DKR-KABUM-15-BA-005: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 9: | Line 9: | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |sourcerevealer=mchog gyur gling pa | ||
| | |sourcerevealertib=མཆོག་གྱུར་གླིང་པ་ | ||
|associatedpeople= | |associatedpeople= | ||
|associatedpeopletib= | |associatedpeopletib= | ||
Line 33: | Line 33: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འོད་གསལ་རྫོགས་པ་ཆེན་པོ་གསེར་ཞུན་མ་ཀུན་བཟང་ཐུགས་ཏིག་གི་ལམ་ཡོངས་རྫོགས་ཀྱི་ཁྲིད་རིམ་གནད་འདུས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །འོད་གསལ་རྫོགས་པ་ཆེན་པོ་གསེར་ཞུན་མ་ཀུན་བཟང་ཐུགས་ཏིག་གི་ལམ་ཡོངས་རྫོགས་ཀྱི་ཁྲིད་རིམ་གནད་འདུས་སུ་སྤེལ་བ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་བིདྱ་དྷཱ་ར་ཧེ་རུ་ཀ་ཤྲཱི་ཡེ། ཀ་དག་རྣམ་ཀུན་མཆོྃག་ལྡན་དབྱིངས་ཀྱི་ཀློང༌། །མངོན་གྱུརྃ་འོད་གསལ་ལྷུན་གྲུབ་སྣང་བཞིའི་འཛུམ། །བདེྃ་ཆེནྃ་སྐུ་དང་ཡེ་ཤེས་རབ་འབྱམས་ཀྱིས། །གཟུང་འཛིན་གཏད་མེད་ཞིགྃ་པོྃ་གླིངྃ་པྃ་རྒྱལ། །བདག་རྒྱུད་ལས་ཉོན་འདམ་གྱི་ཀློང༌། །སྨིན་སྒྲོལ་པད་དཀར་ཚལ་བཞད་པའི། །མཛེས་སྡུག་སྐལ་བཟང་མགུལ་རྒྱན་དུ། །དད་པའི་སོར་མོས་བསྟར་ལ་སྤྲོ། །དེ་ལ་འདིར་སངས་རྒྱས་ཀུན་གྱི་ཤིན་ཏུ་རྣམ་པར་དག་པའི་མི་སློབ་འབྲས་བུའི་མཐར་ཐུག་ཡེ་ཤེས་ཀྱི་རང་གཟུགས་སྙིགས་མའི་གདུལ་བྱ་ལ་ཀུན་ཁྱབ་རང་བྱུང་གི་ཐུགས་རྗེ་ཆེན་པོའི་ཟུང་འཇུག་མངོན་གྱུར་གྱི་རིག་པ་འཛིན་པའི་སྐུར་བཞེངས་པ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་རྒྱ་མཚོ་ལྟ་བུའི་སྙིང་པོ་རྫོགས་པ་ཆེན་པོ་མན་ངག་སྡེའི་སྙིང་བཅུད་གསེར་ཞུན་མ་ལྟ་བུ་ཀུན་བཟང་ཐུགས་ཏིག་གི་དོན་ཁྲིད་ཡིད་བཞིན་ནོར་བུའི་སྙིང་པོ་ཉམས་ལེན་མན་ངག་ཁྲིགས་སུ་སྡེབས་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་རིམ་མོ། །དང་པོ་ལ་ཐུན་མོང་དང༌། ཐུན་མིན། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། སྨིན་བྱེད་དོན་དབང་ཡིད་བཞིན་ནོར་བུ་ལས། ཐོག་མར་བླ་མ་ཀུན་བཟང་ནམ་མཁའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་སློབ་མ་དད་པ་ཤིན་ཏུ་ཆེ་ཞིང་ཡིད་ཆེས་བརྟན་པོར་གྱུར་པས་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་རྗེས་སུ་བཟུང་བར་བྱ་ཞེས་སོགས་ཀྱིས་བསྟན་པ་ལྟར་མཚན་ཉིད་དང་ལྡན་པའི་དཔལ་མགོན་བླ་མ་མཆོག་གིས་སྣོད་དང་ལྡན་པའི་ཐར་འདོད་ཀྱི་སློབ་མ་རྗེས་སུ་འཛིན་པས་རྣམ་གྲོལ་གཏན་བདེའི་གོ་འཕང་འཐོབ་བྱེད་ཀུན་གྱི་མྱུར་ལམ་མཐར་ཐུག་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ། ཐེག་པ་རིམ་པ་དགུའི་ཡང་རྩེ། གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་གི་ཐུས་ཀ །ཡང་ཟབ་རྫོགས་པ་ཆེན་པོའི་དོན་ཉམས་སུ་ལེན་པ་ལ། ལམ་གྱི་སྔོན་འགྲོ། ཐོག་མར་དབང་གིས་སྨིན་པར་བྱེད་དགོས་ཏེ། དོན་ཁྲིད་ལས། དབང་གིས་རྒྱུད་ནི་རབ་ཏུ་སྨིན༔ ཞེས་པ་ལྟར། སྔོན་འགྲོའི་ཐོག་མར་ཐུན་མོང་ཞི་ཁྲོའི་དཀྱིལ་འཁོར་དུ་དད་པ་ཅན་རྗེས་སུ་འཛིན་པའི་ཕན་དབང༌། བརྩོན་འགྲུས་ཅན་ལ་ནུས་དབང་དང༌། ཐུན་མིན་དོན་དབང་ཡིད་བཞིན་ནོར་བུའི་གཞི་ཀ་དག་ལྷུན་གྲུབ་ཀྱི་དབང༌། ལམ་ཁྲེགས་ཆོད་ལ་འཇུག་པའི་དབང༌། འབྲས་བུ་ཐོད་རྒལ་གྱི་དབང་རྣམས་རེ་རེ་བཞིན་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་ཀྱི་དབང་བཞི་བཞིར་དབྱེ་བ་ཕྱག་བཞེས་བཞིན་སྔོན་དུ་གྲུབ་པ་ལགས། སྨིན་ཟིན་གྲོལ་བར་བྱེད་པ་ཁྲིད་ཀྱི་སྔོན་འགྲོ་ལ། གསང་སྔགས་ཀྱི་སྡོམ་པ་ཐོབ་པ་དབང་གིས་ཐོབ་ཅིང༌། དབང་ཐོབ་པ་ཙམ་གྱི་གསང་བ་ཟབ་མོའི་དོན་ཉན་པ་དང༌། བཀླག་པ་དང༌། སྒོམ་པ་ལ་དབང་ཡང༌། དབང་སྲོག་རྒྱུད་ལ་འཛིན་པ་དམ་ཚིག་ཡིན་པས་གཞུང་ལས། སྡོམ་པས་རང་རྒྱུད་དག་བྱས་ནས༔ ཞེས་གསུངས་པ་ལྟར་སྤྱིར་སོ་བྱང་སྔགས་གསུམ། སྒོས་སྤྱི་དང་ཁྱད་པར་ལྷག་པའི་རྩ་བ་ཡན་ལག་གི་དམ་ཚིག་རྣམས་མིག་འབྲས་ལྟར་བསྲུངས་ཤིང་རྒྱུད་དག་པ་གཅེས་ཏེ། བུམ་དབང་ཐོབ་པ་ཉིད་ནས་སྡོམ་པ་གསུམ་ཀ་རྒྱུད་ལ་སྐྱེས་ཟིན་པས། སྐྱེས་པ་གོང་འཕེལ་དུ་བྱ་བའི་ཕྱིར་དྲན་ཤེས་བག་ཡོད་ཀྱིས་བསྲུངས་ན་ས་ལམ་གྱི་ཡོན་ཏན་མྱུར་དུ་སྐྱེ་བ་ལ་ཚེགས་མེད་པ་དང༌། དེ་ནས་ལམ་གྱི་ཐུན་མོང་གི་སྔོན་འགྲོ་ལ་ངེས་འབྱུང་གི་བློ་བསྐྱེད། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས། བླ་མའི་རྣལ་འབྱོར་གྱི་ཁོངས་སུ་མཎྜལ་ཡན་ལག་བདུན་པ་རྣམས་ཏེ། སྒྲིབ་སྦྱང་ཚོགས་བསགས་རིམ་པར་འབད༔ གངས་བྲག་ནགས་ཀྱི་ཁྲོད་དུ་ཕྱིན༔ དབེན་པར་བདེ་བའི་སྟན་ལ་འདུག༔ བླ་མར་གསོལ་བ་རྩེ་གཅིག་གདབ༔ མི་རྟག་སྙིང་རྗེས་རྒྱུད་བསྐུལ་ལོ༔ ཞེས་གསུངས་པ་ལྟར། སྣོད་བཅུད་མི་རྟག་པར་བློ་སྦྱངས་ཏེ་གོམས་པས་འཁོར་བ་སྙིང་པོ་མེད་པར་ཡིད་ཆེས། དེའི་བྱ་བཞག་ཐམས་ཅད་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་ལས་མེད་པར་བློ་ཐག་ཆོད། དེས་ན་ད་ལྟ་རྙེད་པའི་དལ་འབྱོར་གྱི་ལུས་འདི་ཆོས་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལྷ་བས་ལྷག་པའི་རྟེན་ཡིན་པས་རྙེད་པར་དཀའ་བར་ཤེས་ནས་དོན་མེད་ཚེ་འདིའི་བྱ་བཞག་གིས་སྟོང་ཟད་དུ་མི་བྱ་བར་སྙིང་པོའི་ཆོས་ལ་དྲིལ། ཆོས་ཀྱི་གཞི་རྟེན་ངེས་འབྱུང༌། ཆོས་ཀྱི་གཞུང་ཤིང་རྒྱུ་འབྲས་ཡིད་ཆེས་ཀྱིས་སྒོ་གསུམ་དགེ་བའི་ལས་ལ་བཀོལ་ཏེ་ཅི་ནུས་སུ་མ་འབད་ན། ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ཀྱིས་བློ་སྣ་བསྟུངས་ཏེ། དོན་དང་ལྡན་པ་བདེ་ནས་བདེ་བའི་ལམ་བཟང་ཐར་པའི་སྒོ་འཕང་རིན་པོ་ཆེ་ཡིན་ཕྱིར་དེ་འཐོབ་བྱེད་སྒོ་གསུམ་རྣམ་དཀར་གྱི་ལས་འབའ་ཞིག་ལ་བཀོལ་ཞིང༌། དེ་སྒྲུབ་བྱེད་ཀྱི་ཐབས་དང་མན་ངག་བླང་དོར་གྱི་གནད་ཐམས་ཅད་བླ་མ་མཚན་ཉིད་དང་ལྡན་པ་ལ་བསྟེན་ཏེ་དེའི་ཇི་ལྟར་གསུངས་པ་བཞིན་ཐར་ལམ་ནོར་འཁྲུལ་དང་བྲལ་བ་ལ་འཇུག་པར་བགྱི་སྙམ་པས། མདུན་གྱི་ནམ་མཁར་དཔལ་མགོན་རྩ་བའི་བླ་མའི་ཡེ་ཤེས་གཅིག་གི་རོལ་པ་ལས་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྩ་གསུམ་སྲུང་མའི་འཁོར་དང་བཅས་པ་ནམ་མཁའ་གང་བ་སད་པའི་སྤྱན་སྔར་རང་གཞན་ཡིད་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་འདི་ནས་བྱང་ཆུབ་ཀྱི་བར་ཡིད་ཆེས་དད་པ་རྩེ་གཅིག་པས་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་འགྲོ་བ་ཀུན་རྫོབ་རྒྱུ་ཡི་སྐྱབས་འགྲོ། དེ་ཐམས་ཅད་རང་རིག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་ཡེ་ཤེས་ལ་གདོད་ནས་འདུ་འབྲལ་མེད་པར་ངོ་ཤེས་པས་གཉིས་སུ་མེད་པ་ལྟ་བའི་ངང་སྐྱོང་བ་དོན་དམ་འབྲས་བུའི་སྐྱབས་འགྲོ་ཟུང་འཇུག་གི་ཚུལ་གྱིས། ན་མོ༔ ངོ་བོ་སྟོང་པ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཞེས་གྲངས་བསགས། ལམ་ཐམས་ཅད་ཀྱི་སྒོ་འབྱེད་དུ། བདག་གཞན་གཉིས་མེད་ཆོས་ཉིད་གཅིག་གི་ངང་དུ་ཡེ་སངས་རྒྱས་ཀྱང་གནས་ལུགས་ཇི་བཞིན་མ་རྟོགས་པའི་ཡིད་ཅན་འཁྲུལ་པ་རྒྱུ་འབྲས་ཀྱིས་མནར་བ་ལ་སྙིང་རྗེའི་བློས་མ་འཁྲུལ་དོན་གྱི་གོ་འཕང་ལ་སྦྱོར་སྙམ་པས། ཧོཿ མཁའ་མཉམ་འགྲོ་བ་མ་ལུས་པ༔ སངས་རྒྱས་ས་ལ་དགོད་པའི་ཕྱིར༔ རྫོགས་པ་ཆེན་པོའི་མན་ངག་གིས༔ རང་རིག་ཆོས་སྐུ་རྟོགས་པར་བྱ༔ ཞེས་ལམ་གྱི་སྲོག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དམ་བཅའ་བརྟན་པོ་གཟུང༌། གློ་བུར་གྱི་རྟོག་སྒྲིབ་མ་དག་ན་རང་གནས་ཡེ་ཤེས་ཀྱི་རང་ཞལ་མཇལ་བ་ལ་བུལ་བའི་ཕྱིར་སྟོབས་བཞིའི་གནད་ཀུན་ཚང་བས་རང་གི་སྤྱི་བོར་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་སེམས་དཔའ་གསལ་ནས་བདུད་རྩི་འབེབས་སྦྱོང་གི་དམིགས་པ་རྩེ་གཅིག་པས། གློ་བུར་འཁྲུལ་བའི་ཐ་མལ་ལུས༔ གདོད་ནས་དག་པ་འོད་ཀྱི་སྐུ༔ ལྷུག་པར་གནས་པའི་རྡོ་རྗེ་སེམས༔ དྭངས་བའི་ངང་དུ་གསལ་རྫོགས་བསྐྱེད༔ ཨོཾ་བཛྲ་སཏྭ་ཨཿ ཞེས་བརྗོད་དེ་ཡི་གེ་བརྒྱ་པ་དང༌། དྲུག་པ་ཅི་ནུས་སུ་བཟླ། མཐར་བཤགས་བྱ་བཤགས་བྱེད་ལས་འདས་པའི་ཆོས་སྐུ་ཀ་དག་ཆེན་པོའི་དོན་གྱི་འགྱོད་ཚངས་བྱ་བ་ནི་སྒྲིབ་སྦྱང་ཀུན་གྱི་རྒྱལ་པོ་ལམ་གྱི་གེགས་སེལ་གཅིག་ཆོད་དང༌། ཆོས་དབྱིངས་འོད་གསལ་གྱི་ཡེ་ཤེས་ཟག་མེད་འབྱོར་པ་རྒྱ་མཚོའི་རང་གཟུགས་སྟོང་གསུམ་རི་གླིང་ཞིང་ཁམས་ལྷུན་གྱིས་རྫོགས་པ། ཚོགས་ཞིང་སྐུ་གསུམ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ་ཕུལ་བའི་བློས་མཎྜལ་གྲངས་བསགས་པ་ལམ་གྱི་བོགས་འདོན་བྱ་སླ་ཆོད་ཆེ་བའི་མཎྜལ་དང་ངག་འདོན་ནི། སྟོང་པ་ཉིད་ཀྱི་དབྱིངས་ཉིད་དུ༔ རིག་པ་ཅོག་བཞག་ཚོམ་བུར་བཀོད༔ དབྱིངས་རིག་དབྱེར་མེད་མཎྜལ་འདི༔ ཀ་དག་བདེ་བར་གཤེགས་ལ་འབུལ༔ གུ་རུ་མཎྜལ་པཱུ་ཛ་ཧོ༔ ཁྱད་པར་དོན་གྱི་ཡེ་ཤེས་སྒྲ་ཇི་བཞིན་དུ་རྒྱུད་ལ་སྐྱེ་བ་ནི་བླ་མའི་བྱིན་རླབས་འབའ་ཞིག་ལ་རག་ལས་པས། མདུན་གྱི་ནམ་མཁར་བླ་མ་ཀུན་ཏུ་བཟང་པོ་ཡབ་ཡུམ་མཐིང་གསལ་རྒྱན་མེད་གཅེར་བུ་སྐྱིལ་ཀྲུང་ཅན་པད་ཟླ་འཇའ་ཟེར་གྱི་ཀློང་དུ་བྱིན་ཐེབས་སེ་བཞུགས་པ་ལ། ཡིད་ཆེས་མོས་པས་བློ་སྙིང་བྲང་གསུམ་ལིང་བཅོལ་གྱིས་གསོལ་འདེབས་ནི། ཨོཾ་ཨཱཿཧཱུྃ༔ ཐུགས་རྗེ་སྤྲུལ་སྐུའི་བླ་མ་ལ༔ སྤྲོས་བཅས་གདུང་བས་གསོལ་བ་འདེབས༔ ལུས་ལ་བུམ་པའི་དབང་བསྐུར་ནས༔ སྣང་སྟོང་རྟོགས་པར་བྱིན་གྱིས་རློབས༔ རང་བཞིན་ལོངས་སྐུའི་བླ་མ་ལ༔ སྤྲོས་མེད་ངང་ནས་གསོལ་བ་འདེབས༔ ངག་ལ་གསང་བའི་དབང་བསྐུར་ནས༔ གསལ་སྟོང་རྟོགས་པར་བྱིན་གྱིས་རློབས༔ ངོ་བོ་ཆོས་སྐུའི་བླ་མ་ལ༔ ཤིན་ཏུ་སྤྲོས་མེད་ངང་ནས་འདུད༔ ཡིད་ལ་ཤེས་རབ་དབང་བསྐུར་ནས༔ བདེ་སྟོང་རྟོགས་པར་བྱིན་གྱིས་རློབས༔ དབྱེར་མེད་ཉིད་སྐུའི་བླ་མ་ལ༔ རབ་ཏུ་སྤྲོས་མེད་ངང་དུ་འདུད༔ སྒོ་གསུམ་བཞི་པའི་དབང་བསྐུར་ནས༔ རིག་སྟོང་རྟོགས་པར་བྱིན་གྱིས་རློབས༔ ཞེས་དང༌། ཆོས་ཉིད་ཀྱི་གཤིས་སུ་བསོད་ནམས་ཀྱི་ཚོགས་ཡེ་རྫོགས་སུ་བཞུགས་ཀྱང་མངོན་གྱུར་དུ་སད་བྱེད་ཀྱི་ཐབས་ལ་བསགས་སྦྱང་བྱ་བ་གལ་ཆེ་བས། ཚོགས་རྟེན་གསལ་གདབ་པའི་སྤྱན་སྔར་ཡན་ལག་བདུན་པའི་དམིགས་རྣམ་རྩེ་གཅིག་པ་དང་བཅས་སྐབས་ཇི་ལྟར་རིག་པར་ངག་འདོན་ནི། ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པ་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་པ་དང་འབྲེལ་ལུས་ཕྱག་ཀྱང་འབུམ་ཕྲག་གྲུབ་ན་ཆེས་ལེགས་ཤིང༌། མཐར་བླ་མའི་རྡོ་རྗེ་གསུམ་གྱི་བདེ་བ་ཆེན་པོའི་ཡེ་ཤེས་དང་རང་གི་གཉུག་མའི་སྒོ་གསུམ་དབྱེར་མེད་གདོད་ནས་དག་པའི་ངང་ནས་དབང་བཞི་ལེན་ཞིང་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག་པ་ནི་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་དམིགས་སྒོམ་རྡོ་རུས་འཕྲོད་པས་གྲུབ་འབྲས་རྟགས་མངོན་གྱུར་གྱི་བར་དུ་འབད་པ་རྣམས་ནི་ལམ་གྱི་སྔོན་དུ་ཉམས་ལེན་མཐར་ཕྱིན་པར་བསླབས་པས་དངོས་གཞིའི་ཉམས་རྟོགས་སྐྱེ་བ་ལ་ཚེགས་མེད་པས་གདམས་ངག་གི་ཕུ་ཐག་ཆོད་ནས་ཚུལ་བཞིན་ལག་ཏུ་ལོན་པར་བྱ་བའི་ཕྱིར་རྣམ་གཡེང་དང་འདུ་འཛི་མེད་པ་བསམ་གཏན་སྒོམ་པའི་རྒྱུ་ཚོགས་ཚང་བའི་དབེན་གནས་གངས་བྲག་ནགས་ཀྱི་ཁྲོད་དུ་བསྟེན་པས་རྩེ་གཅིག་སྒྲུབ་པའི་ས་སྡེ་ཚུགས་པར་བྱའོ། །གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ནི། དེང་སང་ཐུན་མོང་གི་གདུལ་བྱ་ལམ་རིམ་འཇུག་ཅན་མང་བས་ཐོག་མར་ཐུན་མོང་ཞི་ཁྲོའི་ལས་བྱང་ལ་བསྟེན་ནས་བསྐྱེད་རིམ་གྱི་སེམས་འཛིན་སྒྲུབ་ཅིང༌། བསྙེན་བཟླས་ཚད་དུ་བསྐྱལ་པ་གལ་ཆེ་བས་སྤྲོས་བཅས་དཀྱིལ་འཁོར་རམ། ཚོམ་བུ་སྨན་རཀ་གཏོར་མ་ལ་བསྟེན་པ་དང༌། སྤྲོས་མེད་ཏིང་འཛིན་ཁོ་ནས་ཀྱང་རུང་ལ། གང་ལྟར་ཡང་བསྒྲུབ་གཞི་ཤིན་ཏུ་རྣམ་དག་ཀུན་བཟང་དོན་གྱི་སེམས་དཔའ་ཀ་དག་སྤྲོས་པ་དང་བྲལ་བ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ཡེ་ཤེས་དང༌། འོད་གསལ་ལྷུན་གྲུབ་ཀྱི་སྣང་བས་ཀུན་འབྱུང་འཁྲུལ་པའི་ཞེན་རྟོག་འཇོམས་བྱེད་ཁྲག་འཐུང་ཁྲོ་བོ་རོལ་པའི་ཚུལ་དུ་ཤར་བ་སྒྲུབ་གཞི་བྱས་ཏེ་ཞི་ཁྲོ་རབ་འབྱམས་རིགས་ཐམས་ཅད་འདུས་པའི་ཁྱབ་བདག་གི་དཀྱིལ་འཁོར་ཆེན་པོ་སྣང་སྲིད་གཞིར་བཞེངས་དམ་ཡེ་གཉིས་མེད་སྐད་ཅིག་དྲན་རྫོགས་ཀྱི་བསྐྱེད་རྫོགས་ཟུང་འཇུག་གི་སྒྲུབ་བྱེད་ཀྱིས། མཐར་ཐུག་དབྱིངས་ཀ་དག་ཆོས་སྐུ་དང༌། རིག་པ་འོད་གསལ་ཟུང་འཇུག་གི་གཟུགས་སྐུའི་གོ་འཕང་མངོན་དུ་གྱུར་པས་སངས་རྒྱས་སྐུ་གསུམ་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་གོ་འཕང་མངོན་དུ་བྱེད་པའི་གནད་ཤེས་པས་ཞི་ཁྲོའི་ཕྲིན་ལས་གཞུང་བསྲངས་ཤིང་བསྐྱེད་པའི་གསལ་སྣང་གི་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