DKYD-DZINDROL-018: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
 
Line 29: Line 29:
|versonotes=mdo mkhyen zab gter gcod 'dzin pa rang grol
|versonotes=mdo mkhyen zab gter gcod 'dzin pa rang grol
|colophontib=ཕ་ཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་པཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེཿ བརྡ་འཁྲོལ་བསྐུལ་མ་མཛད་པའི་ཚེཿ པད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་བུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུག་ཤོགཿ དགེའོ།། །།
|colophontib=ཕ་ཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་པཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེཿ བརྡ་འཁྲོལ་བསྐུལ་མ་མཛད་པའི་ཚེཿ པད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་བུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུག་ཤོགཿ དགེའོ།། །།
|colophonwylie=pha gcig dam pa nag po dang: dbyer med dus mtha'i snyom las pa: DAk+ki'i gsang mdzod dbang sgyur ba: khrag 'thung las kyi dpa' bo la: rnam gsum drin ldan DAk+ki mas: rten 'brel zab mo'i mtshams sbyar te: brda' khrol bskul ma mdzad pa'i tshe: bad rag gsang ba'i brda ris las: bsdus shing dag par phab pa ste: dri med rgyal bas dag par mdzad: yi ge'i 'du byed dam ldan bu: 'jigs bral 'od zer gyis bgyis pas: nyams longs yon tan nus pa gsal: man ngag chos kyi gzhung shing ngo: dge bas 'khor ba dong sprug shog:
|colophonwylie=pha gcig dam pa nag po dang: dbyer med dus mtha'i snyom las pa: DAk+ki'i gsang mdzod dbang sgyur ba: khrag 'thung las kyi dpa' bo la: rnam gsum drin ldan DAk+ki mas: rten 'brel zab mo'i mtshams sbyar te: brda' khrol bskul ma mdzad pa'i tshe: bad rag gsang ba'i brda ris las: bsdus shing dag par phab pa ste: dri med rgyal bas dag par mdzad: yi ge'i 'du byed dam ldan bu: 'jigs bral 'od zer gyis bgyis pas: nyams longs yon tan nus pa gsal: man ngag chos kyi gzhung shing ngo: dge bas 'khor ba dong sprug shog: dge'o//
|pdflink=File:DKYD-DZINDROL-018.pdf
|pdflink=File:DKYD-DZINDROL-018.pdf
|InitCategories=Khyentse Lineage Project; DKYD-DZINDROL
|InitCategories=Khyentse Lineage Project; DKYD-DZINDROL

Latest revision as of 14:44, 17 June 2024

Wylie title thugs thig 'dzin pa rang grol las nyams len gzhung shing chen mo DKYD-DZINDROL-018.pdf
Location mdo mkhyen brtse 'dzin grol
Volume 1, Text 18, Pages 129-208 (Folios 1a1 to 40b1)
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. Thugs thig 'dzin pa rang grol las nyams len gzhung shing chen mo. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): 129-208. Delhi: Shechen Publications, 2020.
