JKW-KABAB-02-KHA-029: Difference between revisions

From Khyentse Lineage - A Tsadra Foundation Project
JKW-KABAB-02-KHA-029
No edit summary
m (Text replacement - "Khyentse Metadata" to "Text")
 
(2 intermediate revisions by one other user not shown)
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
Line 8: Line 8:
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|collectiontitletib=མཁྱེན་བརྩེའི་བཀའ་བབས་
|author='jam dbyangs mkhyen brtse'i dbang po
|author='jam dbyangs mkhyen brtse'i dbang po
|editor=rdzong sar blo gros phun tshogs
 
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་
 
|tibgenre=Stages of the Path - lam rim, Vajra Songs - rdo rje'i glu, Mahamudra - phyag rgya chen po
|tibgenre=Stages of the Path - lam rim, Vajra Songs - rdo rje'i glu, Mahamudra - phyag rgya chen po
|terma=No
|terma=No

Latest revision as of 08:41, 1 June 2024

Wylie title 'od gsal phyag rgya chen po'i lam gyi rim pa dang 'brel ba'i rdo rje'i thol glu nges don grub pa JKW-KABAB-02-KHA-029.pdf
Location mkhyen brtse'i bka' babs
Volume 2, Text 29, Pages 183-200 (Folios 1a to 9b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. 'od gsal phyag rgya chen po'i lam gyi rim pa dang 'brel ba'i rdo rje'i thol glu nges don grub pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 2: 183-200. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Stages of the Path - lam rim  ·  Vajra Songs - rdo rje'i glu  ·  Mahamudra - phyag rgya chen po
Karchag page JKW-KABAB-Volume-02-KHA-Karchag
[edit]
༄༅། །འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་གྱི་རིམ་པ་དང་འབྲེལ་བའི་རྡོ་རྗེའི་ཐོལ་གླུ་ངེས་དོན་གྲུབ་པ་ཞེས་བྱ་བ།། ཨ་ཧོ། རང་གྲོལ་གཉུག་མའི་ཡེ་ཤེས་ནི། །དྲི་མེད་སེམས་ཀྱི་རྡོ་རྗེ་སྟེ། །དོན་དམ་འགོགས་བདེན་ཆེན་པོའི་ཞལ། །ཡོངས་གྲུབ་བླ་མར་ཕྱག་བགྱིའོ། །སྦྱང་གཞི་རང་བཞིན་འོད་གསལ་བའི། །སྦྱང་བྱ་གློ་བུར་འཁྲུལ་པའི་དྲི། །སྦྱོང་བྱེད་རྡོ་རྗེའི་རྣལ་འབྱོར་གྱིས། །སྦྱངས་འབྲས་ལྷན་སྐྱེས་མངོན་དུ་འགྱུར། །དེ་སླད་དེ་ཡི་ལམ་གྱི་རིམ། །སྐལ་བཟང་ཚེ་གཅིག་གྲོལ་འདོད་པའི། །དབང་རྣོན་རྣམས་ཀྱི་བགོ་སྐལ་དུ། །མདོར་བསྡུས་གང་ཤར་གླུ་རུ་ལེན། །ཐོགས་མར་མཚན་ཉིད་ཀུན་ལྡན་པའི། །རྡོ་རྗེའི་སློབ་དཔོན་མཉེས་བྱས་ཏེ། །ཟབ་མོའི་མན་ངག་ལེགས་ཐོབ་ནས། །བློ་སྦྱོང་རིམ་པ་འདི་ལྟར་བརྟག །དལ་བ་བརྒྱད་དང་འབྱོར་པ་བཅུས། །བརྒྱན་པའི་མི་ལུས་རིན་ཆེན་གང༌། །དཔེ་གྲངས་རྒྱུ་དང་ངོ་བོ་ཡིས། །རྙེད་དཀའ་རྙེད་པ་འབྲས་བུར་བཅས། །དེ་ལྟ་ན་ཡང་བརྟན་གཡོའི་དངོས། །ཅིས་ཀྱང་མི་རྟག་འཇིག་པའི་ཕྱིར། །ནམ་འཆྀ་ཆ་མེད་འཆི་བའི་ཚེ། །དམ་ཆོས་མ་གཏོགས་སྐྱབས་གཞན་མེད། །ཤི་ནས་དཀར་ནག་ལས་ཉིད་ཀྱི། །རྗེས་སུ་ངེས་པར་འབྲངས་བ་ལས། །བདེ་བ་དང་ནི་སྡུག་བསྔལ་གྱི། །འབྲས་བུ་མི་བསླུ་སོ་སོར་སྨིན། །ཚུལ་དེས་འཁོར་བའི་གནས་རིགས་ནི། །གང་དུ་སྐྱེས་ཀྱང་འདུ་བྱེད་དང༌། །འགྱུར་དང་སྡུག་བསྔལ་སྡུག་བསྔལ་ལས། །འདའ་བ་མེད་པར་ངེས་རྙེད་བྱ། །དེས་ནི་དོན་མེད་བགྱི་བ་དང༌། །ལེ་ལོ་དཀར་མིན་འཇུག་པའི་ལས། །སྲིད་པའི་གནས་ལས་བློ་ལྡོག་ཕྱིར། །རྒྱུད་དང་འདྲེས་པར་ཉམས་སུ་བླང༌། །དེ་ནས་ད་ལྟའི་མ་གྱུར་འགྲོ། །ཐམས་ཅད་བྱང་ཆུབ་མཆོག་ཐོབ་ཕྱིར། །བླ་མ་དཀོན་མཆོག་རྣམ་གསུམ་པོ། །མི་ཕྱེད་གཏན་གྱི་སྐྱབས་སུ་བཟུང༌། །གཞན་ཕྱིར་རྫོགས་བྱང་འདོད་པའི་བློས། །སྨོན་དང་འཇུག་པའི་བྱང་ཆུབ་སེམས། །ཡང་དག་ཉིད་དུ་བླངས་ནས་ཀྱང༌། །རྟག་ཏུ་བསླབ་ལ་གནས་པར་བྱ། །རྟོགས་པའི་ཡོན་ཏན་སྐྱེ་བའི་གེགས། །སྡིག་སྒྲིབ་རྒྱུར་བཅས་སྦྱང་བྱའི་ཕྱིར། །སྟོབས་བཞིའི་གནད་དང་ལྡན་པ་ཡིས། །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་འབད། །མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་མྱུར་དུ་བཟླུམས་པའི་སླད། །ཕྱི་ནང་གསང་བའི་མཎྜལ་གྱི། །མཆོད་པའི་སྤྲིན་ཕུང་རྒྱ་ཆེར་སྤྲོ། །ཁྱད་པར་བྱིན་རླབས་འཕོ་བའི་དབང༌། །ཐོབ་པའི་སྐད་ཅིག་དེ་ཉིད་ལ། །མངོན་སུམ་གཉུག་མའི་དོན་མཐོང་ཕྱིར། །བླ་མའི་རྣལ་འབྱོར་གནད་དུ་བསྣུན། །མདོར་ན་འདིར་སྣང་ཞེན་པ་ལྡོག །མོས་གུས་དྲན་དང་ཤེས་བཞིན་དང༌། །བཅོས་མིན་སྙིང་རྗེས་རྒྱུད་བརླན་པས། །ཚེ་གཅིག་དོན་གྱི་བཙན་ས་ཟིན། །རྡོ་རྗེའི་ཐོལ་གླུ་ཡེ་ཤེས་གྲུབ་པ་ལས། སྔོན་དུ་འགྲོ་བའི་ལམ་གྱི་རིམ་པ་རྣམ་པར་ཕྱེ་བའི་ཚོམས་ཏེ་དང་པོའོ། །དེ་ལྟར་ཐུན་མོང་ཐུན་མིན་གྱི། །སྦྱོར་བའི་ཆོས་ཀྱི་རིམ་པ་ལ། །ཉམས་མྱོང་བརྟན་པོར་སྐྱེས་པ་ཡིས། །དངོས་གཞིའི་ལམ་འདིར་འཇུག་པར་བྱ། །ཐོག་མར་གནས་ལུགས་གཅིག་ཉིད་ཀྱི། །དོན་ལ་རྗེས་སུ་དཔག་པའི་ཚེ། །བློ་དང་དབང་པོའི་ངོ་སྐལ་ལས། །རང་སྡེའི་གྲུབ་མཐའ་རྣམ་བཞིར་དབྱེ། །འོན་ཀྱང་བྱེ་མདོ་སེམས་གསུམ་པོ། །དངོས་པོར་སྨྲ་བའི་ཕྱོགས་བསླན་ནས། །དེ་ཀུན་རྩེ་མོར་གྱུར་པ་ནི། །དབུ་མ་ཉིད་དུ་འཇོག་པར་མཛད། །དེ་ལའང་གནས་སྐབས་ངེས་དོན་དང༌། །མཐར་ཐུག་ངེས་དོན་གྱིས་དབྱེ་བས། །རང་སྟོང་གཞན་སྟོང་སྨྲ་བ་ཡི། །ཤིང་ལྟའི་ལམ་སྲོལ་རྣམ་གཉིས་བྱུང༌། །ཕྱི་མ་འཁོར་ལོ་ཐ་མ་ཡི། །མདོ་སྡེ་ལས་ཀྱང་རབ་གསལ་ཞིང༌། །ས་བཅུའི་དབང་ཕྱུག་མ་ཕམ་པས། །རྡོ་རྗེའི་ཚིག་གིས་ལེགས་པར་བསྡུས། །དེ་ཡང་ཀུན་རྫོབ་ཆོས་