་སོ་སོར་འབྲང་མ་སྐུ་མདོག་སེར༔ ཕྱག་གཡས་རྡོ་རྗེ་གཡོན་པས་ལྕགས་ཀྱུ་འཛིན༔ ཀུན་ཀྱང་ཁྲོ་མོའི་ཆ་ལུགས་འདོར་སྟབས་བཞུགས༔ མེ་ཕུང་འབར་ཞིང་སྤྲུལ་པ་གྲངས་མེད་ཀྱིས༔ ཁྲོ་མོའི་གུར་ཁང་རྡོ་རྗེའི་མཚོན་ཆར་འབེབས༔ མ་རུངས་ལོག་པའི་དགྲ་བགེགས་ཐལ་བར་བརླག༔ གང་གིས་མི་ཚུགས་རྡོ་རྗེའི་རང་བཞིན་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཧཱུྃ་མྃ་ཧཱུྃ་བཛྲ་རཀྵ་རཀྵ༔ གཞན་ཡང་ཁྲོ་མོ་བཞི་ཡི་གཟུངས་སྔགས་རྣམས༔ གསུང་རབ་ལས་བྱུང་བཞིན་དུ་གང་ནུས་བཟླ༔ དེ་ཡི་མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ གཞན་ཡང་ལས་སྦྱོར་རས་སམ་ཤོག་བུ་ལ༔ དབུས་སུ་བླ་མའི་སྙིང་པོ་རིགས་རྣམས་དང་༔ དེ་ཕྱིར་ཁྲོ་མོ་བཞི་ཡི་གཟུངས་སྔགས་རྣམས༔ བྲིས་ལ་སོ་སོའི་ཤམ་བུར་མིང་བཅུག་ལ༔ འཆང་བ་པོ་ཡི་ལུས་ངག་ཡིད་གསུམ་ལ༔ གནོད་པའི་གདོན་བགེགས་མཚོན་ཆ་སྦྱོར་བའི་དུག༔ མི་མཐུན་འཚེ་བ་ཀུན་གྱིས་མི་ཚུགས་པར༔ རིག་འཛིན་རིག་སྔགས་རྒྱལ་མོ་རྣམས་ཀྱིས་བསྲུངས༔ བཛྲ་རཀྵ་རཀྵ༔ ཞེས་བྲིས་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་༔ རྡོ་རྗེའི་ཕྲེང་བ་མེ་ཡི་གུར་གྱིས་བསྐོར༔ ཆོས་སྨན་བྱུག་ལ་སྟོན་པའི་འཕེལ་གདུང་བཅས༔ རིག་འཛིན་རིག་སྔགས་རྒྱལ་མོའི་ལྷ་ཚོགས་སུ༔ དམིགས་ལ་ཕྲིན་ལས་གཞུང་བསྲང་བསྐྱེད་བསྟིམ་བྱ༔ འཁོར་ལོ་མེ་འོད་འཕྲོ་དང་འོད་ཟེར་འབར༔ རྡོ་རྗེའི་གོ་ཆ་རྙེད་དང་ཉི་ཟླ་ཤར༔ ཉམས་རྟགས་རྨི་ལམ་བྱུང་གི་བར་དུ་ནི༔ གཟུངས་སྔགས་རྣམས་བཟླས་མཐར་ནི་རབ་ཏུ་གནས༔ ལྟེ་བ་མ་ཉམས་ལྟེབ་ལ་ཁ་དོག་ལྔའི༔ སྐུད་པས་བཅིངས་ཤིང་རིན་ཆེན་སྒྲོམ་བུར་བཞུགས༔ གང་གི་མགུལ་དུ་འཆང་བའི་ལུས་རྣམས་སྲུངས༔ གོ་ཆའི་མན་ངག་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་ཞུས་པ༔ དེ་ནས་སྒྲུབ་པ་པོ་དང་སེམས་ཅན་རྣམས་འཆི་བའི་དུས་སུ་མྱུར་དུ་བདེ་ཆེན་ཞིང་དུ་བགྲོད་པའི་གདམས་པ་ཇི་ལྟ་བུ་མཆིས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ད་ལྟ་མ་འོངས་ང་ཡི་རྗེས་འཇུག་རྣམས༔ འཆི་བ་སྦྱོང་བའི་གདམས་པ་འདི་ལ་འབད༔ ཆོས་ཀུན་མ་དག་སྣང་བ་ཀུན་སྟོང་སྟེ༔ སྟོང་པའི་ངང་ལས་ཧྲཱིཿཡིག་ཡོངས་གྱུར་ལས༔ རང་རིག་རྒྱལ་པོ་གུ་རུ་སྣང་མཐའ་ཡས༔ དམར་གསལ་མཚན་དང་དཔེ་བྱད་རྫོགས་པའི་སྐུ༔ ཆགས་བྲལ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ༔ གསོལ་ཞིང་པད་ཟླའི་གདན་ལ་འགྲོ་འདུལ་ཚུལ༔ ཕྱག་གཡས་སྐྱབས་སྦྱིན་གཡོན་པས་ལྷུང་ཟེད་བསྣམས༔ འཁོར་དུ་བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས༔ ཕྱག་ན་རྡོ་རྗེ་ཀུན་ཀྱང་སྐུ་མདོག་དཀར༔ དར་དང་རིན་ཆེན་རྒྱན་ལྡན་མཚན་དཔེ་རྫོགས༔ ཕྱག་གཉིས་སྐྱབས་སྦྱིན་བཞེངས་པའི་སྟབས་ཀྱིས་བཞུགས༔ ཀུན་གྱི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལས༔ འོད་ཟེར་འབར་ཞིང་འཁོར་འདས་ཀུན་ཁྱབ་པས༔ ཐམས་ཅད་བདེ་ཆེན་ཞིང་དུ་དབུགས་དབྱུང་གྱུར༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས༔ མ་ལུས་འཁོར་དང་བཅས་པ་འདིར་གཤེགས་ལ༔ ཉི་ཟླ་པད་མའི་གདན་ལ་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་ཀུན་བཟང་མཆོད་པས་མཆོད༔ ཉོན་མོངས་སྡིག་སྒྲིབ་མ་ལུས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་རབ་ཏུ་བདག་གིས་བསྡམས༔ འགྲོ་དོན་མཛད་པ་ཀུན་ལ་རྗེས་ཡི་རངས༔ ཕན་བདེའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ འཇིག་རྟེན་འདི་ནས་གཞན་དུ་འཕོ་བའི་ཚེ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་འོད་དཔག་མེད་ཀྱི་ཞབས་དྲུང་དུ༔ པདྨོ་དམ་པར་བརྫུས་ཏེ་སྐྱེ་བར་ཤོག༔ སྐྱེས་མ་ཐག་ཏུ་རྫོགས་པའི་སངས་རྒྱས་ཀྱི༔ ཞལ་མཐོང་ལུང་བསྟན་གདམས་པ་རབ་ཐོབ་སྟེ༔ ས་བཅུ་ལམ་ལྔ་རང་བཞིན་ངང་གིས་རྫོགས༔ མགོན་པོ་མཆོག་གི་གོ་འཕང་ཐོབ་པར་ཤོག༔ སེམས་བསྐྱེད་དབང་གིས་འགྲོ་བའི་དོན་བརྩོན་ཕྱིར༔ སྤྲུལ་པ་མང་པོས་སེམས་ཅན་དོན་བྱེད་ཤོག༔ མགོན་པོ་འོད་དཔག་མེད་པའི་ཐུགས་བསྐྱེད་པའི༔ ཁྱེད་ཀྱྀ་མཚན་ཐོས་ཡོན་ཏན་དྲན་པ་ཡིས༔ བདག་གིས་སྡིག་སྒྲིབ་བག་ཆགས་ཀུན་བྱང་ནས༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཡོན་ཏན་གྱི༔ མཛད་པ་ཕྲིན་ལས་རྣམ་ཐར་རྫོགས་གྱུར་ཅིག༔ དུས་གསུམ་རྒྱལ་བ་རྣམས་ཀྱི་བདེན་པ་དང་༔ འཇམ་དཔལ་དཔའ་བོའི་མཁྱེན་རབ་བརྩེ་བ་ཡི༔ སྟོབས་དང་གཟི་བརྗིད་དཔག་མེད་བྱིན་རླབས་ཀྱིས༔ བདག་གིས་སྨོན་ལམ་འདི་དག་འགྲུབ་གྱུར་ཅིག༔ གང་ཞིག་སྲིད་པ་བར་དོ་སྐྱེ་སྲིད་སོགས༔ འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པ་ན༔ དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས་ཐོབ་སྟེ༔ དགེ་བའི་བཤེས་གཉེན་བཟང་པོ་དང་འཕྲད་དེ༔ ཐོས་པའི་སྒོ་རྣམས་རིམ་པར་སྦྱངས་སྟོབས་ཀྱི༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའི་སྨོན་ལམ་རྩེ་གཅིག་བཏབ་པ་དང་༔ གཞན་ཡང་འོད་དཔག་མེད་པའི་མཚན་བརྗོད་ཅིང་༔ གཟུངས་སྔགས་བཟླས་དང་སྐུ་རུ་ཡང་ཡང་བསྒོམ༔ དེ་ཡིས་ཚེ་འཕོས་བདེ་ཆེན་ཞིང་དུ་སྐྱེ༔ ཁྱད་པར་སྤྱི་བོར་པདྨ་ཟླ་བའི་སྟེང་༔ འོད་དཔག་མེད་པ་གཙོ་འཁོར་ཐམས་ཅད་བསྒོམ༔ རང་གི་སྙིང་གར་འོད་ལྔའི་ཐིག་ལེའི་ནང་༔ རིག་པ་སྐྱེ་མེད་ཨཱ་ཡིག་དཀར་པོར་བསྒོམ༔ རླུང་སེམས་གཉིས་མེད་རིགས་བདག་ཐུགས་ཀ་རུ༔ རིག་པ་གཏད་དེ་ཕཊ྄་སྒྲ་བསྒྲག་པ་ཡིས༔ རྟེན་གྱིས་ཨཱཿཡིག་སྣང་མཐའི་ཐུགས་ཀར་ཐིམ༔ ལྷ་ཚོགས་འོད་ཞུ་མི་དམིགས་ངང་དུ་བཞག༔ དེ་ལྟ་བུ་ཡི་བཙན་ཐབས་འཕོ་བར་འགྱུར༔ གཞན་དག་འཆི་བའི་དུས་བྱེད་གྱུར་པ་ན༔ འོད་དཔག་མེད་ཀྱི་བྱིན་བརླབས་བྱ་བ་ནི༔ མཎྜལ་དྲིས་བྱུག་པདྨ་འདབ་བརྒྱད་བྲི༔ དེ་སྟེང་མཚན་ཉིད་ཀུན་ལྡན་བུམ་པ་རུ༔ ཉེར་ལྔའི་རྫས་ཚང་བདུད་རྩིས་སུམ་ཆ་བཀང་༔ དེ་སྟེང་པད་འདབ་ལྔ་ཚོམ་དབུས་མ་རུ༔ ཧྲཱིཿཡིག་ལས་བྱུང་འོད་དཔག་མེད་མགོན་དམར༔ སྤྲུལ་སྐུའི་ཆ་ལུགས་ཕྱག་གཡས་སྐྱབས་སྦྱིན་དང་༔ གཡོན་པས་ལྷུང་བཟེད་བདུད་རྩིས་གང་བ་བསྣམས༔ ཆོས་གོས་གསུམ་གསོལ་འོད་འབར་ལྷམ་མེར་བཞུགས༔ ཕྱོགས་བཞིར་བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས༔ གསང་བའི་བདག་པོ་ཐམས་ཅད་སྐུ་མདོག་དཀར༔ དར་དང་རིན་ཆེན་རྒྱན་ལྡན་ཞབས་གཉིས་བཞེངས༔ ཕྱག་གཉིས་སྐྱབས་སྦྱིན་གཙོ་ལ་འདུད་པའི་ཚུལ༔ ཀུན་གྱིས་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འོད་འཕྲོས་བདེ་ཆེན་ཞིང་ཁམས་ནས༔ ཡེ་ཤེས་པ་ཡི་ཚོགས་རྣམས་སྤྱན་དྲངས་ཏེ༔ བུམ་པའི་ལྷ་ལ་བསྟིམ་ཞིང་མཆོད་བསྟོད་བྱ༔ ཀུན་གྱི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལས༔ འོད་ཟེར་འཕྲོས་པས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་ཐམས་ཅད་འོད་ཟེར་རྣམ་པར་བསྡུས༔ བུམ་ལྷར་ཐིམ་པས་སྐུ་ལས་བདུད་རྩི་བབས༔ ཉོན་མོངས་སྡིག་སྒྲིབ་ཀུན་འཇོམས་བདུད་རྩིས་གང་༔ ཨོཾ་པདྨ་དྷ་རི་ཧྲཱིཿཨོཾ་མཻ་ཏྲི་མཻཾ་སྭཱ་ཧཱ༔ ཨོཾ་ཝཱ་གི་ཤྭ་རི་མཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་དང་གཞན་ཡང་གཟུངས་སྔགས་གང་ནུས་བཟླ༔ མཐར་ནི་མཆོད་ཅིང་ལྷ་ཚོགས་འོད་ཞུ་བསམ༔ སློབ་བུ་དངོས་སམ་ཉེ་དྲུང་ཐམས་ཅད་ཀྱིས༔ མཎྜལ་ཕུལ་ཞིང་གསོལ་བ་འདི་སྐད་གདབ༔ བླ་མ་འོད་དཔག་མེད་མགོན་གྱི༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ འཁོར་བའི་འདམས་ལས་དྲངས་ནས་ཀྱང་༔ ཁྱེད་ཀྱི་གོ་འཕངས་ཐོབ་པར་མཛོད༔ དེ་ནས་རྒྱུད་སྦྱོངས་ཡེ་ཤེས་དབབ༔ དེ་ཉིད་བརྟན་ཕྱིར་བུམ་པ་ཡིས༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་སྐུ་མཆོག་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་གསུང་མཆོག་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་ཐུགས་མཆོག་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་ཡེ་ཤེས་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ ཡེ་ཤེས་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ་ཧྲཱིཿ ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་འདུས་པའི༔ ཡེ་ཤེས་རང་སྣང་བླ་མ་འོད་དཔག་མེད༔ མ་ཧཱ་གུ་རུ་སྣང་མཐའ་ཐོད་ཕྲེང་རྩལ༔ ཁྱེད་སྐུ་འཁོར་འདས་ཀུན་ཁྱབ་ཐུགས་རྗེའི་རྩལ༔ ནམ་མཁའི་གློག་ལས་མྱུར་བའི་ཕྲིན་ལས་ཀྱིས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ མ་ལུས་མྱུར་དུ་བདེ་ཆེན་ཞིང་ཁམས་སུ༔ ཚེ་འདི་འཕོས་མ་ཐག་ཏུ་དྲང་དུ་གསོལ༔ ཨོཾ་པདྨ་དྷ་རི་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧྲཱིཿ ཞེས་པས་དབང་བསྐུར་བུམ་ཆུས་ཁྲུས་བྱས་ནས༔ སྤྱི་བོར་འཐོར་ཞིང་སྒྲིབ་དག་ཡེ་ཤེས་ཀྱི༔ དབང་མཆོག་མ་ལུས་ཐོབ་བསམ་རྗེས་ཀྱི་རིམ༔ སྤྱི་ལྟར་བྱས་པས་ལམ་སྣ་ཟིན་པར་འགྱུར༔ དེ་ལྟར་འཆི་དུས་བདེ་ཆེན་ཞིང་བགྲོད་པའི༔ གདམས་པ་མ་འོངས་ལས་ཅན་དོན་དུ་བཞག༔ ཅེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་དེ་ཡང་ཤི་ནས་འོད་གསལ་དང་འཕོ་བ་སོགས་ཀྱིས་མ་གྲོལ་ནས་བར་དོར་འཁྲུལ་སྲིད་ན་དེ་ཉིད་སེལ་བའི་མན་ངག་ཇི་ལྟར་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ བར་དོ་རང་རིག་རང་ངོ་མ་ཤེས་ནས༔ འཁྲུལ་པར་གྱུར་ཚེ་རང་རིག་བླ་མའི་སྐུ༔ དུས་གསུམ་ཀུན་མཁྱེན་པདྨ་སམ་བྷཱ་ཝ༔ དཀར་གསལ་རྨ་བྱའི་མདངས་དང་མེ་ལོང་འཛིན༔ པད་ཞྭ་གསང་ཕོད་ཆོས་གོས་བེར་གྱིས་བཀླུབས༔ ཞབས་གཉིས་བཞེངས་སྟབས་ལམ་སྣ་འདྲེན་པའི་ཚུལ༔ འཁོར་དུ་བདུད་བཞིའི་བར་ཆད་འཇོམས་མཛད་ནི༔ ཁྲོ་རྒྱལ་མི་གཡོ་མཐིང་སེར་དམར་ལྗང་མདོག༔ རལ་གྲི་ཞགས་པ་འཛིན་ཅིང་པད་ཉིར་བཞུགས༔ མེ་དཔུང་འབར་ཞིང་ཧཱུྃ་ཧཱུྃ་སྒྲོག་པར་བསྒོམ༔ བླ་མའི་དུང་ཁང་དུར་ཁྲོད་གཞལ་ཡས་ཁང་༔ ལྟེ་བར་འཁོར་ལོ་རྩིབས་བཞི་པད་ཉིའི་སྟེང་༔ ཁྱུང་དོམ་ཁྱུ་མཆོག་སྟག་གཟིག་རྣམས་ཀྱི་ཁྲིར༔ དབུས་སུ་བུདྡྷ་ཧེ་རུ་ཀ་དཔལ་ནི༔ སྨུག་ནག་འཁོར་ལོ་གཡས་ལ་དུང་ཁྲག་གཡོན༔ བུདྡྷ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ ཤར་དུ་བཛྲ་ཧེ་རུ་ཀ་དཔལ་ནི༔ མཐིང་ནག་རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ བཛྲ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀ་དཔལ་ནི༔ སེར་ནག་རིན་ཆེན་གཡས་ལ་དུང་ཁྲག་གཡོན༔ རཏྣ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཧེ་རུ་ཀ་དཔལ་ནི༔ དམར་ནག་པདྨ་གཡས་ལ་དུང་ཁྲག་གཡོན༔ པདྨ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ བྱང་དུ་ཀརྨ་ཧེ་རུ་ཀ་དཔལ་ནི༔ ལྗང་ནག་རྒྱ་གྲམ་གཡས་ལ་དུང་ཁྲག་གཡོན༔ ཀརྨ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ རྩིབས་མཆན་དུར་ཁྲོད་རྣམས་སུ་ཞིང་གི་གདན༔ ཤར་ལྷོར་ཀེའུ་རི་དཀར་མོ་ཞིང་དབྱུག་འཛིན༔ ལྷོ་ནུབ་ཙོ་རི་སེར་མོ་མདའ་གཞུ་འགེངས༔ ནུབ་བྱང་པྲ་མོ་དམར་མོ་ཆུ་སྲིན་འཛིན༔ བྱང་ཤར་བེ་ཏ་ལྗང་ནག་རྡོ་རྗེ་འཛིན༔ ཕྱི་ཡི་མཚམས་ཀྱི་གྲུ་ཆད་བཞི་པོ་ལ༔ ཤར་ལྷོར་ཙཎྜ་སེར་སྐྱ་ཞིང་དབྱུག་འཛིན༔ ལྷོ་ནུབ་སྨེ་ཤཱ་ལྗང་དམར་བྷན་གྲི་འཛིན༔ ནུབ་བྱང་གྷསྨ་ལྗང་གུ་རལ་གྲི་འཛིན༔ བྱང་ཤར་པུསྐ་མཐིང་སྐྱ་རྒྱུ་མ་འདྲེན༔ ཁྱམས་ལ་ཕྱོགས་མཚམས་བརྒྱད་དུ་ཞིང་གདན་ལ༔ ཤར་དུ་སེང་ཧ་དཀར་མོ་ཞིང་ཆེན་ཟ༔ ལྷོ་རུ་བེ་ཀྲི་དམར་མོ་ལག་གཉིས་བསྣོལ༔ ནུབ་ཏུ་སྲི་ལ་ཝ་གདོང་རྒྱུ་མ་ཟ༔ བྱང་དུ་ཤྭ་ན་མཐིང་ནག་བྱིས་སྙིང་འདྲེན༔ ཤར་ལྷོར་ཀྲྀ་ཏ་རྒོད་མགོ་ཞིང་ལུས་ཕྲལ༔ ལྷོ་ནུབ་ཀངྐ་མཐིང་ནག་ཞིང་ཕྲག་ཁུར༔ ནུབ་བྱང་ཁྭ་ཁྭ་ནག་མོ་རལ་གྲི་འཕྱར༔ བྱང་ཤར་ཧུ་ལུ་མཐིང་ནག་རྡོ་རྗེ་འཛིན༔ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བསྣམས༔ བྱང་སྒོར་སྦྲུལ་གདོང་ལྗང་མོ་དྲིལ་བུ་འཛིན༔ དེ་ཡི་ཕྱི་རིམ་འཁོར་ཡུག་ཆེན་མོ་རུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ནི༔ ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་འཛིན་ཅིང་སྣ་ཚོགས་གཟུགས༔ གདོད་ནས་ལྷུན་གྱིས་གྲུབ་པའི་སྐུ་རུ་བསམ༔ སྙིང་གར་རིན་ཆེན་འབར་བའི་གཞལ་ཡས་ཁང་༔ འཁོར་ལོ་རྩིབས་བཞི་དབུས་དང་ཕྱོགས་རྣམས་སུ༔ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་ཁྲི་དང་པདྨ་ཉི་ཟླའི་སྟེང་༔ དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར༔ འཁོར་ལོ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ དབྱིངས་ཕྱུག་སྔོན་མོ་འཁོར་ལོ་དྲིལ་འཛིན་འཁྱུད༔ ཤར་དུ་མི་བསྐྱོད་རྡོར་སེམས་སྐུ་མདོག་མཐིང་༔ རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྤྱན་མ་དཀར་མོ་རྡོ་རྗེ་དྲིལ་འཛིན་འཁྱུད༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ རིན་ཆེན་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ མ་ཀི་སེར་མོ་རིན་ཆེན་དྲིལ་འཛིན་འཁྱུད༔ ནུབ་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར༔ པདྨ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ གོས་དཀར་དམར་མོ་པདྨ་དྲིལ་འཛིན་འཁྱུད༔ བྱང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་༔ རལ་གྲི་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྒྲོམ་མ་ལྗང་གསལ་རལ་གྲི་དྲིལ་འཛིན་འཁྱུད༔ རྩིབས་ཁ་རྣམས་སུ་ནང་གི་སེམས་དཔའ་ནི༔ ཤར་ལྷོ་ས་སྙིང་དཀར་པོ་མྱུ་གུ་འཛིན༔ ལཱ་སེ་དཀར་མོ་མེ་ལོང་འཛིན་པས་འཁྱུད༔ ལྷོ་ནུབ་ནམ་སྙིང་སེར་གསལ་རིན་ཆེན་འཛིན༔ མཱ་ལེ་སེར་མོ་ཕྲེང་བ་འཛིན་པས་འཁྱུད༔ ནུབ་བྱང་སྤྱན་རས་གཟིགས་དམར་པདྨ་འཛིན༔ གཱིརྟི་དམར་མོ་པདྨ་འཛིན་པས་འཁྱུད༔ བྱང་ཤར་གསང་བདག་མཐིང་ག་རྡོ་རྗེ་འཛིན༔ ནཱིརྟི་ལྗང་མོ་གར་བསྒྱུར་མཛད་ཅིང་འཁྱུད༔ གྲུ་ཆད་རྣམས་སུ་ཕྱི་ཡི་སེམས་དཔའ་ནི༔ ཤར་ལྷོ་བྱམས་པ་དཀར་སེར་ཀླུ་ཤིང་འཛིན༔ པུཥྤེ་དཀར་མོ་མེ་ཏོག་འཛིན་པས་འཁྱུད༔ ལྷོ་ནུབ་སྒྲིབ་སེལ་དམར་སེར་མེ་ཏོག་འཛིན༔ དྷཱུ་པེ་སེར་མོ་སྤོས་ཁང་འཛིན་པས་འཁྱུད༔ ནུབ་བྱང་ཀུན་བཟང་དམར་ལྗང་སྙེ་མ་འཛིན༔ མར་མེ་དམར་མོ་མར་མེ་འཛིན་པས་འཁྱུད༔ བྱང་ཤར་འཇམ་དཔལ་ལྗང་སྐྱ་ཨུཏྤལ་འཛིན༔ དྲི་ཆབ་ལྗང་མོ་དུང་ཕོར་འཛིན་པས་འཁྱུད༔ ཀུན་ཀྱང་གཡོན་པས་དྲིལ་བུ་འཛིན་པའོ༔ ཤར་ནུབ་གཉིས་སུ་རིན་ཆེན་པདྨ་དང་༔ ཉི་ཟླའི་གདན་ལ་ཀུན་ཏུ་བཟང་པོ་ནི༔ མཐིང་གསལ་མཉམ་བཞག་མཛད་ཅིང་སྐྱིལ་ཀྲུང་བཞུགས༔ ཁྱམས་ཀྱི་ཕྱོགས་མཚམས་རྣམས་སུ་ཐུབ་པ་དྲུག༔ བརྒྱ་བྱིན་དཀར་པོ་རིན་ཆེན་པི་ཝཾ་བགྲེང་༔ ཐག་བཟང་ལྗང་གུ་རལ་གྲི་གོ་ཆ་བསྣམས༔ ཤཱཀ་ཐུབ་སེར་པོ་གསེགས་ཤང་པར་བུ་འཛིན༔ སེང་གེ་རབ་བརྟན་མཐིང་གསལ་གླེགས་བམ་འཛིན༔ ཁ་འབར་དམར་པོ་ཟས་ཀྱི་སྒྲོམ་བུ་བསྣམས༔ ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པ་རྣམས༔ ཆགས་བྲལ་ཆོས་གསུམ་གསོལ་སྤྲུལ་སྐུའི་ཚུལ༔ སྒོ་བཞིར་ཉི་མ་འབར་བའི་གདན་རེ་ལ༔ ཤར་སྒོར་ཁྲོ་བོ་སྟོབས་ཆེན་སྐུ་མདོག་སྨུག༔ གཡས་པས་རྡོ་རྗེ་གཡོན་པས་དུང་ཁྲག་འཛིན༔ གནོད་སྦྱིན་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྲིལ༔ ལྷོ་སྒོར་ཁྲོ་བོ་གཤིན་རྗེ་སྐུ་མདོག་སེར༔ གཡས་པས་བེ་ཅོན་གཡོན་པས་ཐོད་ཁྲག་བསྣམས༔ འཇིགས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྲིལ༔ ནུབ་སྒོར་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར༔ གཡས་པས་ཐོད་དབྱུག་སྦྲུལ་དཀྲིས་ཐོད་ཁྲག་བསྣམས༔ གསོད་བྱེད་དམར་མོ་ལྕགས་སྒྲོག་འཛིན་པས་འཁྲིལ༔ བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་༔ གཡས་པས་རྒྱ་གྲམ་གཡོན་པས་ཐོད་ཁྲག་འཛིན༔ མཐར་བྱེད་ལྗང་མོ་དྲིལ་བུ་འཛིན་པས་འཁྱུད༔ འོད་ཟེར་འབར་ཞིང་ཐིག་ལེ་འཁྲུགས་པའི་ཀློང་༔ ཆ་ལུགས་རྒྱན་རྫོགས་བདེ་ཆེན་ངོ་བོར་བསམ༔ སྤྲོ་ན་བླ་མའི་ཕྲིན་ལས་ཚུལ་བཞིན་བཏང་༔ ལྷ་ཚོགས་སྐུ་ལས་འོད་ཟེར་རབ་འཕྲོས་ཤིང་༔ དུག་ལྔས་སྒྲིབ་པའི་འཁྲུལ་སྣང་ཀུན་འཇོམས་ཏེ༔ འོད་གསལ་ཡེ་ཤེས་ཀློང་དུ་གསལ་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅེས་བཟླས་ཐུན་མཐར་གསོལ་བ་འདི་སྐད་གདབ༔ ཨོཾ་ཨཱཿཧཱུྃ༔ རང་རིག་རང་གསལ་བདེ་བ་ཆེན་པོའི་སྐུ༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ངོ་བོ་ཀ་དག་བླ་མ་ཆོས་ཀྱི་དབྱིངས༔ རང་བཞིན་གསལ་བ་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་རྒྱལ་ཀུན་འདུས་པའི་དཔལ༔ བདེ་གཤེགས་མ་ལུས་སྐུ་ཡི་དབྱིངས་སུ་རྫོགས༔ མ་བཅོས་རང་གསལ་རིག་པའི་ངང་བསྒོམས་ཀྱིས༔ རང་རིག་བླ་མ་མཇལ་བར་བྱིན་གྱི་རློབས༔ ཨོཾ་ཨཱཿཧཱུྃ༔ རང་རིག་མ་ཧཱ་གུ་རུའི་རྫོགས་པ་ཡི༔ ཐུགས་ཉིད་ཕྱམས་བརྡལ་ཆོས་དབྱིངས་ཀློང་ཡངས་སུ༔ འོད་གསལ་བདེ་ཆེན་རང་བྱུང་ཕོ་བྲང་ནས༔ བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་ནི༔ དུག་ལྔ་ཚོགས་བརྒྱད་རྟགས་ཆད་མུ་བཞི་རྣམས༔ ཡེ་ནས་རྣམ་དག་སྒྱུ་འཕྲུལ་སྤྲུལ་པའི་སྐུ༔ རང་རིག་རང་གསལ་ཡེ་ཤེས་ངང་བསྒོམ་གྱི༔ འཁྲུལ་པའི་བག་ཆགས་དག་པར་བྱིན་གྱི་རློབས༔ ཨོཾ་ཨཱཿཧཱུྃ༔ རང་བཞིན་དབྱིངས་ལས་ཐུགས་རྗེའི་རྩལ་སྣང་གི༔ རང་བྱུང་བླ་མའི་སྐུ་ཡི་དཀྱིལ་འཁོར་ལས༔ ཀླད་པ་དུང་ཁང་དུར་ཁྲོད་གཞལ་ཡས་སུ༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ་ནི༔ ཡེ་ཤེས་རྩལ་ལས་ཅིར་ཡང་འགྱུར་བའི་སྐུ༔ དུག་ལྔ་གནས་འགྱུར་མ་མོ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ལྷུན་གྲུབ་རྫོགས་པའི་ངང་བསྒོམ་གྱིས༔ འབྲས་བུ་སྐུ་གསུམ་ཐོབ་པར་བྱིན་གྱི་རློབས༔ ཞེས་པས་གསོལ་གདབ་དོན་ལ་ལེགས་པར་བསྒོམ༔ དེ་ཡིས་བར་དོར་འཁྲུལ་པའི་བག་ཆགས་སྦྱངས༔ འཁྲུལ་སྣང་རང་གྲོལ་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས༔ གལ་ཏེ་མ་གྲོལ་འཁྲུལ་པའི་དབང་གིས་འཁོར་བའི་གནས་སུ་སྐྱེ་བ་བླངས་ནས་སྡུག་བསྔལ་འཁྲུལ་སྣང་གིས་གཟིར་ན་དེ་ཉིད་སེལ་བའི་གདམས་པ་ཇི་ལྟར་བགྱི༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ལས་དང་རྐྱེན་གྱིས་སྲིད་པར་སྐྱེས་གྱུར་ནས༔ འཁྲུལ་སྣང་ངོ་མ་ཤེས་པའི་དངོས་འཛིན་གྱིས༔ རང་གི་རང་འཁྲུལ་སྡུག་བསྔལ་གྱུར་པ་ན༔ རང་ཉིད་ཡི་དམ་གང་གིས་སྐུར་བསྒོམ་མམ༔ ཐ་མལ་གནས་པའི་སྙིང་ནང་པདྨའི་དབུས༔ རང་རིག་བླ་མ་བདེ་བ་ཆེན་པོའི་སྐུ༔ དཀར་སྨུག་བཅུ་དྲུག་ལོན་ཚུལ་གཞོན་ཤ་རྒྱས༔ མཛེས་པའི་ཚུལ་འཆང་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་བདེ་སྐྱོང་བདུད་རྩིས་བཀང་༔ བདེ་བ་སྐྱེས་པའི་བྂ་ཡིག་འོད་འབར་བ༔ གསང་ཕོད་ཆོས་གོས་བེར་སྨུག་ལྷུབས་གྱོན་མཛད༔ པདྨའི་ཞྭ་མནབ་གཟི་བརྗིད་ལྡན་པར་བསྒོམ༔ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པའི་སྔགས་ཉིད་གསོལ་འདེབས་ཚུལ་དུ་བཟླས༔ བྂ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་ཁེངས༔ དེ་ལས་ལུད་པས་བདག་གི་ལུས་གང་སྟེ༔ བདེ་ཆེན་ཡེ་ཤེས་ལུས་སེམས་ཁྱབ་པར་བསྒོམ༔ འཁྲུལ་སྣང་གང་བྱུང་རེ་དོགས་བྲལ་བར་བཞག༔ ཅིར་སྣང་ཐམས་ཅད་བླ་མའི་སྐུ་རུ་བསྒོམ༔ གྲགས་པ་ཐམས་ཅད་བླ་མའི་གསུང་གི་ངང་༔ དྲན་རིག་བླ་མའི་ཡེ་ཤེས་ཐུགས་མཆོག་ནི༔ གསལ་ལ་རྙོག་མེད་ནམ་མཁའི་དཀྱིལ་ལྟར་དྭང་༔ དགག་བསྒྲུབ་བཅོས་མའི་གཟེབ་ལས་རང་སར་གྲོལ༔ ཐམས་ཅད་ངང་རྫོགས་རང་བཞིན་ལྷུན་གྲུབ་ཏུ༔ འོད་གསལ་ཟང་ཐལ་རང་གྲོལ་ངང་ལ་བཞག༔ ཀུན་རྫོབ་ཀུན་ལ་སྙིང་རྗེ་ཆེན་པོར་བསྒོམ༔ དེ་ལ་སྒྱུ་མ་ལྟར་བལྟས་བདེན་གཉིས་པོ༔ ཟུང་འཇུག་བསྒོམ་པས་འཁྲུལ་སྣང་རང་སར་གྲོལ༔ གཞན་གྱི་སྡུག་བསྔལ་སེལ་བར་བྱ་བའི་ཕྱིར༔ གཏོར་མ་རིན་ཆེན་འབར་བ་ཨ་མྲྀ་ཏ༔ རཀྟ་མཆོད་པའི་བྱེ་བྲག་ཅིར་ཡང་བཤམས༔ བྷྲཱུྂ་ལས་གཏོར་མ་རིན་ཆེན་གཞལ་ཡས་ཁང་༔ དེ་ནང་པདྨའི་དབུས་སུ་བླ་མའི་སྐུ༔ བདེ་བ་ཆེན་པོ་བསྒོམ་ལ་དེ་ཉིད་ཀྱི༔ ཐུགས་སྲོག་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ རྔ་ཡབ་གླིང་ནས་དེ་འདྲ་སྤྱན་དྲངས་བསྟིམ༔ མཆོད་ཅིང་བསྟོད་ལ་གསོལ་བ་ཡང་ཡང་བཏབ༔ སློབ་མས་དད་ཅིང་གདུང་བས་མཎྜལ་ཕུལ༔ བོད་ལ་བཀའ་དྲིན་ཆེ་བའི་གུ་རུ་རྗེ༔ རྒྱལ་ཀུན་འདུས་པའི་མཚུངས་མེད་སངས་རྒྱས་དང་༔ དབྱེར་མི་ཕྱེད་པ་བླ་མ་དགོངས་སུ་གསོལ༔ བདག་ལ་གུ་རུའི་དབང་མཆོག་སྩལ་དུ་གསོལ༔ དེ་ལྟར་གསོལ་གདབ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ སློབ་མ་བླ་མར་བསྐྱེད་ལ་ཡེ་ཤེས་དབབ༔ ལངས་ནས་སྔར་བཞིན་གཏོར་མའི་བྱིན་རླབས་བྱ༔ དེ་ཡང་གཏོར་མ་མ་ཧཱ་གུ་རུ་རྗེ༔ བདེ་བ་ཆེན་པོའི་སྐུ་རུ་གསལ་བ་ཡི༔ གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་ནི༔ དཀར་དམར་མཐིང་གསུམ་འཕྲོས་ནས་སློབ་མ་ཡི༔ གནས་གསུམ་ལ་ཐིམ་སྒོ་གསུམ་སྒྲིབ་པ་སྦྱངས༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་བསམས༔ ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ བདེ་ཆེན་སྐུ་གསུང་ཐུགས་ཀྱི་ངང་༔ བྱིན་གྱིས་བརླབས་པར་མཛད་དུ་གསོལ༔ ཧཱུྃ་ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད༔ མ་བཅོས་གསལ་རྫོགས་ཀ་ནས་དག༔ རང་བཞིན་ལོངས་སྤྱོད་རྫོགས་པ་ལ༔ མཚན་དང་དཔེ་བྱད་ཡ་མཚན་ལྡན༔ ཐུགས་རྗེ་སྣ་ཚོགས་འགྲོ་དོན་གྱི༔ སེམས་ཅན་རྣམས་ཀྱི་སྐྱབས་གཅིག་པུ༔ ཁྱེད་ལ་འདས་གྲོངས་མི་མངའ་ཞིང་༔ ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི༔ དཀྱིལ་འཁོར་མ་ལུས་ཀུན་གྱི་གཙོ༔ ཁྱད་པར་བོད་ཀྱི་གཉེན་གཅིག་པུ༔ མ་ཧཱ་གུ་རུ་ཁྱེད་ཉིད་ཀྱི༔ བདག་དང་སྐལ་ལྡན་བོད་འབངས་ལ༔ སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་དང་ལྡན༔ བགྲེས་རྒུད་མེད་པར་གྲུབ་ནས་ཀྱང་༔ བླ་མའི་སྐུ་དང་གཉིས་མེད་ཤོག༔ གསུང་གི་དབང་མཆོག་ངག་ལ་སྩོལ༔ ཚངས་དབྱངས་དྲུག་ཅུ་ལྡན་ནས་ཀྱང་༔ ལེགས་པར་འཆད་པའི་སྤོབས་པ་ཡི༔ བླ་མའི་གསུང་དང་གཉིས་མེད་ཤོག༔ ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཏེ༔ འོད་གསལ་སྤྲོས་དང་བྲལ་བ་ཡི༔ བླ་མའི་ཐུགས་དང་གཉིས་མེད་ཤོག༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ བྱིན་རླབས་ཡེ་ཤེས་དབང་ཆེན་རྣམས༔ ད་ལྟ་ཉིད་དུ་བསྐུར་བ་དང་༔ འཁྲུལ་སྣང་སྡུག་བསྔལ་ཀུན་བསལ་ཞིང་༔ དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཧཱ་གུ་རུ་སུ་ཁ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ སྤྲོ་ན་བླ་མའི་སྐུ་གསུང་ཐུགས་ཕྱག་རྒྱ༔ སློབ་མའི་སྒོ་གསུམ་ལ་ཐིམ་བྱིན་གྱིས་རླབས༔ སྡུག་བསྔལ་ཀུན་སེལ་ལུས་སེམས་བདེ་བས་ཁེངས༔ ཉམས་རྟོགས་འཕེལ་ཞིང་མཆོག་ཐུན་དངོས་གྲུབ་ཐོབ༔ ཚེ་འདིར་སངས་རྒྱས་འགྲུབ་པའི་གདམས་པ་འདི༔ འགྲོ་དོན་བྱེད་པའི་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ དེ་ནས་བོད་འབངས་རྣམས་ཀྱི་མགྲིན་གཅིག་ཏུ༔ བསླུ་མེད་སྐྱབས་གཅིག་མ་ཧཱ་གུ་རུ་ཡིས༔ བོད་འབངས་ཡོངས་ལ་བཀའ་དྲིན་ཆེ་བར་མཛད༔ ད་དུང་ཁྱེད་ཉིད་མི་བརྗེད་གསོལ་འདེབས་ན༔ བྱིན་རླབས་ཐུགས་རྗེས་ཀློང་ཡངས་ཆེན་པོ་ནས༔ འཇིགས་པ་ཀུན་སེལ་དངོས་གྲུབ་ཀུན་ཐོབ་ཅིང་༔ ཐུགས་རྗེའི་གློག་འགྱུ་སྡུག་བསྔལ་མུན་པ་ཞི༔ གོ་སྐབས་བྱེད་པའི་ཐུགས་དམ་བསྐུལ་བྱེད་ན༔ གསོལ་འདེབས་སྙིང་པོར་དྲིལ་བ་སྩལ་དུ་གསོལ༔ ཞེས་གསོལ་གུ་རུས་ཐུགས་བརྩེས་བཀའ་སྩལ་པ༔ བོད་ཀྱི་སེམས་ཅན་བདག་ལ་ཤིན་ཏུ་གདུང་༔ ངས་ཀྱང་བོད་ལ་བཀའ་དྲིན་ཆེ་བར་བྱས༔ ད་དུང་ང་ཉིད་མ་བརྗེད་གསོལ་བ་ཐོབ༔ ཅི་འདོད་ཐམས་ཅད་ང་ཉིད་སྒྲུབ་པས་འབྱུང་༔ དེ་ལ་བླ་མའི་རྣལ་འབྱོར་ཐམས་ཅད་ཀྱི༔ གཙོ་བོ་རང་ཉིད་སྤྱི་བོར་གཙུག་ཏུ་བསྒོམ༔ རེ་ལྟོས་སྐྱབས་རྣམས་འདུས་པའི་ངོ་བོར་བསམ༔ ཁ་ཙམ་མ་ཡིན་གསོལ་བ་འདི་སྐད་གདབ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དེ་སྐད་གསོལ་བ་བཏབ་པ་ཙམ་གྱིས་ཀྱང་༔ ང་ཡི་དགོངས་པ་ནམ་མཁའི་ཀློང་ཡངས་ནས༔ བྱིན་རླབས་ཐུགས་རྗེའི་སྤྲིན་ཚོགས་རབ་གཡོས་ཏེ༔ ལྔ་བརྒྱའི་དུག་གཟེར་སྡུག་བསྔལ་ཚ་གདུང་སེལ༔ དགོས་འདོད་ཀུན་འབྱུང་དངོས་གྲུབ་ཆར་འབེབས་ཤིང་༔ ཚེ་གཅིག་སངས་རྒྱས་ཐོབ་པའི་འབྲས་བུ་སྨིན༔ བདག་ལ་གདུང་བའི་བོད་འབངས་རྗེས་འཇུག་རྣམས༔ གཞན་ཡང་འཕྲོས་པའི་ཚིགས་འདི་ཐུགས་ལ་ཞོག༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་རྣམས༔ སྔོན་དུ་སྦྱོར་བས་རང་ཉིད་རྒྱུད་སྦྱོངས་ཤིང་༔ དངོས་བཞི་བསྐྱེད་རིམ་བླ་མའི་ཕྲིན་ལས་ཀྱི༔ ཁོག་དབུབ་ཏིང་འཛིན་དབྱེར་མེད་འབད་པས་འགྲུབ༔ རྗེས་ཀྱི་རྫོགས་རིམ་དུག་ལྔ་རང་གྲོལ་བྱ༔ བསྐྱེད་རྫོགས་བརྟན་ཐོབ་ཏིང་འཛིན་དམིགས་པ་ཡི༔ འཕྲོ་འདུ་ཁ་བསྒྱུར་ཙམ་གྱིས་དོན་འགྲུབ་ཅིང་༔ གཞན་ཡང་བསྙེན་བསྒྲུབ་རྟགས་ལྡན་བྱེད་པ་གཅེས༔ ལས་ཚོགས་རྣམས་ཀྱང་དེ་ཡིས་འགྲུབ་པ་ཡིན༔ གདམས་པ་མ་བུ་ཁ་ཚང་དོན་འདྲིལ་བ༔ འདི་ནི་མི་ལོ་ཆིག་སྟོང་ཆིག་བརྒྱ་ལ༔ གདམས་པ་འདི་ཉིད་ཟབ་མོའི་གཏེར་དུ་བཞག༔ དེ་ནས་ས་ཡི་སྟེང་དུ་ཐོན་པར་འགྱུར༔ དེ་དུས་ང་ཡི་ཐུགས་རྗེ་གློག་འགྱུ་ཙམ༔ བོད་ཡུལ་སྙིགས་དུས་མུན་པའི་གོ་སྐབས་འབྱེད༔ དེ་ཚེ་འདོན་པའི་སྐྱེས་བུ་རཏྣའི་མིང་༔ ལས་ཅན་ཆོས་ཀྱི་བདག་པོ་ཤར་ཕྱོགས་ནས༔ ཚེ་ཡི་མིང་ཅན་ལྷོ་ཕྱོགས་དཔལ་གྱི་མིང་༔ ནུབ་ཀྱི་ཕྱོགས་ནས་རྒྱལ་དང་གྲུབ་པའི་མིང་༔ བསྟན་འཛིན་མིང་ཅན་བྱང་ནས་ཕྲིན་ལས་མིང་༔ དབུས་ཀྱི་ཕྱོགས་ནས་དཔལ་གྱི་མིང་ཅན་འབྱུང་༔ གཞན་ཡང་བོད་ཡུལ་བསྟན་པ་གསལ་བ་དང་༔ བོད་ལ་ཕན་པའི་ལས་ཅན་འདི་ལྟར་འབྱུང་༔ ཤར་གྱི་ཕྱོགས་ནས་སྦ་གཙུག་སྐྱེས་མཐའ་ནི༔ བློ་གྲོས་ལྡན་པ་དཔལ་བཟང་མིང་ཅན་འབྱུང་༔ ལྷོ་ནས་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས༔ སྐྱེས་མཐའ་བཀྲ་ཤིས་མིང་ཅན་ཕག་ལོ་པ༔ ནུབ་ནས་བཻ་རོའི་སྐྱེས་མཐའ་བློ་གྲོས་ཅན༔ བསྟན་འཛིན་མིང་ཅན་རྒྱལ་བའི་བསྟན་ལ་ཕན༔ ཏིང་འཛིན་བཟང་པོའི་སྐྱེས་མཐའ་མངོན་ཤེས་ཅན༔ ནུབ་ཀྱི་ཕྱོགས་ནས་ཀུན་དགའི་མིང་ཅན་འབྱུང་༔ དཔལ་གྱི་སེང་གེའི་སྐྱེས་མཐའ་ནུས་པ་ཅན༔ བཀྲ་ཤིས་མིང་ཅན་ནུབ་ཀྱི་ཕྱོགས་ནས་འབྱུང་༔ གཞན་ཡང་ལས་ཅན་བོད་ལ་ཕན་པ་ཡི༔ ཚུལ་ལྡན་གསང་སྔགས་སྤྱོད་པ་རླབས་ཆེན་དང་༔ མཁས་ཤིང་བཙུན་པའི་ཕུལ་ཕྱིན་འགའ་ཞིག་འབྱུང་༔ དེ་དུས་བོད་ཡུལ་དབུས་སུ་མཐའ་དམག་གཏིབས༔ མཐའ་འདྲེ་འབྱུང་པོས་མི་སྐད་ཡང་ཡང་སྒྲགས༔ ལྷ་མིན་སྲིན་པོའི་ལུགས་རྣམས་བྱེད་པ་མང་༔ ལྟས་ངན་མཁའ་ལ་ཉི་ཟླ་དུས་མིན་ཤི༔ མ་མོ་འཁྲུགས་པའི་ལྟས་ངན་སྐར་མ་ཤར༔ ནད་མུག་འཁྲུགས་རྩོད་ཁོལ་བུ་ཀུན་ཏུ་འབྱུང་༔ དེ་དག་མ་ལུས་བཟློག་པར་བྱ་བའི་ཕྱིར༔ ང་ཡི་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་དང་༔ ཁྱད་པར་གནས་ཆེན་ཉི་ཤུ་རྩ་ལྔ་པོར༔ ཆོས་ཀྱི་སྙིང་པོ་སྒྲུབ་ཆེན་ཡང་ཡང་གྱིས༔ བདུད་རྩི་སྨན་གྱི་སྒྲུབ་པ་གྲངས་མེད་དང་༔ གཟེར་ཁ་ལྔ་ཡི་ལས་སྦྱོར་ཡང་ཡང་བརྩམས༔ དེ་ལྟར་བྱས་པས་བོད་ཁམས་ཐམས་ཅད་བདེ༔ འདི་ཡི་གདམས་པ་དཀར་ཤོག་ལོགས་སུ་ཐོབ༔ ཟབ་མོ་རིན་ཆེན་བྲག་གི་དབུས་སུ་སྦས༔ འགྲོ་དོན་གཏད་རྒྱ་ཡང་ནས་ཡང་དུ་མཛོད༔ ནམ་ཞིག་དུས་ཀྱི་ཐ་མར་གྱུར་པའི་ཚེ༔ བྲག་རི་རིན་ཆེན་འདྲ་བའི་སྐེད་པ་ནས༔ ང་ཡི་རྗེས་འཇུག་ལས་ཅན་ཞིག་གིས་རྙེད༔ ད་ལྟ་ང་ཡི་ཞལ་སློབ་གྲུབ་ཆེན་རྣམས༔ ཐུགས་བསྐྱེད་དབང་གིས་དེ་དུས་འཛོམ་པར་འགྱུར༔ བོད་ཡུལ་སྡུག་བསྔལ་སྐབས་ཤིག་དེ་ཡིས་བསལ༔ ཞེས་གསུངས་སོ༔ དེ་ལྟ་བུའི་གདམས་པ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་མཁའ་འགྲོའི་བརྡའི་ཡི་གེར་བྲིས་ཏེ་གུ་རུ་རིན་པོ་ཆེས་མ་འོངས་པའི་དོན་དུ་གུ་རུ་རང་གི་ཞལ་དངོས་སུ་མཇལ་བ་དང་ཁྱད་པར་མེད་པ་བྱེ་མ་ཨ་ཀྲོང་ལས་གྲུབ་པ་བདེ་བ་ཆེན་པོའི་སྐུ་དངོས་གྲུབ་དཔལ་འབར་དང་ལྷན་ཅིག་ཏུ་རྩི་སྐེ་རིན་ཆེན་སྤུངས་འདྲའི་བྲག་རིའི་འདབས་སུ་རྒྱས་བཏབ་སྟེ་སྨོན་ལམ་བཟང་པོ་དང་བཅས་སྲུང་མ་ཀླུ་བཙན་འབར་བ་སྤུན་བདུན་ལ་གཏད་དོ༔ བོད་ལ་ཕན་པའི་བསམ་པ་རབ་ལྡན་ཞིང་༔ སེམས་ཅན་ཡོངས་ལ་བརྩེ་བའི་ཕན་སེམས་ཅན༔ ལྷག་པར་གུ་རུ་རྗེ་ལ་མོས་པ་ཡི༔ མ་འོངས་ལས་ཅན་དག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་འཕྲུལ་ཤོག་ལས་གཏན་ལ་ཕབ་རིམ་བཞིན་ཏུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། | {{TibP|༁ྃ༔ བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ལས༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་བཞུགས་སོ༔ | ||
༁ྃ༔ རང་རིག་བླ་མ་འདུས་མ་བྱས་པའི་སྐུ༔ བདེ་ཆེན་རྒྱལ་པོ་པདྨ་བཛྲ་རྩལ༔ དཀྱིལ་འཁོར་གཙོ་བོ་རིག་རྣམས་ཀུན་གྱི་བདག༔ འགྲོ་མགོན་གུ་རུ་བཀའ་དྲིན་ཅན་ལ་འདུད༔ དེ་ཡང་གུ་རུ་རིན་པོ་ཆེ་ལྷོ་ནུབ་སྲིན་པོ་འདུལ་དུ་གཤེགས་པའི་ཚེ༔ ཡུལ་ལ་བྱིན་ཆགས་པ་འདོད་རྒུ་འབྱུང་བ་མང་ཡུལ་གུང་ཐང་ལ་ཁར་བདག་ཅག་རྗེས་འབྲངས་རྣམས་ཀྱིས་ཕྱག་སྐྱེལ་དུ་ཕྱིན་པའི་སྐབས༔ ལྷ་སྲས་མུ་ཁྲི་གཙད་པོས་གུ་རུ་ལ་སྨྲེ་སྔགས་གདུང་བའི་ཤུགས་ཀྱིས་སྲིན་ཡུལ་དུ་མི་བཞུད་པར་བཤོལ་ལན་མང་དུ་བཏབ་པའི་མཐར༔ གུ་རུའི་རང་གི་ཞལ་ཚབ་ལྟ་བུར་ཉོན་མོངས་རང་གྲོལ་གྱི་གདམས་པ་དང་༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གནང་བའི་ཐོག་མར་ཉོན་མོངས་རང་གྲོལ་གྱི་གདམས་པ་གཞན་དུ་ཤེས་ལ༔ གཉིས་པ་བོད་ཀྱི་ཆོས་འཁོར་གཉན་པོ་ཐམས་ཅད་ལ་མ་འོངས་པའི་དུས་ན་དང་པོ་རྒྱལ་པོ་གླང་གི་མིང་ཅན་སོགས་བདུད་དམག་དང་༔ དེ་ནས་ཧོར་དང་༔ རྒྱ་དང༔ སོག་པོ་དང༔ གཞན་ཡང་མཐའ་དམག་ཇི་སྙེད་བོད་དུ་ལྷགས་པ་དང་༔ ཁྱད་པར་དུ་བོད་ཡུལ་ཐམས་ཅད་ནང་འཁྲུགས་ཏེ་བསྟན་པ་འཇིག་པར་ཉེ་བ་ན༔ ཆོས་འཁོར་དང་༔ ཡུལ་འཁོར་སྲུང་བའི་ཕྱིར་དུ་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་དང་གཉིས་སུ་མེད་པའི་རིག་འཛིན་ཐོད་ཕྲེང་རྩལ་གྱི་འཁོར་ལྷ་སྲིན་དང་བཅས་པས་སྲུང་བར་བྱེད་པའི་ཐབས་དང་པོ་བསྐྱེད་རིམ་བསྒོམས་པ་ནི༔ ཆོས་རྣམས་དམིགས་མེད་ངང་ཉིད་ལས༔ རྡོ་རྗེ་ཕ་ལམ་ལས་གྲུབ་པའི༔ གཞལ་ཡས་ཁང་གི་ནང་ཉིད་དུ༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་ལ༔ པད་ཉི་དྲེགས་པ་བསྒྱེལ་བའི་སྟེང་༔ བདག་ཉིད་རིག་འཛིན་ཐོད་ཕྲེང་རྩལ༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་ཁ་ཊྭཱཾ་གཡོན་དྲིལ་བུ༔ དབུ་སྐྲ་གྱེན་བརྫེས་དུར་ཁྲོད་ཆས༔ ཞབས་གཉིས་དོར་སྟབས་མེ་ཀློང་བཞུགས༔ ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ༔ ཤར་དུ་ཡ་མ་རཱ་ཛ་མཐིང་༔ འཁོར་ལོ་དང་ནི་ཐུན་ཁྲག་འཛིན༔ ལྷོ་རུ་སྐོས་རྗེ་དྲང་དཀར་མཐིང་༔ རྡོ་རྗེ་དང་ནི་བདུད་ཞགས་འཛིན༔ ནུབ་ཏུ་ཡམ་ཤུད་དམར་པོ་ནི༔ མདུང་དར་དང་ནི་བཙན་ཞགས་འཛིན༔ བྱང་དུུ་གང་བ་བཟང་པོ་ནག༔ བེ་ཅོན་དང་ནི་ནད་རྐྱལ་འཛིན༔ ཀུན་ཀྱང་དུར་ཁྲོད་ཆས་ཀྱིས་བརྒྱན༔ དམ་ཚིག་ཡེ་ཤེས་དབྱེར་མེད་ཅིང་༔ གཙོ་བོའི་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་འཕྲོས་དྲེགས་པ་བཞིའི༔ ཐུགས་སྲོག་ལ་ཕོག་དྲེགས་པ་རྣམས༔ སྔོན་གྱི་དམ་ཚིག་དྲན་ནས་སུ༔ སྤྲུལ་པ་བསམ་མི་ཁྱབ་པ་ཡིས༔ གཡོ་འཁྲུགས་དམག་དཔུང་བཟློག་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཡ་དུ་ཙ་ཤ་བྷྱོ་ཟློག༔ ལས་སྦྱོར་ཟོར་གྱི་ཟློག་པ་ནི༔ འབྲུ་ནག་ཁྲག་སྦྲུས་དྲག་པོའི་ཟོར༔ དྲེགས་པའི་ཞལ་ནི་རྔམ་པར་བཞེངས༔ ཤ་ཁྲག་བ་སུ་ཏ་ཡིས་བརྒྱན༔ དར་ནག་ཁ་ཊྭཱྃ་མཚོན་ཆ་གཟུག༔ ཞིང་ཆེན་ལྤགས་པའི་སྟེང་དུ་བཞག༔ རང་ཉིད་བླ་མ་དྲག་པོར་བསྒོམ༔ མདུན་དུ་དུར་ཁྲོད་ས་གཞིའི་དབུས༔ གཤིན་རྗེ་ཡ་མ་རཱ་ཛ་ལ༔ དྲེགས་པའི་སྡེ་དཔོན་གསུམ་གྱིས་བསྐོར༔ ཐམས་ཅད་ལས་ལ་རྔམ་པར་བསམས༔ དགྲ་བོའི་ལིང་ག་ཟག་རྫས་བཅས༔ དྲེགས་པ་རྣམས་ཀྱིས་མདུན་དུ་བཞག༔ གྲི་སྐོར་བྱ་ཞིང་དྲེགས་པ་བསྐུལ༔ བསྒྲལ་སྟབས་ལིང་རོ་ལྷག་མ་རྣམས༔ རས་ནག་ཁུག་མར་བླུག་ནས་སུ༔ གཡག་ནག་རྭ་ཅོ་གཡོན་པར་བྲུབས༔ ཕུང་རེས་ཁ་བཅད་རྒྱུ་མས་དཀྲིས༔ དེ་ནས་དྲེགས་པ་འདི་སྐད་བསྐུལ༔ བྷྱོ༔ གཏུམ་དྲག་དུར་ཁྲོད་རོལ་པའི་གཞལ་ཡས་ནས༔ སྲིད་པ་གསུམ་གྱི་སྲོག་བདག་ཆེན་པོ་ནི༔ གཤིན་རྗེའི་རྒྱལ་པོ་ཡ་མ་རཱ་ཛ་ཁྱོད༔ རྣལ་འབྱོར་བདག་གི་མྱུར་དུ་བསྐུལ་ལགས་ན༔ མ་ཐོག་གཤིན་རྗེའི་དམག་ཚོགས་རབ་བསྡུས་ལ༔ དམ་ཉམས་དགྲ་བོའི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་རྡུལ་དུ་རློགས༔ བྷྱོཿ མུན་པ་ནག་པོ་འཁྲུགས་པའི་ཀློང་དཀྱིལ་ནས༔ སྲིད་པ་གསུམ་གྱི་དབང་བྱེད་བདུད་ཀྱི་རྗེ༔ སྐོས་རྗེ་དྲང་དཀར་དྲག་པོའི་ལས་ལ་བསྐུལ༔ བདུད་ཀྱི་དམག་ཚོགས་མང་པོ་མྱུར་དུ་བསྡུས༔ དམ་ཉམས་དགྲ་ཡི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་ཐལ་བར་རློགས༔ བྷྱོ༔ གྲི་ཐབས་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ སྲིད་གསུམ་འཇིགས་བྱེད་བཙན་གྱི་རྒྱལ་པོ་ནི༔ ཡམ་ཤུད་དམར་པོ་དྲག་པོའི་ལས་ལ་བསྐུལ༔ དམ་ཉམས་དགྲ་ཡི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་རྡུལ་དུ་རློགས༔ བྷྱོ༔ གདུག་རྩུབ་རླུང་ནག་འཁྱིལ་བའི་གུར་ཁང་ནས༔ འཇིག་རྟེན་ཕུང་བྱེད་གནོད་སྦྱིན་ཀུན་གྱི་གཙོ༔ གང་བ་བཟང་པོ་དྲག་པོའི་ལས་ལ་བསྐུལ༔ དམ་ཉམས་དགྲ་ཡི་ཡུལ་དུ་ཇག་པར་ཆོས༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་རྡུལ་དུ་རློགས༔ ཞེས་བསྐུལ་གཞན་ཡང་དམོད་བཅོལ་གང་ཤེས་བརྗོད༔ དགྲ་བོའི་ཕྱོགས་སུ་ཟོར་གཏོར་འཕང་ནས་ཀྱང་༔ དྲེགས་པ་འཁོར་བཅས་དེར་སོང་ཕ་རོལ་པོ༔ མི་བསད་ཁྱིམ་བཤིག་ནོར་ཕྱུགས་ཕྱགས་མས་བཏབ༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་པར་བསམ༔ ལས་གྲུབ་དུས་སུ་དྲེགས་པར་གཏང་རག་བཏང་༔ གཞན་ལ་གཡུལ་འགྱེད་མཚོན་ཆ་སྲུང་བའི་ཕྱིར༔ འབྲུ་ནག་ཁྲག་སྦྲུས་གཏོར་མ་དྲག་པོའི་གཟུགས༔ ནང་དུ་དྲེགས་པ་བཞིའི་སྲོག་ཡིག་བཅུག༔ རྩ་བའི་སྔགས་མཐར་དྲེགས་པའི་ས་བོན་འཇུག༔ མཚོན་ཆའི་འཇིགས་པ་སྲུང་སོགས་འདོད་གསོལ་བྲིས༔ ཆོས་སྨན་བྱུགས་ཏེ་གཏོར་མའི་ནང་དུ་གཞུག༔ ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་འབར་བ་ན༔ དྲེགས་པ་སྡེ་བཞི་ཉུང་འབྲུ་ཙམ་བཞུགས་པའི༔ སྐུ་ལས་མཚོན་ཆའི་ཆར་འཕྲོས་ཕ་རོལ་པོའི༔ མཚོན་ཆའི་དཔལ་ཟློག་ནུས་པ་ལྡན་པར་བསམ༔ སྔགས་ཀྱི་ངར་གདགས་དྲག་སྔགས་མེ་དཔུང་བཅས༔ མགུལ་དུ་འཆང་བས་མཚོན་ཆ་སྲུང་བར་ཟབ༔ གཞན་ཡང་རིན་ཆེན་བུམ་པ་གྲུ་བཞི་པར༔ ཡུལ་འཁོར་སྲུང་གི་སྐུ་དང་སྔགས་བྱང་གཞུག༔ རིན་ཆེན་དཀོར་ཆ་མཐུན་རྫས་དུ་མས་བཀང་༔ ཡུལ་འཁོར་སྲུང་དུ་བསྐྱེད་ལ་མཆོད་བསྟོད་བྱ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཀར་འཕྲོས་ཏེ༔ སྤྲོས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས༔ ཆོས་འཁོར་ཡུལ་དང་བཅས་པ་སྲུང་བར་བསམ༔ བུམ་པ་དེ་ཉིད་ལྕགས་རིའི་སྒོ་གོངས་སུ༔ སྦས་ཏེ་རབ་གནས་ཤིས་པ་བརྗོད་ལ་བརྟན༔ རྟེན་འབྲེལ་ཕྱིར་དུ་རྒྱལ་མཚན་དཀར་པོ་བཙུག༔ དེ་ཡིས་ཕྱི་ནང་འཁྲུགས་པ་ཞི་བར་འགྱུར༔ ཞེས་གསུངས་སོ༔ ཡང་བདག་ཅག་རྗེས་འབྲངས་རྣམས་དང་ཕྱི་རབས་ཀྱི་བོད་འབངས་རྣམས་ལ་གསོ་རིག་གང་གིས་མི་ཕན་པའི་དུས་ངན་འབྱུང་པོའི་ཁ་རླང་གི་ནད་ཀྱི་སྡུག་བསྔལ་བ་བྱུང་ན་ཇི་ལྟར་བྱ༔ ཞེས་ཞུས་པས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ཕྱི་རབས་ངོས་མི་ཟིན་པའི་ནད་མང་ཞིང་༔ ཁྱད་པར་འགོང་པོའི་ཁ་རླངས་གཉན་ནད་དར༔ སྨན་དཔྱད་གང་གིས་མི་ཕན་ངེས་པར་འོང་༔ དེ་དུས་ང་ཉིད་སྨན་ལྷ་དབྱེར་མེད་དུ༔ སྤྱི་བོའི་སྟེང་དང་ན་བའི་གནས་སུ་བསྒོམ༔ གསོལ་བ་ཕུར་ཚུགས་བཏབ་ན་སྡུག་བསྔལ་ཞི༔ མ་བཅོས་དབྱིངས་ལས་རང་རྩལ་ཧཱུྃ་མཐིང་ག༔ དེ་ལས་རང་ཉིད་བླ་མ་སྨན་བླ་མཐིང་༔ མཚན་དཔེ་རབ་རྫོགས་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་གཡས་སྐྱབས་སྦྱིན་སྨན་མཆོག་རྣམ་རྒྱལ་དང་༔ གཡོན་པས་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས༔ འགྲོ་འདུལ་ཚུལ་གྱིས་པད་ བཟང་པོའི་བཞུགས་སྟངས་མཆན་ ཟླའི་གདན་ལ་བཞུགས༔ འཁོར་དུ་དྲང་སྲོང་རིགས་བཞི་སྤྲུལ་སྐུའི་ཚུལ༔ དཀར་སེར་དམར་ལྗང་དར་གྱི་ན་བཟའ་གསོལ༔ སྐྱབས་སྦྱིན་ཕྱག་རྒྱས་ཨ་རུ་རྣམ་རྒྱལ་འཛིན༔ ཀུན་ཀྱང་འོད་འབར་གཟི་བརྗིད་ལྡན་པར་བསྒོམ༔ དམ་ཡེ་དབྱེར་མེད་ཀུན་གྱི་ཐུགས་ཀ་རུ༔ ཟླ་བའི་གདན་ལ་ཧཱུྃ་ཡིག་རང་མདོག་གི༔ འོད་ཟེར་ཀུན་འཕྲོས་བདག་དང་སེམས་ཅན་གྱི༔ དུག་ལྔ་ལས་བྱུང་ནད་གདོན་བར་ཆད་བསལ༔ འཁོར་འདས་ཀུན་གྱི་ནད་སེལ་བདུད་རྩིའི་རིགས༔ བསྡུས་ཏེ་རང་གི་བ་སྤུའི་ཁུང་ནས་བཞུགས༔ བདུད་རྩིའི་ལུས་གང་འབྱུང་བ་ཆ་སྙོམས་ཏེ༔ སྒྲིབ་མེད་དྭངས་གསལ་རྡོ་རྗེའི་སྐུ་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཏདྱ་ཐཱ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ་མ་ཧཱ་བྷཻ་ཥ་ཛྱཻ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱ༔ གཞན་དག་ནད་ཀྱི་ཤིན་ཏུ་གདུང་བ་ལ༔ རིན་ཆེན་བུམ་པ་རྒྱན་དང་ལྡན་པའི་ནང་༔ སྨན་མཆོག་རྣམ་པར་རྒྱལ་བ་གཙོར་གྱུར་པའི༔ སྨན་ལྔ་ལ་སོགས་ཉེར་ལྔའི་རྫས་ལྡན་པ༔ ཆུ་བོ་རྒྱུན་འབབ་དག་གིས་ལེགས་པར་གཏམས༔ གཟུངས་ཐག་བཏགས་ཅིང་རྣམ་ལྔའི་མཆོད་པས་བསྐོར༔ རང་ཉིད་བླ་མ་སྨན་ལྷ་གསལ་བར་བསྒོམ༔ བུམ་པ་བྷྲཱུྃ་ལས་མཚན་ཉིད་ཀུན་རྫོགས་ནང་༔ བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་བྃ༔ དེ་ཉིད་པདྨ་ལྔ་ཚོམ་ཟླ་གདན་བཅས༔ དབུས་སུ་ཧཱུྃ་ལས་གུ་རུ་སྨན་གྱི་བླ༔ མཐིང་གསལ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསོལ༔ མཚན་དཔེ་ཀུན་རྫོགས་འགྲོ་བ་འདུལ་བའི་ཚུལ༔ ཕྱག་གཡས་སྐྱབས་སྦྱིན་དང་བཅས་སྨན་མཆོག་འཛིན༔ གཡོན་པས་བདུད་རྩིའི་གང་བའི་ལྷུང་བཟེད་བསྣམས༔ ཕྱོགས་བཞིར་དྲང་སྲོང་དཀར་སེར་དམར་ལྗང་བཞི༔ སྨན་མཆོག་འཛིན་ཅིང་དར་དང་རིན་ཆེན་བརྒྱན༔ བཞེངས་སྟབས་འཛུམ་པའི་སྟབས་ཀྱིས་གཙོ་ལ་གཟིགས༔ ཀུན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་ལས༔ འོད་འཕྲོས་བཻ་ཌཱུར་སྣང་བའི་ཞིང་ཁམས་ནས༔ སྨན་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས་གྱུར༔ སྤོས་བཏུལ་ཐལ་སྦྱར་ཤར་ཕྱོགས་གདོང་འདུད་དེ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་རྣམ་དག་ལོངས་སྐུ་ལྷུན་གྲུབ་ལས༔ སྤྲུལ་པའི་ཞིང་ཁམས་བཻ་ཌཱུར་སྣང་བ་ནས༔ འཚོ་མཛད་སྨན་ལྷ་རིགས་ལྔ་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་བཞིན་དུ་འདིར་གཤེགས་ཤིག༔ བཛྲ་ས་མ་ཛ༔ ཛཿཧཱུྃ་བྃ་ཧོཿ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་བིདྱ་ཤབྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དམིག་མེད་ཞི་བ་ཆེན་པོའི་ངང་ཉིད་ལས༔ མཁྱེན་དང་བརྩེ་བས་སྨན་པའི་སྐུར་བཞེངས་པ༔ བཅོམ་ལྡན་ལྷ་ཡི་ལྷ་མཆོག་བཻ་ཌཱུར་མདངས༔ སངས་རྒྱས་ཀུན་གྱི་རྗེ་ལ་ཕྱག་འཚལ་ལོ༔ བླ་མའི་བླ་མ་རིག་འདུས་སྨན་པའི་རྒྱལ༔ ཉོན་མོངས་གཅོང་ནད་དྲུང་ནས་འབྱིན་མཛད་པ༔ ཆོས་ཀྱི་ཉི་མ་གདུང་སེལ་ཟླ་བ་ཆེ༔ མཉམ་མེད་བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད༔ བཞི་བརྒྱ་རྩ་བཞིའི་ནད་འཇོམས་སྡུག་བསྔལ་སེལ༔ འཚོ་མཛད་རིགས་ཀྱི་སྐུར་བཞེངས་རྫུ་འཕྲུལ་ལྡན༔ དྲང་སྲོང་འཇིག་རྟེན་ཀུན་གྱི་སྐྱབས་དང་མགོན༔ འགྲོ་བའི་དོན་རྣམས་མཛད་ལ་ཕྱག་འཚལ་བསྟོད༔ ལྷ་རྣམས་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལས༔ འོད་ཟེར་ཀུན་འཕྲོས་རྒྱལ་རྣམས་ཐུགས་དམ་བསྐུལ༔ ཐམས་ཅད་སྨན་པའི་རྒྱལ་པོའི་ངོ་བོར་བྱོན༔ བུམ་ནང་ལྷ་ཚོགས་རྣམས་ལ་གཉིས་མེད་ཐིམ༔ གཞན་ཡང་ལྷ་དང་དྲང་སྲོང་ཐམས་ཅད་ཀྱི༔ ནུས་རྩལ་འཁོར་བཅས་ཀུན་གྱི་བདུད་རྩི་ཡི༔ བཅུད་རྣམས་ཀུན་འདུས་ལྷ་ཚོགས་སྐུ་ལ་ཐིམ༔ བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར༔ སྔགས་བཟླས་སློབ་མ་མདུན་དུ་བཀུག་ནས་སུ༔ བགེགས་དང་ཕྲལ་ཞིང་མཎྜལ་ཕུལ་དུ་གཞུག༔ གསོལ་བ་བཏབ་ཅིང་རྒྱུད་སྦྱངས་ལྷར་བསྐྱེད་ལ༔ ཡེ་ཤེས་དབབ་ཅིང་དེ་ཉིད་བརྟན་པར་བྱ༔ དེ་ནས་བུམ་པ་བསྒྲུབ་བྱའི་སྤྱི་བོར་བཟུང་༔ ཧཱུྃ༔ རྒྱལ་རྣམས་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་པ༔ རིགས་ཀུན་ཁྱབ་བདག་བླ་མ་སྨན་གྱི་བླ༔ དྲང་སྲོང་སྨན་པའི་འཁོར་ཚོགས་བསམ་མི་ཁྱབ༔ དེངས་འདིར་ཐུགས་རྗེས་བརྩེར་དགོངས་མཐུ་རྩལ་བསྐྱེད༔ སྐལ་ལྡན་སློབ་མར་སྐུ་ཡི་དབང་མཆོག་བསྐུར༔ ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ སྐལ་ལྡན་བུ་ལ་གསུང་གི་དབང་མཆོག་བསྐུར༔ ངག་གི་ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ སྐལ་ལྡན་སློབ་མར་ཐུགས་ཀྱི་དབང་བསྐུར་བས༔ ཡིད་ཀྱི་ནད་གདོན་སྡིག་སྒྲིབ་ཞི་བར་མཛོད༔ བུམ་ཆུ་བླུད་ཅིང་ལུས་ཀྱི་ཕྱི་ནང་ཀུན༔ བདུད་རྩིའི་བཀྲུས་ཤིང་དྭངས་མ་ཀུན་འདུས་ནས༔ འཆི་མེད་རྡོ་རྗེའི་སྐུ་རུ་རབ་འགྲུབ་སྟེ༔ སྨན་པའི་རྒྱལ་པོ་དག་དང་དབྱེར་མེད་བསྒོམ༔ ལྷ་ཚོགས་སློབ་མར་བསྟིམ་ཞིང་དགེ་བ་བསྔོ༔ རང་གཞན་གཉིས་ཀའི་ནད་རྣམས་སེལ་བའི་ཕྱིར༔ སྐྱོན་མེད་ཨ་རུ་ར་དང་དབང་པོ་ལག༔ ཀ་ར་འོ་མ་ཆ་མཉམ་སྦྱར་བ་ཡི༔ རིལ་བུ་གླ་བའི་རིལ་མ་ཙམ་བསྒྲིལ་ལ༔ ཐོད་པའི་ནང་བླུགས་དར་སྣའི་ན་བཟའ་གསོལ༔ ཕྱི་ནང་གསང་བའི་མཆོད་པས་རབ་བསྐོར་ལ༔ ཐོད་པ་བྷྲཱུྃ་ལས་གཞལ་ཡས་ཁང་གི་ནང་༔ པད་ཟླ་ལྔ་ཚོམ་དབུས་མར་ཧཱུྃ་ཡིག་ལས༔ བླ་མ་སྨན་བླ་ལོངས་སྤྱོད་རྫོགས་པའི་སྐུ༔ མཉམ་བཞག་ཐོད་པ་སྨན་གྱིས་བཀང་བ་འཛིན༔ ཕྱོགས་བཞིར་དྲང་སྲོང་རིགས་བཞི་རིགས་ཀྱི་མདོག༔ སྨན་མཆོག་འཛིན་ཅིང་དར་དང་རིན་ཆེན་བརྒྱན༔ ཉོན་མོངས་རང་གྲོལ་རིགས་ལྔའི་ངོ་བོ་ལ༔ རིགས་ཀྱི་ཡུམ་ལྔ་གཉིས་མེད་མཉམ་པར་སྦྱོར༔ བདེ་བའི་འོད་ཀྱིས་འཁོར་འདས་ཐམས་ཅད་ཀྱི༔ མཆོག་དང་ཐུན་མོང་བདུད་རྩི་ཀུན་བསྡུས་ནས༔ ལྷ་ཚོགས་ཀུན་གྱི་ཞལ་ཞུགས་སྐུ་ཡི་ནང༔ བདུད་རྩིའི་གང་ནས་ཡབ་ཡུམ་སྦྱོར་མཚམས་བབ༔ འོད་ཀྱི་རང་བཞིན་བདུད་རྩིའི་གོང་བུའི་ནང་༔ ཨོཾ་ཨཱཿཧཱུྃ་གིས་མཚན་པ་གྲངས་མེད་པ༔ ཐོད་པ་གཞལ་ཡས་ཁང་ནང་གང་བསམ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཧཱུྃ་མྃ་ཨ་མྲྀ་ཏ་ར་ས་ཡ་ན་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་བཟླས་ཏིང་འཛིན་རྩེ་གཅིག་ལ་བརྩོན་ན༔ རིལ་བུ་འཕེལ་དང་སྒྲ་འོད་དྲི་བཟང་འབྱུང་༔ འགྲུབ་པའི་རྟགས་ཡིན་ལྷ་རྣམས་འོད་དུ་ཞུ༔ རིལ་བུའི་རང་བཞིན་ཉིད་བསམ་དགེ་བ་བསྔོ༔ བཀྲ་ཤིས་བརྗོད་ཅིང་རྗེས་སུ་རིལ་བུ་རྣམས༔ སུས་སྤྱོད་འདུ་བ་སྙོམས་ཤིང་ནད་རྣམས་ཞི༔ གདོན་བགེགས་བར་ཆད་ཕྱོགས་སུ་ཉེ་མི་ནུས༔ ལུས་སྟོབས་འཕེལ་ཞིང་གཟི་བརྗིད་རིག་རྩལ་རྒྱས༔ མཐར་ཐུག་འཁོར་བ་ངན་སོང་སྡུག་བསྔལ་ལས༔ རྣམ་གྲོལ་བྱང་ཆུབ་མཆོག་གི་རིགས་སུ་འགྱུར༔ གཉན་རིགས་ཀུན་ལ་ཀ་ར་འོ་མ་དོར༔ བཙན་དུག་ཤུ་དག་སྦྱར་བའི་ཁྱད་པར་རོ༔ དེ་དག་སུ་ཡིས་བགྱིས་པ་རང་གཞན་རྣམས༔ ནད་དང་སྡུག་བསྔལ་ལུས་ཀྱི་འབྱུང་འཁྲུགས་ཞི༔ ཁམས་དྭངས་ཤེས་པ་གསལ་ཞིང་ཤེས་སྟོབས་འཕེལ༔ བྱང་ཆུབ་བླ་མེད་གོ་འཕང་ཀུན་གྱིས་འགྲུབ༔ ཞེས་གསུངས་སོ༔ དེ་ནས་ཡང་རྗེས་འབྲངས་རྣམས་ཀྱི་ད་ལྟ་དང་མ་འོངས་པའི་སེམས་ཅན་རྣམས་ལ་དབུལ་བའི་སྡུག་བསྔལ་བྱུང་ན་དེ་ལས་སྐྱོབས་པའི་ཐབས་ཇི་ལྟར་མཆིས་ཞེས་ཞུས་པས༔ མ་ཧཱ་གུ་རུས་བཀའ་སྩལ་པ༔ མ་འོངས་སེམས་ཅན་བསོད་ནམས་དམན་པ་ཡིས༔ སྐྱིད་པར་འདོད་ནས་མི་དགེ་བཅུ་སྤྱད་པས༔ སྣང་སྲིད་མ་མོ་མཁའ་འགྲོའི་དཀྱིལ་འཁོར་འཁྲུགས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་ནས་སུ༔ འབྲུ་དང་རྩི་བཅུད་ལོ་རེ་བཞིན་དུུ་སྐམ༔ དེ་དུས་གདམས་ངག་བླ་མའི་གསོལ་འདེབས་དང་༔ བསྟུན་ཏེ་བསྐྱེད་རིམ་རྫས་སྔགས་རྣམས་ལ་བརྟེན༔ ཐོག་མར་རང་ཉིད་བླ་མར་བསྒོམ་པ་ནི༔ སྟོང་ཉིད་དབྱིངས་ལས་འོད་གསལ་རྩལ་གདངས་ལས༔ ཧྲཱིཿཡིག་སེར་པོ་འོད་འབར་ཡོངས་གྱུར་ལས༔ གུ་རུ་ནོར་ལྷ་སྐུ་མདོག་གསེར་གྱི་མདོག༔ གཞོན་ནུའི་ཚུལ་འཆང་ཤ་རྒྱས་གཟི་བརྗིད་ཅན༔ ཕྱག་གཡས་དབང་གྀ་རྒྱལ་པོའི་རྒྱལ་མཚན་དང་༔ གཡོན་པས་དགོས་འདོད་ཀུན་འབྱུང་སྒྲོམ་བུ་འཛིན༔ གསང་གོས་ཕོད་ཁ་ཆོས་གོས་བེར་གྱིས་ཀླུབ༔ པདྨའི་ཞྭ་གསོལ་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ གཏེར་བདག་རྣམས་ནི་བསྣོལ་བའི་རིན་ཆེན་ཁྲི༔ པདྨ་ཟླ་བ་འོད་འབར་ལྷམ་མེར་གསལ༔ ཕྱོགས་བཞིར་ཛམ་ལྷ་དཀར་སེར་དམར་ནག་བཞི༔ གཡས་པས་ལྕགས་ཀྱུ་གཡོན་པས་རིན་ཆེན་འཛིན༔ དར་དང་རིན་ཆེན་རྒྱན་ལྡན་གཏེར་བདག་མནན༔ གཞན་ཡང་ལྷ་མིའི་གནོད་སྦྱིན་ཀླུ་རྣམས་ཀྱི༔ ནོར་བདག་བསམ་མི་ཁྱབ་པ་ཀུན་གྱིས་བསྐོར༔ ཀུན་གྱི་ཐུགས་ཀར་ཟླ་བའི་གདན་སྟེང་དུ༔ ཧྲཱི་ཡིག་འབར་ཞིང་འཚེར་བའི་འོད་ཟེར་གྱིས༔ སྣོད་བཅུད་རྒུད་པ་ཀུན་བསལ་སྟོབས་རྣམས་སྤེལ༔ ཚུར་འདུས་དངོས་གྲུབ་ཀུན་གྱི་བདག་ཉིད་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཞེས་བཟླས་ཉི་ཟླ་ཤར་དང་ལོངས་སྤྱོད་རྙེད༔ གོས་རྒྱན་བཟང་པོར་གྱོན་ནས་རི་རྩེར་ཕྱིན༔ བརྗིད་ཆགས་སྐྱེས་བུའི་ནོར་རྫས་སྟེར་བ་སོགས༔ རྟགས་མཚན་བྱུང་ན་དངོས་གྲུབ་ལེན་བྱའི་ཕྱིར༔ གཏོར་མ་རི་རབ་གཏེར་གྱི་བུམ་པ་ལ༔ ནོར་བུའི་མཚན་པ་སྤོད་ཀྱིས་བྲན་པ་དང་༔ གཞན་ཡང་ནོར་སྣའི་རིགས་དང་མཐའ་བཞིའི་རྫས༔ བླ་མ་ནོར་ལྷ་རྣམས་ཀྱི་གཟུངས་སྔགས་དང་༔ མདོ་སྡེ་རྣམས་ནས་གསུང་བའི་ནོར་ལྷའི་སྔགས༔ གསེར་གྱིས་བྲིས་ལ་རིན་ཆེན་ག་འུར་བཅུག༔ དེ་ཀུན་ལྷན་ཅིག་རས་དཀར་ཁུག་མར་བླུགས༔ མཚན་བཟང་ལུག་གི་སོག་བལ་སྐུད་པས་བཅིང་༔ རིན་ཆེན་འབར་བ་ཉི་ཟླའི་རྟགས་མཚན་བྲི༔ ཐོད་པ་མཚན་བཟང་ངམ་ནི་རིན་ཆེན་སྣོད༔ གནས་ཆེན་ས་སྣ་རྒྱལ་པོའི་བང་མཛོད་ལས༔ བྱུང་བའི་ཟས་སྣ་མར་ཁུ་བཅས་པས་བཀང་༔ བདུད་རྩི་ཅན་གྱི་ཤིང་སྣ་དར་ཚོན་དང་༔ རིན་ཆེན་ཟ་འོག་རྒྱན་གྱིས་མཛེས་པར་བྱ༔ གཞན་ཡང་འབྲང་རྒྱས་ཆང་དང་འོ་མ་སོགས༔ བཟའ་བཏུང་ཅི་འབྱོར་དེ་སོགས་གཙང་མར་བཤམ༔ བླ་མ་ནོར་ལྷའི་དཀྱིལ་འཁོར་མདུན་ཏུ་བསྒོམ༔ སྤྲོ་ན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི༔ བླ་མ་ནོར་ལྷའི་ཕྲིན་ལས་ཚུལ་བཞིན་བཏང་༔ དངོས་གྲུབ་ཐམས་ཅད་མདུན་གྱི་རྫས་ལ་བསྟིམ༔ དེ་ནས་རང་དང་གཞན་གྱི་དོན་དག་ཏུ༔ དངོས་གྲུབ་བསྐུལ་དང་གཡང་ལེན་བྱ་བ་ནི༔ ཧཱུྃ་ཧྲཱི༔ བདེ་ཆེན་ཡེ་ཤེས་འགྱུར་མེད་བླ་མའི་ཚོགས༔ དངོས་གྲུབ་ཀུན་བདག་མ་ལུས་དགོངས་སུ་གསོལ༔ དེང་གི་དུས་འདིར་བདག་ཅག་དད་ལྡན་གྱིས༔ ཚུལ་བཞིན་བླ་མ་ནོར་ལྷའི་ལྷ་ཚོགས་རྣམས༔ མི་གཡོ་རྩེ་གཅིག་བསྒྲུབ་པ་མཐར་ཕྱིན་ནས༔ དེངས་འདིར་དངོས་གྲུབ་འབྱུང་བའི་དུས་ལ་བབ༔ འཇིག་རྟེན་ཀུན་གྱི་དཔལ་ཀུན་འདུ་བའི་ཕྱིར༔ རིན་ཆེན་རི་རབ་དགོས་འདོད་ཀུན་འབྱུང་དང་༔ ཡིད་བཞིན་འདོད་སྟེར་བུམ་པ་བཟང་པོ་ལས༔ དངོས་གྲུབ་གང་འདོད་མྱུར་དུ་ཐོབ་བྱའི་ཕྱིར༔ རིན་ཆེན་འོད་འབར་དངོས་གྲུབ་ཆེན་པོའི་བཅུད༔ བདག་ལ་རྩལ་ཞིང་ལོངས་སྤྱོད་སྤེལ་བ་དང་༔ གཞན་ཡང་ཕྱི་ནང་སྣོད་བཅུད་རྒུད་པ་རྣམས༔ མ་ལུས་ཁྱོད་ཀྱིས་མྱུར་དུ་བསལ་ནས་ཀྱང་༔ དགེ་བཅུ་ལོངས་སྤྱོད་རྒྱས་པའི་ཕྲིན་ལས་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ བདག་ཅག་འདིར་འཚོགས་རྣམས་ལ་སྩལ་དུ་གསོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཡང་རྫས་བཟའ་བཏུང་རྟེན་རྣམས་མཛོད་དུ་སྦ༔ ཁྱད་པར་ས་བཅུད་ཉམས་པ་གསོ་བའི་ཕྱིར༔ ང་ཡི་སྦས་པའི་ཀླུ་ཡི་བྱེ་མ་དང་༔ མཚོ་ཆེན་བཞིའི་བྱེ་མ་གཙང་མ་རྣམས༔ མ་ཉམས་གནས་ཀྱི་ས་དང་ས་བཅུད་ལེགས༔ དཔལ་རྣམས་བཟང་བའི་ས་སྣ་སྨན་སྣ་རྣམས༔ ཡན་ལག་བརྒྱད་ལྡན་ཆུ་ཡིས་སྦོལ་ནས་སུ༔ རིལ་བུ་བྱ་ཞིང་ཆོས་ཉིད་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་འོད་ཀྱི་གུར་ཁྱིམ་དུ༔ བླ་མ་ནོར་ལྷ་འཁོར་བཅས་ཁྱད་པར་དུ༔ སངས་རྒྱས་སྤྱན་མ་གསེར་མདོག་མཚན་དཔེ་ཅན༔ དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས༔ ཕྱག་གཉིས་ཐལ་སྦྱར་གསེར་གྱི་བུམ་པ་རུ༔ བདུད་རྩིའི་བཅུད་བཀང་ལྃ་ཡིག་ཐ་མ་རུ༔ སྔགས་ཕྲེང་བསྐོར་བའི་འོད་ཟེར་ཀུན་འཕྲོས་ནས༔ རྒྱལ་ཀུན་མཆོད་ཅིང་བྱིན་རླབས་མ་ལུས་བསྡུས༔ སྣོད་བཅུད་རྒུད་པ་བསལ་ནས་འབྱུང་བཞིའི་བཅུད༔ ཚུར་འདུས་ལྷ་ཚོགས་སྐུ་ལ་ཐིམ་པར་བསམ༔ བླ་མའི་སྙིང་པོ་སངས་རྒྱས་སྤྱན་མའི་སྔགས༔ འབུམ་མམ་ཁྲི་ཕྲག་བཟླས་ལ་ལྷ་ཚོགས་ཀུན༔ འོད་ཞུ་འོད་ཀྱི་གོང་བུ་ལྃ་ཡིག་མཚན༔ ཉེས་པ་ཀུན་སེལ་འོད་ཟེར་འཕྲོ་བར་བསམ༔ དཀོན་མཆོག་མཆོད་ཅིང་ས་བདག་ཀླུ་གཉན་བརྔན༔ གོང་གི་རིལ་བུ་གནས་མལ་གཙུག་ལག་ཁང་༔ དུར་ས་ལ་སོགས་ཕོག་ཐུག་འགྲམ་འཁྲུགས་ཤོར༔ ས་ཉམས་རྒུད་པ་རྣམ་རྟོག་ཡོད་པའི་སར༔ སྦས་ན་ཉེས་པ་ཀུན་གཞོམ་བདེ་ལེགས་འགྱུར༔ དེ་ལྟར་འབད་པས་ས་བཅུད་རྒྱས་པ་དང་༔ ལོངས་སྤྱོད་འདུ་ཞིང་དངོས་གྲུབ་ཐམས་ཅད་ཐོབ༔ ཞེས་གསུངས་སོ༔ དེ་ནས་ཡང་རྗེས་འབྲངས་རྣམས་ཀྱི་མ་འོངས་པའི་དུས་སུ་ཟབ་མོ་གཏེར་གྱི་བོད་ཁམས་ཐམས་ཅད་བསྐྱབས་པར་གསུངས་པས་དེ་དུས་ལས་ཅན་རྣམས་ཀྱིས་ཟབ་མོའི་གཏེར་རྣམས་འདོན་པའི་སྐབས་སུ་ལྷ་འདྲེ་རྣམས་ཀྱི་བཀག་ཞིང་གཏེར་ལ་འཁྲེན་ན་དེའི་བར་ཆད་གང་གིས་སེལ༔ ཞུས་པས༔ བཀའ་སྩལ་པ༔ མ་འོངས་ལས་ཅན་གཏེར་ལ་སྤྱོད་པ་རྣམས༔ བོད་འབངས་སྐྱོབས་ཕྱིར་ང་ཡི་བཀའ་བཞིན་དུ༔ ཟབ་མོའི་གཏེར་རྣམས་འདོན་ཚེ་གཏེར་སྲུང་གིས༔ འཁྲེན་ན་ཡ་གི་ཀུན་བཟང་མན་ཆད་དང་༔ མ་གི་མནར་མེད་དམྱལ་བ་ཡན་ཆོད་རྣམས༔ ཐམས་ཅད་རང་གི་སེམས་ལས་གཞན་མེད་ཅིང་༔ ལྷ་འདྲེ་ཐམས་ཅད་རང་རྩལ་ཆོ་འཕྲུལ་ཡིན༔ རྟོགས་པའི་གདེངས་བསྐྱེད་ཀ་དག་ངང་ཉིད་ལས༔ ང་ཉིད་གཏེར་སྲུང་ཀུན་གྱི་སྲོག་སྙིང་བདག༔ དྲག་པོ་ཐོད་ཕྲེང་སྐུ་མདོག་དམར་ལ་རྔམས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མཁའ་ལ་གདེངས༔ གཡོན་པས་སྒྲོམ་བུའི་སྲོག་སྙིང་མ་ལུས་འདྲེན༔ པད་ཞྭ་གསང་གོས་ཕོད་ཁ་ཆོས་གོས་གསོལ༔ ཞབས་གཉིས་དོར་སྟབས་དྲེགས་པའི་གདན་ལ་བཞུགས༔ འཁོར་དུ་གཟའ་དང་མ་མོ་ཀླུ་རྒྱལ་པོ༔ གིང་ཆེན་གཙང་བཙན་ལ་སོགས་གཏེར་སྲུང་རྣམས༔ བཀའ་དང་དམ་ལ་གནས་ཤིང་བྲན་དུ་འདུས༔ ཅི་བགྱིས་བཀའ་ཉན་བྱེད་པར་བསྒོམས་པ་དང་༔ ང་ཡི་གཏེར་རྣམས་མ་མོ་གཟས་སྲུང་ཤིང་༔ ཁྱད་པར་གཙང་བཙན་རྡོ་རྗེ་ལེགས་པར་གཏད༔ དེ་ཕྱིར་འདི་ལྔ་མཆོད་ཅིང་མཐུན་རྫས་བཤམས༔ སྐུ་ནི་མ་མོ་མཐིང་ནག་གཡུ་སྤྱང་འགྱེད༔ གཟའ་བདུད་སྨུགས་ནག་མདའ་གཞུ་འགེང་ཞིང་འཕེན༔ ཀླུ་བདུད་ནག་པོ་འཁོར་ལོ་སྦྲུལ་ཞགས་འཛིན༔ གིང་ཆེན་ནག་པོ་སྤུ་གྲི་དགྲ་སྟ་བསྣམས༔ གཙང་བཙན་དམར་པོ་རྡོ་རྗེ་དགྲ་སྙིང་བསྣམས༔ ཀུན་ཀྱང་ཚེམ་བེར་ཁྲ་བོ་ཐོད་ཕྲེང་གསོལ༔ ཞབས་རྣམས་ཐམས་ཅད་དོར་སྟབས་དྲེགས་པ་བརྫིས༔ དེ་ལྟར་འབུར་དུ་བསྟོད་དམ་རིས་སུ་བྲིས༔ སྔགས་ཀྱི་བྱང་བུ་རིན་ཆེན་ཁུ་བས་བྲིས༔ ཐུགས་རྟེན་ཕྱག་མཚན་ཡོན་ཏན་མདོས་གཏོར་དང་༔ ཕྲིན་ལས་སྤྱན་གཟིགས་གོ་ཁྲབ་གཡག་ལུག་ར༔ བྱ་རྟ་གླང་སོགས་མཐུན་རྫས་གསེར་སྐྱེམས་བཤམས༔ རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་བསྒོམ༔ མདུན་དུ་དབུས་སུ་མ་མོ་གཡས་སུ་གཟའ༔ གཡོན་དུ་ཀླུ་དང་མདུན་དུ་གིང་ཆེན་ཏེ༔ རྒྱབ་ཏུ་གཙང་བཙན་བསྒོམ་ལ་མཆོད་རྫས་རྣམས༔ བྱིན་གྱིས་རླབས་ཤིང་གཏེར་སྲུང་སྡེ་ལྔ་ཡི༔ སྲོག་སྙིང་འདི་ཉིད་རིག་པ་ཧུར་ཕྱུང་བཟླ༔ ཨེ་ཀ་ཛ་ཏྲི་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ རཀྵ་ར་ཧུ་ལ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ནཱ་ག་རཀྵ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ གིང་ཀ་རཱ་ར་ཛ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ བཛྲ་སཱ་དྷུ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ༔ རང་ཉིད་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ༔ སྣང་སྲིད་ཟིལ་གནོན་རྩལ་གྱི་བཀའ་བསྒོས་པས༔ གཏེར་སྲུང་སྡེ་ལྔ་མདུན་དུ་འདུས་པར་བསམ༔ ཧཱུྃ༔ སྔོན་ཚེ་པདྨ་འབྱུང་གནས་ཀྱི༔ དམ་ལ་བཞག་ཅིང་གཏེར་སྲུང་དུ༔ བསྐོས་པའི་གཟའ་དང་མ་མོ་ཀླུ༔ གིང་ཆེན་བཙན་རྒྱལ་ཁྱེད་རྣམས་ནི༔ ཟབ་གཏེར་ཀུན་གྱི་སྲུང་མར་བསྐོས༔ བདག་ནི་དེ་ཉིད་ལེན་པ་ཡི༔ ལས་ཅན་བུ་རུ་སྨོན་ལམ་བཏབ༔ སྔོན་དུས་བཙད་པོ་རྗེ་བློན་དང་༔ མ་ཧཱ་གུ་རུ་ཐོད་ཕྲེང་གིས༔ གཏེར་གྱིས་བཅོལ་དམ་ཁྱོད་ལ་བྱས༔ ལེན་པར་བདག་ཉིད་བསྐོས་པ་བཞིན༔ བཅོལ་ངན་བདག་ཏུ་མ་བཟུང་བར༔ ཕ་ནོར་བུ་ལ་ད་ལྟ་སྤྲོད༔ རང་ནོར་རང་གིས་ལེན་པ་ལ༔ དེ་ལ་འཁྲེན་པ་སུ་ཞིག་ཡིན༔ བཅོལ་པོ་གཞན་གྱིས་ལེན་པ་མིན༔ གུ་རུ་རྗེ་ཡིས་བཀའ་བྱུང་བས༔ བཅོལ་མ་བདག་ལ་ད་ལྟ་གཏོད༔ གལ་ཏེ་བཅོལ་ངན་བདག་བཟུང་ན༔ ལྷོ་ནུབ་དཔལ་རིའི་རྩེ་མོ་ནས༔ ཕ་གཅིག་གུ་རུ་ཐུགས་ཁྲོས་ཏེ༔ སྤྲུལ་པས་འཛམ་གླིང་ཁེངས་པར་མཛད༔ ལྷ་འདྲེ་ཁྱེད་རྣམས་བཅུན་ནས་སུ༔ སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར༔ དེ་བས་ཕ་ནོར་བུ་ལ་སྤྲོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཙིཏྟ་ཧྲཱིཾ་ཧྲཱིཾ༔ གཞན་ཡང་ཐ་ཚིག་ཆེན་པོ་ནི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བརྒྱུད་གསུམ་བླ་མ་རིག་འཛིན་གྱིས༔ དམ་ལ་བཏགས་པའི་ལྷ་འདྲེ་རྣམས༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བོད་ཡུལ་དབུས་སུ་བྱོན་པའི་ཚེ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆོས་སྐྱོང་ཐམས་ཅད་བྲན་དུ་བཀོལ༔ ང་ནི་སློབ་དཔོན་དེ་ཡི་རྒྱུད༔ ཁྱོད་ནི་སྲུང་མ་དེ་ཡི་རིགས༔ སྔོན་ཚེ་ཞལ་བཞེས་དེ་བཞིན་དུ༔ སྔོན་ཚེ་སློབ་དཔོན་བཀའ་མ་བཅག༔ ད་ལྟ་རྣལ་འབྱོར་དམ་མ་བཀྲལ༔ མཐུན་རྫས་དཀོར་ཆ་འདི་བཞེས་ལ༔ བདག་གི་འདོད་དོན་འགྲུབ་པར་མཛོད༔ ཅེས་བརྗོད་ལྟ་བའི་གདེངས་བསྐྱེད་ལ༔ འདོད་པའི་དོན་ལ་ལོངས་སྤྱོད་ན༔ ཆོ་འཕྲུལ་མི་འབྱུང་བསམ་པ་འགྲུབ༔ ཕ་ནོར་བུ་ཡིས་སྤྱོད་ནས་སུ༔ མ་འོངས་བོད་འབངས་སྡུག་བསྔལ་སེལ༔ ང་ཡི་བསྟན་པ་མཐའ་རྒྱས་བྱེད༔ དེ་ལྟ་བུ་ཡི་གདམས་པ་ནི༔ མེད་ན་ལས་ཅན་སྐྱེས་བུ་ཡི༔ ལུང་བསྟན་ཁ་བྱང་ཡོད་ནའང་༔ ལག་སྡུམ་བྲག་ལ་འཛེགས་པ་འདྲ༔ དེ་བས་གདམས་པ་འདི་ཉིད་གཅེས༔ སྔོན་དུ་རིག་འཛིན་ཟིལ་གནོན་གྱི༔ བསྐྱེད་རིམ་ལེགས་པར་བསྒོམ་ནས་སུ༔ བླ་མའི་སྙིང་པོ་ཐོད་ཕྲེང་རྩལ༔ འབུམ་ཕྲག་གཅིག་བཟླས་ཁྱད་པར་དུ༔ གཏེར་སྲུང་སྲོག་སྙིང་འདྲེན་པ་ཡི༔ བཟླས་པ་རྟགས་མ་བྱུང་བར་བྱ༔ དྲེགས་པའི་འཚུབས་སློང་ངེས་པར་འོངས༔ དེ་ཚེ་ཆོ་འཕྲུལ་གང་ལའང་༔ མི་འཇིགས་ལྟ་བའི་ཟིལ་གྱིས་མནན༔ གཏེར་སྲུང་མཐུན་རྫས་རྣམས་ཀྱིས་མཆོད༔ ཕ་ནོར་བུ་ཡིས་ལེན་པ་ཡི༔ ཞལ་ཆེམས་མ་འོངས་དོན་དུ་བཞག༔ ཞེས་གསུངས་སོ༔ ཡང་རྗེས་འབྲངས་རྣམས་ཀྱི་མ་འོངས་པའི་དུས་སུ་ཁྱེད་ཀྱིས་རྗེས་འཇུག་སྒྲུབ་པ་ལ་བརྩོན་པ་རྣམས་སྦས་ཡུལ་སྙེགས་པ་དང་༔ གཞན་ཡང་འགྲོ་བ་གང་དག་ལམ་འཕྲང་བགྲོད་པའི་ཚེ༔ བར་གཅོད་ཀྱི་ཁ་ཆར་དང་༔ མུན་པ་སོགས་ཤུལ་རིང་དུ་འགྲོ་བ་རྣམས༔ སྡུག་བསྔལ་བར་གྱུར་པའི་ཚེ་དེ་དག་རྣམས་བསྐྱབས་པའི་གདམས་པ་ཞིག་སྩལ་ཏུ་གསོལ༔ ཞེས་ཞུས་པ་ན༔ བཀའ་སྩལ་པ༔ ད་ལྟ་མ་འོངས་ཕྱི་མའི་དུས་ཀྱི་ཚེ༔ ང་ཡི་རྗེས་འཇུག་བསྒྲུབ་ལ་བརྩོན་པ་རྣམས༔ འཆི་བ་སེམས་ནས་འཇིག་རྟེན་རྒྱབ་བོར་ཏེ༔ སྒྲུབ་པ་ལྷུར་ལེན་དབེན་གནས་སྙེགས་པ་རྣམས༔ འགྲོ་བ་གང་ཞིག་ཤུལ་རིང་ཞུགས་པའི་ཚེ༔ ལམ་ལ་བར་དུ་བཅོད་པ་ཅི་བྱུང་ཡང་༔ པདྨ་བདག་ལ་རྩེ་གཅིག་གསོལ་བ་ཐོབ༔ ཁྱད་པར་རང་གི་སེམས་ཉིད་ཡེ་ཤེས་རྩལ༔ མ་འགགས་ཆོ་འཕྲུལ་གུ་རུ་ལས་རབ་རྩལ༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ བ་དན་འཛིན་ཅིང་གཡོན་པས་དྲིལ་བུ་འཛིན༔ འཁོར་དུ་གཉན་ཆེན་སྡེ་བཞི་དཀར་སྨུགས་སེར༔ ལྗང་བའི་མདོག་ཅན་བ་དན་འཛིན་པ་བསྒོམ༔ ཡང་ན་གང་དུ་འགྲོ་བའི་ཡུལ་ལྷའི་གཙོ༔ བསྒོམ་པ་ལེགས་མོད་འོན་ཀྱང་བོད་ཡུལ་འདིར༔ ཡུལ་ལྷའི་གཙོ་བོ་གཉན་ཆེན་སྡེ་བཞི་སྟེ༔ ང་ཡི་དམ་བཞགས་ལྷ་ཡི་རིག་འཛིན་ཡིན༔ དེ་ཕྱིར་སྒྲུབ་པ་པོ་ལ་ཕྲིན་ལས་སྒྲུབ༔ ང་ལ་མོས་པའི་སེམས་ཅན་ཐམས་ཅད་བསྐྱབས༔ དེ་ཕྱིར་འདི་ཉིད་མཆོད་ཅིང་བསྟོད་ན་ལེགས༔ གཞན་དག་ཕལ་ཆེར་ཡུལ་འདྲེས་དབང་བསྒྱུར་བས༔ སྐྱབས་སུ་སོང་ན་ལོག་པའི་ལམ་དང་འཕྲད༔ དེ་བས་གཉན་ཆེན་སྡེ་བཞི་བསྒོམ་པར་འབད༔ གཞན་ཡང་སྤྱི་དང་བྱེ་བྲག་ལྷ་འདྲེ་རྣམས༔ མ་ལུས་བཀའ་དང་བྲན་ལ་གནས་པར་བསམ༔ དེ་ནས་ལས་ཀྱི་སྦྱོར་བ་བརྩམ་པ་ནི༔ རས་དཀར་བ་དན་བཟང་པོའི་ངོས་དག་ཏུ༔ ང་ཉིད་ལས་རབ་རྩལ་དང་ཡུལ་ལྷ་བཞི༔ སྐུ་གཟུགས་སྔགས་བྱང་ལྡན་པ་ཚུལ་བཞིན་བྲི༔ ཆོས་སྨན་བྱུག་ལ་གོང་བཞིན་དངོས་སུ་བསྒོམ༔ སྤྱན་དྲངས་མཆོད་བསྟོད་ཕྲིན་ལས་གཞུང་ལྟར་གྱེར༔ དམིགས་པ་རྩེ་གཅིག་བསྒོམས་ནས་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ་ཀརྨ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ལོ་ཀ་པཱ་ལ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཀརྨ་གུ་རུ་ཧཱུྃ༔ ཞེས་པ་ཁྲི་བཟླས་ནུས་བསྐྱེད་སྔགས་ཀྱིས་བསྒྲུབ༔ བ་དན་རྒྱབ་ལོག་རིགས་གསུམ་མགོན་པོ་དང་༔ བླ་མའི་སྙིང་པོ་རྗེ་བཙུན་སྒྲོལ་མ་དང་༔ འོད་ཟེར་ཅན་དང་དོན་རྣམས་གྲུབ་པའི་གཟུངས༔ སྤྲོ་ན་ཉེས་པ་ཀུན་སེལ་སྔགས་རྣམས་བྲི༔ ཁྱད་པར་བདག་གི་ཀླུང་རྟ་དབང་ཐང་དང་༔ ཚེ་དང་བསོད་ནམས་རྩལ་གྱི་དངོས་རྣམས་ཀུན༔ མཆོག་གསུམ་ལྡན་པས་ནུས་པ་ཡར་ལ་བསྐྱེད༔ བསམ་པའི་དོན་རྣམས་འགྲུབ་པའི་བཀྲ་ཤིས་ཤོག༔ ཞེས་པའི་ཤམ་བུར་བཏགས་ལ་རྟེན་འབྲེལ་གྱི༔ གཟུངས་དང་བཀྲ་ཤིས་རྟགས་བརྒྱད་ལ་སོགས་བྲི༔ མདུང་གི་རྩེ་རྒྱན་བཀྲ་ཤིས་རྫས་བརྒྱད་བཏགས༔ འགྲོ་བའི་དུས་སུ་བླ་མ་ཡུལ་ལྷའི་གཙོས༔ སྔོན་དུ་བྱོན་ནས་ལམ་སྣ་བྱེད་པར་བསམ༔ བ་དན་ཕྱར་ལ་གོང་གི་སྔགས་ཀྱང་བཟླ༔ ཁྱད་པར་ནུས་ལྡན་སྒྲུབ་པའི་ཨ་མྲྀ་ཏ༔ གཡུ་ཤུགས་བ་ལུ་སྤན་དཀར་མཁན་དཀར་དང་༔ འོམ་བུ་ལྔ་སྟེ་བདུད་རྩི་ཅན་གྱི་ཤྀང་༔ དམ་མེད་མཛེ་ཡུག་སྡིག་ཅན་མ་ཡིན་པའི༔ དཀར་ཕྱོགས་མཚན་བཟང་ལག་ནས་བྱུང་བ་ཡི༔ དཀར་གསུམ་ཟས་སྣ་མ་ཉམས་འབྲུ་ཡི་རིགས༔ ཁྱད་པར་གངས་རྒྱལ་ཙཱ་རི་ཟབ་བུ་ལུང་༔ ཤེལ་བྲག་འཆིང་ཕུ་ཏིལ་སྒྲོ་མོན་མཁར་དང་༔ ཁམས་ཀྱི་གནས་ཆེན་ཉེར་ལྔ་ལ་སོགས་པ༔ དམ་སེལ་སྡེ་འཁྲུགས་རྣམས་ཀྱིས་མ་གོས་པའི༔ གནས་ཆེན་རྣམས་ཀྱི་ཤིང་སྣ་ཐམས་ཅད་བསྡུས༔ བཟང་དྲུག་ཁྱད་པར་ཨ་རུ་སྨན་སྣའི་ཚོགས༔ ཞིབ་པར་བཏགས་ནས་མ་ཉམས་གངས་ཆུས་སྦོས༔ རིལ་བུ་བསྒྲིལ་ལ་མཁར་གཞོང་ལྟ་བུར་བླུགས༔ ཆོས་ཉིད་སྔགས་ནི་བརྒྱ་རྩ་བཟླས་ནས་སྦྱངས༔ སྟོང་པའི་ངང་ལས་ཨ་ཡིག་ལས་བྱུང་བའི༔ འོད་ཀྱི་གོང་བུའི་ནང་དུ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་གསུམ་ཤིན་ཏུ་འབར་བ་ལས༔ འོད་ཟེར་ཀུན་འཕྲོས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ༔ ཨོཾ་ཨཱཿཧཱུྃ་གི་རྣམ་པར་སྤྱན་དྲངས་ནས༔ དེ་དག་རྣམས་ལ་ཐིམ་པས་གྲིབ་སེལ་ཞིང་༔ ཉེས་པ་ཀུན་འཇོམས་བདེ་བ་འཕེལ་བའི་བཅུད༔ འདོད་ཡོན་མ་ལུས་འཕྲོ་བའི་གཞིར་གྱུར་བསམ༔ ཨོཾ་ཨཱཿཧཱུྃ་གསུམ་ཁྲི་ཕྲག་བཟླས་པས་བསྒྲུབ༔ གཞི་བདག་དམ་ལ་གནས་ཤིང་བྲན་འཁོལ་ཕྱིར༔ རིལ་བུ་ཐམས་ཅད་བདུད་རྩི་འཁྱིལ་པར་བསྒོམ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ སྟོང་བཟླས་འོད་ཞུ་རིལ་བུར་གྱུར་པར་བསམ༔ རིལ་བུ་སྟོན་པ་ཤཱཀྱའི་སྐུར་བསྒོམ་ལ༔ དོན་འགྲུབ་གཟུངས་དང་རྟེན་འབྲེལ་སྙིང་པོ་དང་༔ བརྒྱ་འམ་སྟོང་བཟླས་འོད་ཞུ་རིལ་བུ་ལ༔ སྐུ་གསུང་ཐུགས་ཀྱི་སྙིང་པོས་མཚན་པར་བསམ༔ མི་ཉམས་ཕྱིར་དུ་དབྱངས་གསལ་རྟེན་སྙིང་གིས༔ རབ་ཏུ་གནས་ལ་དར་གྱི་ཁུག་མར་བླུགས༔ དོན་ཆེན་སྒྲུབ་དང་ལམ་དུ་ཞུགས་པའི་ཚེ༔ ཤིང་སྣ་དང་བཅས་རིལ་བུ་མེ་ལ་བསྲེག༔ ཨོཾ་ཨཱཿཧཱུྃ་ལས་འོད་ཟེར་མཆོད་པའི་ཚོགས༔ འཁོར་འདས་ཁྱབ་པར་འཕྲོས་ཏེ་དཀོན་མཆོག་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ ཡུལ་ལྷ་གཞི་བདག་རིགས་དྲུག་ལན་ཆགས་བགེགས༔ མ་ལུས་ཚིམ་ཤིང་བདག་གི་དོན་སྒྲུབ་བསམ༔ མཚན་དང་མིང་སྨོས་འདོད་དོན་གསོལ་བ་གདབ༔ དེ་ཡིས་གང་འདོད་བསམ་པ་ཐམས་ཅད་འགྲུབ༔ གཞན་ཡང་བླ་མ་ཡུལ་ལྷའི་ཚོགས་བཅས་དང་༔ ཁྱད་པར་ཤར་དུ་འགྲོ་ན་རྡོ་རྗེའི་རིགས༔ རྨ་རྒྱལ་སྤོམ་ར་ལ་སོགས་ཡུལ་ལྷ་མཆོད༔ ལྷོ་རུ་འགྲོ་ན་ལས་རིགས་བདུད་ཀྱི་རྗེ༔ དམག་དཔོན་དབྱི་རྒྱལ་ལ་སོགས་ཡུལ་ལྷ་མཆོད༔ ནུབ་ཏུ་འགྲོ་ན་པདྨའི་རིགས་ཀྱི་གཉན༔ ཐང་ལྷ་ལ་སོགས་ཡུལ་ལྷ་ཐམས་ཅད་མཆོད༔ བྱང་དུ་འགྲོ་ན་རིན་ཆེན་གནོད་སྦྱིན་རྗེ༔ གེར་མཛོའི་སྒྱོགས་ཆེན་སྡོང་ར་ལ་སོགས་མཆོད༔ གཞན་ཡང་གང་དུ་འགྲོ་བའི་ཡུལ་ལྷ་ལ༔ གསེར་སྐྱེམས་དམ་བསྒྲགས་བརྔན་གྱི་གྲངས་ལ་འབད༔ དེ་ལྟར་བྱས་ན་བོད་ཡུལ་གནས་ཆེན་སོགས༔ ཁྱད་པར་ཉེར་ལྔའི་སྦས་ཡུལ་བགྲོད་པ་དང་༔ གཞན་ཡང་དོན་གཉེར་འགྲུལ་བགྲོད་ལ་སོགས་པར༔ གདམས་པ་འདི་ལྟར་འབད་པས་འཇིགས་པ་སེལ༔ ཅེས་གསུངས་སོ༔ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་དགྲ་ཇག་ཆོམ་རྐུན་གཅན་གཟན་གྱིས་སྒྲུབ་པ་པོ་རྣམས་ཀྱིས་སྒྲུབ་པ་བྱེད་དུ་མི་སྟེར་བ་དང་༔ སེམས་ཅན་ཐམས་ཅད་ཐོགས་བཅས་བདུད་ཀྱིས་འཇིགས་ན་ཇི་ལྟ་བའི་གདམས་པ་མཆི་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་ཕྱོགས་བཞིའི་མཐའ་དམག་དབུས་གཏིབས་ནས༔ འགའ་ཞིག་སྦས་ཡུལ་འབྲོག་དང་སེམས་ཅན་ལ༔ གཅན་གཟན་ལ་སོགས་སྲོག་ལ་འཚེ་བྱེད་པའི༔ འཇིགས་པ་བྱུང་ན་རང་ཉིད་སྐད་ཅིག་གིས༔ རང་རྩལ་རིག་པའི་ཆོ་འཕྲུལ་ཡེ་ཤེས་ལས༔ མ་ཧཱ་གུ་རུ་པདྨ་གིང་གི་གཙོ༔ དཀར་གསལ་གཡས་པས་ཐོད་རྔ་གཡོན་དྲིལ་བུ༔ པད་ཞྭ་གསང་ཕོད་ཆོས་གོས་རྣམས་ཀྱིས་ཀླུབས༔ ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ྄་ཀྱི་སྒྲ་སྒྲོགས་ཤིང་༔ ཞབས་གཉིས་ནམ་མཁའི་ཁམས་སུ་གར་སྟབས་བསྒྱུར༔ འཁོར་དུ་གིང་ཆེན་སྡེ་བཞི་དཀར་སེར་དམར་ལྗང་༔ ཐོད་པའི་རྔ་ཆེན་བརྡུང་ཞིང་ཕཊ྄་སྒྲ་སྒྲོགས༔ གིང་དང་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ༔ ནམ་མཁའི་ཀློང་དུ་འུར་འུར་ཆེམས་ཆེམས་དང་༔ འཇིགས་པ་ཀུན་གཞོམ་མཐུ་རྩལ་ཐོགས་མེད་བསམ༔ རིགས་པ་ཧུར་ཕྱུང་ཕཊ྄་སྒྲ་དྲག་པོ་བསྒྲག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ བཛྲ་རཏྣ་པདྨ་ཀརྨ་གིངྐ་ར་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ྄་ཕཊ྄༔ དྲག་ཏུ་བཟླས་པས་གདུགས་པའི་གཅན་གཟན་སོགས༔ གནོད་ཅིང་འཚེ་བའི་རིགས་རྣམས་དབང་མེད་བྲོས༔ གཞན་ཡང་ཌཱ་མ་རུ་ལ་སྔགས་དེ་བྲིས༔ རིག་འཛིན་གིང་དང་གཅས་པའི་སྐུ་རུ་བསྒོམ༔ སྔགས་རྣམས་བཟླས་ཤིང་ཡེ་ཤེས་ཡང་ཡང་བསྟིམ༔ བསྒྲུབ་ཅིང་མཆོད་ལ་ཚོགས་ཀྱི་འཁོར་ལོ་བསྐོར༔ དེ་སོགས་རྟགས་རྣམས་བྱུང་ན་རབ་གནས་བྱ༔ སུས་དཀྲོལ་མ་མོ་མཁའ་འགྲོ་གིང་རྣམས་འདུ༔ འཇིགས་པ་ཀུན་འཇོམས་ལས་རྣམས་འགྲུབ་པར་བྱེད༔ གཞན་ཡང་རས་སོགས་ཤོག་བུར་ཌཱ་མ་རུའི༔ གཟུངས་དང་སྔགས་བྲིས་ཇག་སྲུང་ཤམ་བུར་སྦྱར༔ གང་ལ་བཏགས་ན་གཅན་གཟན་འཇིགས་པ་སེལ༔ ཐོགས་བཅས་བདུད་འཇོམས་གདམས་པ་ཟབ་མོ་འདི༔ ཕན་བྱེད་ལས་ཚོགས་ཕྲན་ཚེགས་མ་འོང་གི༔ འགྲོ་བའི་དོན་བྱེད་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་འབྱུང་བའི་གཡོ་འཁྲུགས་ཀྱི་ཁྱེད་ཀྱི་རྗེས་འཇུག་སྒྲུབ་པ་པོ་རྣམས་ལ་བར་དུ་བཅོད་ཅིང་སེམས་ཅན་སྡུག་བསྔལ་བར་གྱུར་ན་དེ་དག་སེལ་བའི་གདམས་པ་ཇི་ལྟ་བུ་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་དུས་ན་ཆོས་མིན་ཟོག་པོ་ཡིས༔ ཡུལ་རྣམས་ཁེངས་ཤིང་བདུད་ཀྱི་བྱིན་བརླབས་པའི༔ ཆེ་དགུ་རྣམས་ཀྱིས་ཆོས་མིན་ཆོས་ལྟར་བྱེད༔ དགེ་སློང་ཁྲིམས་མེད་སྔགས་པ་དམ་ཚིག་མེད༔ སྐྱེ་བོ་ཁྲེལ་མེད་བུད་མེད་ངན་སྤྱོད་ཤོམས༔ དེ་དུས་མ་མོ་མཁའ་འགྲོ་ཐམས་ཅད་འཁྲུགས༔ འབྱུང་བ་ཁོད་མི་སྙོམས་ཤིང་བར་ཆད་ལྡང་༔ དེ་ཚེ་རྣལ་འབྱོར་རྣམས་ཀྱི་གཉིས་བསྡུས་ཆོས༔ སྟོང་ཞིང་བདག་མེད་རང་རིག་བདེ་ཆེན་རྩལ༔ མ་ཧཱ་གུ་རུ་པདྨ་ནམ་མཁའི་རྒྱལ༔ མཐིང་གསལ་གཡས་པས་བདུད་རྩི་བུམ་པའི་ཁར༔ རིན་ཆེན་རི་རབ་གཡོན་པས་མེ་རླུང་ཞགས་པ་འཛིན༔ པད་ཞྭ་གསང་ཕོད་ཆོས་གོས་རྣམས་ཀྱིས་ཀླུབས༔ ཞབས་གཉིས་བཞེངས་སྟབས་པད་ཟླའི་གདན་ལ་འགྱིངས༔ འོད་འབར་སྣང་སྲིད་ཟིལ་གྱིས་ནོན་པར་གསལ༔ འཁོར་དུ་འབྱུང་བའི་ལྷ་མོ་རིགས་བཞི་ནི༔ མཐིང་སེར་དམར་ལྗང་མཛེས་པའི་ངང་ཚུལ་ཅན༔ གཡས་པ་རྣམས་ཀྱིས་བདུད་རྩིའི་བུམ་པ་དང་༔ རི་རབ་མེ་ཕུང་རླུང་གི་ཞགས་པ་དང་༔ གཡོན་པས་ཐོད་པ་བདུད་རྩིས་གང་བ་བསྣམས༔ ཡེ་ཤེས་ལྔ་ཡི་བདག་ཉིད་ཆེན་པོར་བསམ༔ གཙོ་བོའི་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དང་༔ འཁོར་བཞིར་པྃ་ལྃ་རྃ་ཡྃ་ཡེ་ཤེས་སྲོག༔ འོད་འབར་མ་དག་འབྱུང་བཞིའི་གཡོ་འཁྲུགས་སྦྱངས༔ དག་པ་འབྱུང་བཞིའི་དྭངས་མ་ཀུན་བསྡུས་ནས༔ ཡི་གེ་རྣམས་ཐིམ་ཡེ་ཤེས་འབྱུང་ལྔ་ཡི༔ དྭངས་མ་ཀུན་འཁྱིལ་འོད་ལྔའི་ལུས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བྃ་ལྃ་རྃ་ཡྃ་སརྦ་སདྡྷི་ཧཱུྃ༔ དེ་ལྟར་འབད་པས་ཕྱི་ནང་འབྱུང་བ་བཞི༔ རྒུད་པ་ཀུན་ཞི་ཁམས་ལྔའི་སྟོབས་རྣམས་འཕེལ༔ ས་བཅུད་འདུས་པས་ལུས་ཀྱི་སྟོབས་རྣམས་འཕེལ༔ ཆུ་བཅུད་འདུས་པས་ལུས་ཀུན་ཐིག་ལེས་ཁེངས༔ མེ་བཅུད་བདུས་པས་བདེ་དྲོད་བཀྲག་མདངས་འཕེལ༔ རླུང་བཅུད་འདུས་པས་རྩལ་ཆེ་ཤེས་པ་གསལ༔ ནམ་མཁའི་བཅུད་འདུས་ཁམས་མཉམ་ཏིང་འཛིན་འཕེལ༔ ཚེ་སྒྲུབ་ཀུན་གྱི་མཐར་ཐུག་འདི་ཡིན་ནོ༔ དེ་ནས་མཚན་མ་རྫས་ལ་བསྟིམ་པ་ནི༔ དང་པོ་ས་གཞི་བརྟན་ཞིང་བཅུད་རྒྱས་ཕྱིར༔ གནས་ཀྱི་ས་སྣའི་རི་རབ་ལྷུན་ཆག་པའི༔ ས་དང་ས་ཡི་སྙིང་པོ་རིན་ཆེན་ཚོགས༔ གཅིག་ཏུ་ཚོགས་པའི་འཇིམ་ལ་རི་རབ་གཟུགས༔ ནང་དུ་ལཾ་ཡིག་གསེར་གྱིས་བྲིས་པ་ལ༔ རྟེན་འབྲེལ་སྙིང་པོ་ཨཱ་ལི་ཀཱ་ལིའི་བསྐོར༔ ས་ཡི་ལྷ་མོར་བསམ་ལ་རབ་གནས་བྱ༔ གང་དུ་སྦས་སམ་གནས་ཁང་ནང་དུ་བཞག༔ ས་ཡི་འཇིགས་པ་ཐམས་ཅད་དེ་ཡིས་སེལ༔ ས་བཅུད་འཕེལ་ཞིང་ས་བཀྲ་ངན་པ་འཇོམས༔ གཉིས་པ་ཆུ་ཡི་འཇིགས་སེལ་ཆུ་མོད་ཕྱིར༔ རིན་ཆེན་ལ་སོགས་ཤེལ་གྱི་བུམ་པ་རུ༔ རིན་ཆེན་ཆུ་ཤེལ་ངོགས་སུ་ཆུ་གསེར་གྱིས༔ བྃ་ཡིག་རྟེན་སྙིང་དབྱངས་གསལ་བཅས་པ་བྲི༔ མཚོ་ཆེན་རྣམས་ཀྱི་བྱེ་མས་བཀང་ནས་སུ༔ ཆུ་ཡི་ལྷ་མོ་བསྐྱེད་ལ་རབ་གནས་བྱ༔ ཆུ་ལ་སྦས་ན་ཆུ་ཡི་འཇིགས་པ་སེལ༔ གསུམ་པ་མེ་ཡི་འཇིགས་སེལ་ལོངས་སྤྱོད་ཀུན༔ འདུ་ཕྱིར་རིན་ཆེན་ཟངས་ཀྱི་བུམ་པ་རུ༔ མེ་ཤེལ་ངོགས་སུ་གསེར་གྱི་རྂ་ཡིག་དང་༔ རྟེན་སྙིང་དབྱངས་གསལ་བྲིས་ལ་རྡོ་སོལ་སོགས༔ དྲོད་དང་ལྡན་པའི་རྫས་རིགས་རྣམས་ཀྱིས་བཀང་༔ མེ་ཡི་ལྷ་མོར་བསྐྱེད་ལ་རབ་གནས་བྱ༔ ཐབ་ཀ་ལ་སོགས་གང་འདོད་ས་རུ་སྦས༔ མེ་ཡི་འཇིགས་པ་སེལ་ཞིང་ལོངས་སྤྱོད་འདུ༔ བཞི་པ་རླུང་གི་འཇིགས་སེལ་ནུས་བསྐྱེད་ཕྱིར༔ ཤིང་གི་བྱང་བུར་རླུང་གི་ལྷ་མོའི་སྐུ༔ བྲིས་པའི་སྙིང་གར་གསེར་གྱི་ཡྃ་ཡིག་འབྲི༔ མཐའ་སྐོར་རྟེན་སྙིང་དབྱངས་གསལ་བསྐོར་བ་བྲི༔ རླུང་གི་ལྷ་མོ་བསྐྱེད་ལ་རབ་ཏུ་གནས༔ གང་དུ་བཏགས་ན་རླུང་གི་འཇིགས་སེལ་འགྱུར༔ དེ་ལྟར་འབྱུང་བཞིའི་ཉེས་པ་ཀུན་འཇོམས་པའི༔ གདམས་པ་ཟབ་མོ་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་ཆོམ་རྐུན་གྱིས་སྒྲུབ་པ་པོ་བཅོམ་ཞིང་འཕྲོག་པ་དང་༔ སེམས་ཅན་ཐམས་ཅད་རྩོད་པ་དྲུག་གི་འཇིགས་པ་ལ་བརྟེན་ན་ཕན་པའི་གདམས་པ་ཇི་ལྟ་བུ་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་དུས་སུ་རྒྱལ་ཁྲིམས་ཆོས་ཁྲིམས་བཤིག༔ བོད་རྣམས་ཆོམ་རྐུན་ཨ་ར་ཅན་གྱིས་འཇིགས༔ རྣལ་འབྱོར་དབེན་པར་གནས་ཀྱང་དགྲ་ཡིས་འཚེ༔ དེ་ཚེ་རང་རིག་ཆོས་སྐུའི་རྩལ་གདངས་ལས༔ གུ་རུ་སྣང་སྲིད་ཕྱག་རྒྱས་རྒྱས་འདེབས་སྐུ༔ དཀར་དམར་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་ལྕགས་ཀྱུ་གདེངས་ཞིང་ཞགས་པ་འཕེན༔ གཡོན་པས་ལྕགས་སྒྲོག་འཛིན་ཅིང་དྲིལ་བུ་དཀྲོལ༔ འཁོར་དུུ་ཁྲོ་ཆུང་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་འཛིན་སྤྲུལ་པ་གྲངས་མེད་སྤྲོ༔ གཙོ་བོའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་དང་༔ འཁོར་བཞིའི་ཐུགས་ཀར་ཛཿཧཱུྃ་བྂ་ཧོཿབཞི༔ ཡེ་ཤེས་འབར་བའི་སྲོག་ལས་འོད་ཟེར་ནི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་དབྱིབས༔ གྲངས་མེད་འཕྲོས་ཤིང་དགྲ་རྐུན་རྔམས་སེམས་ཅན༔ གླག་ལྟའི་རིགས་རྣམས་སྙིང་ཕུག་ལུས་ཀུན་བཅིངས༔ དབང་པོ་ཀུན་བསྡམས་དྲན་མེད་མྱོས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ༔ བཛྲ་ཀྲོ་དྷ་ཛཿཧཱུྃ་བྂ་ཧོཿཧཱུྃ་ཧཱུྃ༔ ཞེས་བཟླས་རིག་པའི་ངར་ཕྱུང་དཔའ་གདེངས་བསྐྱེད༔ གནོད་བྱེད་དགྲ་བགེགས་ཐམས་ཅད་འབྲོས་པར་འགྱུར༔ ལས་སྦྱོར་ཤིང་ཤུན་བུག་རྡོལ་མེད་པ་ལ༔ དབུས་སུ་རྡོ་རྗེ་ཧཱུྃ་གིས་མཚན་པའི་མཐར༔ སྔགས་ཀྱིས་བསྐོར་ཞིང་གང་འདོད་ཤམ་བུར་སྦྱར༔ ཡི་གེ་བཞིས་མཚན་རྒྱལ་མཚན་བཞི་ཡིས་བསྐོར༔ ལྷ་ཚོགས་བསྒོམ་ལ་བསྐྱེད་བསྟིམ་ཡང་ཡང་བྱ༔ སྔགས་ནི་སྟོང་བཟླས་འཁོར་ལོར་བརྟན་བཞུགས་བྱ༔ སུས་འཆང་ཆོམ་རྐུན་འཇིགས་པ་ཀུན་ལས་སྐྱོབས༔ དེ་ལྟར་རྣལ་འབྱོར་གྲོགས་མེད་གཅིག་པུར་འགྲོ༔ དེ་ཚེ་ཟབ་པའི་གདམས་པ་འདི་ལ་འབད༔ འགྲོ་བའི་དོན་བྱེད་ལས་ཅན་དོན་དུ་བཞག༔ ས་མ་ཡ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་མ་འོངས་པའི་དུས་སུ་རྗེས་འཇུག་སྒྲུབ་པ་པོ་རྣམས་དང་༔ སེམས་ཅན་རྣམས་ལ་མཚོན་ཆ་གདུག་པའི་དཔལ་གྱིས་བར་དུ་གཅོད་ཅིང་སྡུག་བསྔལ་ན༔ དེ་དག་སྐྱོབས་པའི་ཐབས་ཀྱི་མན་ངག་ཇི་ལྟ་བུ་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ མ་འོངས་དུས་སུ་སྐྱེ་བོ་སྡིག་ཅན་རྣམས༔ འབྱུང་པོས་རྒྱུད་དཀྲུག་ཆོས་བྱེད་དཔོན་པོ་དང་༔ ཡ་རབ་ཆེ་དགུ་རྣམས་ལ་མཚོན་དང་དུག༔ མ་རུང་ལོག་པའི་སྦྱོར་བས་བཀུམ་པར་འགྱུར༔ དེ་དུས་བར་ཆད་དེ་དག་བསྲུང་བའི་ཕྱིར༔ མི་འགྱུར་མི་ཤིགས་སྟོང་པའི་རང་རྩལ་ལས༔ གུ་རུ་རྡོ་རྗེ་རྒྱལ་པོ་སྐུ་མདོག་ལྗང་༔ ཁྲོ་འཛུམ་གཟི་བརྗིད་རབ་འབར་ཕྱག་གཡས་ཀྱི༔ རྡོ་རྗེའི་མཚན་པའི་རལ་གྲི་འབར་བ་དང་༔ གཡོན་པས་རྡོ་རྗེའི་གོ་ཁྲབ་མེ་འབར་འཛིན༔ པད་ཞྭ་གསང་ཕོད་ཆོས་གོས་རྣམས་ཀྱིས་བཀླུབས༔ ཞབས་གཉིས་འདོར་སྟབས་དགྲ་བགེགས་གདན་ལ་བཞེངས༔ ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་སྔོན་པོ་ལས༔ འོད་འཕྲོས་འོག་གཞི་སྣ་ཚོགས་རྡོ་རྗེ་དང་༔ ཕྱི་རོལ་ཕ་ལམ་ལས་གྲུབ་རྡོ་རྗེའི་གུར༔ འོག་གཞི་རྡོ་རྗེའི་ཕྱོགས་བཞི་རྭ་བཞི་ལ༔ ཉི་མའི་སྟེང་དུ་དགྲ་བགེགས་བསྒྱེལ་བའི་སྟེང་༔ ཤར་དུ་དེ་བཞིན་གདུགས་དཀར་སྐུ་མདོག་དཀར༔ གཡས་པས་རྡོ་རྗེ་གཡོན་པས་གདུགས་དཀར་འཛིན༔ ལྷོ་རུ་རྡོ་རྗེ་སྡེར་མོ་སྐུ་མདོག་མཐིང་༔ གཡས་པས་རྡོ་རྗེ་གཡོན་པས་ཕུར་པ་འཛིན༔ ནུབ་ཏུ་རྣམ་རྒྱལ་ཁྲོ་མོ་སྐུ་མདོག་དམར༔ ཕྱག་གཉིས་རྡོར་དྲིལ་དང་བཅས་མདའ་གཞུ་འགེངས༔ བྱང་དུ་སོ་སོར་འབྲང་མ་སྐུ་མདོག་སེར༔ ཕྱག་གཡས་རྡོ་རྗེ་གཡོན་པས་ལྕགས་ཀྱུ་འཛིན༔ ཀུན་ཀྱང་ཁྲོ་མོའི་ཆ་ལུགས་འདོར་སྟབས་བཞུགས༔ མེ་ཕུང་འབར་ཞིང་སྤྲུལ་པ་གྲངས་མེད་ཀྱིས༔ ཁྲོ་མོའི་གུར་ཁང་རྡོ་རྗེའི་མཚོན་ཆར་འབེབས༔ མ་རུངས་ལོག་པའི་དགྲ་བགེགས་ཐལ་བར་བརླག༔ གང་གིས་མི་ཚུགས་རྡོ་རྗེའི་རང་བཞིན་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཧཱུྃ་མྃ་ཧཱུྃ་བཛྲ་རཀྵ་རཀྵ༔ གཞན་ཡང་ཁྲོ་མོ་བཞི་ཡི་གཟུངས་སྔགས་རྣམས༔ གསུང་རབ་ལས་བྱུང་བཞིན་དུ་གང་ནུས་བཟླ༔ དེ་ཡི་མི་ཤིགས་རྡོ་རྗེའི་གོ་དང་ལྡན༔ གཞན་ཡང་ལས་སྦྱོར་རས་སམ་ཤོག་བུ་ལ༔ དབུས་སུ་བླ་མའི་སྙིང་པོ་རིགས་རྣམས་དང་༔ དེ་ཕྱིར་ཁྲོ་མོ་བཞི་ཡི་གཟུངས་སྔགས་རྣམས༔ བྲིས་ལ་སོ་སོའི་ཤམ་བུར་མིང་བཅུག་ལ༔ འཆང་བ་པོ་ཡི་ལུས་ངག་ཡིད་གསུམ་ལ༔ གནོད་པའི་གདོན་བགེགས་མཚོན་ཆ་སྦྱོར་བའི་དུག༔ མི་མཐུན་འཚེ་བ་ཀུན་གྱིས་མི་ཚུགས་པར༔ རིག་འཛིན་རིག་སྔགས་རྒྱལ་མོ་རྣམས་ཀྱིས་བསྲུངས༔ བཛྲ་རཀྵ་རཀྵ༔ ཞེས་བྲིས་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་༔ རྡོ་རྗེའི་ཕྲེང་བ་མེ་ཡི་གུར་གྱིས་བསྐོར༔ ཆོས་སྨན་བྱུག་ལ་སྟོན་པའི་འཕེལ་གདུང་བཅས༔ རིག་འཛིན་རིག་སྔགས་རྒྱལ་མོའི་ལྷ་ཚོགས་སུ༔ དམིགས་ལ་ཕྲིན་ལས་གཞུང་བསྲང་བསྐྱེད་བསྟིམ་བྱ༔ འཁོར་ལོ་མེ་འོད་འཕྲོ་དང་འོད་ཟེར་འབར༔ རྡོ་རྗེའི་གོ་ཆ་རྙེད་དང་ཉི་ཟླ་ཤར༔ ཉམས་རྟགས་རྨི་ལམ་བྱུང་གི་བར་དུ་ནི༔ གཟུངས་སྔགས་རྣམས་བཟླས་མཐར་ནི་རབ་ཏུ་གནས༔ ལྟེ་བ་མ་ཉམས་ལྟེབ་ལ་ཁ་དོག་ལྔའི༔ སྐུད་པས་བཅིངས་ཤིང་རིན་ཆེན་སྒྲོམ་བུར་བཞུགས༔ གང་གི་མགུལ་དུ་འཆང་བའི་ལུས་རྣམས་སྲུངས༔ གོ་ཆའི་མན་ངག་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་ཞུས་པ༔ དེ་ནས་སྒྲུབ་པ་པོ་དང་སེམས་ཅན་རྣམས་འཆི་བའི་དུས་སུ་མྱུར་དུ་བདེ་ཆེན་ཞིང་དུ་བགྲོད་པའི་གདམས་པ་ཇི་ལྟ་བུ་མཆིས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ད་ལྟ་མ་འོངས་ང་ཡི་རྗེས་འཇུག་རྣམས༔ འཆི་བ་སྦྱོང་བའི་གདམས་པ་འདི་ལ་འབད༔ ཆོས་ཀུན་མ་དག་སྣང་བ་ཀུན་སྟོང་སྟེ༔ སྟོང་པའི་ངང་ལས་ཧྲཱིཿཡིག་ཡོངས་གྱུར་ལས༔ རང་རིག་རྒྱལ་པོ་གུ་རུ་སྣང་མཐའ་ཡས༔ དམར་གསལ་མཚན་དང་དཔེ་བྱད་རྫོགས་པའི་སྐུ༔ ཆགས་བྲལ་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ༔ གསོལ་ཞིང་པད་ཟླའི་གདན་ལ་འགྲོ་འདུལ་ཚུལ༔ ཕྱག་གཡས་སྐྱབས་སྦྱིན་གཡོན་པས་ལྷུང་ཟེད་བསྣམས༔ འཁོར་དུ་བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས༔ ཕྱག་ན་རྡོ་རྗེ་ཀུན་ཀྱང་སྐུ་མདོག་དཀར༔ དར་དང་རིན་ཆེན་རྒྱན་ལྡན་མཚན་དཔེ་རྫོགས༔ ཕྱག་གཉིས་སྐྱབས་སྦྱིན་བཞེངས་པའི་སྟབས་ཀྱིས་བཞུགས༔ ཀུན་གྱི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལས༔ འོད་ཟེར་འབར་ཞིང་འཁོར་འདས་ཀུན་ཁྱབ་པས༔ ཐམས་ཅད་བདེ་ཆེན་ཞིང་དུ་དབུགས་དབྱུང་གྱུར༔ ཨེ་མ་ཧོ༔ ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས༔ མ་ལུས་འཁོར་དང་བཅས་པ་འདིར་གཤེགས་ལ༔ ཉི་ཟླ་པད་མའི་གདན་ལ་བཞུགས་སུ་གསོལ༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་ཀུན་བཟང་མཆོད་པས་མཆོད༔ ཉོན་མོངས་སྡིག་སྒྲིབ་མ་ལུས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་རབ་ཏུ་བདག་གིས་བསྡམས༔ འགྲོ་དོན་མཛད་པ་ཀུན་ལ་རྗེས་ཡི་རངས༔ ཕན་བདེའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༔ འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ འཇིག་རྟེན་འདི་ནས་གཞན་དུ་འཕོ་བའི་ཚེ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ མགོན་པོ་འོད་དཔག་མེད་ཀྱི་ཞབས་དྲུང་དུ༔ པདྨོ་དམ་པར་བརྫུས་ཏེ་སྐྱེ་བར་ཤོག༔ སྐྱེས་མ་ཐག་ཏུ་རྫོགས་པའི་སངས་རྒྱས་ཀྱི༔ ཞལ་མཐོང་ལུང་བསྟན་གདམས་པ་རབ་ཐོབ་སྟེ༔ ས་བཅུ་ལམ་ལྔ་རང་བཞིན་ངང་གིས་རྫོགས༔ མགོན་པོ་མཆོག་གི་གོ་འཕང་ཐོབ་པར་ཤོག༔ སེམས་བསྐྱེད་དབང་གིས་འགྲོ་བའི་དོན་བརྩོན་ཕྱིར༔ སྤྲུལ་པ་མང་པོས་སེམས་ཅན་དོན་བྱེད་ཤོག༔ མགོན་པོ་འོད་དཔག་མེད་པའི་ཐུགས་བསྐྱེད་པའི༔ ཁྱེད་ཀྱྀ་མཚན་ཐོས་ཡོན་ཏན་དྲན་པ་ཡིས༔ བདག་གིས་སྡིག་སྒྲིབ་བག་ཆགས་ཀུན་བྱང་ནས༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཡོན་ཏན་གྱི༔ མཛད་པ་ཕྲིན་ལས་རྣམ་ཐར་རྫོགས་གྱུར་ཅིག༔ དུས་གསུམ་རྒྱལ་བ་རྣམས་ཀྱི་བདེན་པ་དང་༔ འཇམ་དཔལ་དཔའ་བོའི་མཁྱེན་རབ་བརྩེ་བ་ཡི༔ སྟོབས་དང་གཟི་བརྗིད་དཔག་མེད་བྱིན་རླབས་ཀྱིས༔ བདག་གིས་སྨོན་ལམ་འདི་དག་འགྲུབ་གྱུར་ཅིག༔ གང་ཞིག་སྲིད་པ་བར་དོ་སྐྱེ་སྲིད་སོགས༔ འཁྲུལ་པའི་དབང་གིས་འཁོར་བར་འཁྱམས་པ་ན༔ དལ་བརྒྱད་འབྱོར་བཅུ་ལྡན་པའི་ལུས་ཐོབ་སྟེ༔ དགེ་བའི་བཤེས་གཉེན་བཟང་པོ་དང་འཕྲད་དེ༔ ཐོས་པའི་སྒོ་རྣམས་རིམ་པར་སྦྱངས་སྟོབས་ཀྱི༔ ཚེ་གཅིག་སངས་རྒྱས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའི་སྨོན་ལམ་རྩེ་གཅིག་བཏབ་པ་དང་༔ གཞན་ཡང་འོད་དཔག་མེད་པའི་མཚན་བརྗོད་ཅིང་༔ གཟུངས་སྔགས་བཟླས་དང་སྐུ་རུ་ཡང་ཡང་བསྒོམ༔ དེ་ཡིས་ཚེ་འཕོས་བདེ་ཆེན་ཞིང་དུ་སྐྱེ༔ ཁྱད་པར་སྤྱི་བོར་པདྨ་ཟླ་བའི་སྟེང་༔ འོད་དཔག་མེད་པ་གཙོ་འཁོར་ཐམས་ཅད་བསྒོམ༔ རང་གི་སྙིང་གར་འོད་ལྔའི་ཐིག་ལེའི་ནང་༔ རིག་པ་སྐྱེ་མེད་ཨཱ་ཡིག་དཀར་པོར་བསྒོམ༔ རླུང་སེམས་གཉིས་མེད་རིགས་བདག་ཐུགས་ཀ་རུ༔ རིག་པ་གཏད་དེ་ཕཊ྄་སྒྲ་བསྒྲག་པ་ཡིས༔ རྟེན་གྱིས་ཨཱཿཡིག་སྣང་མཐའི་ཐུགས་ཀར་ཐིམ༔ ལྷ་ཚོགས་འོད་ཞུ་མི་དམིགས་ངང་དུ་བཞག༔ དེ་ལྟ་བུ་ཡི་བཙན་ཐབས་འཕོ་བར་འགྱུར༔ གཞན་དག་འཆི་བའི་དུས་བྱེད་གྱུར་པ་ན༔ འོད་དཔག་མེད་ཀྱི་བྱིན་བརླབས་བྱ་བ་ནི༔ མཎྜལ་དྲིས་བྱུག་པདྨ་འདབ་བརྒྱད་བྲི༔ དེ་སྟེང་མཚན་ཉིད་ཀུན་ལྡན་བུམ་པ་རུ༔ ཉེར་ལྔའི་རྫས་ཚང་བདུད་རྩིས་སུམ་ཆ་བཀང་༔ དེ་སྟེང་པད་འདབ་ལྔ་ཚོམ་དབུས་མ་རུ༔ ཧྲཱིཿཡིག་ལས་བྱུང་འོད་དཔག་མེད་མགོན་དམར༔ སྤྲུལ་སྐུའི་ཆ་ལུགས་ཕྱག་གཡས་སྐྱབས་སྦྱིན་དང་༔ གཡོན་པས་ལྷུང་བཟེད་བདུད་རྩིས་གང་བ་བསྣམས༔ ཆོས་གོས་གསུམ་གསོལ་འོད་འབར་ལྷམ་མེར་བཞུགས༔ ཕྱོགས་བཞིར་བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས༔ གསང་བའི་བདག་པོ་ཐམས་ཅད་སྐུ་མདོག་དཀར༔ དར་དང་རིན་ཆེན་རྒྱན་ལྡན་ཞབས་གཉིས་བཞེངས༔ ཕྱག་གཉིས་སྐྱབས་སྦྱིན་གཙོ་ལ་འདུད་པའི་ཚུལ༔ ཀུན་གྱིས་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དེ་ལས་འོད་འཕྲོས་བདེ་ཆེན་ཞིང་ཁམས་ནས༔ ཡེ་ཤེས་པ་ཡི་ཚོགས་རྣམས་སྤྱན་དྲངས་ཏེ༔ བུམ་པའི་ལྷ་ལ་བསྟིམ་ཞིང་མཆོད་བསྟོད་བྱ༔ ཀུན་གྱི་ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་ལས༔ འོད་ཟེར་འཕྲོས་པས་རྒྱལ་བ་ཐམས་ཅད་མཆོད༔ བྱིན་རླབས་ཐམས་ཅད་འོད་ཟེར་རྣམ་པར་བསྡུས༔ བུམ་ལྷར་ཐིམ་པས་སྐུ་ལས་བདུད་རྩི་བབས༔ ཉོན་མོངས་སྡིག་སྒྲིབ་ཀུན་འཇོམས་བདུད་རྩིས་གང་༔ ཨོཾ་པདྨ་དྷ་རི་ཧྲཱིཿཨོཾ་མཻ་ཏྲི་མཻཾ་སྭཱ་ཧཱ༔ ཨོཾ་ཝཱ་གི་ཤྭ་རི་མཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་དང་གཞན་ཡང་གཟུངས་སྔགས་གང་ནུས་བཟླ༔ མཐར་ནི་མཆོད་ཅིང་ལྷ་ཚོགས་འོད་ཞུ་བསམ༔ སློབ་བུ་དངོས་སམ་ཉེ་དྲུང་ཐམས་ཅད་ཀྱིས༔ མཎྜལ་ཕུལ་ཞིང་གསོལ་བ་འདི་སྐད་གདབ༔ བླ་མ་འོད་དཔག་མེད་མགོན་གྱི༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ འཁོར་བའི་འདམས་ལས་དྲངས་ནས་ཀྱང་༔ ཁྱེད་ཀྱི་གོ་འཕངས་ཐོབ་པར་མཛོད༔ དེ་ནས་རྒྱུད་སྦྱོངས་ཡེ་ཤེས་དབབ༔ དེ་ཉིད་བརྟན་ཕྱིར་བུམ་པ་ཡིས༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་སྐུ་མཆོག་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་གསུང་མཆོག་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་ཐུགས་མཆོག་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་ཡེ་ཤེས་བླ་ན་མེད༔ འོད་དཔག་མེད་པ་འཁོར་བཅས་ཀྱི༔ ཡེ་ཤེས་བྱིན་གྱིས་བརླབ་ཏུ་གསོལ༔ ཧཱུྃ་ཧྲཱིཿ ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀུན་འདུས་པའི༔ ཡེ་ཤེས་རང་སྣང་བླ་མ་འོད་དཔག་མེད༔ མ་ཧཱ་གུ་རུ་སྣང་མཐའ་ཐོད་ཕྲེང་རྩལ༔ ཁྱེད་སྐུ་འཁོར་འདས་ཀུན་ཁྱབ་ཐུགས་རྗེའི་རྩལ༔ ནམ་མཁའི་གློག་ལས་མྱུར་བའི་ཕྲིན་ལས་ཀྱིས༔ བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན༔ མ་ལུས་མྱུར་དུ་བདེ་ཆེན་ཞིང་ཁམས་སུ༔ ཚེ་འདི་འཕོས་མ་ཐག་ཏུ་དྲང་དུ་གསོལ༔ ཨོཾ་པདྨ་དྷ་རི་ཧྲཱི༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧྲཱིཿ ཞེས་པས་དབང་བསྐུར་བུམ་ཆུས་ཁྲུས་བྱས་ནས༔ སྤྱི་བོར་འཐོར་ཞིང་སྒྲིབ་དག་ཡེ་ཤེས་ཀྱི༔ དབང་མཆོག་མ་ལུས་ཐོབ་བསམ་རྗེས་ཀྱི་རིམ༔ སྤྱི་ལྟར་བྱས་པས་ལམ་སྣ་ཟིན་པར་འགྱུར༔ དེ་ལྟར་འཆི་དུས་བདེ་ཆེན་ཞིང་བགྲོད་པའི༔ གདམས་པ་མ་འོངས་ལས་ཅན་དོན་དུ་བཞག༔ ཅེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས་དེ་ཡང་ཤི་ནས་འོད་གསལ་དང་འཕོ་བ་སོགས་ཀྱིས་མ་གྲོལ་ནས་བར་དོར་འཁྲུལ་སྲིད་ན་དེ་ཉིད་སེལ་བའི་མན་ངག་ཇི་ལྟར་མཆིས་ཞེས་ཞུས་པས༔ བཀའ་སྩལ་པ༔ བར་དོ་རང་རིག་རང་ངོ་མ་ཤེས་ནས༔ འཁྲུལ་པར་གྱུར་ཚེ་རང་རིག་བླ་མའི་སྐུ༔ དུས་གསུམ་ཀུན་མཁྱེན་པདྨ་སམ་བྷཱ་ཝ༔ དཀར་གསལ་རྨ་བྱའི་མདངས་དང་མེ་ལོང་འཛིན༔ པད་ཞྭ་གསང་ཕོད་ཆོས་གོས་བེར་གྱིས་བཀླུབས༔ ཞབས་གཉིས་བཞེངས་སྟབས་ལམ་སྣ་འདྲེན་པའི་ཚུལ༔ འཁོར་དུ་བདུད་བཞིའི་བར་ཆད་འཇོམས་མཛད་ནི༔ ཁྲོ་རྒྱལ་མི་གཡོ་མཐིང་སེར་དམར་ལྗང་མདོག༔ རལ་གྲི་ཞགས་པ་འཛིན་ཅིང་པད་ཉིར་བཞུགས༔ མེ་དཔུང་འབར་ཞིང་ཧཱུྃ་ཧཱུྃ་སྒྲོག་པར་བསྒོམ༔ བླ་མའི་དུང་ཁང་དུར་ཁྲོད་གཞལ་ཡས་ཁང་༔ ལྟེ་བར་འཁོར་ལོ་རྩིབས་བཞི་པད་ཉིའི་སྟེང་༔ ཁྱུང་དོམ་ཁྱུ་མཆོག་སྟག་གཟིག་རྣམས་ཀྱི་ཁྲིར༔ དབུས་སུ་བུདྡྷ་ཧེ་རུ་ཀ་དཔལ་ནི༔ སྨུག་ནག་འཁོར་ལོ་གཡས་ལ་དུང་ཁྲག་གཡོན༔ བུདྡྷ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ ཤར་དུ་བཛྲ་ཧེ་རུ་ཀ་དཔལ་ནི༔ མཐིང་ནག་རྡོ་རྗེ་གཡས་ལ་དུང་ཁྲག་གཡོན༔ བཛྲ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ ལྷོ་རུ་རཏྣ་ཧེ་རུ་ཀ་དཔལ་ནི༔ སེར་ནག་རིན་ཆེན་གཡས་ལ་དུང་ཁྲག་གཡོན༔ རཏྣ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ ནུབ་ཏུ་པདྨ་ཧེ་རུ་ཀ་དཔལ་ནི༔ དམར་ནག་པདྨ་གཡས་ལ་དུང་ཁྲག་གཡོན༔ པདྨ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ བྱང་དུ་ཀརྨ་ཧེ་རུ་ཀ་དཔལ་ནི༔ ལྗང་ནག་རྒྱ་གྲམ་གཡས་ལ་དུང་ཁྲག་གཡོན༔ ཀརྨ་ཀྲོ་ཏི་ཤྭ་རི་གཉིས་མེད་འཁྲིལ༔ རྩིབས་མཆན་དུར་ཁྲོད་རྣམས་སུ་ཞིང་གི་གདན༔ ཤར་ལྷོར་ཀེའུ་རི་དཀར་མོ་ཞིང་དབྱུག་འཛིན༔ ལྷོ་ནུབ་ཙོ་རི་སེར་མོ་མདའ་གཞུ་འགེངས༔ ནུབ་བྱང་པྲ་མོ་དམར་མོ་ཆུ་སྲིན་འཛིན༔ བྱང་ཤར་བེ་ཏ་ལྗང་ནག་རྡོ་རྗེ་འཛིན༔ ཕྱི་ཡི་མཚམས་ཀྱི་གྲུ་ཆད་བཞི་པོ་ལ༔ ཤར་ལྷོར་ཙཎྜ་སེར་སྐྱ་ཞིང་དབྱུག་འཛིན༔ ལྷོ་ནུབ་སྨེ་ཤཱ་ལྗང་དམར་བྷན་གྲི་འཛིན༔ ནུབ་བྱང་གྷསྨ་ལྗང་གུ་རལ་གྲི་འཛིན༔ བྱང་ཤར་པུསྐ་མཐིང་སྐྱ་རྒྱུ་མ་འདྲེན༔ ཁྱམས་ལ་ཕྱོགས་མཚམས་བརྒྱད་དུ་ཞིང་གདན་ལ༔ ཤར་དུ་སེང་ཧ་དཀར་མོ་ཞིང་ཆེན་ཟ༔ ལྷོ་རུ་བེ་ཀྲི་དམར་མོ་ལག་གཉིས་བསྣོལ༔ ནུབ་ཏུ་སྲི་ལ་ཝ་གདོང་རྒྱུ་མ་ཟ༔ བྱང་དུ་ཤྭ་ན་མཐིང་ནག་བྱིས་སྙིང་འདྲེན༔ ཤར་ལྷོར་ཀྲྀ་ཏ་རྒོད་མགོ་ཞིང་ལུས་ཕྲལ༔ ལྷོ་ནུབ་ཀངྐ་མཐིང་ནག་ཞིང་ཕྲག་ཁུར༔ ནུབ་བྱང་ཁྭ་ཁྭ་ནག་མོ་རལ་གྲི་འཕྱར༔ བྱང་ཤར་ཧུ་ལུ་མཐིང་ནག་རྡོ་རྗེ་འཛིན༔ ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་བསྣམས༔ བྱང་སྒོར་སྦྲུལ་གདོང་ལྗང་མོ་དྲིལ་བུ་འཛིན༔ དེ་ཡི་ཕྱི་རིམ་འཁོར་ཡུག་ཆེན་མོ་རུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་ནི༔ ཕྱོགས་ཀྱི་མདོག་ཅན་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་འཛིན་ཅིང་སྣ་ཚོགས་གཟུགས༔ གདོད་ནས་ལྷུན་གྱིས་གྲུབ་པའི་སྐུ་རུ་བསམ༔ སྙིང་གར་རིན་ཆེན་འབར་བའི་གཞལ་ཡས་ཁང་༔ འཁོར་ལོ་རྩིབས་བཞི་དབུས་དང་ཕྱོགས་རྣམས་སུ༔ སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཤང་ཤང་ཁྲི་དང་པདྨ་ཉི་ཟླའི་སྟེང་༔ དབུས་སུ་རྣམ་པར་སྣང་མཛད་སྐུ་མདོག་དཀར༔ འཁོར་ལོ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ དབྱིངས་ཕྱུག་སྔོན་མོ་འཁོར་ལོ་དྲིལ་འཛིན་འཁྱུད༔ ཤར་དུ་མི་བསྐྱོད་རྡོར་སེམས་སྐུ་མདོག་མཐིང་༔ རྡོ་རྗེ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྤྱན་མ་དཀར་མོ་རྡོ་རྗེ་དྲིལ་འཛིན་འཁྱུད༔ ལྷོ་རུ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར༔ རིན་ཆེན་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ མ་ཀི་སེར་མོ་རིན་ཆེན་དྲིལ་འཛིན་འཁྱུད༔ ནུབ་ཏུ་སྣང་བ་མཐའ་ཡས་སྐུ་མདོག་དམར༔ པདྨ་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ གོས་དཀར་དམར་མོ་པདྨ་དྲིལ་འཛིན་འཁྱུད༔ བྱང་དུ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་༔ རལ་གྲི་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ སྒྲོམ་མ་ལྗང་གསལ་རལ་གྲི་དྲིལ་འཛིན་འཁྱུད༔ རྩིབས་ཁ་རྣམས་སུ་ནང་གི་སེམས་དཔའ་ནི༔ ཤར་ལྷོ་ས་སྙིང་དཀར་པོ་མྱུ་གུ་འཛིན༔ ལཱ་སེ་དཀར་མོ་མེ་ལོང་འཛིན་པས་འཁྱུད༔ ལྷོ་ནུབ་ནམ་སྙིང་སེར་གསལ་རིན་ཆེན་འཛིན༔ མཱ་ལེ་སེར་མོ་ཕྲེང་བ་འཛིན་པས་འཁྱུད༔ ནུབ་བྱང་སྤྱན་རས་གཟིགས་དམར་པདྨ་འཛིན༔ གཱིརྟི་དམར་མོ་པདྨ་འཛིན་པས་འཁྱུད༔ བྱང་ཤར་གསང་བདག་མཐིང་ག་རྡོ་རྗེ་འཛིན༔ ནཱིརྟི་ལྗང་མོ་གར་བསྒྱུར་མཛད་ཅིང་འཁྱུད༔ གྲུ་ཆད་རྣམས་སུ་ཕྱི་ཡི་སེམས་དཔའ་ནི༔ ཤར་ལྷོ་བྱམས་པ་དཀར་སེར་ཀླུ་ཤིང་འཛིན༔ པུཥྤེ་དཀར་མོ་མེ་ཏོག་འཛིན་པས་འཁྱུད༔ ལྷོ་ནུབ་སྒྲིབ་སེལ་དམར་སེར་མེ་ཏོག་འཛིན༔ དྷཱུ་པེ་སེར་མོ་སྤོས་ཁང་འཛིན་པས་འཁྱུད༔ ནུབ་བྱང་ཀུན་བཟང་དམར་ལྗང་སྙེ་མ་འཛིན༔ མར་མེ་དམར་མོ་མར་མེ་འཛིན་པས་འཁྱུད༔ བྱང་ཤར་འཇམ་དཔལ་ལྗང་སྐྱ་ཨུཏྤལ་འཛིན༔ དྲི་ཆབ་ལྗང་མོ་དུང་ཕོར་འཛིན་པས་འཁྱུད༔ ཀུན་ཀྱང་གཡོན་པས་དྲིལ་བུ་འཛིན་པའོ༔ ཤར་ནུབ་གཉིས་སུ་རིན་ཆེན་པདྨ་དང་༔ ཉི་ཟླའི་གདན་ལ་ཀུན་ཏུ་བཟང་པོ་ནི༔ མཐིང་གསལ་མཉམ་བཞག་མཛད་ཅིང་སྐྱིལ་ཀྲུང་བཞུགས༔ ཁྱམས་ཀྱི་ཕྱོགས་མཚམས་རྣམས་སུ་ཐུབ་པ་དྲུག༔ བརྒྱ་བྱིན་དཀར་པོ་རིན་ཆེན་པི་ཝཾ་བགྲེང་༔ ཐག་བཟང་ལྗང་གུ་རལ་གྲི་གོ་ཆ་བསྣམས༔ ཤཱཀ་ཐུབ་སེར་པོ་གསེགས་ཤང་པར་བུ་འཛིན༔ སེང་གེ་རབ་བརྟན་མཐིང་གསལ་གླེགས་བམ་འཛིན༔ ཁ་འབར་དམར་པོ་ཟས་ཀྱི་སྒྲོམ་བུ་བསྣམས༔ ཆོས་རྒྱལ་ནག་པོ་མེ་ཆུ་འཛིན་པ་རྣམས༔ ཆགས་བྲལ་ཆོས་གསུམ་གསོལ་སྤྲུལ་སྐུའི་ཚུལ༔ སྒོ་བཞིར་ཉི་མ་འབར་བའི་གདན་རེ་ལ༔ ཤར་སྒོར་ཁྲོ་བོ་སྟོབས་ཆེན་སྐུ་མདོག་སྨུག༔ གཡས་པས་རྡོ་རྗེ་གཡོན་པས་དུང་ཁྲག་འཛིན༔ གནོད་སྦྱིན་དཀར་མོ་ལྕགས་ཀྱུ་འཛིན་པས་འཁྲིལ༔ ལྷོ་སྒོར་ཁྲོ་བོ་གཤིན་རྗེ་སྐུ་མདོག་སེར༔ གཡས་པས་བེ་ཅོན་གཡོན་པས་ཐོད་ཁྲག་བསྣམས༔ འཇིགས་བྱེད་སེར་མོ་ཞགས་པ་འཛིན་པས་འཁྲིལ༔ ནུབ་སྒོར་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར༔ གཡས་པས་ཐོད་དབྱུག་སྦྲུལ་དཀྲིས་ཐོད་ཁྲག་བསྣམས༔ གསོད་བྱེད་དམར་མོ་ལྕགས་སྒྲོག་འཛིན་པས་འཁྲིལ༔ བྱང་སྒོར་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་༔ གཡས་པས་རྒྱ་གྲམ་གཡོན་པས་ཐོད་ཁྲག་འཛིན༔ མཐར་བྱེད་ལྗང་མོ་དྲིལ་བུ་འཛིན་པས་འཁྱུད༔ འོད་ཟེར་འབར་ཞིང་ཐིག་ལེ་འཁྲུགས་པའི་ཀློང་༔ ཆ་ལུགས་རྒྱན་རྫོགས་བདེ་ཆེན་ངོ་བོར་བསམ༔ སྤྲོ་ན་བླ་མའི་ཕྲིན་ལས་ཚུལ་བཞིན་བཏང་༔ ལྷ་ཚོགས་སྐུ་ལས་འོད་ཟེར་རབ་འཕྲོས་ཤིང་༔ དུག་ལྔས་སྒྲིབ་པའི་འཁྲུལ་སྣང་ཀུན་འཇོམས་ཏེ༔ འོད་གསལ་ཡེ་ཤེས་ཀློང་དུ་གསལ་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅེས་བཟླས་ཐུན་མཐར་གསོལ་བ་འདི་སྐད་གདབ༔ ཨོཾ་ཨཱཿཧཱུྃ༔ རང་རིག་རང་གསལ་བདེ་བ་ཆེན་པོའི་སྐུ༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ངོ་བོ་ཀ་དག་བླ་མ་ཆོས་ཀྱི་དབྱིངས༔ རང་བཞིན་གསལ་བ་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ སྐུ་གསུམ་དབྱེར་མེད་རྒྱལ་ཀུན་འདུས་པའི་དཔལ༔ བདེ་གཤེགས་མ་ལུས་སྐུ་ཡི་དབྱིངས་སུ་རྫོགས༔ མ་བཅོས་རང་གསལ་རིག་པའི་ངང་བསྒོམས་ཀྱིས༔ རང་རིག་བླ་མ་མཇལ་བར་བྱིན་གྱི་རློབས༔ ཨོཾ་ཨཱཿཧཱུྃ༔ རང་རིག་མ་ཧཱ་གུ་རུའི་རྫོགས་པ་ཡི༔ ཐུགས་ཉིད་ཕྱམས་བརྡལ་ཆོས་དབྱིངས་ཀློང་ཡངས་སུ༔ འོད་གསལ་བདེ་ཆེན་རང་བྱུང་ཕོ་བྲང་ནས༔ བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་ནི༔ དུག་ལྔ་ཚོགས་བརྒྱད་རྟགས་ཆད་མུ་བཞི་རྣམས༔ ཡེ་ནས་རྣམ་དག་སྒྱུ་འཕྲུལ་སྤྲུལ་པའི་སྐུ༔ རང་རིག་རང་གསལ་ཡེ་ཤེས་ངང་བསྒོམ་གྱི༔ འཁྲུལ་པའི་བག་ཆགས་དག་པར་བྱིན་གྱི་རློབས༔ ཨོཾ་ཨཱཿཧཱུྃ༔ རང་བཞིན་དབྱིངས་ལས་ཐུགས་རྗེའི་རྩལ་སྣང་གི༔ རང་བྱུང་བླ་མའི་སྐུ་ཡི་དཀྱིལ་འཁོར་ལས༔ ཀླད་པ་དུང་ཁང་དུར་ཁྲོད་གཞལ་ཡས་སུ༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ་ནི༔ ཡེ་ཤེས་རྩལ་ལས་ཅིར་ཡང་འགྱུར་བའི་སྐུ༔ དུག་ལྔ་གནས་འགྱུར་མ་མོ་མཁའ་འགྲོའི་ཚོགས༔ ཡེ་ཤེས་ལྷུན་གྲུབ་རྫོགས་པའི་ངང་བསྒོམ་གྱིས༔ འབྲས་བུ་སྐུ་གསུམ་ཐོབ་པར་བྱིན་གྱི་རློབས༔ ཞེས་པས་གསོལ་གདབ་དོན་ལ་ལེགས་པར་བསྒོམ༔ དེ་ཡིས་བར་དོར་འཁྲུལ་པའི་བག་ཆགས་སྦྱངས༔ འཁྲུལ་སྣང་རང་གྲོལ་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ ཡང་རྗེས་འབྲངས་རྣམས་ཀྱིས༔ གལ་ཏེ་མ་གྲོལ་འཁྲུལ་པའི་དབང་གིས་འཁོར་བའི་གནས་སུ་སྐྱེ་བ་བླངས་ནས་སྡུག་བསྔལ་འཁྲུལ་སྣང་གིས་གཟིར་ན་དེ་ཉིད་སེལ་བའི་གདམས་པ་ཇི་ལྟར་བགྱི༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ལས་དང་རྐྱེན་གྱིས་སྲིད་པར་སྐྱེས་གྱུར་ནས༔ འཁྲུལ་སྣང་ངོ་མ་ཤེས་པའི་དངོས་འཛིན་གྱིས༔ རང་གི་རང་འཁྲུལ་སྡུག་བསྔལ་གྱུར་པ་ན༔ རང་ཉིད་ཡི་དམ་གང་གིས་སྐུར་བསྒོམ་མམ༔ ཐ་མལ་གནས་པའི་སྙིང་ནང་པདྨའི་དབུས༔ རང་རིག་བླ་མ་བདེ་བ་ཆེན་པོའི་སྐུ༔ དཀར་སྨུག་བཅུ་དྲུག་ལོན་ཚུལ་གཞོན་ཤ་རྒྱས༔ མཛེས་པའི་ཚུལ་འཆང་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ ཕྱག་གཉིས་མཉམ་བཞག་བདེ་སྐྱོང་བདུད་རྩིས་བཀང་༔ བདེ་བ་སྐྱེས་པའི་བྂ་ཡིག་འོད་འབར་བ༔ གསང་ཕོད་ཆོས་གོས་བེར་སྨུག་ལྷུབས་གྱོན་མཛད༔ པདྨའི་ཞྭ་མནབ་གཟི་བརྗིད་ལྡན་པར་བསྒོམ༔ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཞེས་པའི་སྔགས་ཉིད་གསོལ་འདེབས་ཚུལ་དུ་བཟླས༔ བྂ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་ཁེངས༔ དེ་ལས་ལུད་པས་བདག་གི་ལུས་གང་སྟེ༔ བདེ་ཆེན་ཡེ་ཤེས་ལུས་སེམས་ཁྱབ་པར་བསྒོམ༔ འཁྲུལ་སྣང་གང་བྱུང་རེ་དོགས་བྲལ་བར་བཞག༔ ཅིར་སྣང་ཐམས་ཅད་བླ་མའི་སྐུ་རུ་བསྒོམ༔ གྲགས་པ་ཐམས་ཅད་བླ་མའི་གསུང་གི་ངང་༔ དྲན་རིག་བླ་མའི་ཡེ་ཤེས་ཐུགས་མཆོག་ནི༔ གསལ་ལ་རྙོག་མེད་ནམ་མཁའི་དཀྱིལ་ལྟར་དྭང་༔ དགག་བསྒྲུབ་བཅོས་མའི་གཟེབ་ལས་རང་སར་གྲོལ༔ ཐམས་ཅད་ངང་རྫོགས་རང་བཞིན་ལྷུན་གྲུབ་ཏུ༔ འོད་གསལ་ཟང་ཐལ་རང་གྲོལ་ངང་ལ་བཞག༔ ཀུན་རྫོབ་ཀུན་ལ་སྙིང་རྗེ་ཆེན་པོར་བསྒོམ༔ དེ་ལ་སྒྱུ་མ་ལྟར་བལྟས་བདེན་གཉིས་པོ༔ ཟུང་འཇུག་བསྒོམ་པས་འཁྲུལ་སྣང་རང་སར་གྲོལ༔ གཞན་གྱི་སྡུག་བསྔལ་སེལ་བར་བྱ་བའི་ཕྱིར༔ གཏོར་མ་རིན་ཆེན་འབར་བ་ཨ་མྲྀ་ཏ༔ རཀྟ་མཆོད་པའི་བྱེ་བྲག་ཅིར་ཡང་བཤམས༔ བྷྲཱུྂ་ལས་གཏོར་མ་རིན་ཆེན་གཞལ་ཡས་ཁང་༔ དེ་ནང་པདྨའི་དབུས་སུ་བླ་མའི་སྐུ༔ བདེ་བ་ཆེན་པོ་བསྒོམ་ལ་དེ་ཉིད་ཀྱི༔ ཐུགས་སྲོག་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ རྔ་ཡབ་གླིང་ནས་དེ་འདྲ་སྤྱན་དྲངས་བསྟིམ༔ མཆོད་ཅིང་བསྟོད་ལ་གསོལ་བ་ཡང་ཡང་བཏབ༔ སློབ་མས་དད་ཅིང་གདུང་བས་མཎྜལ་ཕུལ༔ བོད་ལ་བཀའ་དྲིན་ཆེ་བའི་གུ་རུ་རྗེ༔ རྒྱལ་ཀུན་འདུས་པའི་མཚུངས་མེད་སངས་རྒྱས་དང་༔ དབྱེར་མི་ཕྱེད་པ་བླ་མ་དགོངས་སུ་གསོལ༔ བདག་ལ་གུ་རུའི་དབང་མཆོག་སྩལ་དུ་གསོལ༔ དེ་ལྟར་གསོལ་གདབ་སྐྱབས་འགྲོ་སེམས་བསྐྱེད་བྱ༔ སློབ་མ་བླ་མར་བསྐྱེད་ལ་ཡེ་ཤེས་དབབ༔ ལངས་ནས་སྔར་བཞིན་གཏོར་མའི་བྱིན་རླབས་བྱ༔ དེ་ཡང་གཏོར་མ་མ་ཧཱ་གུ་རུ་རྗེ༔ བདེ་བ་ཆེན་པོའི་སྐུ་རུ་གསལ་བ་ཡི༔ གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་ནི༔ དཀར་དམར་མཐིང་གསུམ་འཕྲོས་ནས་སློབ་མ་ཡི༔ གནས་གསུམ་ལ་ཐིམ་སྒོ་གསུམ་སྒྲིབ་པ་སྦྱངས༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་ཐོབ་པར་བསམས༔ ཧཱུྃ་ཧཱུྃ་ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ རང་བཞིན་གནས་ནས་སྐུ་བསྐྱོད་ལ༔ བདེ་ཆེན་སྐུ་གསུང་ཐུགས་ཀྱི་ངང་༔ བྱིན་གྱིས་བརླབས་པར་མཛད་དུ་གསོལ༔ ཧཱུྃ་ཧཱུྃ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཆོས་ཀྱི་དབྱིངས་ལས་འགྱུར་བ་མེད༔ མ་བཅོས་གསལ་རྫོགས་ཀ་ནས་དག༔ རང་བཞིན་ལོངས་སྤྱོད་རྫོགས་པ་ལ༔ མཚན་དང་དཔེ་བྱད་ཡ་མཚན་ལྡན༔ ཐུགས་རྗེ་སྣ་ཚོགས་འགྲོ་དོན་གྱི༔ སེམས་ཅན་རྣམས་ཀྱི་སྐྱབས་གཅིག་པུ༔ ཁྱེད་ལ་འདས་གྲོངས་མི་མངའ་ཞིང་༔ ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི༔ དཀྱིལ་འཁོར་མ་ལུས་ཀུན་གྱི་གཙོ༔ ཁྱད་པར་བོད་ཀྱི་གཉེན་གཅིག་པུ༔ མ་ཧཱ་གུ་རུ་ཁྱེད་ཉིད་ཀྱི༔ བདག་དང་སྐལ་ལྡན་བོད་འབངས་ལ༔ སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ འཆི་མེད་རྡོ་རྗེའི་སྐུ་དང་ལྡན༔ བགྲེས་རྒུད་མེད་པར་གྲུབ་ནས་ཀྱང་༔ བླ་མའི་སྐུ་དང་གཉིས་མེད་ཤོག༔ གསུང་གི་དབང་མཆོག་ངག་ལ་སྩོལ༔ ཚངས་དབྱངས་དྲུག་ཅུ་ལྡན་ནས་ཀྱང་༔ ལེགས་པར་འཆད་པའི་སྤོབས་པ་ཡི༔ བླ་མའི་གསུང་དང་གཉིས་མེད་ཤོག༔ ཐུགས་ཀྱི་དབང་མཆོག་སེམས་ལ་སྩོལ༔ བདེ་ཆེན་ཡེ་ཤེས་དོན་རྟོགས་ཏེ༔ འོད་གསལ་སྤྲོས་དང་བྲལ་བ་ཡི༔ བླ་མའི་ཐུགས་དང་གཉིས་མེད་ཤོག༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བའི༔ བྱིན་རླབས་ཡེ་ཤེས་དབང་ཆེན་རྣམས༔ ད་ལྟ་ཉིད་དུ་བསྐུར་བ་དང་༔ འཁྲུལ་སྣང་སྡུག་བསྔལ་ཀུན་བསལ་ཞིང་༔ དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཧཱ་གུ་རུ་སུ་ཁ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ སྤྲོ་ན་བླ་མའི་སྐུ་གསུང་ཐུགས་ཕྱག་རྒྱ༔ སློབ་མའི་སྒོ་གསུམ་ལ་ཐིམ་བྱིན་གྱིས་རླབས༔ སྡུག་བསྔལ་ཀུན་སེལ་ལུས་སེམས་བདེ་བས་ཁེངས༔ ཉམས་རྟོགས་འཕེལ་ཞིང་མཆོག་ཐུན་དངོས་གྲུབ་ཐོབ༔ ཚེ་འདིར་སངས་རྒྱས་འགྲུབ་པའི་གདམས་པ་འདི༔ འགྲོ་དོན་བྱེད་པའི་ལས་ཅན་དོན་དུ་བཞག༔ ཞེས་གསུངས་སོ༔ ༈ དེ་ནས་བོད་འབངས་རྣམས་ཀྱི་མགྲིན་གཅིག་ཏུ༔ བསླུ་མེད་སྐྱབས་གཅིག་མ་ཧཱ་གུ་རུ་ཡིས༔ བོད་འབངས་ཡོངས་ལ་བཀའ་དྲིན་ཆེ་བར་མཛད༔ ད་དུང་ཁྱེད་ཉིད་མི་བརྗེད་གསོལ་འདེབས་ན༔ བྱིན་རླབས་ཐུགས་རྗེས་ཀློང་ཡངས་ཆེན་པོ་ནས༔ འཇིགས་པ་ཀུན་སེལ་དངོས་གྲུབ་ཀུན་ཐོབ་ཅིང་༔ ཐུགས་རྗེའི་གློག་འགྱུ་སྡུག་བསྔལ་མུན་པ་ཞི༔ གོ་སྐབས་བྱེད་པའི་ཐུགས་དམ་བསྐུལ་བྱེད་ན༔ གསོལ་འདེབས་སྙིང་པོར་དྲིལ་བ་སྩལ་དུ་གསོལ༔ ཞེས་གསོལ་གུ་རུས་ཐུགས་བརྩེས་བཀའ་སྩལ་པ༔ བོད་ཀྱི་སེམས་ཅན་བདག་ལ་ཤིན་ཏུ་གདུང་༔ ངས་ཀྱང་བོད་ལ་བཀའ་དྲིན་ཆེ་བར་བྱས༔ ད་དུང་ང་ཉིད་མ་བརྗེད་གསོལ་བ་ཐོབ༔ ཅི་འདོད་ཐམས་ཅད་ང་ཉིད་སྒྲུབ་པས་འབྱུང་༔ དེ་ལ་བླ་མའི་རྣལ་འབྱོར་ཐམས་ཅད་ཀྱི༔ གཙོ་བོ་རང་ཉིད་སྤྱི་བོར་གཙུག་ཏུ་བསྒོམ༔ རེ་ལྟོས་སྐྱབས་རྣམས་འདུས་པའི་ངོ་བོར་བསམ༔ ཁ་ཙམ་མ་ཡིན་གསོལ་བ་འདི་སྐད་གདབ༔ དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དེ་སྐད་གསོལ་བ་བཏབ་པ་ཙམ་གྱིས་ཀྱང་༔ ང་ཡི་དགོངས་པ་ནམ་མཁའི་ཀློང་ཡངས་ནས༔ བྱིན་རླབས་ཐུགས་རྗེའི་སྤྲིན་ཚོགས་རབ་གཡོས་ཏེ༔ ལྔ་བརྒྱའི་དུག་གཟེར་སྡུག་བསྔལ་ཚ་གདུང་སེལ༔ དགོས་འདོད་ཀུན་འབྱུང་དངོས་གྲུབ་ཆར་འབེབས་ཤིང་༔ ཚེ་གཅིག་སངས་རྒྱས་ཐོབ་པའི་འབྲས་བུ་སྨིན༔ བདག་ལ་གདུང་བའི་བོད་འབངས་རྗེས་འཇུག་རྣམས༔ གཞན་ཡང་འཕྲོས་པའི་ཚིགས་འདི་ཐུགས་ལ་ཞོག༔ ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་རྣམས༔ སྔོན་དུ་སྦྱོར་བས་རང་ཉིད་རྒྱུད་སྦྱོངས་ཤིང་༔ དངོས་བཞི་བསྐྱེད་རིམ་བླ་མའི་ཕྲིན་ལས་ཀྱི༔ ཁོག་དབུབ་ཏིང་འཛིན་དབྱེར་མེད་འབད་པས་འགྲུབ༔ རྗེས་ཀྱི་རྫོགས་རིམ་དུག་ལྔ་རང་གྲོལ་བྱ༔ བསྐྱེད་རྫོགས་བརྟན་ཐོབ་ཏིང་འཛིན་དམིགས་པ་ཡི༔ འཕྲོ་འདུ་ཁ་བསྒྱུར་ཙམ་གྱིས་དོན་འགྲུབ་ཅིང་༔ གཞན་ཡང་བསྙེན་བསྒྲུབ་རྟགས་ལྡན་བྱེད་པ་གཅེས༔ ལས་ཚོགས་རྣམས་ཀྱང་དེ་ཡིས་འགྲུབ་པ་ཡིན༔ གདམས་པ་མ་བུ་ཁ་ཚང་དོན་འདྲིལ་བ༔ འདི་ནི་མི་ལོ་ཆིག་སྟོང་ཆིག་བརྒྱ་ལ༔ གདམས་པ་འདི་ཉིད་ཟབ་མོའི་གཏེར་དུ་བཞག༔ དེ་ནས་ས་ཡི་སྟེང་དུ་ཐོན་པར་འགྱུར༔ དེ་དུས་ང་ཡི་ཐུགས་རྗེ་གློག་འགྱུ་ཙམ༔ བོད་ཡུལ་སྙིགས་དུས་མུན་པའི་གོ་སྐབས་འབྱེད༔ དེ་ཚེ་འདོན་པའི་སྐྱེས་བུ་རཏྣའི་མིང་༔ ལས་ཅན་ཆོས་ཀྱི་བདག་པོ་ཤར་ཕྱོགས་ནས༔ ཚེ་ཡི་མིང་ཅན་ལྷོ་ཕྱོགས་དཔལ་གྱི་མིང་༔ ནུབ་ཀྱི་ཕྱོགས་ནས་རྒྱལ་དང་གྲུབ་པའི་མིང་༔ བསྟན་འཛིན་མིང་ཅན་བྱང་ནས་ཕྲིན་ལས་མིང་༔ དབུས་ཀྱི་ཕྱོགས་ནས་དཔལ་གྱི་མིང་ཅན་འབྱུང་༔ གཞན་ཡང་བོད་ཡུལ་བསྟན་པ་གསལ་བ་དང་༔ བོད་ལ་ཕན་པའི་ལས་ཅན་འདི་ལྟར་འབྱུང་༔ ཤར་གྱི་ཕྱོགས་ནས་སྦ་གཙུག་སྐྱེས་མཐའ་ནི༔ བློ་གྲོས་ལྡན་པ་དཔལ་བཟང་མིང་ཅན་འབྱུང་༔ ལྷོ་ནས་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱིས༔ སྐྱེས་མཐའ་བཀྲ་ཤིས་མིང་ཅན་ཕག་ལོ་པ༔ ནུབ་ནས་བཻ་རོའི་སྐྱེས་མཐའ་བློ་གྲོས་ཅན༔ བསྟན་འཛིན་མིང་ཅན་རྒྱལ་བའི་བསྟན་ལ་ཕན༔ ཏིང་འཛིན་བཟང་པོའི་སྐྱེས་མཐའ་མངོན་ཤེས་ཅན༔ ནུབ་ཀྱི་ཕྱོགས་ནས་ཀུན་དགའི་མིང་ཅན་འབྱུང་༔ དཔལ་གྱི་སེང་གེའི་སྐྱེས་མཐའ་ནུས་པ་ཅན༔ བཀྲ་ཤིས་མིང་ཅན་ནུབ་ཀྱི་ཕྱོགས་ནས་འབྱུང་༔ གཞན་ཡང་ལས་ཅན་བོད་ལ་ཕན་པ་ཡི༔ ཚུལ་ལྡན་གསང་སྔགས་སྤྱོད་པ་རླབས་ཆེན་དང་༔ མཁས་ཤིང་བཙུན་པའི་ཕུལ་ཕྱིན་འགའ་ཞིག་འབྱུང་༔ དེ་དུས་བོད་ཡུལ་དབུས་སུ་མཐའ་དམག་གཏིབས༔ མཐའ་འདྲེ་འབྱུང་པོས་མི་སྐད་ཡང་ཡང་སྒྲགས༔ ལྷ་མིན་སྲིན་པོའི་ལུགས་རྣམས་བྱེད་པ་མང་༔ ལྟས་ངན་མཁའ་ལ་ཉི་ཟླ་དུས་མིན་ཤི༔ མ་མོ་འཁྲུགས་པའི་ལྟས་ངན་སྐར་མ་ཤར༔ ནད་མུག་འཁྲུགས་རྩོད་ཁོལ་བུ་ཀུན་ཏུ་འབྱུང་༔ དེ་དག་མ་ལུས་བཟློག་པར་བྱ་བའི་ཕྱིར༔ ང་ཡི་སྒྲུབ་གནས་བརྒྱ་དང་རྩ་བརྒྱད་དང་༔ ཁྱད་པར་གནས་ཆེན་ཉི་ཤུ་རྩ་ལྔ་པོར༔ ཆོས་ཀྱི་སྙིང་པོ་སྒྲུབ་ཆེན་ཡང་ཡང་གྱིས༔ བདུད་རྩི་སྨན་གྱི་སྒྲུབ་པ་གྲངས་མེད་དང་༔ གཟེར་ཁ་ལྔ་ཡི་ལས་སྦྱོར་ཡང་ཡང་བརྩམས༔ དེ་ལྟར་བྱས་པས་བོད་ཁམས་ཐམས་ཅད་བདེ༔ འདི་ཡི་གདམས་པ་དཀར་ཤོག་ལོགས་སུ་ཐོབ༔ ཟབ་མོ་རིན་ཆེན་བྲག་གི་དབུས་སུ་སྦས༔ འགྲོ་དོན་གཏད་རྒྱ་ཡང་ནས་ཡང་དུ་མཛོད༔ ནམ་ཞིག་དུས་ཀྱི་ཐ་མར་གྱུར་པའི་ཚེ༔ བྲག་རི་རིན་ཆེན་འདྲ་བའི་སྐེད་པ་ནས༔ ང་ཡི་རྗེས་འཇུག་ལས་ཅན་ཞིག་གིས་རྙེད༔ ད་ལྟ་ང་ཡི་ཞལ་སློབ་གྲུབ་ཆེན་རྣམས༔ ཐུགས་བསྐྱེད་དབང་གིས་དེ་དུས་འཛོམ་པར་འགྱུར༔ བོད་ཡུལ་སྡུག་བསྔལ་སྐབས་ཤིག་དེ་ཡིས་བསལ༔ ཞེས་གསུངས་སོ༔ དེ་ལྟ་བུའི་གདམས་པ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་མཁའ་འགྲོའི་བརྡའི་ཡི་གེར་བྲིས་ཏེ་གུ་རུ་རིན་པོ་ཆེས་མ་འོངས་པའི་དོན་དུ་གུ་རུ་རང་གི་ཞལ་དངོས་སུ་མཇལ་བ་དང་ཁྱད་པར་མེད་པ་བྱེ་མ་ཨ་ཀྲོང་ལས་གྲུབ་པ་བདེ་བ་ཆེན་པོའི་སྐུ་དངོས་གྲུབ་དཔལ་འབར་དང་ལྷན་ཅིག་ཏུ་རྩི་སྐེ་རིན་ཆེན་སྤུངས་འདྲའི་བྲག་རིའི་འདབས་སུ་རྒྱས་བཏབ་སྟེ་སྨོན་ལམ་བཟང་པོ་དང་བཅས་སྲུང་མ་ཀླུ་བཙན་འབར་བ་སྤུན་བདུན་ལ་གཏད་དོ༔ བོད་ལ་ཕན་པའི་བསམ་པ་རབ་ལྡན་ཞིང་༔ སེམས་ཅན་ཡོངས་ལ་བརྩེ་བའི་ཕན་སེམས་ཅན༔ ལྷག་པར་གུ་རུ་རྗེ་ལ་མོས་པ་ཡི༔ མ་འོངས་ལས་ཅན་དག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་འཕྲུལ་ཤོག་ལས་གཏན་ལ་ཕབ་རིམ་བཞིན་ཏུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། །། | |||
}} | }} |
Revision as of 15:50, 19 April 2021
Wylie title | bla ma'i thugs sgrub yid bzhin nor bu las yid bzhin nor bu lta bu'i man ngag bcu gsum | |
---|---|---|
Location | mkhyen brtse'i bka' babs Volume 3, Text 7, Pages 123-175 (Folios 1a to 17a2) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (Mchog gyur gling pa) | |
Citation | 'jam dbyangs mkhyen brtse'i dbang po. bla ma'i thugs sgrub yid bzhin nor bu las yid bzhin nor bu lta bu'i man ngag bcu gsum. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 3: 123-175. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Revelations - gter ma · Pith Instructions - man ngag | |
Cycle | བླ་མའི་ཐུགས་སྒྲུབ་ཡིད་བཞིན་ནོར་བུ་ (bla ma'i thugs sgrub yid bzhin nor bu) | |
Karchag page | JKW-KABAB-Volume-03-GA-Karchag | |
Colophon |
སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་མཆོག་གྱུར་བདེ་ཆེན་གླིང་པས་མདོ་ཁམས་ནོར་བུ་སྤུན་གསུམ་གྱི་བྲག་ནས་སྤྱན་དྲངས་པའི་བདུད་རྩི་ལྔའི་འཕྲུལ་ཤོག་ལས་གཏན་ལ་ཕབ་རིམ་བཞིན་ཏུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། | |
sprul pa'i gter chen 'gro 'dul mchog gyur bde chen gling pas mdo khams nor bu spun gsum gyi brag nas spyan drangs pa'i bdud rtsi lnga'i 'phrul shog las gtan la phab rim bzhin tu mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos bris pa dge |