ཟབ་དོན་སྙིང་པོའི་རྡོ་རྗེའི་ཐོལ་གླུ་པྲ་ཎི་དྷ་གྲུབ་པའི་ལམ་བཟང༌།

From Khyentse Lineage - A Tsadra Foundation Project
JKW-KABAB-02-KHA-030
Wylie title zab don snying po'i rdo rje'i thol glu pra Ni d+ha grub pa'i lam bzang
Location mkhyen brtse'i bka' babs
Volume 2, Text 30, Pages 201-202 (Folios 1a1 to 1b)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. zab don snying po'i rdo rje'i thol glu pra Ni d+ha grub pa'i lam bzang. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 2: 203-204. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Vajra Songs - rdo rje'i glu
Karchag page JKW-KABAB-Volume-02-KHA-Karchag
Colophon

།ཞེས་པའང་འཕགས་མཆོག་ནཱ་ག་རྫུ་ནའི་ཡེ་ཤེས་སྒྱུ་མའི་ཟློས་གར་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་གདན་ས་ཐེལ་བྱང་གླིང་རྡོ་རྗེའི་གདན་དུ་རྟེན་གསུམ་གྱི་ཕྲེང་བ་ཚར་དུ་དངར་བའི་མདུན་སར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ལམ་རིམ་དང་འབྲེལ་བར་གང་ཤར་སྨོན་ལམ་བཏབ་པ་སིདྡྷྀ་རསྟུ།།

zhes pa'ang 'phags mchog nA ga rdzu na'i ye shes sgyu ma'i zlos gar 'jig rten gsum gyi mgon po 'bri gung pa'i gdan sa thel byang gling rdo rje'i gdan du rten gsum gyi phreng ba tshar du dngar ba'i mdun sar phyag rgya chen po lnga ldan gyi lam rim dang 'brel bar gang shar smon lam btab pa sid+d+h-i rastu

[edit]
༄༅། །ཟབ་དོན་སྙིང་པོའི་རྡོ་རྗེའི་ཐོལ་གླུ་པྲ་ཎི་དྷ་གྲུབ་པའི་ལམ་བཟང་ཞེས་བྱ་བ།།ཨ་ཧོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཅོད་པན་དུ་གྱུར་ཀྱང༌། །ཚུལ་མཐོང་འགྲོ་བ་སྒྲོལ་ཕྱིར་ངུར་སྨིག་གི་སྒྱུ་འཕྲུལ། །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས་སེན་གྱི་པདྨོ། །སྙིང་དབུས་མི་ཤིགས་ཐིག་ལེར་འབྲལ་མེད་དུ་བཞུགས་ཤིག །མཐའ་ཀླས་མ་གྱུར་འགྲོ་ཀུན་འཁོར་མཚོ་ལས་བསྒྲལ་ཕྱིར། །བྱམས་དང་སྙིང་རྗེས་དྲངས་པའི་སྨོན་འཇུག་གི་ལམ་ནས། །གཞན་ཕན་ཡིད་བཞིན་ནོར་བུའི་འཁྲི་ཤིང་ལ་རེག་པའི། །བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །རང་ལུས་ཐ་མལ་ཞེན་པའི་འཁྲུལ་སྣང་གི་དྲི་མ། །སྣང་སྟོང་ཟུང་འཇུག་གཉུག་མའི་ལྷ་སྐུ་རུ་གསལ་ཞིང༌། །སྒྲར་གྲགས་གསང་བ་སྔགས་ཀྱི་དེ་ཉིད་ལ་གཞོལ་བའི། །བསྐྱེད་རིམ་ལམ་བཟང་གོམས་པར་བྱིན་གྱིས་རང་རློབས་ཤིག །གཙུག་ཏོར་ཛ་ལནྡྷ་རའི་དགའ་ཚལ་གྱི་དབུས་སུ། །སྐྱབས་ཀུན་འདུས་ཞལ་ཁྱབ་བདག་འཁོར་ལོ་ཡི་མགོན་པོར། །ཁྱེད་ཤེས་དད་པས་གསོལ་བཏབ་ལམ་དབང་གི་ས་བོན། །རང་རྒྱུད་ཞིང་སར་སྨིན་པར་བྱིན་གྱིས་རང་རློབས་ཤིག །གཟོད་ནས་སྤྲོས་བྲལ་འོད་གསལ་གཉུག་མ་ཡི་གཤིས་ལུགས། །སྐྱེ་འགགས་གནས་གསུམ་བྲལ་བའི་རང་ངོ་ལ་བལྟས་པས། །ཞི་ལྷག་ཟུང་དུ་འབྲེལ་བའི་ཉམས་ལེན་དང་སྦྲགས་ནས། །ལྷན་སྐྱེས་སྐུ་བཞི་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །དེ་ལྟར་བསགས་དང་ཡོད་པའི་ཚོགས་གཉིས་ཀྱི་འབྲས་བུ། །འཁོར་གསུམ་མཚན་མས་མ་བཅིངས་ཉམས་ལེན་གྱི་ངང་ནས། །བླ་མེད་ཕྱག་རྒྱ་ཆེན་པོའི་ཉེ་རྒྱུ་རུ་བསྔོས་པས། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རང་རློབས་ཤིག །དེ་སྐད་ཟབ་དོན་སྙིང་པོའི་ལམ་རིམ་གྱི་གནད་གསང༌། །ཉུང་ངུའི་ཚིག་གིས་སྨོན་པའི་རྡོ་རྗེ་ཡི་ཐོལ་གླུ། །བྱིན་རླབས་བཀྲ་ཤིས་འབྱུང་བའི་དབེན་གནས་ཀྱི་ངོས་སུ། །གཏད་མེད་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་དེས་བླངས་སོ། །ཞེས་པའང་འཕགས་མཆོག་ནཱ་ག་རྫུ་ནའི་ཡེ་ཤེས་སྒྱུ་མའི་ཟློས་གར་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པའི་གདན་ས་ཐེལ་བྱང་གླིང་རྡོ་རྗེའི་གདན་དུ་རྟེན་གསུམ་གྱི་ཕྲེང་བ་ཚར་དུ་དངར་བའི་མདུན་སར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་ལམ་རིམ་དང་འབྲེལ་བར་གང་ཤར་སྨོན་ལམ་བཏབ་པ་སིདྡྷྀ་རསྟུ།། །།

Footnotes

Other Information