རྣམས་ཀུན། །རང་གི་ངོ་བོས་སྟོང་པ་དང༌། །དོན་དམ་བདེ་གཤེགས་སྙིང་པོ་ནི། །ཉོན་མོངས་གཞན་གྱིས་སྟོང་ཞེས་གསུངས། །ངོ་བོ་རྟག་བརྟན་འགྱུར་མེད་ཕྱིར། །རང་བཞིན་གནས་པའི་རིགས་ཞེས་བྱ། །སེམས་ཅན་ཁམས་ལ་ལྷུན་གྲུབ་ཏུ། །དབུལ་པོའི་ཁྱིམ་གྱི་གཏེར་བཞིན་བཞུགས། །དེ་ལྟ་ན་ཡང་གཉིས་འཛིན་མཐུས། །ཀུན་གཞི་ཡིད་ཤེས་ཚོགས་དྲུག་དང༌། །ཉོན་མོངས་ཡིད་ཀྱི་རྒྱུ་འབྲས་ལས། །སྲིད་པའི་འཁོར་ལོ་རྟག་ཏུ་འཕྱན། །ལམ་དུས་ཚོགས་གཉིས་མཐུས་སྦྱངས་པས། །རྒྱས་འགྱུར་རིགས་ཀྱིས་གློ་བུར་གྱི། །དྲི་མ་བསལ་ཏེ་ཡོན་ཏན་ཚོགས། །འབྲས་བུའི་ཤིང་བཞིན་གོང་དུ་འཕེལ། །མཐར་ཐུག་དག་པ་གཉིས་ལྡན་གྱི། །ཆོས་ཉིད་འདུས་མ་བྱས་པ་ཡི། །སྦྱང་གཞི་མངོན་དུ་གྱུར་པའི་ཕྱིར། །གཞི་འབྲས་རྣམ་དབྱེར་མེད་པའོ། །འདི་ནི་སྔགས་ཀྱི་སྡེ་སྣོད་དུའང༌། །རྒྱུ་ཡི་རྒྱུ་དང་དག་པའི་བདག །སེམས་ཀྱི་རྡོ་རྗེ་འོད་གསལ་སེམས། །རྣམ་པ་ཀུན་གྱི་མཆོག་ལྡན་སོགས། །རྡོ་རྗེའི་མིང་གིས་རབ་ཕྱེ་ཞིང༌། །ཁྱད་པར་ངེས་དོན་ཕྱག་རྒྱ་ཆེ། །ཁམས་གསུམ་ཀུན་ལ་རྒྱས་གདབ་པ། །བླ་ན་མེད་པའི་ཡེ་ཤེས་ནི། །འདི་ཁོ་ན་ལས་འདའ་བ་མེད། །དེ་ལྟར་རྟོགས་པའི་སྐལ་བཟང་དེས། །བསྒོམ་པའི་རིམ་པར་འཇུག་པ་ནི། །ཤིན་ཏུ་དབེན་ཞིང་ཉམས་དགའི་གནས། །འདུ་འཛིའི་གཡེང་བ་དང་བྲལ་བར། །བསམ་གཏན་ཚེར་མ་རིང་སྤངས་ནས། །ཞི་ལྷག་ཟུང་འབྲེལ་ཉམས་བླངས་ཏེ། །དང་པོ་བདེ་བའི་སྟན་ཉིད་ལ། །ལུས་གནད་རྣམ་སྣང་ཆོས་བདུན་དང༌། །སེམས་གནད་འདས་པའི་རྗེས་མི་འབྲངས། །མ་འོངས་འཁྲུལ་པའི་སྔུན་མི་བསུ། །ད་ལྟའི་རྟོག་པ་ཅི་ཤར་ཡང༌། །ཐད་ཀར་བཟོ་མེད་ལྷན་ནེར་འཇོག །སྐབས་སུ་ཤིང་བུ་རྡེའུ་དང༌། །ཁྱད་པར་ཐུབ་པའི་དབང་པོའི་སྐུར། །དམིགས་པ་ཉེ་བར་གཏད་ནས་ནི། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །གཞན་ཡང་བུམ་ཅན་སྦྱོར་བ་དང༌། །རྡོར་བཟླས་ཐིག་ལེ་ཕྲ་མོ་དང༌། །སྟོང་ཆེན་རིམ་སྡུད་བསམ་གཏན་སོགས། །ཇི་ལྟར་འོས་པའི་སེམས་འཛིན་བསྟེན། །གང་ཚེ་བྱིངས་ན་སྤྱི་བོར་དང༌། །རྒོད་ན་ལྟེ་འོག་ཐིག་ལེ་ལ། །དམིགས་པ་གཏོད་སོགས་ཐབས་མཁས་དང༌། །མ་བཅོས་རང་གྲོལ་ངང་དུ་བཞག །དེ་ལྟར་འབད་པས་འཇུག་པ་ལ། །དང་པོ་རྣམ་རྟོག་གཡོ་བ་ཡིས། །མཉམ་བཞག་ངང་དུ་མི་གནས་པ། །རི་གཟར་འབབ་ཆུ་ལྟ་བུ་འབྱུང༌། །དེ་ནས་ཆུ་བོ་དལ་འབབ་ལྟར། །ལྟག་པ་རེས་འཕྲོ་རེས་ཟིན་པས། །ཐ་མ་རྒྱ་མཚོ་ཆེན་པོ་ལྟར། །གཡོ་མེད་ཉིད་དུ་རྩེ་གཅིག་གནས། །གཞན་དུ་གཡོ་ཐོབ་གོམས་བརྟན་དང༌། །མཐར་ཕྱིན་ཉམས་ལྔར་བཤད་པ་ཡང༌། །དོན་དུ་སྨོས་མ་ཐག་པ་ཡི། །ཉམས་ཀྱི་རིམ་པར་འདུ་བའོ། །མདོར་ན་ཡུལ་དང་ཡུལ་ཅན་གྱི། །སྣང་བ་གསལ་ལ་འཛིན་མེད་དང༌། །ལྷན་ནེར་གནས་ཤིང་ལུས་དང་སེམས། །ཤིན་ཏུ་སྦྱངས་པའི་བདེ་བས་ཚིམ། །དེ་ཚེ་ཟག་པར་བཅས་པ་ཡི། །མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་འབྱུང༌། །ཉོན་མོངས་ཞེན་པ་ཤུགས་ཀྱིས་ཆུང༌། །འདི་དག་གོམས་པའི་རྟགས་སུ་བཤད། །གཉིས་པ་ཆོས་རྣམས་རབ་འབྱེད་པའི། །སྒོམ་བྱུང་ཤེས་རབ་ཟབ་མོ་ཡིས། །སྔ་མ་བས་ལྷག་ངོ་བོ་ཉིད། །མངོན་སུམ་ཉིད་དུ་མཐོང་བ་སྟེ། །འདི་ལྟར་ཕྱི་རོལ་སྣང་བ་ཀུན། །བདེན་མེད་སྒྱུ་མ་རྨི་ལམ་བཞིན། །དེ་ཡང་སེམས་ཀྱི་རྣམ་འཕྲུལ་དུ། །ལེགས་པར་བརྟགས་པས་གཟུང་ཡུལ་འཇིག །ནང་གི་སེམས་ཀྱང་སྐྱེ་འགགས་དང༌། །འགྲོ་འོང་གནས་པའི་མཚན་མ་སྟོང༌། །བསམ་གྱིས་མི་ཁྱབ་ཆེན་པོ་སྟེ། །འཛིན་པའི་རང་གཟུགས་ངེས་པར་སྤངས། །དེ་ལྟར་གཟུང་འཛིན་བྲལ་བ་ཡི། །འགྱུར་མེད་རིག་སྟོང་ཕྱག་རྒྱ་ཆེ། །འཁོར་དང་འདས་པའི་དུས་ཀུན་ཏུ། །སྤང་ཐོབ་མེད་པར་ལྷུན་གྱིས་གྲུབ། །མཐར་ཐུག་གློ་བུར་སྒྲིབ་པའི་རྒྱུན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་ལས་གདོད་མའི་དེ་ཁོ་ན། །རང་རིག་གཉུག་མའི་ངོ་བོར་གྲོལ། །གཞན་དུ་འདི་ལ་རིག་པ་དང༌། །སྔ་མར་རྐང་པའི་སྒྲས་བསྟན་ཏེ། །རྟེན་དང་བརྟེན་པའི་ཚུལ་ཉིད་ཀྱིས། །ཐར་པའི་གྲོང་དུ་དཀྲི་ཕྱིར་རོ། །གསུམ་པ་ཞི་གནས་གོམས་པ་ལས། །ལྷག་མཐོང་ཤེས་རབ་སྐྱེས་པའི་ཚེ། །དེ་ཉིད་བསམ་གཏན་ངོ་བོ་རུ། །རྫོགས་པས་ཟུང་དུ་འཇུག་པ་ཡིན། །དེ་སླད་བསལ་བཞག་སྤང་བླང་དང༌། །དགག་སྒྲུབ་རེ་དོགས་ལས་འདས་པའི། །ཐ་མལ་ཤེས་པ་རྗེན་པའི་ངང། །མ་ཡེངས་དྲན་པའི་རང་རྩལ་སྐྱོངས། །མདོར་ན་མཉམ་པར་བཞག་པའི་སྐབས། །ཞི་ལྷག་ཟུང་འབྲེལ་རྣལ་འབྱོར་དང༌། །རྗེས་ཐོབ་སྣང་ཆ་ཐམས་ཅད་ཀུན། །རྟེན་འབྱུང་སྒྱུ་མའི་ཚུལ་དུ་བལྟ། །དེ་ལྟར་མ་རྟོགས་འགྲོ་བ་ལ། །བཟོད་མེད་སྙིང་རྗེས་རྒྱུད་བརླན་ཅིང༌། །གང་གི་ངོ་བོ་སྟོང་པ་རུ། །རྟོགས་པས་དོན་གཉིས་ལྷུན་གྱིས་གྲུབ། །རྗེས་སུ་བསགས་དང་ཡོད་པ་ཡི། །རྣམ་པར་དཀར་བའི་ཚོགས་གཉིས་རྒྱུན། །འཁོར་གསུམ་ཡང་དག་ཆེན་པོའི་ངང༌། །འགྲོ་ཀུན་ཚོགས་གཉིས་རྒྱུ་རུ་བསྔོ། གེགས་སེལ་བོགས་འདོན་བླ་མ་ལ། །སྙིང་ནས་གསོལ་གདབ་དབང་བཞི་བླང༌། །གང་ཤར་རང་ངོར་འཇོག་པ་དང༌། །ཐབས་ཤེས་ཟུང་འབྲེལ་དགེ་ཆོས་སྡུད། །མཐར་གྱིས་དྲན་འཛིན་རྩོལ་བ་དང༌། །མཉམ་གཞག་རྗེས་ཐོབ་སོ་མཚམས་ཞིག །གཉིས་སྣང་ཕྲ་མོ་བཅས་པ་ཡང༌། །སྤངས་པས་གཟོད་མའི་ས་ལ་རེག །དེ་ཚེ་ངོ་བོ་རང་བཞིན་དང༌། །ཐུགས་རྗེ་དབྱེར་མི་ཕྱེད་པ་ཡི། །ལྷན་སྐྱེས་སྐུ་བཞི་མངོན་གྱུར་པ། །བྲལ་སྨིན་ལས་འདས་འབྲས་བུའོ། །རྡོ་རྗེའི་ཐོལ་གླུ་ངེས་དོན་གྲུབ་པ་ལས། དངོས་གཞིའི་ལམ་གྱི་རིམ་པ་རྣམ་པར་ཕྱེ་བའི་ཚོམས་ཏེ་གཉིས་པའོ། །སླར་ཡང་དེ་ལས་འཕྲོས་པ་ཡི། །ཚིག་འགའ་སྙིང་པོར་དྲིལ་ཏེ་བརྗོད། །གང་དག་བླ་ན་མེད་པ་ཡི། །སྤྱོད་ཡུལ་ཟབ་མོ་འདི་རྟོགས་ནས། །མཐའ་བྲལ་བདེན་པའི་མཆོག་བརྙེས་ཕྱིར། །ངེས་དོན་དབུ་མ་ཆེན་པོ་སྟེ། །དང་པོ་ལྷན་ཅིག་སྐྱེས་པ་ལ། །ཕྱིས་ནས་སྦྱོར་བར་བྱེད་པའི་ཕྱིར། །ལྷན་ཅིག་སྐྱེས་སྦྱཽར་ཞེས་སུ་བརྗོད། །འཁོར་འདས་ལམ་གསུམ་ཆོས་རྣམས་ཀུན། །རིམ་དང་གཅིག་ཅར་བྲལ་བ་རུ། །གཉུག་མའི་དབྱིངས་སུ་རྫོགས་པའི་ཕྱིར། །རང་བཞིན་རྫོགས་པ་ཆེན་པོ་ཡིན། །རྟོག་ཚོགས་ཤར་གྲོལ་དུས་མཉམ་དབྱིངས། །ཉེ་བར་ཞི་བས་ཞི་བྱེད་ལ། །གཟུང་འཛིན་ཐད་ཀར་གཅོད་པའི་ཕྱིར། །གཅོད་ཡུལ་ཞེས་སུ་སྒྲོགས་པར་མཛད། །མདོར་ན་ཟབ་དང་རྒྱ་ཆེའི་ཆོས། །མཐའ་དག་དངོས་དང་རྒྱུད་ཉིད་ནས། །སྦྲང་རྩིའི་རོ་དང་ཁོང་སྦུབས་བཞིན། །དམ་པའི་ཆོས་འདིར་གཞོལ་ཞིང་འབབ། །ཁྱད་པར་དུས་གསུམ་རྒྱལ་བའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་མ་ཞེས། །གྲགས་པ་ཆོས་ཀྱི་འབྱུང་གནས་ཀྱང༌། །ཕྱག་རྒྱ་འདི་ལས་མི་གཞན་ནོ། །ལས་ཆོས་དམ་ཚིག་སྔོན་སོང་བས། །སྒྲུབ་པ་རིམ་འཇུག་ཙམ་ཞིག་སྟེ། །དབང་རྣོན་གཅིག་ཅར་རིགས་ཅན་གྱིས། །སྐད་ཅིག་གཅིག་གིས་མཐོང་ཞིང་གྲོལ། །རླུང་དང་ཕྱག་རྒྱའི་བྱེད་ལས་ལས། །བྱུང་བའི་གསལ་བདེའི་ལྟ་བ་དང༌། །བློ་དང་ལྷན་ཅིག་གནས་པའི་ཕྱིར། །གྲོལ་བ་ཉིད་དང་ཁ་ཐག་རིང༌། །དེ་ཕྱིར་གཅིག་ཤེས་ཀུན་གྲོལ་གྱི། །ལྟ་བའི་རིམ་པ་འདི་རྟོགས་ནས། །བསྒོམ་པའི་ལམ་ལ་འཇུག་པ་ཡང༌། །འབྲས་བུའི་ཉམས་ལེན་མཐར་ཐུག་སྟེ། །དབང་བསྐུར་ཀུན་གྱི་དེ་ཁོ་ན། །རྡོ་རྗེ་ཡེ་ཤེས་འཕོ་བ་ཡི། །དཔེ་དང་གཏན་ཚིགས་ཙམ་མིན་པར། །རྒྱུ་རྒྱུད་གནས་ལུགས་མངོན་སུམ་བསྟན། །ལམ་རྒྱུད་གང་གིས་རྒྱས་འདེབས་པ། །ཟབ་མོའི་བླ་མའི་རྣལ་འབྱོར་ནི། །ཀུན་བརྟགས་ཙམ་མིན་ཡོངས་གྲུབ་པའི། །བསྐྱེད་པའི་རིམ་པའི་མཆོག་ཡིན་ཏེ། །མི་ཤིགས་ནཱ་དར་སོན་པ་ཡི། །ཟུང་འཇུག་བཟླས་པ་རྒྱུན་ཆད་མེད། །འོད་གསལ་ལྷན་ཅིག་སྐྱེས་པའི་དངོས། །རྫོགས་རིམ་ཀུན་གྱི་རྩེ་མོར་ཤར། །རྡོ་རྗེ་ལུས་ཀྱི་བྱེད་པ་ནི། །གཉིས་མེད་ཡེ་ཤེས་ཉིད་དུ་བཅིངས། །འབྱུང་ལྔའི་རླུང་སེམས་རྒྱུར་བཅས་པ། །འགྲོ་འོང་མེད་པའི་དབྱིངས་སུ་ཐིམ། །འཕོ་ཆགས་བྲལ་བའི་བདེ་ཆེན་རོལ། །མཚན་མའི་ཐིག་ལེ་རབ་ཟོས་པས། །སྣང་སེམས་ཉམས་མྱོང་ཀུན་འཆར་ཞིང༌། །མཐར་ཐུག་དབུ་མར་མཆོག་འགྲུབ་བོ། །གཞན་ཡང་སྔགས་ཀྱི་འདུལ་བ་ནི། །འདུ་ཤེས་འདོད་ཆགས་བྲལ་བ་ལ། །ཡེ་སྲུང་ཆེན་པོར་རྫོགས་པས་ན། །སྡོམ་དང་སྡོམ་མིན་ཡོངས་སུ་སྤངས། །སྣང་སེམས་གཉིས་ཀྱིས་བསྡུས་པའི་ཆོས། །རོ་མཉམ་ཆེན་པོར་བརྡལ་བའི་ཕྱིར། །ཉེ་རྒྱུའི་སྤྱོད་པའི་མཐར་ཐུག་གིས། །གཟུང་འཛིན་འཁྲུལ་པའི་ཕྱོགས་ལས་རྒྱལ། །ཤེས་དང་ཤེས་བྱ་སྙོམས་འཇུག་པ། །མཆོག་ཏུ་མི་འགྱུར་ཚོགས་རྫོགས་པས། །ལྷན་སྐྱེས་སྒྲིབ་བྲལ་འབྲས་བུའི་རྒྱུད། །ཚེ་འདི་ཉིད་ལ་མངོན་དུ་བྱེད། །དེ་བཞིན་ཕར་ཕྱིན་ཐེག་པ་དང༌། །རྗེས་མཐུན་ས་ལམ་རྫོགས་པའྀ་ཚུལ། །རེ་ཞིག་ཐུན་མིན་བཞེད་པའི་སྙིང༌། །རྣལ་འབྱོར་བཞི་ཡི་རིམ་པའང༌། །རྩེ་གཅིག་འཇིག་རྟེན་ཚོགས་ལམ་སྟེ། །ཐོག་མར་ཆུང་ངུའི་གནས་སྐབས་སུ། །ངོ་བོ་མི་རྟོག་པར་གནས་ཤིང༌། །འབྲིང་པོར་དེ་ཉིད་བརྟན་པ་དང༌། །མཐར་ཕྱིན་ཉིན་མཚན་ཁོར་ཡུག་འབྱུང༌། །འདི་ལ་བདེ་གསལ་སྟོང་ཉིད་དང༌། །གཡོ་མེད་གནས་པ་མཉམ་བཞག་དང༌། །གཅིག་ཤོས་རྗེས་ཐོབ་ཉིད་ཡིན་ཕྱིར། །འདུ་འཛི་སྤངས་པའི་བརྩོན་འགྲུས་ཀྱིས། །ཞེན་པ་མེད་པར་ཉམས་བླངས་པས། །ཟག་བཅས་མངོན་ཤེས་སོགས་ཀྱང་འགྲུབ། །དེ་ནས་སྔར་གྱི་ཉམས་ཞིག་པས། །རང་སེམས་སྐྱེ་འགགས་བྲལ་བ་དང༌། །བཟང་ཞེན་འཆིང་བ་རྣམ་སྤངས་པའི། །སྤྲོས་བྲལ་ཆུང་ངུ་འབྲིང་པོའི་མཐུས། །ངོ་བོའི་བཞུགས་ཚུལ་ཇི་ལྟ་བའི། །ཉམས་མྱོང་རྣལ་མར་སྦྱོར་བའི་ལམ། །མཐར་ཕྱིན་ཕྱི་རོལ་སྣང་ཆ་ཀུན། །སེམས་ཀྱི་རོལ་པར་ཤེས་པ་དང༌། །དེ་ཡང་བློ་འདས་ལྷུན་གྲུབ་ཏུ། །རྟོགས་པས་ཆོས་ཉིད་བདེན་པ་མཐོང༌། །དུས་འདིར་དྲན་པས་ཟིན་ཙམ་ནས། །རྩོལ་བྲལ་མཉམ་བཞག་དབང་བསྒྱུར་ཞྀང༌། །དེ་ལས་ལྡོག་ཚེ་འཁྲུལ་བཅས་པའི། །རྗེས་ཐོབ་ཡིན་ཕྱིར་དྲན་འཛིན་གཅེས། །མཐོང་ཟིན་ཡིད་བྱེད་ལས་འདས་པས། །གོམས་པར་བྱ་བ་སྒོམ་པའི་ལམ། །ཆུང་ངུར་འཁོར་དང་འདས་པའི་ཆོས། །སྣང་སྟོང་རོ་མཉམ་གཅིག་དུ་རྟཽགས། །འབྲིང་པོར་སྣ་ཚོགས་གཟུང་འཛིན་ཡུལ། །སེམས་ཉིད་ཁོ་ནའི་རང་རྩལ་དུ། །ཤེས་པས་སྟོང་ཉིད་རྒྱུ་འབྲས་སུ། །ཤར་ནས་སྒྲོ་སྐུར་རང་ངོར་ཞིག །ཆེན་པོར་སྣང་སྲིད་སྐྱེ་མེད་དབྱིངས། །ཞི་བས་གཉིས་སྣང་ཕྲ་མོའང་སྤངས། །ཡུལ་ཅན་གཉུག་མའི་ཡེ་ཤེས་དང༌། །ཡུལ་སྣང་ལུང་མ་བསྟན་པ་ལ། །མཉམ་རྗེས་ཐ་དད་གདགས་པ་སྟེ། །དོན་དུ་བློས་བྱས་འཇུར་དྲན་དང༌། །ཐ་མལ་འཁྲུལ་པས་མ་བསླད་པའི། །ཡེངས་མེད་འཛིན་མེད་རྣལ་འབྱོར་མཆོག །གོ་ཡུལ་ཙམ་མིན་ཉམས་སུ་མྱོང༌། །མཐར་ཐུག་བཞག་བྱ་འཇོག་བྱེད་ཀྱི། །སྤྲོས་པ་མ་ལུས་རྒྱུན་ཆད་ནས། །མཉམ་རྗེས་རེས་འཇོག་སྤངས་པ་ཡི། །སྒོམ་མེད་ཆུང་ངུར་རྗེས་ཐོབ་ཀྱི། །སྒྱུ་མའི་གཟུགས་བརྙན་སྤངས་པ་སྟེ། །འབྲིང་པོར་རྗེས་ཤེས་བག་ཉལ་གྱི། །གཉིས་སྣང་ཤིན་ཏུ་ཕྲ་བ་ཉིད། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བཅོམ་པའི་སྐད་ཅིག་དེ་ཉིད་ལ། །ཆེན་པོར་སློབ་ལམ་ལས་འདས་པའི། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ། །མདོར་ན་ཉམས་སྣང་རྩེ་གཅིག་བརྟན། །རྣམ་རྟོག་སྤྲོས་བྲལ་ཆོས་སྐུར་ཤར། །སྣང་བ་སྒོམ་དུ་རོ་གཅིག་ཅིང༌། །སྒྱུ་མའི་མྱོང་བ་བྲལ་བའོ། །འདི་ནི་རྡོ་རྗེ་ཐེག་པ་ཡི། །འཇུག་སྒོ་དབང་བཞིའི་རྟོགས་པ་སྟེ། །དེས་ན་ཀུན་ཉོན་ས་བོན་བཅས། །མཐའ་དག་སྤངས་པའི་ནུས་པར་ལྡན། །དེ་ལྟའི་ཉམས་ལེན་གནས་སྐབས་སུ། །གོལ་ཤོར་ནོར་སའི་གེགས་བསལ་ཏེ། །དང་པོ་བདེ་གསལ་མི་རྟོག་ཀྱང༌། །ཉམས་ཀྱི་འཆར་སྒོ་ཙམ་ཉིད་ཕྱིར། །ཞེན་ན་འདོད་གཟུགས་གཟུགས་མེད་ཀྱི། །ཁམས་གསུམ་དག་ཏུ་འཆིང་བར་བྱེད། །གཉིས་པ་སྟོང་ཉིད་གཤིས་དང་ལམ། །རྒྱས་འདེབས་གཉེན་པོར་ཤོར་བ་སྟེ། །དེ་ཡང་ཐམས་ཅད་སྟོང་ཉིད་ཕྱིར། །རྒྱུ་འབྲས་གྲུབ་པ་མེད་སྙམ་དང༌། །ཇི་ཙམ་གོ་ཡང་རང་རྒྱུད་ལ། །ཉམས་མྱོང་བྲལ་བ་དང་པོའོ། །སྐུ་གསུམ་ལྷན་སྐྱེས་མ་ཤེས་པར། །འབྲས་བུ་གཞན་ན་རེ་བ་དང༌། །མ་བཅོས་གཉུག་མ་ལས་གཞན་པའི། །བློ་བྱས་འཛིན་རྩོལ་གཉིས་པར་བཤད། །ཐབས་ཤེས་དབྱེར་མེད་མ་རྟོགས་པར། །ཐབས་ལ་སྟོང་པས་རྒྱས་འདེབས་དང༌། །གང་ཤར་སྣང་བ་ལམ་ཁྱེར་ལ། །རེ་དོགས་བླང་དོར་གསུམ་པ་སྟེ། །རྟོག་ཚོགས་གཟོད་ནས་རང་གྲོལ་ཀྱང༌། །གཉེན་པོའི་ཡེ་ཤེས་བརྟེན་པ་དང༌། སེམས་བྱུང་འཇུག་པ་སྟོང་འཛིན་གྱིས། །ཆེད་དུ་དགག་པ་བཞི་པར་འདོད། །གསུམ་པ་ཚོགས་དྲུག་དགག་པ་དང༌། །གསལ་ཆ་མེད་པའི་མི་རྟོག་པ། །ལུང་མ་བསྟན་དུ་བྱིང་བ་སོགས། །ཞི་གནས་རྩེ་གཅིག་ཤར་བར་རློམ། །རྟོག་གེ་ཁོ་ནའི་ཐལ་འགྱུར་རོ། །ཡིད་དཔྱོད་བཅོས་མའི་ཆོས་ཉིད་དང༌། །དྲན་པས་མ་ཟིན་འཁྲུལ་པ་ལ། །ལྷག་མཐོང་ཡེ་ཤེས་ཉིད་དོ་ལོ། །ཟུང་འཇུག་གནས་ལ་རྨོངས་པའམ། །ཞི་གནས་ཙམ་དང་མ་བྲལ་བཞིན། །རྟོག་ཅིང་དཔྱོད་པར་སྨྲ་བ་སོགས། །ཐམས་ཅད་འཁྲུལ་པའི་ཕྱོགས་སུ་ལྷུང༌། །དེ་ཕྱིར་རྟོགས་པ་མཆོག་ལྡན་པའི། །བཤེས་གཉེན་དམ་པར་གུས་བསྟེན་ནས། །སྤྲོས་བྲལ་མངོན་སུམ་མཐོང་བའི་བར། །རིམ་པ་བཞིན་དུ་རྗེས་སུ་སློབས། །གཞན་ཡང་ཉམས་ལེན་བོགས་འདོན་ཅིང༌། །དགེ་སྦྱོར་སྲང་དུ་གཞུག་པའི་ཕྱིར། །དུས་ཀྱི་གནས་སྐབས་དང་བསྟུན་པའི། །རྣལ་འབྱོར་རྣམ་པ་དྲུག་ཡིན་ཏེ། །ཐོ་རངས་ཡེ་ཤེས་གསལ་འདེབས་ཕྱིར། །གཉིད་ལས་སད་པའི་དེ་མ་ཐག །སྟོང་ཉིད་སྙིང་རྗེ་ཟུང་འཇུག་པས། །གཞན་ཕྱིར་དགེ་བའི་སྤྱོད་པ་བརྩམས། །ཉིན་པར་སྣང་བ་གང་ཤར་ཀུན། །རྨི་ལམ་སྒྱུ་མར་རྒྱས་གདབ་སྟེ། །རང་བཞིན་མེད་པར་བསྒོམ་པ་ཡིས། །བདེན་འཛིན་འཇིག་ཅིང་བར་དོ་འབྱོངས། །ནང་ནུབ་བཟའ་བཏུང་འདོད་ཡོན་ཀུན། །ཞེན་མེད་སྟོང་པར་ལམ་ཁྱེར་རམ། །ཕུང་ཁམས་དཀྱིལ་འཁོར་མཆོད་པའི་ཕྱིར། །རོལ་པས་མི་འཆིང་ཚོགས་ཆེན་རྫོགས། །སྲོད་ལ་དབང་པོ་གཞི་བསྡུའི་ཕྱིར། །ཉིན་པར་ཚུལ་མིན་ཡིད་བྱེད་ཀྱི། །རྗེས་སུ་མི་འབྲེངས་རང་ངོ་བལྟ། །མཚན་མོ་རྣལ་འབྱོར་སྲད་དུ་འཛུད། །ནམ་གུང་ཤེས་བྱ་བུམ་གཞུག་གིས། །སྙིང་དབུས་ཁྱབ་བདག་བླ་མ་བསྒོམ། །གསོལ་གདབ་སྤྲོས་བྲལ་ངང་དུ་བཞག །འོད་གསལ་མ་བུ་འདྲེས་པར་བྱེད། །ནམ་ཞིག་འཆི་བའི་དུས་བབ་ཚེ། །ཡེ་ཤེས་ཟང་ཐལ་རྣལ་འབྱོར་ནི། །དངོས་པོ་ཀུན་ལ་ཆགས་ཞེན་བཅད། །ཉེས་ལྟུང་བཤགས་ཤིང་སྙིང་ནས་བསྡོམ། །དགེ་ཚོགས་རྗེས་སུ་ཡི་རང་བླཽས། །བླ་མེད་བྱང་ཆུབ་རྒྱུ་རུ་བསྔཽ། །ཕུང་ཁམས་ཟག་མེད་བདུད་རྩི་ཡིས། །མཆོད་སྦྱིན་མགྲོན་རྣམས་ཚིམ་བྱས་ཏེ། །འདི་ལྟར་ཐོག་མར་མ་སྐྱེས་ཕྱིར། །ཐ་མར་གང་དུ་འགགས་པར་འགྱུར། །དེ་ཕྱིར་སྐྱེ་འཆྀ་བྲལ་བ་ཡིས། །ཕྱག་རྒྱ་ཆེན་པོར་མཉམ་བཞག་པས། །དོན་གྱི་བསྲེ་འཕོ་ལམ་དུ་ལོངས། །མདོར་ན་འཆི་བའི་རྟོག་པ་ནི། །མ་བཅོས་ཆོས་སྐུའི་དབྱིངས་སུ་གྲོལ། །བར་དོ་སྣང་སྟོང་རོ་མཉམ་དུ། །རྟོགས་པས་ལོངས་སྤྱོད་རྫོགས་སྐུར་ཤར། །སྐྱེ་སྲིད་བླ་མའི་མོས་གུས་ཀྱིས། །སྤྲུལ་པའི་སྐུ་རུ་དབུགས་འབྱིན་ཕྱིར། །དབང་པོའི་རིམ་པ་རྗེས་མཐུན་པའི། །ལམ་གྱི་རྣལ་འབྱོར་རྫོགས་པའོ། །སྤྱོད་པ་གནས་སྐབས་རྗེས་ཐོབ་ཏུ། །སྒྱུ་མ་ལྟ་བུའི་དགེ་ཆོས་སྡུད། །གཞན་དུ་མཉམ་བཞག་སེམས་བརྟན་ན། །དེ་ལ་གཙོ་བོར་སྟོན་མི་བྱ། །ཅི་ཕྱིར་ཟག་བྲལ་ཚུལ་ཁྲིམས་དང༌། །དམིགས་མེད་སྙིང་རྗེ་དོན་དམ་སེམས། །རྣམ་གྲོལ་དམ་ཚིག་སྡོམ་པ་སྟེ། །སྦྱིན་སོགས་ཐབས་ཀྱི་སྤྱོད་པ་ཡང༌། །དེ་ཁོ་ན་ལས་མི་འདའ་བར། །རྡོ་རྗེའི་ཚིག་གིས་རབ་བཀྲལ་ཞིང༌། །གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཀྱང༌། །དགོངས་པ་གཅིག་ཏུ་འབབ་པར་གསུངས། །དེ་སླད་བཅིང་གྲོལ་ལས་འདས་པའི། །གནས་ལུགས་འདི་ནི་སུས་རྟོགས་པ། །དབང་རྣོན་གཅིག་ཅར་རིགས་ཅན་ཏེ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །རྟེན་དང་བརྟེན་པར་བཅས་པ་ཡི། །བྲལ་སྨིན་ཡོན་ཏན་མཐའ་ཀླས་ཀྱང༌། །གཞོན་ནུ་མ་ཡི་སྲང་བཞིན་དུ། །ཨེ་ཝཾ་གཉིས་སུ་མེད་པར་བཞུགས། །རང་བཞིན་ལྷན་སྐྱེས་ཆོས་སྐུ་སྟེ། །འགགས་མེད་ཟུང་འཇུག་ལོངས་སྤྱོད་རྫོགས། །སྣ་ཚོགས་གཟུགས་ཅན་སྤྲུལ་པའི་གར། །དབྱེར་མེད་བདེ་ཆེན་ངོ་བོ་ཉིད། །དག་པའི་ཡེ་ཤེས་མ་འདྲེས་པར། །གཟིགས་པས་མེ་ལོང་ལྟ་བུ་དང༌། །དངོས་ཀུན་གཅིག་ཏུ་ཐུགས་ཆུད་ཕྱིར། །མཉམ་པ་ཉིད་ཅེས་བྱ་བར་བཤད། །ཀུན་ཁྱབ་འགྱུར་མེད་བདེན་པ་ཡིས། །ཤེས་བྱ་ཀུན་མཁྱེན་སོ་སོར་རྟོགས། སྒྲིབ་གཉིས་ཆ་དང་བཅས་པའི་རྒྱུན། །ཤིན་ཏུ་རྣམ་དག་ཆོས་དབྱིངས་སོ། །དེས་ན་སྐུ་དང་ཡེ་ཤེས་ཀྱི། །ཡོན་ཏན་བདེ་ཆེན་རོ་མྱོང་བརྒྱད། །འདུ་འབྲལ་མེད་པར་དབང་བྱས་པས། །ཇི་སྲིད་འཁོར་བ་དེ་སྲིད་དུ། །རྟག་ཅིང་ཁྱབ་དང་ལྷུན་གྲུབ་པའི། །དོན་གཉིས་ཕྲིན་ལས་རྒྱུན་མི་ཆད། །དེ་ཕྱིར་སྐལ་བཟང་རྣམ་དཔྱོད་ཅན། །ཚེ་གཅིག་བྱང་ཆུབ་ཐོབ་འདོད་ཀུན། །བཤད་པ་གང་དེའི་རྗེས་ཞུགས་ཏེ། །གྲུབ་པའི་རྣམ་ཐར་འཛིན་པར་མཛོད། །རྡོ་རྗེའི་ཐོལ་གླུ་ངེས་དོན་གྲུབ་པ་ལས། འཕྲོས་དོན་གྱི་རིམ་པ་རྣམ་པར་ཕྱེ་བའི་ཚོམས་ཏེ་གསུམ་པའོ། །འདི་ནི་གྲུབ་པའི་ཧེ་རུ་ཀཿ། །རྗེ་བཙུན་ཆོས་ཀྱི་བླཽ་གྲོས་ཀྱིས། །བྱིན་བརླབས་འོག་མིན་གཉིས་པའི་ཞིང༌། །པུ་ཏྲ་ཀོ་ཊི་ཞེས་གྲགས་པར། །གཏད་མེད་ཀུན་ཏུ་རྒྱུ་བ་ཡི། །རྣལ་འབྱོར་པདྨ་དགྱེས་པའི་སྡེས། །མགོན་པོ་གང་གི་ཞལ་སྐྱིན་ལ། །སྙིང་ནས་དད་པས་གསོལ་བཏབ་སྟེ། །ལམ་དབང་ཆོ་གས་དགེ་བྱས་ཚེ། །ཇི་ལྟར་ཤར་བའི་རྟོགས་པ་ལས། །མདོ་སྔགས་ཐུན་མོང་ཁྲིད་ཚུལ་གྱི། །འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ། །ཟབ་ཅིང་རྒྱ་ཆེའི་གཞུང་བཟང་ཀུན། །སྙིང་པོར་དྲིལ་ཏེ་ཉེ་བར་གདམས། །འོན་ཀྱང་སོ་སྐྱེའི་བླཽ་གྲོས་ཀྱིས། །ནོངས་པ་གྱུར་ཀུན་མཐོལ་བགྱིད་ཅིང༌། །དགེ་བས་ནང་གི་དེ་བཞིན་ཉིད། །ཡེ་ཤེས་མིག་གིས་མཐོང་བ་ལས། །སྲིད་མཚོར་བྱིངས་པའི་འགྲོ་བ་ཀུན། །ཕྱག་རྒྱ་ཆེན་པོར་རེག་གྱུར་ཅིག། །།

Footnotes

Other Information