པ་རྣམས་དང༌། བོགས་འབྱིན་ཞི་ཁྲོའི་བསྙེན་པ་སོ་སོ་འབུམ་ཕྲག་བཞི་སོགས་ཅི་ནུས་དང༌། ཡར་མར་གྱི་ཚེས་བཅུ་དང༌། བསྙེན་པ་ལ་འཇུག་པའི་ཐོག་མཐའ་སོགས་ལ་ཚོགས་ཀྱི་མཆོད་པ་དང༌། བཀའ་སྲུང་གི་གསོལ་མཆོད་གཏེར་སྲས་རིན་པོ་ཆེའི་གསུང་མ་ཆགས་པར་བཏང་བ་རྣམས་བསྙེན་སྒྲུབ་སྤྱི་ལྟར་ཤེས་པར་བྱ་ཞིང༌། སྒྲུབ་རྫས་དངོས་སུ་བཤམས་པ་ཡོད་ན་གྲོལ་མཐར་དངོས་གྲུབ་ལེན་པ་རྣམས་བྱ་དགོས་ལ། དེར་མ་ཟད་བསྐྱེད་རིམ་འདིའི་རྗེས་སུ་ཁྲེགས་ཆོད་ཁ་རྐྱང་གི་ལྟ་སྒོམ་སྤྱོད་པའི་ཉམས་ལེན་སྦྱར་བས་བསྐྱེད་རྫོགས་ཀྱི་ལམ་རང་རྐང་ཚུགས་པར་འགྱུར་བས། རྩོལ་མེད་ཐོད་རྒལ་གྱི་ལམ་ལ་འཕྲལ་དུ་མི་འཇུག་པ་དག་ལ་དེ་ལྟར་བྱས་ཀྱང་རུང་བར་བླ་མ་གོང་མའི་ཕྱག་བཞེས་འཁྲུལ་མེད་ལས་འབྱུང་བའང་ཤེས་པར་བྱ་དགོས་སོ། །གཉིས་པ་དངོས་གཞིའི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་བཤད་པ་ལ། དེ་ཡང་གཞི་ལམ་འབྲས་གསུམ་ཚུལ༔ ཞེས་མདོར་བསྟན་པ་ལྟར། གཞི་ལྟ་བས་གཏན་ལ་དབབ། ལམ་སྒོམ་པས་ཉམས་སུ་ལེན། འབྲས་བུ་མཐར་ཕྱིན་པའི་གྲོལ་ཚད་བཤད་པའོ། །དང་པོ་ལའང༌། ཆོས་ཉིད་གཞི་ཡི་བཞུགས་ཚུལ། ཆོས་ཅན་གཞི་སྣང་གི་འཆར་ཚུལ། ཀུན་བཟང་ཐུགས་ཀྱི་བསྟན་པ་བྱུང་ཚུལ་ལོ། །དང་པོ་ནི། དང་པོ་འཁོར་འདས་གཉིས་ཀའི་གཞི༔ ངོ་བོ་སྟོང་པ་རང་བཞིན་གསལ༔ ཐུགས་རྗེ་རིག་པའི་སྙིང་པོ་ཅན༔ ནང་དབྱི་ངས་རང་གསལ་ཚུལ་དུ་གནས༔ ཞེས་པ་ལྟར་ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་ཚུལ་ཏེ། ངོ་བོ་ཀ་དག་གི་ཆས་གཞལ་ན་འཁོར་འདས། བདག་གཞན། འཁྲུལ་གྲོལ་སོགས་གཉིས་ཆོས་གང་གིས་ཀྱང་དབྱེར་མེད་པའི་རང་བཞིན་ཡེ་དག་གི་སྟོང་པ་ཆོས་དབྱིངས་འདུས་མ་བྱས་པ། གཤིས་ལུགས་ནི་རང་བཞིན་འོད་གསལ་ལྷུན་གྲུབ་ཀྱི་ངང་དུ་ཟག་མེད་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་རྒྱ་མཚོ་ཉི་མ་དང་ཟེར་བཞིན་གདོད་ནས་འདུ་འབྲལ་མེད་པ་ཅན་གཉིས། རྣམ་པའི་ལྡོག་ཆས་དབྱེ་བ་ཙམ་ལས་དོན་ལ་དབྱིངས་རིག་དབྱེར་མེད་ཀྱི་ངོ་བོ་དེའི་ཐུགས་རྗེའི་རིག་གདངས་འཁོར་འདས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཀུན་ལ་ཁྱབ་པའི་དེ་ཁོ་ན་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མཁྱེན་ཆ་དང་ལྡན་པས་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་གང༌། ནང་དབྱིངས་གཞོན་ནུ་བུམ་སྐུ་ཐིག་ལེ་ཉག་གཅིག་གི་ཚུལ་དུ་བཞུགས་པ་ནི་ཡེ་དོན་གྱི་ཀུན་གཞི་ཞེས་འཁོར་འདས་ཐམས་ཅད་ཀྱི་འཆར་གཞིའི་བདག་ཉིད་ཅན་དུ་བཞུགས་པའོ། །གཉིས་པ་ཆོས་ཅན་གཞི་སྣང་གི་འཆར་ཚུལ་ལ། མ་དག་སེམས་ཅན་འཁྲུལ་ཚུལ་དང༌། དག་པ་སངས་རྒྱས་གྲོལ་ཚུལ་ལོ། །དང་པོ་ནི། དེ་ལས་གཞི་སྣང་ཤར་བ་ནི༔ རང་བཞིན་ལྷུན་གྲུབ་སྒོ་བརྒྱད་པ༔ དག་དང་མ་དག་གཉིས་སུ་སྣང༔ དག་པའི་སྒོ་ལ་འཆར་ཚུལ་དྲུག༔ སྐུ་དང་འོད་སོགས་ཕྱིར་སྣང་བར༔ རང་ངོ་རང་གིས་མ་རིག་པ༔ དེ་ནི་ལྷན་སྐྱེས་མ་རིག་པ༔ བདག་གཞན་ཡུལ་དང་ཡུལ་ཅན་འཛིན༔ དེ་ནི་ཀུན་བརྟགས་མ་རིག་ཡིན༔ མ་རིག་གཉིས་ཀྱི་རྐྱེན་བྱས་ཏེ༔ ཁམས་གསུམ་འཁོར་བ་ཉིད་དུ་འཁྲུལ༔ རིགས་དྲུག་རྨི་ལམ་བཞིན་དུ་སྣང༔ ཞེས་པ་སྟེ་གཞི་ངོ་བོ་ལས་མ་གཡོས་ཀྱང་ཐུགས་རྗེའི་ཡེ་གདངས་ཕྱིར་གསལ་དུ་ལྷུན་གྲུབ་སྒོ་བརྒྱད་ཀྱིས་ཤར་བ་ལ། གཞི་སྣང་དེ་རིག་པ་རང་སྣང་དུ་ངོ་ཤེས་ན་ཀུན་བཟང་དང་པོའི་སངས་རྒྱས་ཁྱད་ཆོས་དྲུག་གིས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་ནས་གྲོལ་བར་ངེས་ཀྱང༌། གཞི་སྣང་རང་སྣང་དུ་མ་ཤེས་ཁ་ཕྱིར་བལྟས་ཀྱིས་ཡུལ་ཕྱི་རུ་ཆད། ཡུལ་ཅན་ནང་དུ་ལུས་པས་སོ་སོ་རང་རིག་གི་མཁྱེན་ཆ་འགགས་ཏེ་ཆོས་ཉིད་རང་ངོ་རང་གིས་མ་རིག་པ་ལྷན་སྐྱེས་ཀྱི་མ་རིག་པ། བདག་གཞན་གནས་དོན་ལུས་ཀྱི་སྣང་བ་བག་ཆགས་གསུམ་གྱིས་ཨ་འཐས་ནས་གཟུང་འཛིན་བདག་རྟོག་རགས་པ་མཆེད་པ་ཀུན་བརྟགས་ཀྱི་མ་རིག་པ། དེ་གཉིས་ཀྱི་གཞི་བྱས་ནས་ནང་དུ་ལུས་ངག་ཡིད་གསུམ། ཕྱི་རུ་ཁམས་གསུམ་གྱིས་གཉུག་མའི་རྡོ་རྗེ་གསུམ་ལ་སྒྲིབ་བྱེད་དུ་བྱས་ནས་རིགས་དྲུག་བདེ་སྡུག་གི་འཁྲུལ་པའི་གྲོང་མོ་ཆེ་འདི་བཟོད་ནས་སྐྱེ་འགྲོ་སེམས་ཅན་ཐམས་ཅད་མེད་བཞིན་གློ་བུར་སྣང་བའི་ཀུན་བརྟགས་ཀྱི་ཆོས་ཀྱིས་བསླུས་ནས་མཐའ་མེད་སྲིད་པའི་གྲོང་དུ་འཁྱམས་པའོ། །གཉིས་པ་དག་པ་སངས་རྒྱས་ཀྱི་གྲོལ་ཚུལ་ནི། གཉིས་པ་ལམ་གྱི་རིམ་པ་ནི༔ དེ་ཚེ་སྐུ་དང་འོད་སོགས་ལ༔ རང་ངོ་རང་གི་ཤེས་པ་ནི༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི༔ གཞི་ལས་འཕགས་པའི་གཞི་སྣང་ནི༔ ངོ་བོ་ཡེ་གྲོལ་ཡིན་ན་ཡང༔ རང་བཞིན་བསྐྱར་གྲོལ་ཚུལ་གྱིས་ནི༔ གཉིས་མེད་ཡེ་ཤེས་ལྷུན་གྲུབ་པའི༔ སྐུ་དང་ཡེ་ཤེས་མཐའ་ཡས་སྣང༔ ཞེས་པ་སྟེ། ཤེལ་ལ་འོད་ཡོད་པ་ཉི་མ་དང་འཕྲད་པའི་རྐྱེན་གྱིས་འཇའ་ཟེར་ཕྱིར་སྣང་ཞིང་གསལ་བ་ལྟར་རིག་པའི་གཤིས་སུ་འོད་གསལ་བའི་ཡེ་ཤེས་ཟག་མེད་ཆོས་ཀྱི་འབྱོར་པས་ཕྱུག་བཞིན་བཞུགས་པའི་རང་གདངས་སྐུ་དང་འོད་སྣང་སོགས་ཡེ་གདངས་ཕྱིར་གསལ་དུ་ཤར་བ་ལ་གཟིགས་པས་ནང་རང་བྱུང་རིག་པའི་ཡེ་གདངས་ལས་ཕྱི་རོལ་དུ་དངོས་མཚན་གྱིས་གྲུབ་པ་མེད་པའི་གནད་མངོན་དུ་གྱུར་ནས་ཆོས་ཉིད་ཀྱི་གཤིས་མྱོང་བས་རྟོགས་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་ཏེ། དེའི་སྟོབས་ཀྱིས་རིག་པ་དང་པོའི་འཁྲུལ་གཞི་ལས་ཁྱད་པར་དུ་འཕགས་ཏེ་སླར་འཁྲུལ་མི་ནུས། ༡ རང་ངོ་ཆོས་ཉིད་ཟག་མེད་ཀྱི་ཡོན་ཏན་མ་ཉམས་པར་ནང་དུ་གསལ། ༢ རིག་རྩལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་གྲོལ་འཁྲུལ་གྱི་བྱེ་བྲག་ཕྱེད། ༣ སྣང་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་གཟུང་འཛིན་ཁུང་སྟོར་ཏེ་གྲོལ་བ། ༤ མི་སློབ་མཐར་ཐུག་ཆོས་སྐུའི་ཀློང་དུ་མངོན་སངས་རྒྱས་ཀྱང་གདོད་ནས་ཡེ་གྲོལ་གྱི་དགོངས་པའི་ཀློང་དུ་བཙན་ས་ཟིན་པ་ལས་འབྲས་བུ་གཞན་འབྱུང་གི་རྐྱེན་ལ་རག་མ་ལུས། ༥ གདོད་ནས་ཇི་ལྟར་གནས་པའི་ཆོས་ཉིད་མ་བཅོས་པའི་གཤིས་གཏན་ལ་ཕེབས་པའི་ཁྱད་པར་ ༦ དྲུག་གིས་དང་པོའི་སངས་རྒྱས་དང་གཉིས་སུ་མེད་པ་མངོན་པར་བྱང་ཆུབ་པ་ལ་བསྐྱར་གྲོལ་གྱི་བརྡར་བཏགས་པའོ། །གསུམ་པ་ཀུན་བཟང་ཐུགས་ཀྱི་བསྟན་པ་བྱུང་ཚུལ་ནི། དེ་ཚེ་སྟོན་པ་ཀུན་བཟང་གིས༔ མ་དག་འཁོར་བའི་སྣང་ཚུལ་གཟིགས༔ འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར༔ ཁམས་དང་དབང་པོ་འཚམ་པ་ཡི༔ སྤྲུལ་པའི་སངས་རྒྱས་བྱང་སེམས་དང༔ ཞི་ཁྲོ་སྒྱུ་འཕྲུལ་སྣ་ཚོགས་བསྟན༔ ཐེག་པའི་ཐབས་ཚུལ་དུ་མ་གསུངས༔ གདུལ་བྱ་རྒྱུད་ནི་དག་པ་ལ༔ སྐུ་ཡི་ཚུལ་དུ་བརྡ་ཡིས་སྟོན༔ ཤིན་ཏུ་བླུན་པའི་སེམས་ཅན་ལ༔ གསུང་དབྱངས་ཡི་གེ་སོགས་ཀྱིས་སྟོན༔ ཐེག་པ་ཀུན་གྱི་མཐར་ཐུག་འདི༔ རྡོ་རྗེ་སེམས་དཔས་རབ་བསྡུས་ཏེ༔ རིགས་གསུམ་མགོན་པོའི་ཚུལ་སྣང་བས༔ སྲིད་པ་གསུམ་དུ་རྒྱས་པར་མཛད༔ མཐའ་ཡས་འགྲོ་བ་འོད་སྐུར་གྲོལ༔ སློབ་དཔོན་དགའ་རབ་རྡོ་རྗེ་ཡིས༔ རྡོ་རྗེ་སེམས་དཔའ་དངོས་ལས་ཐོབ༔ འཇམ་དཔལ་བཤེས་གཉེན་ལ་བསྩལ་བས༔ དེ་ལ་ཤྲཱི་སེང་ཧས་ཞུས༔ བཀའ་དྲིན་ཅན་གྱི་བླ་མ་དེས༔ པདྨ་འབྱུང་གནས་བདག་ལ་བསྩལ༔ ད་ལྟ་རྗེ་འབངས་གྲོགས་ལ་གདམས༔ མ་འོངས་དོན་དུ་གཏེར་དུ་སྦས༔ ས་མ་ཡ༔ ཞེས་གསུངས་པ་ལྟར་སངས་རྒྱས་དགོངས་པས་གདུལ་བྱའི་སེམས་ཅན་ལ་གཟིགས་པས་རང་ལ་གནས་པའི་ཆོས་ཉིད་མ་རྟོགས་པ་རང་སྣང་བདག་ཏུ་བཟུང་བས་ཁམས་གསུམ་གྱི་སེམས་ཅན་འཁྲུལ་པར་མཁྱེན་ནས་རང་བྱུང་ཀུན་ཁྱབ་ཀྱི་ཐུགས་རྗེའི་རྩལ་གཡོས་ཏེ། ཐབས་མཁས་ཀྱི་མཛད་པས་སྤྲུལ་པ་བསམ་མི་ཁྱབ་པ་གང་འདུལ་དུ་བསྟན་ནས་ཐེག་པ་སྣ་ཚོགས་པའི་ཆོས་སྟོན་པ་ལས་ཀུན་གྱི་མཐར་ཐུག་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་རྣམས་རྡོ་རྗེ་སེམས་དཔས་བསྡུས་ཏེ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རིགས་གསུམ་མགོན་པོའི་རྣམ་པར་བསྟན་ནས་ལྷ་ཀླུ་མི་ཡི་སྲིད་པ་གསུམ་དུ་སྣང་བར་མཛད་ཅིང་འབྲེལ་ཚད་འོད་སྐུར་གྲོལ་བའི་གདམས་པ་འདི་རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སེང་ཧ། འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་པདྨ་འབྱུང་གནས་ཀྱིས་རྗེ་འབངས་གྲོགས་གསུམ་ལ་བསྟན་ནས་གཏེར་དུ་སྦས་པ་ནི་ཡིད་ཆེས་བསྐྱེད་པའི་ལོ་རྒྱུས་མདོར་བསྡུས་པའོ། །རྩ་བའི་གཉིས་པ་ལམ་སྒོམ་པས་ཉམས་སུ་ལེན་པ་ལ་ཁྱད་པར་གྱི་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ཁྱད་པར་གྱི་སྔོན་འགྲོ་ལ། སྒོ་གསུམ་རུ་ཤན་དུ་དབྱེ་བ། རྣལ་དུ་དབབ་པ། ་སོར་བཞག་པའོ། །དང་པོ་ལའང་སྒོ་གསུམ་རུ་ཤན་དུ་དབྱེ་ཚུལ་གསུམ་ལས། དང་པོ་ལུས་སྦྱོང་རུ་ཤན་དབྱེ་བ་ནི། དང་པོ་རུ་ཤན་དབྱེ་བ་ནི༔ རྐང་པ་མཐིལ་སྤྲད་ཐུར་དུ་གཟུག༔ ལག་གཉིས་གྱེན་སྒྲེང་ཐལ་མོ་སྦྱར༔ མིག་ནི་ཐད་ཀར་བཞག་ནས་སུ༔ མཐར་ནི་གན་རྐྱལ་ཉིད་དུ་འགྱེལ༔ ཞེས་པ་སྟེ་རྫོགས་ཆེན་བཀའ་གཏེར་གྱི་གཞུང་རྣམས་ནས་སྒོ་གསུམ་རུ་ཤན་དབྱེ་བ་དང༌། སྒོ་གསུམ་སྦྱོང་ཚུལ་སོ་སོར་བྱ་བ་དང༌། ཆིག་དྲིལ་དུ་བྱེད་པ་དུ་མ་གསུངས་པས་སྐབས་འདིར་སྒོ་གསུམ་རུ་ཤན་དབྱེ་བ་དང༌། སྦྱོང་བ་ཆིག་དྲིལ་དུ་བྱེད་པའི་ལུགས་ཏེ། ད་ལྟ་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་ལ་ཡེ་གནས་སུ་ཡོད་ཀྱང་རང་རྩལ་འཁྲུལ་སྣང་གིས་བསྒྲིབས་ཏེ་འཁོར་འདས་གཉིས་འདབས་འབྲེལ་ནས་ཡོད་པ་དེ་མན་ངག་གི་སྟོབས་ཀྱིས་འཁྲུལ་པའི་མཚངས་བརྟོལ་ནས་མ་འཁྲུལ་ཡིན་ལུགས་ཀྱི་དོན་རྟོགས་པར་བྱེད་པའི་རུ་ཤན་དབྱེ་ཞེས་བྱ་བ་སྟེ། ཐོག་མར་སྔོན་འགྲོ་སྤྱི་དང་བླ་མའི་རྣལ་འབྱོར་དམིགས་སྒོམ་རྡོ་རུས་འཕྲོད་པར་བྱ། རྩ་བས་ཇི་ལྟར་བསྟན་པའི་ལུས་རྡོ་རྗེའི་འདུག་སྟངས་བྱས་ལ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་དམིགས་པ་རྩེ་གཅིག་གཏད་པའི་ངལ་ནས་གན་རྐྱལ་དུ་འགྱེལ་བའི་ཚེ་རིག་པའི་རང་ངོ་བལྟས་པས་ངལ་གསོས་ཏེ། སླར་ཡང་འདུག་སྟངས་བྱ་བ་ཞག་གསུམ་སོགས་བྱེད་པའོ། །གཉིས་པ་ནི། ངག་ནས་ཧཱུྃ་རིང་ཧཱུྃ་ཐུང་བརྗོད༔ ཅེས་པ་སྟེ་རླུང་སེམས་གཉིས་མེད་ཀྱི་རང་གདངས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྲོག་ཡི་གེ་ཧཱུྃ་ཡིག་མཐིང་ནག་བྱུང་སྟེ་ཕྱིའི་སྣང་བ་ཐམས་ཅད་ཧཱུྃ་དུ་གྱུར་པར་བསམ་ལ་ཧཱུྃ་གླུ་དལ་གྱིས་ལེན། དམིགས་པ་བརྟན་པོ་ཟིན་པ་དང་ཧཱུྃ་གླུ་བརྗོད་པས་ཧཱུྃ་ཐམས་ཅད་ལུས་ཀྱི་ནང་དུ་ཞུགས་ཏེ་ཁོག་པ་ཧཱུྃ་གིས་གང་བར་བསམ། སླར་ཧཱུྃ་དྲག་པོ་བརྗོད་པས་ཕྱིའི་སྣང་བ་དང༌། ནང་རང་ལུས་ཐམས་ཅད་རྡུལ་བཞིན་གཏོར་བར་བསམ་ལ་ཧཱུྃ་དྲག་པོ་བརྗོད་པས་སྣང་སེམས་ཀྱི་བདེན་ཞེན་ལྡོག་པ་ལ་ཟབ་པའོ། །གསུམ་པ་ནི། སེམས་ནི་དང་པོ་གང་བྱུང་བརྟགས༔ གང་ནས་མ་བྱུང་ཐོག་མ་མེད༔ བར་དུ་གང་དུ་མི་གནས་ཏེ༔ ལུས་ཀྱི་ཕྱི་ནང་གང་ལའང་མེད༔ ཐ་མར་གང་དུ་མི་འགྲོ་སྟེ༔ ཕྱོགས་བཅུ་གང་དུའང་ཕྱིན་པ་མེད༔ བདག་དང་གཞན་དུ་གྲུབ་པ་མེད༔ དངོས་མེད་ཡུལ་མེད་གཞི་རྩ་བྲལ༔ ཞེས་པ་སྟེ་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ་འདི་དང་པོ་དངོས་དངོས་མེད་གང་ལས་བྱུང༌། བར་དུ་ལུས་དབང་ཤེས་གསུམ་ཕྱི་ནང་གང་གི་སྟེང་དུ་གནས། ཐ་མར་གང་དུ་འགྲོ་ས་འགྲོ་མཁན་ཡོད་མེད་བརྟགས་པས་ཡོད་ན་དངོས་མཚན་ཇི་ལྟར་འདུག །མེད་ན་ཀུན་ཤེས་ཀུན་རིག་འདི་གང་ཡིན་ཞིབ་ཏུ་རིགས་པས་འཚོལ་ཞིང་དཔྱད་པས་མེད་པ་གསལ་སྣང་ཙམ་ལས་ཐོག་མ་ཉིད་ནས་སྐྱེ་འགག་གནས་གསུམ་མེད་བཞིན་སྐྱེ་འགག་གནས་པ་ལྟར་སྣང་བ་ཆུ་ཟླ་དང་འཇའ་ཚོན་ལྟ་བུའི་ངེས་པ་བརྟན་པོ་མ་སྐྱེས་བར་འཚོལ་ཞིང་དཔྱད་སྒོམ་ནན་ཏན་དུ་བྱ། དེ་ལྟར་སྦྱང་གཞི་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་གྱི་ཡེ་ཤེས་ལ། སྦྱང་བྱ་འཁྲུལ་པའི་སྒོ་གསུམ་གྱི་སྒྲིབ་པ་དང༌། སྦྱོང་བྱེད་རུ་ཤན་འདིས་སྦྱངས་པས་མ་དག་འཁྲུལ་རྟོག་རྒྱུ་འབྲས་རྫུན་པར་གོ །གཉུག་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་གྱུར་ནས་འཁོར་འདས་རུ་ཤན་ཕྱེད་པའོ། །གཉིས་པ་རྣལ་དབབ་ནི། གཉིས་པ་རྣལ་དུ་དབབ་པ་ནི༔ འདས་པའི་རྟོག་པ་མེད་གྱུར་ན༔ འདས་པའི་རྗེས་ཞིག་སུ་ལ་གཅོད༔ མ་འོངས་རྟོག་པ་མེད་གྱུར་ན༔ དེ་ཡི་མདུན་ནི་ཅི་ཞིག་བསུ༔ ད་ལྟའི་རྟོག་པ་སྐད་ཅིག་ལ༔ གཟུགས་དང་ཁ་དོག་དབྱིབས་མེད་པས༔ འདི་ཞེས་བརྗོད་རྒྱུ་ཅི་ཡང་མེད༔ དེ་ཡི་ངང་དུ་མཉམ་བཞག་པས༔ རྟོག་མེད་ལྷན་ནེར་གནས་པ་ལ༔ ལུས་ནི་ཅི་བདེ་ངག་རང་བབ༔ སེམས་ནི་སྤྲོ་བསྡུ་མེད་པར་བཞག༔ ཞེས་པ་སྟེ་མེད་བཞིན་སྣང་བའི་སེམས་འདི་དུས་གསུམ་རྟོག་པའི་ཕྲེང་བ་བར་མ་ཆད་པས་འདུ་བྱེད་ཀྱི་ལས་རྒྱུན་བསགས་ཀྱང་ཇི་བཞིན་དཔྱད་ན་འདས་པའི་རྟོག་པ་འགག་ཟིན་པས་རྗེས་གཅོད་བྱ་བའི་དངོས་པོས་སྟོང༌། མ་འོངས་པའི་རྟོག་པ་ད་ལྟ་གཏན་ནས་མ་སྐྱེས་པ་རི་བོང་གི་རྭ་ལྟར་ཡིན་པས་དངོས་མེད་ལ་མདུན་ཇི་ལྟར་བསུ། འདས་མ་འོངས་གཉིས་ཀ་ལ་མ་ལྟོས་པའི་ད་ལྟའི་རྟོག་པ་ཚུགས་ཐུབ་ཀྱི་དངོས་པོ་ཞིག་མེད་པའི་ཕྱིར་དུས་གསུམ་རྟོག་པས་སྔོན་བསུ་རྗེས་དཔྱོད་སྤྲོ་བསྡུ་གང་ཡང་མ་བྱས་པའི་རང་སེམས་གཉུག་མའི་རང་ངོ་བསྐྱངས་ཏེ་ལྷན་ནེར་བཞག་སྟེ། ལུས་འདུག་སྟངས་ཅི་བདེ། ངག་སྨྲ་བརྗོད་མེད་པའི་རླུང་འབྱུང་འཇུག་དལ་བུས་བྱས་ཏེ་བསྐྱངས་བས་སྔར་སྒོ་གསུམ་རུ་ཤན་གྱིས་གཅུན་པ་ལྷོད་ཀྱིས་ཀློད་པས་གཉུག་མའི་ཆོས་ཉིད་འཆར་བའི་ཐབས་རྨད་དུ་བྱུང་བའོ། །གསུམ་པ་སོར་བཞག་ནི། གསུམ་པ་རང་སོར་བཞག་པ་ནི༔ མིག་གི་ལྟ་སྟངས་སྣ་ཚོགས་དང༔ ལུས་ཀྱི་འཁྲུལ་འཁོར་སྣ་ཚོགས་དང༔ ངག་གི་སྨྲ་བརྗོད་སྣ་ཚོགས་ལ༔ ཉམས་ལེན་དེ་དང་འདྲེས་པར་བསླབ༔ དེ་བཞིན་མི་མང་འདུ་ཚོགས་དང༔ སྐྱིད་སྡུག་བསྟོད་སྨད་ཆགས་སྡང་དང༔ ཉོན་མོངས་རྟོག་ཚོགས་ཅི་སྐྱེས་ཀྱང༔ སྟོང་ཉིད་རྣལ་མའི་དོན་ལ་བཞག༔ དེ་ཚེ་ཡུལ་མེད་རང་སར་གྲོལ༔ ཞེས་པ་སྟེ། མིག་གི་ལྟ་སྟངས་ལུས་ཀྱི་བཞུགས་སྟངས་མ་ངེས་པ་སྣ་ཚོགས་དང༌། ཡུལ་རྐྱེན་མི་མང་གི་འདུ་ཚོགས། སེམས་ལ་སྐྱིད་སྡུག། ཉོན་མོངས་ཀྱི་རྟོག་ཚོགས་ཅི་ཡང་སྐྱེ་རུ་བཅུག་སྟེ་ཡུལ་ཤེས་དེ་དང་རིག་པའི་ཉམས་མྱོང་བསྲེས་ལ་རྩལ་སྦྱངས་པས་སྒོ་གསུམ་གྱི་གནད་དང་ཡུལ་རྐྱེན་གྱིས་རིག་པའི་ངར་ལྷོངས་ཏེ། ཡུལ་རྐྱེན་གྱི་རྟོག་པའི་འདུ་འཕྲོ་རིག་པས་ཟིལ་གྱིས་མནན་ནས་ཉམས་ལེན་གྱིས་རྐྱེན་ཐུབ་པའི་བོགས་འབྱིན་དུ་འགྱུར་བས་གྲོལ་ལུགས་ཀྱི་གནད་མཐོང་བར་འགྱུར་རོ། །གཉིས་པ་ལམ་གྱི་དངོས་གཞི་ཁྲེགས་ཆོད་ཀྱི་གདམས་པས་ཆོས་ཉིད་ཀྱི་ལྟ་བ་ངོ་རང་ཐོག་ཏུ་སྤྲད་པ་དང༌། ངང་བཞག་གི་སྒོམ་པས་ཐག་གཅིག་ཐོག་ཏུ་བཅད་པ། རང་གྲོལ་གྱི་སྤྱོད་པས་གདེང་གྲོལ་ཐོག་ཏུ་བཅའ་བ་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་བསྟན་པའོ། །དང་པོ་ནི། གཉིས་པ་དངོས་གཞི་ཁྲེགས་ཆོད་ནི༔ ངོ་ནི་རང་ཐོག་སྤྲད་པར་བྱ༔ རྣམ་རྟོག་དགག་པར་མི་བྱ་ཞིང༔ རང་རིག་ཆེད་དུ་མི་བསྒྲུབ་པར༔ གང་ལའང་འཛིན་མེད་ངང་ལ་བཞག༔ དེ་ཚེ་འཛིན་མེད་ངོ་བོ་སྟོང༔ རྟོག་མེད་ངང་དུ་ཧད་དེ་བ༔ རང་བཞིན་རང་གསལ་ལྷང་ངེ་བ༔ གསལ་སྟོང་རིག་པའི་སྙིང་པོ་ཅན༔ ཕྱི་ནང་དབྱེར་མེད་ཟང་ཐལ་ལེ༔ རིག་སྟོང་རྗེན་པར་བུད་པ་དེ༔ ཀུན་བཟང་ཆོས་ཀྱི་སྐུ་ཡིན་ནོ༔ ཞེས་པ་སྟེ་རྫོགས་པ་ཆེན་པོའི་རིག་སྟོང་ཡེ་ཤེས་ཀྱི་དགོངས་པ་རྗེན་ཅེར་དུ་སྒྲ་ཇི་བཞིན་པར་རྟོགས་ན་གཟུང་འཛིན་འཁྲུལ་པའི་གཞི་རྩ་ཡུད་ཙམ་གྱིས་ཁྲེགས་སུའམ་རྦད་ཀྱིས་ཆོད་དེ་གྲོལ་བར་ངེས་ཤིང༌། དེའི་གནད་ནི་གདོད་ནས་རང་ལ་བཞུགས་པའི་ཆོས་ཉིད་ཀྱི་ངོ་བོ་རང་ཐོག་ཏུ་ངོ་སྤྲད་ནས་འཕྲོད་པ་ནི་ལྟ་བ་སྟེ། ལུང་རིགས་ཡིད་དཔྱོད་ཀྱིས་དཔྱད་པ་དང༌། ཐབས་ཀྱིས་གཅུན་པ་སོགས་འབད་རྩོལ་ལ་མ་ལྟོས་པར་མངོན་སུམ་རང་ཐོག་ཏུ་མྱོང་བས་ངོ་སྤྲད་པས་ངོ་འཕྲོད་ཤིན་ཏུ་སླ་བ་སྟེ། དེའི་ཚུལ་ནི་བཟང་ངན་གྱི་རྣམ་རྟོག་གང་སྐྱེས་ཀྱང་རིག་པའི་རང་རྩལ་ཡིན་པས་དགག་ཅིང་སྤང་བར་མི་བྱ་སྟེ། སེམས་ལས་འདས་པའི་རིག་སྟོང་རྗེན་པ་ཞིག་རྟོགས་རྒྱུ་ཡོད་པའི་རེ་བས་འབད་རྩོལ་གྱིས་ཆེད་དུ་སྒྲུབ་ཅིང་འཚོལ་བས་ཀྱང་རྙེད་དུ་མེད་པའི་ཕྱིར་སྤྲོ་བསྡུ་བཟོ་བཅོས་ཀུན་དང་བྲལ་བའི་མ་བཅོས་གཉུག་མའི་རང་ངོའི་ངང་ལ་ཕྱམ་གྱིས་གནས་པའི་རང་ངོར་བལྟས་པས་འདི་ཡིན་གྱི་གཟའ་གཏད་དང་བྲལ་བའི་ཟང་ཐལ། ཅི་ཡང་མ་ཡིན་པའི་འཛིན་མེད་ཀྱི་ཡེ་ཤེས་སྐྱེ་འགག་ཡོད་མེད་ཀྱི་མཐའ་ལས་འདས་པའི་ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་ངག་ཡིད་ཀྱི་རྩོལ་རྟོག་ལས་འདས་པ་ངོས་ཟིན་པ་ནི་ཀ་དག་སྤྲོས་བྲལ་དོན་གྱི་ལྟ་བ་སྟེ། དེ་ཉིད་ངོ་མ་ཤེས་ན་ཇི་ལྟར་བསྒོམས་ཤིང་འབད་ཀྱང་བློས་བྱས་བཅོས་མའི་ལྟ་སྒོམ་ལས་མི་འདའ་བས་རྫོགས་པ་ཆེན་པོའི་ལྟ་བ་ཉམས་འོག་ཏུ་ཆུད་པའི་དུས་མི་འབྱུང་བའི་ཕྱིར་འདི་ཉིད་ཁོ་ན་ངོ་ཤེས་པ་དང་པོ་གལ་ཆེ་བའོ། །གཉིས་པ་ངང་བཞག་གི་སྒོམ་པས་ཐག་གཅིག་ཐོག་ཏུ་བཅད་པ་ནི། ཐག་ནི་གཅིག་གི་སྟེང་དུ་གཅོད༔ རིག་སྟོང་དབྱེར་མེད་ངང་ཉིད་ལས༔ མ་གཡོས་བཞིན་དུ་སྣང་ཞིང་སྟོང༔ ཐམས་ཅད་སྒྱུ་མ་ལྟ་བུར་ཤར༔ སྒྲ་གྲགས་བྲག་ཆའི་སྒྲ་བཞིན་ཐོས༔ ཉོན་མོངས་རྟོག་ཚོགས་ཅི་ཤར་ཡང༔ གཞི་མེད་རྩ་བྲལ་རང་སར་ཡལ༔ ཐམས་ཅད་ཆུ་ཡི་རི་མོ་བཞིན༔ དེ་ཚེ་ལས་མེད་འཁོར་བ་སྟོང༔ ཐམས་ཅད་ཆོས་སྐུའི་ཡོ་ལང་དུ༔ ཆོས་ཉིད་རོལ་པར་ཐག་ཆོད་ཚེ༔ འདོད་ཡོན་ལྔ་ལ་ཅི་སྤྱད་ཀྱང༔ འཛིན་མེད་ཞེན་མེད་སྒྱུ་མར་རོལ༔ ཐམས་ཅད་ཡེ་ཤེས་བསྐྱེད་བའི་རྒྱན༔ ཅི་བྱས་ཐམས་ཅད་བསོད་ནམས་ཚོགས༔ ལམ་གྱི་ཡོན་ཏན་གོང་དུ་འཕེལ༔ གདམས་པ་འདི་འདྲ་འཕྲད་པའི་ཚེ༔ འདི་དོན་རྟོགས་པར་མི་བརྩོན་ན༔ དེ་ནི་བློ་སྙིང་རུལ་བ་ཡིན༔ ཡིད་བཞིན་ནོར་འདྲའི་གདམས་པ་འདི༔ འཕྲད་ནས་བློ་ཐག་འདི་ལ་གཅོད༔ གདམས་ངག་གཞན་གྱིས་ཅི་ཞིག་བྱ༔ དེ་ཕྱིར་གྲུབ་མཐའ་འདི་བཟུང་ན༔ རྫོགས་པའི་སངས་རྒྱས་མྱུར་དུ་འགྲུབ༔ ཞེས་པ་སྟེ་ངོ་འཕྲོད་པའི་ལྟ་བ་དེའི་ཉམས་མྱོང་བསྐྱངས་ན་ངང་བཞག་ཆུ་བོ་རྒྱུན་གྱི་སྒོམ་པ་དང་མ་བྲལ་བར་གནས་ན་ཆོས་སྐུའི་ངོ་བོ། འཕྲོ་ན་ཡེ་ཤེས་ཀྱི་རང་རྩལ་དུ་བསྐྱངས་ནས། སྣང་གྲགས་རྟོག་པའི་འགྱུ་འཕྲོ་གང་ཤར་ཐམས་ཅད་ཀྱི་རང་བཞིན་ཆོས་ཉིད་སྐྱེ་འགག་གནས་བྲལ་དུ་ཤེས་དགོས་པའི་ཕྱིར་སྔར་ངོ་འཕྲོད་པའི་ལྟ་བ་དེའི་ངང་ལས་མ་འདས་ན་ཆིག་ཆོད་ཀུན་གྲོལ་ཡིན་པས་མི་སྒོམ་པའི་སྒོམ་པ་ཆེན་པོ་རང་གནས་ཕྱལ་བའི་ཡེ་ཤེས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་སྐྱོང་ཤེས་ན། རིག་རྩལ་རྟོག་པའི་འཕྲོ་འདུ་ཐམས་ཅད་རང་གྲོལ་གྱིས་འདུ་བྱེད་འཁོར་བའི་ལས་རྒྱུན་མི་བསགས། སྣང་སྲིད་ཐམས་ཅད་ཆོས་ཉིད་ཉག་གཅིག་གི་རྒྱན་དུ་འཆར་ཏེ་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་མོའི་ཚོགས་གཉིས་གཞིར་རྫོགས་སུ་གྱུར་པས་དཔྱིད་སོས་དུས་ཀྱི་སྦྲན་པའི་རྩི་ཤིང་མི་སྐྱེ་བའི་རང་དབང་མེད་པ་བཞིན་ས་ལམ་གྱི་ཡོན་ཏན་གཞི་ལ་གནས་པ་ཐམས་ཅད་མངོན་དུ་སད་པ་ནི་ཆོས་ཐམས་ཅད་ཀྱི་སྙིང་པོ། ཐེག་པ་ཐམས་ཅད་ཀྱི་རྩེ་མོ། མཐར་ཐུག་གི་གྲུབ་མཐའ་འདི་ལས་མེད་པར་བློ་ཐག་བཅད་ལ་རྩེ་གཅིག་ཏུ་ཉམས་ལེན་གནད་ཐོག་དུ་འགྲོ་བར་བྱས་ན་མཐར་འབྲས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འགྱུར་བའོ། །གསུམ་པ་རང་གྲོལ་གྱི་སྤྱོད་པས་གདེང་གྲོལ་ཐོག་ཏུ་བཅའ་བ་ནི། གདེང་ནི་གྲོལ་ཐོག་བཅའ་བ་ནི༔ དེ་ལྟར་ཁྲེགས་ཆོད་མཉམ་བཞག་ཚེ༔ ཡིན་མིན་བློ་ཡི་རེ་དོགས་རྣམས༔ རང་བབ་ངང་དུ་བཞག་པའི་ཚེ༔ ཡིད་བྱེད་བློ་ཡི་སྤུ་རིས་རྣམས༔ སྔ་མ་ཕྱི་མས་དགྲོལ་མི་དགོས༔ ཤར་བ་གྲོལ་བ་དུས་མཉམ་ཡིན༔ གཉེན་པོས་གཞོམ་བྱ་འཇོམས་བྱེད་མེད༔ རྣམ་རྟོག་རང་གིས་རང་གྲོལ་ལོ༔ མཐོང་བ་ཙམ་གྱིས་རང་སར་ཡལ༔ ཅེར་གྱིས་མཐོང་བར་གྲོལ་བ་ཡིན༔ མཐོང་བྱ་མཐོང་བྱེད་སྔ་ཕྱི་ཡིས༔ བསྐྱར་མི་དགོས་པ་ཡེ་གྲོལ་ལོ༔ དེ་ལྟར་ཤར་གྲོལ་རང་གྲོལ་དང༔ ཅེར་གྲོལ་ཡེ་གྲོལ་བཞི་པོ་འདི༔ རྗེས་ཐོབ་སྐབས་སུ་གོ་བ་ཙམ༔ མཉམ་པར་བཞག་པའི་གནས་སྐབས་ལ༔ བློ་ཡི་སྤྱོད་ཡུལ་མི་དགོས་ཏེ༔ རང་རིག་འོད་གསལ་བློ་ལས་འདས༔ ལམ་གཉིས་གྲོལ་བའི་འབྲས་བུ་རྣམས༔ དཔེ་རྒྱུན་གཞན་དག་ལས། གཞི་ལམ་གཉིས་གྲོལ་འབྲས་བུ་རྣམས༔ ཞེས་འབྱུང༌། མཆན། ངོ་བོ་གཅིག་གི་དབྱིངས་སུ་རྫོགས༔ སྔར་འདྲིས་མི་དང་འཕྲད་པའི་ཚེ༔ ཡིན་མིན་རྟོག་དཔྱོད་མི་དགོས་ལྟར༔ རྫོགས་ཆེན་བྱ་རྩོལ་བྲལ་བ་ཡི༔ ཆོས་ཉིད་དབྱིངས་སུ་གདེང་ཐོབ་པས༔ འཕགས་པའི་ས་ལ་ཕྱིན་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ཞེས་པ་སྟེ་གྲོལ་ལུགས་ཀྱི་གནད་འདི་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ་ལམ་གཞན་ལྟར་ཡིད་བྱེད་བློ་ཡི་འཆར་སྒོ་ཇི་སྙེད་ཅིག་བྱུང་བ་རྣམས་རེ་རེ་བཞིན་གཉེན་པོ་རེ་འཚོལ་མི་དགོས་པར་གང་ཤར་བའི་རང་ངོ་ལ་བལྟས་པས་སྤང་བླང་མེད་པར་ཆོས་ཉིད་གཅིག་ལས་བྱུང་བའི་ཕུ་ཐག་ཆོད་པས་དེའི་ངང་དུ་བཞག་ན་གང་ཤར་བ་དང་ཆོས་ཉིད་ཀྱིས་རྩིས་ཟིན་པ་གཉིས་དུས་མཉམ་དུ་སོང་བས་འཁྲུལ་རྟོག་གི་གཞི་ཆོད་དེ་རྗེས་ཤེས་མེད་པས་རྣམ་རྟོག་སྔ་མའི་ནུས་པས་ཕྱི་མའི་བག་ཆགས་ཀྱི་རྒྱུན་མཐུད་པའི་འདུ་བྱེད་ཀྱི་ལས་རྒྱུན་མི་གསོག་པ་ཤརྃ་གྲོལྃ་དུས་མཉམ་དུ་སོང་བས་ཅི་ཤར་ཆོས་ཉིད་ཀྱི་རྒྱན། ཅི་འགྱུ་ཡེ་ཤེས་ཀྱི་རོལ་པར་དག་པ་ནི་རྣམ་རྟོག་རང་གིས་རངྃ་གྲོལྃ་བའི་གནད་ཤེས་ན་སྤང་གཉེན་གཉིས་འཛིན་གྱི་རྟོག་པས་མ་བསླད་པའི་ཆོས་ཉིད་དུ་དག་པ་དང༌། དེ་ལ་གོམས་པའི་མཐུ་བརྟས་པས། ཆོས་ཉིད་གཉུག་མའི་ངང་དུ་བཞག་པའི་ཚེ་རིག་རྩལ་གང་ཤར་ཀྱང་ཤར་བ་དང་རིག་པ་ངོས་ཟིན་པ་དུས་མཉམ་གྱིས་ཤར་མ་ཐག་ནས་ཆེད་དུ་གཉེན་པོའི་རྒྱས་འདེབས་མི་དགོས་པར་ཆོས་ཉིད་རང་བབ་ཀྱི་ངང་དུ་སླེབ་ཅིང་ཅེརྃ་གྱིས་གྲོལྃ་བ་དང༌། དེ་ལྟར་གདེང་ཐོབ་པའི་ཚེ་རིག་པ་དང་རང་རྩལ་གཉིས་ཀ་ཆོས་ཉིད་གཅིག་གི་ངང་དུ་དག་ནས་ཡུལ་ཡུལ་ཅན་གྱི་འཛིན་སྟངས་ཀྱིས་མ་བསླད་པ་རིག་རྩལ་ཐམས་ཅད་ཆོས་ཉིད་གཅིག་ལས་གཞན་དུ་མ་གྱུར་པའི་དོན་གྱི་གནས་ལུགས་ཀྱི་སྟེང་དུ་སླེབ་པ་འདི་ངོས་ཟིན་ན་གདོད་ནས་དེ་ལྟར་ཡིན་པས་ཡེྃ་གྲོལྃ་ཞེས་བྱ་བ་སྟེ་དེ་དག་གྲོལ་བ་ལ་ཁྱད་པར་མེད་ཀྱང་སྤང་གཉེན་གྱི་འཛིན་སྟངས་དང་རྩོལ་སྒྲུབ་ཡོད་མེད་ལ་ལྟོས་ནས་བཞིར་དབྱེ་བ་སྟེ་སྤྱིར་དེ་དག་ཀྱང༌། གཉུག་མ་དོན་གྱི་འོད་གསལ་སེམས་ཅན་ཀུན་དང་འདུ་འབྲལ་མེད་པ་སྒྲ་ཇི་བཞིན་དུ་བཞུགས་ཀྱང་གྲོལ་ཚུལ་གྱི་གནད་འདི་མ་ཤེས་པས་ཕྱི་འཁོར་བའི་རྒྱུ་འབྲས་བསྐྱེད་པ་སྟེ་གནད་འདི་ཤེས་ན་ཡུད་ཙམ་གྱིས་གྲོལ་ཚུལ་བཞིའི་རྣམ་བཞག་གི་ནང་རྗེས་ཐོབ་ཤན་འབྱེད་ཀྱི་སྐབས་སུ་དབྱེ་བ་སྟེ། མཉམ་བཞག་ལ་ཟླ་བའི་ཚེ་རིག་པ་རང་མལ་ལས་མ་གཡོས་པའི་ངང་ཉིན་མཚན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གོམས་པས་འཁྲུལ་གྲོལ་གྱི་ལམ་གཉིས་ཀྱིས་འཁོར་འདས་སྤང་བླང་དུ་འཛིན་མ་དགོས་པར་གནས་ལུགས་གཞིའི་འོད་གསལ་མ་ལྟ་བུ་དང༌། ཉམས་ལེན་ལམ་གྱི་འོད་གསལ་བུ་ལྟ་བུ་གཉིས་གཅིག་ཏུ་འདྲེས་པས་གྲོལ་བའི་གདེང་ཐོབ་སྟེ་མ་བུ་ལྷན་དུ་འཕྲད་ན་འཁུ་འཕྲིགས་གང་ཡང་མི་དགོས་པས་བརྩེ་གདུང་གི་བག་ཆགས་དུད་འགྲོ་ལའང་ཡོད་པ་ལྟར་གྱུར་པས་འཕགས་པའི་ས་ལ་མྱུར་དུ་ཕྱིན་ནས་གྲོལ་བའི་གདེང་ཐོབ་པར་ངེས་པའོ། །གསུམ་པ་རྗེས་ཀྱི་ཁྲིད་རིམ་ལ་འོད་གསལ་ཐོད་རྒལ་གྱི་གསེང་ལམ་ལས་གྲོལ་ཚུལ་བསྟན་པ་དང༌། འབྲས་བུའི་གྲོལ་ཚད་བཤད་པ་གཉིས་ལས། དང་པོ་ལའང༌། འོད་གསལ་འཆར་བའི་གཞི་བསྟན་པ་དང༌། ལམ་སྣང་བཞི་དངོས་བསྟན་པའོ། །དང་པོ་ནི། གསུམ་པ་འབྲས་བུ་གྲུབ་ཚུལ་ནི༔ གནས་སྐབས་ལམ་རྟགས་ཡོན་ཏན་དང༔ མཐར་ཐུག་འབྲས་བུ་གྲུབ་ཚུལ་ལོ༔ དང་པོ་སྙིང་དབུས་མི་ཤིགས་པའི༔ འོད་ལྔའི་ཐིག་ལེའི་ནང་དབྱིངས་སུ༔ རིག་པ་ཡེ་ཤེས་སྐུར་སྣང་བ༔ དཀར་འཇམ་ཤེལ་གྱི་ལམ་ནས་འཇུག༔ རྒྱངས་ཞགས་ཆུ་ཡི་སྒོ་རུ་ཤར༔ ཁྲེགས་ཆོད་ལྟ་བ་དེ་ཡི་ངང༔ ལུས་གནད་བསྲང་ཞིང་བར་སྣང་དུ༔ བལྟས་པས་འོད་སྣང་སྣ་ཚོགས་འཆར༔ དེ་ལ་རིག་པ་ལེགས་བཅུག་སྟེ༔ དབྱིངས་རིག་དབྱེར་མེད་ངང་དུ་བཞག༔ ཅེས་པ་སྟེ་རིག་སྟོང་ཀ་དག་གི་གཤིས་ལུགས་འོད་གསལ་ཡེ་ཤེས་ཆེན་པོའི་རང་གདངས་སྙིང་དབུས་མི་ཤིགས་པའི་ཐིག་ལེ་ཞེས་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་སུ་གྲགས་པ་གང༌། འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་དགོངས་པ་ལྟར་ན་སྙིང་ནས་མིག་ཏུ་འབྲེལ་བའི་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་སྦུག་ཅན་བ་མེན་གྱི་རྭ་འདྲ་བ་རྩ་བ་ཕྲ་བ་སྙིང་གར་ཟུག་ཅིང༌། ཁ་གདེང་གཡེལ་བའི་ཟུར་གཉིས་མིག་ལ་ཟུག་པའི་ནང་དུ་དབྱིངས་རིག་གི་སྣང་བས་གཏམས་པ། ལུས་བཞུགས་སྟངས་གསུམ་བྱ། མིག་གཟིགས་སྟངས་གསུམ་གྱིས་གཟིར། རླུང་དང་རིག་པའི་གནད་བཞིས་གཅུན་པས་རགས་ལུས་ཀྱི་སྦུབས་སུ་གབ་པའི་འོད་གསལ་གྱི་སྣང་བ་དེ་དག་ཕྱིར་མངོན་ནས་ཡེ་ཤེས་འཆར་བའི་སྒོ་ལས་དོན་པའི་རྐྱེན་ཉི་ཟླ་མར་མེ་རྣམས་ཀྱིས་བྱས་པའམ་དབྱིངས་རིག་མཉམ་སྦྱོར་གྱི་གནད་ཀྱིས་སྣང་བ་འཕེལ་ཞིང་སླར་ནང་དབྱིངས་སུ་སྡུད་པའི་ནུས་པས་སྒོ་གསུམ་གྱི་འཁྲུལ་པ་འོད་གསལ་གྱི་སྣང་བས་སྦྱོང་བའི་མྱུར་ལམ་རྨད་དུ་བྱུང་བའོ། །གཉིས་པ་ལམ་སྣང་བ་བཞི་བཤད་པའི་དང་པོ་ཆོས་ཉིད་མངོན་སུམ་ནི། གོམས་པས་འོད་ལྔའི་ཐིག་ལེ་དང༔ རྩིབས་ཤར་གྱེན་འགྲེང་རྣམས་ཀྱི་དབུས༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཤེལ་གྱི་ཕྲེང་བ་ལྟ་བུར་འཆར༔ ཆོས་ཉིད་དག་པའི་སྣང་བའོ༔ ཞེས་པ་ལྟར་དེ་ལྟར་གནད་ཀྱིས་བཅུན་ཏེ་བསྒོམས་པས་ཕྱི་ནང་གི་དབྱིངས་འོད་ལྔ་རྩིབས་ཤར་གྱེན་འགྲེང་ཐིག་ལེ་ཉིས་སྦྲེལ་ནས་སུམ་སྦྲེལ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་གྱི་ཕྲེང་བ་ལྟ་བུ་རྣམས་འཆར་བའི་ཚེ་ནང་རིག་པའི་རང་གདངས་ལས་ཕྱི་རོལ་དུ་དངོས་མཚན་མེད་པར་ཤེས་པའི་བློས་རིག་པ་མིག །མིག་དབྱིངས་རིག་གི་སྣང་བ་ལ་གཏད་དེ་གོམས་པས་ནང་དུ་ཆོས་ཉིད་ཡིད་དཔྱོད་དང་བྲལ་བའི་དགོངས་པ་རྗེན་ཅེར་དུ་མཐོང་ཞིང༌། ཕྱིའི་སྣང་བའང་འཕེལ་ཞིང་བརྟན་པ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །གཉིས་པ་ཉམས་གོང་འཕེལ་ནི། དེ་ནས་རིམ་པར་གོམས་པ་ལ༔ འགུལ་འཕྲིགས་ཆེ་ཆེར་མི་གཡོ་ཞིང༔ ཐིག་ལེ་ལྔ་ལྡན་དབུས་མཐིང་ག༔ ཁྱབ་པ་ཆེན་པོའི་དབུས་ཉིད་དུ༔ འོད་ལྔའི་མེ་ཏོག་འདབ་བཞི་འཆར༔ ཉམས་སྣང་གོང་དུ་འཕེལ་བའི་རྟགས༔ ཅེས་པ་སྟེ་སྣང་བ་དེ་དག་འགུལ་འཕྲིགས་མེད་པར་བརྟན་ཞིང༌། ཐིག་ལེ་ལྔ་ཚོམ་ཤར་བའི་དབུས་མཐིང་གའི་ནང་འོད་ལྔའི་མེ་ཏོག་འདབ་བཞི་ཤར་བའི་ནང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བཙུད་དེ་གོམས་པས་འོད་སྣང་རྒྱ་ཆེར་མཆེད་ཅིང༌། ཕྱི་ཡི་ལུས་ཚད་ལ་ཕེབས་པས་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་གསལ། དེ་དག་གི་ཐུགས་ཀ་ནས་འོད་ཀྱི་གདངས་ཟུག་པ་ལས་འོད་ཟེར་ཆེན་པོའི་དབང་ནོད། སྤྱི་བོར་ཐིག་ལེ་དགུ་བརྩེགས་ཤར་ཞིང་ཡེ་ཤེས་ཀྱི་རླུང་ལག་སོར་ཆུད། བ་སྤུའི་སྒོ་དང་རྡུལ་རེའི་ཁྱོན་དུའང་སངས་རྒྱས་ཀྱི་ཞིང་སྣང་དཔག་མེད་ཤར། ནང་གི་སེམས་ཚད་ལ་ཕེབས་པས་འཁྲུལ་རྟོག་ཞིག །གཞན་སེམས་ཤེས་པ་དང༌། རི་བྲག་ཟང་ཐལ་དུ་མཐོང༌། རྒྱལ་བའི་ཞིང་ཚད་མེད་པ་མཇལ་བ་སོགས་འབྱུང་བས། གསང་བ་རིག་པ་ཚད་ལ་ཕེབས་ཏེ་གྲོལ་བའོ། །གསུམ་པ་རིག་པ་ཚད་ཕེབས་དངོས་དང༌། འཕྲོས་དོན་མཐའ་རྟེན་མན་ངག་གཉིས་ལས། དང་པོ་ནི། དེ་ནས་རིམ་བཞིན་མིག་མང་རིས༔ གྲུ་ཆད་མཆོད་རྟེན་པདྨའི་ཕྲེང༔ ཡིག་འབྲུ་ཕྱག་མཚན་མ་ངེས་འཆར༔ ནང་རྟགས་མངོན་པར་ཤེས་པ་འཆར༔ དེ་ནས་ཕྱེད་སྐུ་སྐུ་ཡོངས་རྫོགས༔ མི་གསལ་ཙམ་དང་ཤིན་ཏུ་གསལ༔ རིག་པ་ཚད་ལ་ཕེབས་པའི་ཉམས༔ མགོ་ཟིན་དེ་ནས་རིགས་ལྔ་དང༔ བཞི་ཅུ་རིགས་བརྒྱ་རིགས་མཐའ་ཡས༔ ནམ་མཁའ་ཁྱབ་པར་འཆར་བར་འགྱུར༔ ཅེས་པ་སྟེ་འོད་སྣང་མིག་མང་རིས་དང༌། གཞལ་ཡས་ཁང་གི་གྲུ་ཆད། མཆོད་རྟེན། པདྨའི་ཕྲེང་བ། ཡིག་འབྲུ་ཕྱག་མཚན། སྐུ་ཕྱེད་པ། ཉི་ཚེ། ཞལ། ཕྱག རྒྱན་མེད། སྐུ་ཡོངས་རྫོགས། རྒྱན་ལྡན། ཡབ་ཡུམ་ཞལ་སྦྱོར་བཅས་ཀྱི་བར་འཆར་ཞིང༌། མདོར་ན་སྣོད་བཅུད་གདོས་བཅས་ཀྱི་དངོས་འཛིན་དག་ནས་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་ཞིང་དང་སྐུ་ཡི་སྣང་བ་མངོན་སུམ་དུ་འཆར་བ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བའོ། །གཉིས་པ་འཕྲོས་དོན་མཐའ་རྟེན་གྱི་མན་ངག་ནི། སྐབས་འདིར་ལུས་ཀྱང་འོད་དུ་སྣང༔ དེ་ཚེའི་ཕོ་ཆེན་འཇའ་ལུས་ཉིད༔ འགྲུབ་པར་འགྱུར་བས་སོར་མོ་ལ༔ རིག་པ་གཏད་དེ་བསྒོམ་པར་བྱ༔ འཆི་མེད་པདྨ་བདག་བཞིན་འགྲུབ༔ སྐུ་དངོས་ཀྱིས་ནི་འགྲོ་དོན་བྱེད༔ ཞེས་པ་སྟེ་དེའི་ཚེ་གདོས་བཅས་འོད་དུ་དེངས་པས་འབྱུང་བའི་དགྲས་མི་ཚུགས། ཉོན་མོངས་གཞི་མེད་རྩ་བྲལ་དུ་དག་པས་སོར་མོ་ལ་རིག་པ་གཏད་པས་སྣོད་བཅུད་ཆུ་ཟླ་ལྟ་བུའི་སྣང་བ་མ་འགགས་བཞིན། ཟང་ཐལ་འོད་ཀྱི་ལུས་འཕོ་བ་ཆེན་པོའི་རྡོ་རྗེའི་སྐུ་འགྲུབ་སྟེ་ཆོས་ཟད་ཀྱི་སྣང་བ་ལ་སྤྱོད་པས་སྲིད་པ་ཇི་སྲིད་བར་འགྲོ་དོན་མཛད་པ་གུ་རུ་རིན་པོ་ཆེ་བཞིན་དུ་འགྱུར་བ་དང༌། ཡང་ན་སྐུ་དངོས་ཉིད་ནང་དབྱིངས་སུ་བསྡུ་བ་སྟེ་སླར་ཡང་ལོངས་སྤྲུལ་གྱི་ཞིང་དང་སྐུའི་བཀོད་པས་དོན་མཛད་པ་སྐྱེ་འཇུག་གཉིས་ལ་དབང་ཐོབ་པ་དང༌། གཞན་ཡང་ཉམས་ལེན་གྱི་དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅའ། བར་དུ་སྡོད་པ་གསུམ་གྱིས་ཚད་བཟུང༌། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། མཐར་གདེང་བཞིས་གྲོལ་ཚད་མངོན་དུ་གྱུར་ཏེ་ལམ་སྣང་བ་བཞི་མཐར་འཁྱོལ་བར་འགྱུར་རོ། །གནད་འདི་དག་དང་མ་ལྡན་ན་རྟགས་སྒོ་གསུམ་ལ་འཆར་བ་དང༌། ཚད་རྨི་ལམ་གྱིས་བཟུང་བའི་དོན་ལ་རྨོངས་ཤིང༌། བར་ཆད་བདུད་ཀྱི་རྟགས། འཕེལ་སྒྲིབ་ཉམས་ཀྱི་རྟགས། མི་འགྱུར་གསང་བའི་རྟགས་རྣམས་ཀྱང་ཤན་འབྱེ་པར་མི་ནུས་སོ། །མཐའ་རྟེན་གྱི་མན་ངག་འདིར་བཤད་དགོས་པའི་རྒྱུ་མཚན་ནི། གནད་འདི་དག་གེགས་སེལ་དང་ཤན་འབྱེད་ཉམས་གོང་འཕེལ་དང༌། ཚད་ཕེབས་ཀྱི་སྣེ་ཟིན་པའི་བར་གལ་ཆེ་བས་འདིར་གསུངས་སམ་སྙམ་ཞིང༌། ཁྲིད་གཞུང་གཞན་རྣམས་ནས་སྣང་བཞིའི་རྫོགས་པའི་མཚམས་སུ་གསུངས་པ་མང་ངོ༌། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། དེ་ནས་ཆོས་ཉིད་ཟད་པ་ནི༔ ཕྱི་ཡི་ཉམས་སྣང་འཕེལ་རྣམས་རྫོགས༔ ནང་གི་གཟུང་འཛིན་ཐམས་ཅད་ཟད༔ གསང་བ་ཡེ་ཤེས་འཕེལ་བ་རྫོགས༔ འོད་སྣང་ཆོས་ཀྱི་སྐུ་རུ་ཐིམ༔ ཐིམ་ལ་མ་རྨུགས་ནང་གི་དབྱིངས༔ རང་གསལ་ཚུལ་དུ་འབྱུང་བའོ༔ ཞེས་པ་སྟེ་ཕྱི་སྣང་བའི་ཉམས་ཀྱི་འཕེལ་ཆ་ཐམས་ཅད་རྫོགས་ཏེ་ནང་དབྱིངས་འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སུ་བསྡུ། ནང་གཟུང་འཛིན་འཁྲུལ་པའི་རྒྱུ་འབྲས་ཟད་དེ་འཁྲུལ་རྟོག་ཆ་དང་བཅས་པ་དག །གསང་བ་ཡེ་ཤེས་ཕྱིར་གསལ་གྱི་རྩལ་རྫོགས་ནས་ཆོས་དབྱིངས་གཏིང་གསལ་བུམ་པའི་སྐུར་འཁྱིལ་ནས་སངས་རྒྱས་པའོ། །གསུམ་པ་འབྲས་བུ་མཐར་ཕྱིན་པའི་གྲོལ་ཚད་བཤད་པ་དང༌། བསྟན་པའི་བབ་ལུགས་བསྟན་པས་འཇུག་བསྡུ་བ་གཉིས་ལས། དང་པོ་ནི། ཡང་དག་མཐར་ཐུག་འབྲས་བུ་ནི༔ ངོ་བོ་སྟོང་པ་ཆོས་སྐུར་གནས༔ ཁྲེགས་ཆོད་ལྟ་བས་ངོ་འཕྲོད་ནས༔ རང་བཞིན་གསལ་བའི་ཡེ་ཤེས་ཉིད༔ མ་རིག་གཉིས་ཀྱི་སྒྲིབ་པ་རྣམས༔ ལས་སྣང་ཚོགས་པའི་རྩ་རླུང་ཁམས༔ གནད་ཀྱི་མན་ངག་ཟབ་མོས་སྦྱང༔ ཐོད་རྒལ་སྐུ་དང་ཡེ་ཤེས་སྣང༔ དེ་ཡང་ངོ་བོ་ཀ་དག་དེ༔ ཆོས་ཀྱི་སྐུ་ནི་དེ་ཡིན་པས༔ འཁོར་བར་གནས་ཀྱང་ངན་དུ་མེད༔ མྱ་ངན་འདས་ཀྱང་བཟང་དུ་མེད༔ དེ་ལ་འཆིང་གྲོལ་མེད་པའོ༔ འོན་ཀྱང་རང་བཞིན་གསལ་ཆ་ལས༔ དྭངས་མའི་རྩ་དང་རླུང་སོགས་སྣང༔ ལྷན་སྐྱེས་རང་ངོ་མ་རིག་དང༔ གཉིས་འཛིན་ཀུན་བརྟགས་མ་རིག་པའི༔ དྲི་མ་ཁམས་དྲུག་སྣང་བས་བསྒྲིབས༔ རྩ་དང་རླུང་ནི་མ་དག་པ༔ རྩ་གནད་རླུང་གནད་ཟབ་མོས་སྦྱང༔ ཐིག་ལེ་བདེ་བ་ཆེན་པོས་སྦྱང༔ བག་ལ་ཉལ་བ་སྦྱང་དཀའ་བས༔ འདོད་པའི་ཁམས་དྲུག་སྦྱང་བའི་རྟེན༔ སྦྱོང་བྱེད་རྒྱུད་སྡེ་འོག་མ་ལྟར༔ སེམས་འཛིན་སྣ་ཚོགས་མ་ཡིན་ཏེ༔ འཛིན་མེད་གནས་ལུགས་རང་གྲོལ་གྱི༔ ཉེ་རྒྱུའི་ཕོ་ཉའི་མན་ངག་གིས༔ ངོ་བོ་ཀ་དག་ཆོས་ཀྱི་སྐུ༔ ཁྲེགས་ཆོད་ལྟ་བས་གཏན་ལ་དབབ༔ རང་བཞིན་གསལ་བའི་རྩལ་སྣང་ཀུན༔ ཐབས་དང་རྟེན་འབྲེལ་ཟབ་མོ་ཡིས༔ རྩོལ་བ་ཆེན་པོ་མ་ཡིན་པས༔ རྩ་རླུང་དག་པ་ལོངས་སྤྱོད་རྫོགས༔ དཀའ་བ་མེད་པར་མྱུར་དུ་འགྲུབ༔ དེ་ལྟར་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་དག་པའི་འཁོར་ལ་སྣང༔ ཕྱེད་སྣང་ལོངས་སྐུ་སྤྲུལ་པའི་སྐུ༔ དག་པ་རབ་འབྲིང་ཐ་མར་སྣང༔ སྤྲུལ་པའི་སྐུ་མཆོག་ཆུ་ཟླ་ལྟར༔ སྨོན་ལམ་བཟང་པོའི་མཚམས་སྦྱར་ཏེ༔ དག་དང་མ་དག་གཉིས་ཀར་སྣང༔ སྐུ་གསུམ་དབྱེར་མེད་ངོ་བོ་ཉིད༔ ཀུན་ཏུ་བཟང་པོ་ལེགས་ཐོབ་ནས༔ ཕྲིན་ལས་རྒྱུན་ཆད་མེད་པའོ༔ ས་མ་ཡ༔ རྒྱ་རྒྱ༔ ཞེས་པ་སྟེ་ལམ་མཐར་ཕྱིན་པའི་བྲལ་འབྲས་མཐར་ཐུག་ངོ་བོ་ཆོས་སྐུ་དབྱིངས་ཤིན་ཏུ་རྣམ་པར་དག་པའི་གནས་ལུགས་ཁྲེགས་ཆོད་ཀྱི་ལྟ་བས་རྗེན་ཅེར་དུ་ངོ་སྤྲོད། སྨིན་འབྲས་ཟག་མེད་ཀྱི་ཡོན་ཏན་མངོན་གྱུར་དུ་མི་སྣང་བ་མ་རིག་རླུང་སེམས་ཀྱིས་བསྒྲིབ་པའི་མཚངས་འོད་གསལ་ཐོད་རྒལ་གྱི་ལམ་ཟབ་མོའི་གནད་ཀྱིས་བརྟོལ་ཏེ། མདོར་ན་གཞི་གནས་ཀྱི་ཡེ་ཤེས་ཆེན་པོའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་གནས་སྣང་གཉིས་ཀའི་ཡོན་ཏན་སྒྲིབ་བྲལ་མངོན་སུམ་དུ་སད་ནས། ཆོས་སྐུའི་རང་ངོ་གནས་ཚུལ་ལ་འཁོར་འདས་དང་འཆིང་གྲོལ་སོགས་གཉིས་ཆོས་ལས་འདས་ཀྱང༌། རང་བཞིན་འོད་གསལ་ཆེན་པོའི་རང་གདངས་ཟག་མེད་སྐུ་དང་ཡེ་ཤེས་རྒྱ་མཚོ་ལྟ་བུའི་ཁམས་མངོན་གྱུར་དུ་སད་ཅིང༌། སྒྲིབ་བྱེད་དྲི་མའི་ཚོགས་ལྷན་སྐྱེས་དང་ཀུན་བརྟགས་ཀྱི་མ་རིག་གཉིས། རགས་པ་གདོས་བཅས་ཀྱི་རྩ་རླུང་ཐིག་ལེའི་ཆོས་ཐམས་ཅད་ཨ་ཏི་མན་ཆད་ཀྱི་ལམ་ལྟར་རྩོལ་བཅས་དང་སེམས་ལམ་བྱེད་མ་ཡིན་པ་འོད་གསལ་གསང་བ་ཆེན་པོའི་མྱུར་ལམ་གྱིས་སྦྱངས་བས་རང་སྣང་ལོངས་སྐུ་ཆེན་པོ། ཕྱེད་སྣང་ལོངས་སྐུ་རང་བཞིན་སྤྲུལ་པའི་ཞིང་ལྔ། བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་སོགས་སངས་རྒྱས་སྐུ་གསུམ་མཛད་པ་རྒྱ་མཚོས་མཁའ་ཁྱབ་ཀྱི་འགྲོ་བའི་དོན་མཛད་པས་ཤིན་ཏུ་རྣམ་པར་དག་པའི་འབྲས་བུའི་ས་ལ་དབང་པོ་རབ་ཚེ་འདིར། འབྲིང་བར་དོ་གསུམ། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་འཚང་རྒྱ་བར་ངེས་པའོ། །གཉིས་པ་བསྟན་པའི་བབ་ལུགས་ནི། དེ་ལྟར་ཤིན་ཏུ་གསང་བ་ཡི༔ མན་ངག་མཐར་ཐུག་འདི་དག་ནི༔ དུས་ཀྱི་ཡང་མཐའ་ཡང་མཐའ་རུ༔ ཀུན་བཟང་ཐུགས་ཀྱི་བསྟན་པ་རྒྱས༔ རྫོགས་པ་ཆེན་པོའི་མན་ངག་དང༔ འཕྲད་ཚད་གྲོལ་བར་རྒྱལ་བས་གསུངས༔ དེ་ཕྱིར་སྐལ་ལྡན་དུ་མ་ལ༔ ཕན་ཕྱིར་པདྨ་བདག་གིས་བཀོད༔ མཚོ་རྒྱལ་གུས་པས་ཡི་གེར་བཏབ༔ ལས་ཅན་དོན་དུ་གཏེར་དུ་སྦས༔ ཀུན་བཟང་ཐུགས་ཀྱི་བསྟན་པ་འདི༔ ཕྱོགས་མཐར་རྒྱས་པའི་རྒྱུ་རུ་ཤོག༔ ས་མ་ཡ༔ རྒྱ་རྒྱ༔ ཁོ་བོ་མཆོག་གྱུར་བདེ་ཆེན་ཆོས་གླིང་པས་ཁམས་ཀྱི་གླ་བ་རྐང་གཅིག་ཡེ་རྒྱལ་ནམ་མཁའ་མཛོད་ཀྱི་ལྷོ་ཕྱོགས་གཡུ་འབལ་བྲག་ནས་སྤྱན་དྲངས། རུ་དམ་གངས་ཀྱི་ར་བ་ཨོ་རྒྱན་བསམ་གཏན་གླིང་དུ་ཤོག་སེར་ལས་བསྒྱུར་བའོ། །ཞེས་གསུངས་པ་ལྟར་ཤིན་ཏུ་སྙིགས་མར་སྤྱོད་པའི་དུས་སུ་བླ་མེད་ཀྱི་ཐེག་པ་ལས་ལམ་གཞན་གྱིས་འདུལ་མི་ནུས་པར་དགོངས་ཏེ་རྩོད་ལྡན་གྱི་སྐབས་འདིར་ཀུན་བཟང་ཐུགས་ཀྱི་བསྟན་པ་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་འདི་དག་སྣང་བས། མཐོང་ཐོས་དྲན་རེག་གི་ཡིད་ཅན་རྒྱ་མཚོ་གྲོལ་བ་དྲུག་གི་ཕྲིན་ལས་ཀྱིས་འདུལ་བར་གསུང་པའི་བདེན་དོན་བཞིན་རྫོགས་པ་ཆེན་པོའི་མན་ངག་སྡེའི་དབང༌། བསྐྱེད་རྫོགས་ཀྱི་གདམས་པ་ཁ་ཚང་དོན་དྲིལ་ཉམས་སུ་བླང་བདེ་ཀུན་བཟང་ཐུགས་ཀྱི་ཐིག་ལེ་ཞེས་པ་ཉིད་དཔལ་ལྷའི་སྲས་པོ་དམ་འཛིན་མུ་རུབ་བཙད་པོ་ཞེས་འོད་གསལ་འཕོ་བ་ཆེན་པོའི་རྡོ་རྗེའི་སྐུ་བརྙེས་པའི་སྒྱུ་འཕྲུལ། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་ཀློང་མངོན་དུ་གྱུར་པའི་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པས་གཡུ་འབལ་བྲག་ནས་སྤྱན་དྲངས་ཏེ་དེང་དུས་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་དངོས་སུ་སྤྱོད་པའི་སྐལ་བཟང་གི་སྒོ་རྙེད་པ་ལྟར་ཟབ་ལམ་མཇལ་བ་དོན་ལྡན་དུ་བྱེད་ཕྱིར་ཉམས་ལེན་གྱི་གྲོལ་ཚད་ཐོབ་པ་ཅིས་ཀྱང་གལ་ཆེ་བའོ། །ཀྱེ་ཧོ་བདག་གིས་ཟབ་དོན་མ་རྟོགས་ཀྱང༌། །སེམས་ཀློང་མན་ངག་སྡེ་གསུམ་བཀའ་གཏེར་གྱི། །སྨིན་གྲོལ་ཐོས་བསམ་སྐལ་པ་བཟང་གྱུར་པས། །བློ་བདེའི་དད་མོས་ངང་ནས་གསོལ་འདེབས་ཞུས། །བླ་མའི་བཀའ་དྲིན་གསོ་བའི་མཆོད་སྤྲིན་དང༌། །སྐལ་མཉམ་རྡོ་རྗེའི་མཆེད་ལ་ཕན་སེམས་ཀྱིས། །ཟབ་ཆོས་སྐུ་ངལ་གསོས་པ་བཞེངས་བསྐུལ་གྱིས། །བྲིས་འདིས་བསྟན་འགྲོ་ཡོངས་ལ་ཕན་གྱུར་ཅིག །ཅེས་པའང་མཁྱེན་རྟོགས་རྨད་བྱུང་གཏེར་ཆེན་མཆོག་སྤྲུལ་གསུམ་པ་པདྨ་བདེ་ཆེན་གྲུབ་པའི་རྡོ་རྗེས་བཀའ་གནང་ཞིང༌། སྐྱབས་རྗེ་མདོ་ཁམས་པའི་དྲུང་ཆེན་བློ་གྲོས་རབ་རྒྱས་ནས་གསུང་བསྐུལ་བཞིན་ཐེག་མཆོག་རྡོ་རྗེ་སྙིང་པོའི་ཤིང་རྟ་ཆེན་པོ་པཎ་ཆེན་བི་མ་ལ་མི་ཏྲ་བདག་སོགས་ཀྱི་འདྲེན་པར་བྱོན་པའི་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་གྱིས་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་དྲིན་ཐོབ་ཅིང་མཆོག་གཏེར་གདམས་པའི་གསང་མཛོད་ལ་འཛིན་སྐྱོང་སྤེལ་བའི་དགོངས་གཏད་ཐུན་མིན་དུ་གནང་བ་རྗེས་སུ་དྲན་པའི་བློས་དུས་མཐར་ཐེག་པ་མཆོག་གི་བསིལ་བཅུད་དད་པས་འཐུང་བའི་གཏད་མེད་ཀྱི་སྨྱོན་པ་རྒན་པོ་འོད་གསལ་སྣ་ཚོགས་རང་གྲོལ་རྡོ་རྗེ་ཐུགས་མཆོག་རྩལ་ལམ་བཀྲ་ཤིས་དཔལ་འབྱོར་གྱིས་ས་ཧོ་རའི་རྒྱལ་ཁབ་ཀྱི་བྱེ་བྲག་ཨེ་ཝཾ་ཆོས་ཀྱི་སྒར་ཆེན་རྟེན་མཆོག་འགྱུར་མེད་གླིང་གི་གསང་སྔགས་རྡོ་རྗེ་བཀོད་པའི་ཕོ་བྲང་གཉིས་པར་བག་ཡངས་སུ་གནས་འཆའ་བའི་སྐབས་ཟབ་དོན་གྱི་དགོངས་པ་ཇི་ལྟར་དཔོག་ཚོད་ཁོལ་དུ་བྲིས་པ་ཡི་གེ་གཉིས་པར་འགོད་པ་པོ་དད་མོས་བློ་གསལ་ཨོ་རྒྱན་གཞན་ཕན་གྱིས་བགྱིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 15:00, 6 December 2022
🚧 This website is under continued development. We appreciate your patience!
Wylie title | ' | |
---|---|---|
Location | dil mgo mkhyen brtse bka' 'bum Volume 15, Text 5, Pages (Folios 1a to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 15: . Delhi: Shechen Publications, 1994. | |
Genre | Detailed Explanation - rnam bshad |