Genre Activity Manual - las byang  ·  Root Treasure - gter gzhung
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
Colophon

ཕ་ཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་པཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེཿ བརྡ་འཁྲོལ་བསྐུལ་མ་མཛད་པའི་ཚེཿ པད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་བུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུག་ཤོགཿ དགེའོ།། །།

pha gcig dam pa nag po dang: dbyer med dus mtha'i snyom las pa: DAk+ki'i gsang mdzod dbang sgyur ba: khrag 'thung las kyi dpa' bo la: rnam gsum drin ldan DAk+ki mas: rten 'brel zab mo'i mtshams sbyar te: brda' khrol bskul ma mdzad pa'i tshe: bad rag gsang ba'i brda ris las: bsdus shing dag par phab pa ste: dri med rgyal bas dag par mdzad: yi ge'i 'du byed dam ldan bu: 'jigs bral 'od zer gyis bgyis pas: nyams longs yon tan nus pa gsal: man ngag chos kyi gzhung shing ngo: dge bas 'khor ba dong sprug shog: dge'o//

[edit]

༄། །ཙི ཏྟཾ ཏི ལ ཀ མ དྒྲ ཧ ཎཾ སྭོ ྅ ཀྵ ར མ སྠི ཏི ཀྲྀ ཡཱ ཡ ཥྚི ར དྷི མ ཏྲཱ བི ཧ ར ཏི སྨ། །

ྈ ཐུགས་ཐིག་འཛིན་པ་རང་གྲོལ་ལསཿ ཉམས་ལེན་གཞུང་ཤིང་ཆེན་མོ་བཞུགསཿ ཿ

ཆོས་སྐུ་རྒྱལ་བ་ཡུམ་ཆེན་མོཿ ཞིང་ཁམས་དབང་བསྒྱུར་གསང་ཡེ་མཿ ཁམས་གསུམ་ཟིལ་གནོན་ཁྲོས་མའི་རྒྱལཿ གུས་པས་འདུད་དོ་དངོས་གྲུབ་སྩོལཿ ཨ་ཏི་ཐིག་ལེ་སྐོར་གསུམ་ལསཿ མན་ངག་འཛིན་པ་རང་གྲོལ་ཆོསཿ བརྟུལ་ཞུགས་ལྡན་པའི་རྣལ་འབྱོར་གྱིསཿ ས་ལམ་ཉི་ཟླའི་བགྲོད་པ་བཞིནཿ གདོད་མའི་རྒྱལ་སར་དབུགས་དབྱུང་ཞིངཿ ཐུགས་རྗེའི་རོལ་རྩལ་སྣ་ཚོགས་ཀྱིསཿ འཁྲུལ་སྣང་བདག་ཏུ་བཟུང་བ་ཡིཿ གཟུང་འཛིན་འཆིང་བས་རབ་ཏུ་བཅིངསཿ ངན་སོང་གསུམ་གྱི་རྒྱུ་བསགས་པཿ གཟུགས་མེད་འབྱུང་པོ་ཐབས་ཀྱིས་འདུལཿ གཟུགས་ཅན་འབྲེལ་བས་བསྡུས་པ་ཀུནཿ ཡང་དག་ལམ་དུ་འགོད་པའི་ཐབསཿ དགའ་རབ་དཔའ་བོས་གསང་མཛོད་བསྟནཿ རྩ་བ་རྡོ་རྗེའི་ཚིག་རྐང་ནསཿ གསུངས་བཞིན་དགོས་པའི་ཡོ་བྱད་རིགསཿ ཞིང་ཆེན་པགས་པའི་གཡང་གཞི་དངཿ བྱང་སེམས་མི་རྐང་གླིང་བུ་ནིཿ ཕོ་མོ་གང་ཡིན་ཐབས་ཤེས་འབྲེལཿ ཚེར་མའི་ཤིང་གི་ཌཱ་མ་རུཿ དར་སྣ་ལྔ་ཡི་ཅོད་པན་དངཿ དྲིལ་གཡེར་འགྲོན་ཚོམ་ལྔ་ཡིས་བརྒྱནཿ ཚོགས་གཞོང་བྷནྡྷ་མཚན་ལྡན་དངཿ གཅན་གཟན་གཏུམ་པོའི་པགས་པའི་གདནཿ ཐོད་པའི་ཕྲེང་བ་དང་བཅས་ཏེཿ ཆས་དྲུག་རྣལ་འབྱོར་སྤྲོས་བཅས་སོཿ སྤྲོས་མེད་དམིགས་པའི་ཆོ་འཕྲུལ་མཆོགཿ གཉན་ཁྲོད་རྟག་ཏུ་འགྲིམ་པའི་ཚེཿ ཐོག་མར་ཟིལ་གནོན་དམིགས་པ་ནིཿ བླ་མའི་གསོལ་འདེབས་སྒོམ་བཟླས་མཐརཿ ཕཊཿ རང་རིག་མ་བཅོས་སྐད་ཅིག་དྲན་རྫོགས་སུཿ བདུད་འདུལ་ཁྲོས་མ་ནག་མོ་འཇིགས་རུང་གཟུགསཿ སྤྱན་གསུམ་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགསཿ ཕྱག་གཉིས་གཡང་གཞི་ཕྱར་ཞིང་རྐང་གླིང་སྒྲོགཿ དྲག་པོའི་ཆས་རྫོགས་ཞབས་གཉིས་གར་སྟབས་འགྱིངཿ རི་རབ་ལྟ་བུའི་སྐུ་ལུས་བརྗིད་པ་ལཿ སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་ཡིཿ ཐུགས་ལས་གནམ་ལྕགས་རི་རབ་སྲ་བརྗིད་བརྟནཿ འོད་ཟེར་མེ་ཕུང་འབར་བ་འཕྲོས་པ་ཡིསཿ གཉན་དམིགས་ཐོག་ཏུ་གནམ་ལྕགས་ཐོག་ལྟར་བབསཿ གནས་གདོན་ལུས་གདོན་གཙོར་གྱུར་འདོད་ཁམས་ཀྱིཿ སྣང་སྲིད་ལྷ་འདྲེ་ཐམས་ཅད་འོག་ཏུ་མནནཿ བྲོས་འཁྱམ་དབང་མེད་འགུལ་བསྐྱོད་མི་ནུས་པརཿ དཔའ་ཟིལ་ཆག་ཅིང་དྲན་མེད་གནས་པར་བསམཿ ཧཱུྃ་ཧཱུྃ་ཧཱུྃཿ ཕཊཿསྒྲ་དྲག་པོས་སྲིད་གསུམ་འགེངས་པར་བསམཿ ལྟ་བའི་ངར་མདངས་མ་བྲལ་ཤུགས་ཀྱིས་འགྲོཿ གཉན་དམིགས་སྟེང་དུ་བསླེབས་མ་ཐག་ཉིད་དུཿ ཆོས་ཉིད་གདེང་ལྡན་ལྟ་བའི་ངང་ཉིད་ནསཿ བརྟུལ་ཞུགས་རོ་ཉལ་དམིགས་པའི་འཕྲུལ་འཁོར་གཙོཿ སྤྲོས་བཅས་ཕྱོགས་བཞི་དབུས་ལྔར་ཐོ་ཆུང་བརྩིགསཿ ཅོག་བུའམ་གནས་ཁང་ཁྲོས་མའི་གཞལ་ཡས་དབུསཿ གདན་ཉིད་གཡང་གཞི་ས་གཞིར་ཁྱབ་པའི་འོགཿ ལྕགས་ཁང་དབུས་སུ་ལྕགས་ཀྱི་དྲྭ་བ་བསྒོམཿ ཁྲོས་མའི་སྒོམ་བཟླས་གཉན་འབོད་རིང་མོ་བྱཿ ལྷ་འདྲེ་འགྱུར་ལྡོག་མགོ་གཡོག་བྱེད་པ་དངཿ གཅན་གཟན་གདུག་པ་དགྲ་རྐུན་ཆོམ་པོའི་རིགསཿ དྲྭ་མིག་གིས་བཅིངས་མགོ་མཇུག་ཐུར་ལྡོག་བསམཿ ལྷ་འདྲེའི་དམག་ཚོགས་ས་གཞིའི་རྡུལ་གྱི་གྲངསཿ ཁྲོམ་ཚོགས་ཇི་བཞིན་འདུས་པའི་ཕྱི་རོལ་དུཿ འཇིག་རྟེན་ལས་དང་ཤ་ཟ་དམ་ཚིག་གིཿ མཁའ་འགྲོའི་དམག་ཚོགས་དེའི་ཕྱིར་ཡེ་ཤེས་ཀྱིཿ ཌཱཀྐི་སྡེ་བཞི་སྤྲུལ་འཁོར་བཅས་པས་བསྐོརཿ དེའི་ཕྱིར་རྡོ་རྗེ་རྭ་གུར་སྲ་ཞིང་བརྟནཿ སྤུ་གྲི་རེག་གཅོད་མེ་རླུང་འཁྲིགས་པར་བསྒོམཿ འཛིན་པ་རང་གྲོལ་དམིགས་པའི་འཕྲུལ་འཁོར་དངཿ ནམ་མཁའ་སྒོ་འབྱེད་ལྟ་བའི་ཉམས་ལེན་གནདཿ ཐུན་མཚམས་ལས་ཕྲན་དམིགས་པ་སྐབས་དང་སྦྱརཿ སྐབས་སུ་ཕུང་པོའི་མཆོད་སྦྱིན་བསྡུས་ཙམ་གཏངཿ ལྷོང་ཚད་མཐར་ཕྱིན་ཚར་ཚད་ཕྲན་བུའི་སྐབསཿ བྱིན་རླབས་གནད་འབེབ་རིང་མོ་གནད་དུ་བསྣུནཿ མཆོད་སྦྱིན་གཅོད་ཚོགས་འདི་ཉིད་ཉམས་སུ་ལོངསཿ ཚོགས་རྫོགས་སྒྲིབ་སྦྱོང་མཐར་ཕྱིན་འབྲས་སྨིན་འགྱུརཿ ཐོག་མར་སྐྱབས་སུ་འགྲོ་བའི་རིམ་པ་ནིཿ ན་མོཿ ཕྱོགས་བཅུ་དུས་བཞིའི་བཅོམ་ལྡན་རྒྱལ་བ་སྲསཿ རྩ་བ་བརྒྱུད་པའི་བླ་མའི་ཚོགས་རྣམས་དངཿ ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་མཛད་ཌཱཀྐིའི་ཚོགས་རྣམས་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ གདོད་མའི་གཞི་ལ་མངོན་པར་བྱང་ཆུབ་པའིཿ ཀུན་བཟང་ཐོག་མའི་མགོན་ལ་སྐྱབས་སུ་མཆིཿ སྟོང་ཉིད་མ་བཅོས་ཀ་དག་གདོད་མའི་གཤིསཿ བཟང་མོ་ཀུན་ཁྱབ་མ་ལ་སྐྱབས་སུ་མཆིཿ གཞི་ལས་མ་གཡོས་ཞིང་ཁམས་སྐུ་ལ་རྫོགསཿ ཤེས་རབ་ཕ་རོལ་ཕྱིན་མར་སྐྱབས་སུ་མཆིཿ ལོངས་སྤྱོད་རྫོགས་པའི་ཞིང་ལ་མངའ་དབང་བསྒྱུརཿ མ་ཅིག་གསང་ཡེ་མ་ལ་སྐྱབས་སུ་མཆིཿ ཁྲག་འཐུང་རོལ་པའི་ཞིང་ཁམས་སྤྲུལ་པའི་གཞིཿ བདུད་འདུལ་དབྱིངས་ཕྱུག་མ་ལ་སྐྱབས་སུ་མཆིཿ ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལཿ ཌཱཀྐི་ཁྲོས་མ་ལྷ་ལྔར་སྐྱབས༴ སྣ་ཚོགས་ཐབས་ཀྱིས་འགྲོ་དྲུག་སྡུག་བསྔལ་སེལཿ རྗེ་བཙུན་ཏཱ་རེ་མ་ལ་སྐྱབས༴ ཤེས་རབ་རྣོན་པོས་རྒྱལ་བའི་དགོངས་པ་རྟོགསཿ འཇམ་དཔལ་སྨྲ་བའི་སེང་གེར་སྐྱབས༴ སྙིང་རྗེ་ཆེན་པོས་འགྲོ་བའི་སྡུག་བསྔལ་སྐྱོབཿ འཕགས་མཆོག་ཕྱག་ན་པདྨོར་སྐྱབས༴ མཐུ་སྟོབས་དབང་བསྒྱུར་ལས་ཀྱི་ས་མཚམས་འཛིནཿ གསང་བདག་རྡོ་རྗེ་འཛིན་ལ་སྐྱབས༴ ལས་དང་ས་མཚམས་ཀུན་ལ་དབང་བསྒྱུར་བའིཿ མ་ཅིག་ལས་ཀྱི་དབང་མོར་སྐྱབས༴ ཆོས་དབྱིངས་ཀློང་ལས་སྐལ་ལྡན་དོན་ལ་དགོངསཿ སྟོན་པ་དྲི་མ་མེད་ལ་སྐྱབས༴ རྫོགས་ཆེན་དོན་བརྒྱུད་གདམས་པའི་གསང་མཛོད་འཛིནཿ གསང་བདག་དགའ་རབ་དཔའ་བོར་སྐྱབས༴ ཧེ་རུ་ཀཿདཔལ་དཀྱིལ་འཁོར་ཀུན་གྱི་གཙོཿ པདྨ་ཐོད་ཕྲེང་རྩལ་ལ་སྐྱབས༴ འགྲོ་བའི་དོན་དུ་སྣ་ཚོགས་སྐུ་སྤྲུལ་མཿ ཡུམ་ཆེན་མནྡཱ་ར་ལ་སྐྱབས༴ ཟངས་མདོག་དཔལ་རིར་མཁའ་འགྲོའི་གསང་མཛོད་འཛིནཿ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐྱབས༴ བརྟུལ་ཞུགས་ལམ་ལོང་རྟེན་འབྲེལ་ཐབས་ལ་མཁསཿ ཕ་ཅིག་དམ་པ་ནག་པོར་སྐྱབས༴ འཆི་མེད་ཚེ་ཡི་རིག་འཛིན་མཆོག་བརྙེས་པའིཿ རྣལ་འབྱོར་གྲུབ་པའི་རྒྱལ་མོར་སྐྱབས༴ འཛིན་པ་རང་གྲོལ་ལས་ལ་དབང་བསྒྱུར་བའིཿ བདེ་ཆེན་ལབ་ཀྱི་སྒྲོན་མར་སྐྱབས༴ བརྟུལ་ཞུགས་ལམ་ལོང་རྐྱེན་ངན་གྲོགས་སུ་འཆརཿ གཏེར་ཆེན་ཁྲག་འཐུང་དཔའ་བོར་སྐྱབས༴ འཇའ་ལུས་སྐུ་བརྙེས་འགྲོ་བའི་དཔལ་དུ་ཤརཿ དྷཱི་ཁྱབ་ཏཱ་རེ་མ་ལ་སྐྱབས༴ འཛིན་པ་རང་གྲོལ་ཉམས་ལེན་མཐར་ཕྱིན་མཛདཿ ཆོས་བདག་སྐྱེས་བུའི་ཚོགས་ལ་སྐྱབས་སུ་མཆིཿ བདག་སོགས་ནམ་མཁའི་མཐར་ཐུག་སེམས་ཅན་ཀུནཿ སྐྱབས་གནས་རྣམས་ཀྱི་ཐུགས་རྗེས་རྗེས་བཟུང་ནསཿ མ་དག་རིགས་དྲུག་འཁོར་བའི་སྐྱེ་སྒོ་ཆོདཿ དག་པ་སྐུ་གསུམ་ས་ལ་དབུགས་དབྱུང་ཤོགཿ ལན་གསུམཿ གཉིས་པ་སེམས་བསྐྱེད་པ་ནིཿ ཕཊཿ ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུནཿ བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེཿ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེས་ནས་ཀྱངཿ སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་དངཿ བསམ་གཏན་ཤེས་རབ་ཕྱིན་དྲུག་ལམ་མཐར་ཕྱིནཿ རིགས་དྲུག་སྡུག་བསྔལ་རྒྱུ་དང་བྲལ་གྱུར་ནསཿ བདེ་བའི་རྒྱུ་སྒྲུབ་དགེ་དང་མི་འབྲལ་ཞིངཿ བླ་མེད་རྫོགས་པའི་སངས་རྒྱས་འཐོབ་པར་ཤོགཿ སེམས་ཉིད་འོད་གསལ་འདུས་མ་བྱས་པའི་དོནཿ སངས་རྒྱས་རང་ལ་གནས་པ་ངོ་ཤེས་ནསཿ འཁྲུལ་པའི་སྣང་བ་རྨི་ལམ་སད་པ་བཞིནཿ འདུས་མ་བྱས་པའི་ཀློང་དུ་གྲོལ་བར་ཤོགཿ ལན་གསུམཿ གསུམ་པ་ཡན་ལག་བདུན་པ་འབུལ་བ་ནིཿ ཕཊཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེ་དངཿ མི་དང་མི་མིན་འབྱུང་པོས་གཙོར་གྱུར་པའིཿ སྐྱེ་གནས་བཞིས་བསྡུས་རིགས་དྲུག་སེམས་ཅན་ཀུནཿ སྐུ་གསུམ་རྒྱལ་བ་རྩ་གསུམ་ལྷ་ཚོགས་ལཿ ཞིང་གི་རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ལོཿ ཀུན་བཟང་བླ་མེད་མཆོད་སྤྲིན་རྒྱ་མཚོས་མཆོདཿ སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་ཆག་བཤགསཿ ཐུགས་བསྐྱེད་མཛད་པ་རྒྱ་ཆེར་རྗེས་ཡི་རངཿ ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལཿ སེམས་ཅན་མ་གྲོལ་བར་དུ་བཞུགས་གསོལ་འདེབསཿ དགེ་ཚོགས་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ བཞི་པ་རྡོ་རྗེའི་མཎྜལ་འབུལ་བ་ནིཿ ཕཊཿ རང་རིག་སྙིང་དབུས་ཚངས་བུག་ནས་བརྒྱུད་དེཿ ནམ་མཁར་འཕག་ཅིང་རྣལ་འབྱོར་མ་རུ་གྱུརཿ ཕྱག་གཡས་གྲི་གུག་པགས་པ་ཧྲལ་གྱིས་ཕྲལཿ ཤ་ཁྲག་མགོ་བོ་ནང་རོལ་སྤུངས་པ་ལཿ ཌཱཀྐིའི་ཐུགས་ལས་ཏྲཱྃཿདང་འོད་ཟེར་འཕྲོསཿ བེམ་པོར་ཕོག་པས་སྐད་ཅིག་གནས་གྱུར་ཏེཿ པགས་པ་དབང་ཆེན་གསེར་གྱི་ས་གཞི་ལཿ ཟོ་ཁོག་རི་རབ་མགོ་བོ་རྣམ་པར་རྒྱལཿ དབུ་མ་དཔག་བསམ་སྡོང་པོ་ཡལ་ག་རྒྱསཿ ཙིཏྟ་ཡིད་བཞིན་ནོར་བུ་རིན་པོ་ཆེཿ ཤ་ཁྲག་རུས་པ་ནང་རོལ་སོ་སེན་བཅསཿ གསེར་གྱི་རི་བདུན་རོལ་པའི་མཚོ་བདུན་དངཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ ཡན་ལག་ཉིང་ལག་རྒྱུ་མ་ཁྲག་ཆུ་སེརཿ ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུ་གླིངཿ ནུབ་བྱང་བ་ལང་སྤྱོད་དང་སྒྲ་མི་སྙནཿ ལུས་དང་ལུས་འཕགས་རྔ་ཡབ་རྔ་ཡབ་གཞནཿ གཡོ་ལྡན་ལམ་མཆོག་འགྲོ་དང་སྒྲ་མི་སྙནཿ སྒྲ་མི་སྙན་གྱི་ཟླ་དང་གླིང་ཕྲན་བརྒྱདཿ མཐའ་སྐོར་རྒྱ་མཚོ་ལྕགས་རི་མུ་ཁྱུད་བཅསཿ འདོད་ཁམས་སྟོང་གསུམ་སྟོང་གི་འཇིག་རྟེན་ཁམསཿ སྟེང་དུ་གཟུགས་ཁམས་གནས་རིགས་བཅུ་བདུན་དངཿ གཟུགས་མེད་ཁམས་སོགས་བཀོད་པ་ལྷུན་རྫོགས་པཿ ལོངས་སྐུའི་ཞིང་གི་བཀོད་པ་བྱེ་བྲག་སོགསཿ ནམ་མཁའ་ས་གཞི་བར་སྣང་ཀུན་ཁྱབ་སྤྲུལཿ མཆོད་པར་འོས་པའི་ཚོགས་ཞིང་ལྷ་ཚོགས་ལཿ ཕུལ་བས་ཚོགས་རྫོགས་སྒྲིབ་པ་དག་པར་ཤོགཿ རང་ལུས་མཎྜལ་ཡོངས་རྫོགས་དག་པ་འདིཿ བློ་ཡིས་བླངས་ཏེ་ལྟོས་པ་མེད་པར་འབུལཿ ཆགས་ཞེན་འཁྲུལ་པའི་འཛིན་པ་ཡོངས་དག་ནསཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེཿ བདག་འཛིན་འཆིང་བ་རྩད་ནས་ཆོད་པར་ཤོགཿ གུ་རུ་རཏྣ་མཎྜལ་པཱུ་ཛ་ཧོཿ ལྔ་པ་ཚོགས་ཞིང་གི་དཀྱིལ་འཁོར་ལྷ་ཚོགས་གསལ་གདབ་པ་ནིཿ ཕཊཿ སྣང་བ་རྣམ་དག་མདུན་གྱི་ནམ་མཁའ་ལཿ འོག་མིན་ལྷུན་རྫོགས་སྟུག་པོ་བཀོད་པའི་ཞིངཿ རྒྱན་བཀོད་ཕུན་ཚོགས་འཇའ་འོད་སྤྲིན་ཕུང་འཁྲིགསཿ དབུས་སུ་རིན་ཆེན་སེང་ཁྲི་མཛེས་པའི་དབུསཿ པདྨ་ཉི་ཟླ་བམ་ཆེན་རོ་གདན་ལཿ སྐྱབས་གནས་གཅིག་ཆོག་བླ་མ་ཧེ་རུ་ཀཿ སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པཿ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་ཡི་ཉམསཿ དབུ་སྐྲ་ཐོར་ཚུགས་ལྷག་མས་སྐུ་རྒྱབ་ཁེབསཿ ཕྱག་གཡས་ཌཱ་རུ་གཡོན་པས་དྲིལ་བུ་འཁྲོལཿ གཞོན་ཚུལ་ཞབས་གཉིས་རྒྱལ་པོ་རོལ་སྟབས་བཞུགསཿ ཧེ་རུ་ཀཿཡི་རྒྱན་ཆས་སྐུ་ལ་རྫོགསཿ ལྷ་ལྕམ་བདེ་བའི་ཡུམ་མཆོག་ཌཱཀྐི་མཿ དཀར་གསལ་གྲི་ཐོད་འཛིན་ཅིང་མཁའ་འགྲོའི་ཆསཿ གཞོན་ཚུལ་བདེ་བའི་ཉམས་ལྡན་མཉམ་པར་སྦྱོརཿ གཡས་སུ་བམ་ཆེན་ཕོ་མོ་བསྣོལ་བའི་ཁརཿ བརྟུལ་ཞུགས་གྲུབ་པའི་ཁྱུ་མཆོག་དམ་པ་རྗེཿ སྐུ་མདོག་དམར་ནག་ཁྲོ་ཚུལ་བརྗིད་པའི་ཉམསཿ ཞལ་གཅིག་སྤྱན་གསུམ་ནམ་མཁའི་མཐོངས་སུ་གཟིགསཿ ཕྱག་གཡས་སེང་ལྡེང་ཌཱ་རུ་ནམ་མཁར་འཁྲོལཿ སྐུ་གསུམ་ཞིང་གི་ལྷ་ཚོགས་ཐུགས་རྒྱུད་བསྐུལཿ གཡོན་པས་བྷནྡྷ་བདུད་རྩིས་བཀང་བ་བསྣམསཿ དཀར་དམར་ཡེ་ཤེས་བདུད་རྩིའི་བཅུད་ལ་རོལཿ བུདྡྷ་རིགས་ཀྱི་མ་ཅིག་ལབ་སྒྲོན་མཿ དཀར་གསལ་དཔའ་མོའི་ཆས་རྫོགས་རྡོར་དྲིལ་འཛིནཿ གཉིས་མེད་འཁྲིལ་སྦྱོར་བདེ་ཆེན་རོལ་པ་ཡིསཿ ཕོ་རྒྱུད་བརྒྱལ་ཞིང་མོ་རྒྱུད་དབང་དུ་སྡུདཿ འགུགས་འདྲེན་སྤར་སོགས་ལས་བཞིའི་རྫུ་འཕྲུལ་མྱུརཿ གཡོན་དུ་པདྨ་ཉི་མ་རོ་ཡི་གདནཿ ཡི་དམ་མཁའ་འགྲོ་བདུད་འདུལ་ཁྲོས་མ་ནགཿ ཞལ་གདངས་ལྗགས་འདྲིལ་མཆེ་བ་གངས་རི་གཙིགསཿ སྤྱན་གསུམ་སྡང་མིག་འཁོར་འདས་ཀུན་ལ་གཟིགསཿ སྤྱི་གཙུག་ཕག་ཞལ་ངུར་སྒྲས་ས་གསུམ་གཡོཿ དབུ་སྐྲ་ཕྱེད་བཅིངས་ཟར་བུ་ཐུར་དུ་འཕྱངཿ ཕྱག་གཉིས་གྲི་གུག་ཕྱར་ཞིང་ཐོད་ཁྲག་འཐུངཿ ཞབས་གཉིས་དཔའ་མོའི་གར་སྟབས་ལིང་ངེ་བཿ ཁྲོ་མོའི་ཆས་རྫོགས་ཁ་ཊྭཱཾ་མཆན་དུ་བཅུགཿ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར་གསལ་ལཿ ལྷོ་རུ་རིན་ཆེན་མཁའ་འགྲོ་ས་སྙིང་མདོགཿ ནུབ་ཏུ་པདྨ་མཁའ་འགྲོ་པད་རག་འོདཿ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་ནག་མདངསཿ བཞི་ཀའང་ཆ་ལུགས་ཕྱག་མཚན་གཙོ་མོར་མཐུནཿ ཞི་རྒྱས་དབང་དྲག་ལས་བཞིའི་ངང་ཚུལ་སྟོནཿ ཡེ་ཤེས་མེ་ཕུང་རང་མདོག་འོད་ཟེར་འཁྲིགསཿ རྒྱབ་ཏུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་མཿ བཙོ་མ་གསེར་མདོག་ཞལ་གཅིག་ཕྱག་བཞི་ཡིསཿ རྡོ་རྗེ་གླེགས་བམ་མཉམ་གཞག་ཕྱག་རྒྱ་མཛདཿ སྐྱིལ་མོ་ཀྲུང་བཅས་པདྨ་ཉི་ཟླར་བཞུགསཿ མདུན་རྒྱབ་མེད་ཅིང་ཕྱོགས་ཀུན་ཐ་ལེར་གཟིགསཿ འཁོར་འདས་ཀུན་ལ་ཁྱབ་པའི་ཡུམ་ཆེན་མོཿ གྲགས་སྟོང་ཆོས་ཀྱི་རང་སྒྲ་དུས་ཀུན་སྒྲོགཿ བསྐལ་བཟང་བདེ་གཤེགས་སྟོང་དང་སེམས་དཔས་བསྐོརཿ མདུན་དུ་རྗེ་བཙུན་འཕགས་མ་ཏཱ་རེ་མཿ ལྗང་གསལ་ཞི་འཛུམ་མཆོག་སྦྱིན་དཀོན་མཆོག་གསུམཿ མཚོན་པའི་སྐྱབས་སྦྱིན་རྒྱ་ཡིས་ཨུཏྤལ་བསྣམསཿ རིགས་ཀྱི་ཏཱ་རེ་ཉི་ཤུའི་འཁོར་དང་བཅསཿ སྣ་ཚོགས་ཐབས་ཀྱིས་འགྲོ་བའི་དོན་ལ་དགོངསཿ བླ་མའི་དབུ་ཐོག་དགའ་རབ་དཔའ་བོ་ནིཿ དཀར་གསལ་རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་ཆསཿ ཆོས་ཉིད་བདེ་བ་ཆེན་པོའི་ཉམས་དང་ལྡནཿ ཡུམ་ཆེན་གསང་བ་ཡེ་ཤེས་ཌཱཀྐི་མཿ དམར་གསལ་ཐོར་ཚུགས་རུས་པའི་རྒྱན་དྲུག་ཅནཿ གྲི་གུག་མི་རྐང་གླིང་བུ་འཛིན་པས་འཁྱུདཿ བདེ་ཆེན་ངང་ནས་དཔའ་བོ་ཌཱཀྐིའི་ཚོགསཿ དབང་དུ་བསྡུ་ཞིང་ཟིལ་གནོན་ཕྱག་རྒྱས་བཅིངསཿ དེ་ཡི་སྤྱི་བོར་སྟོན་པ་དྲི་མ་མེདཿ དབུ་སྐྲ་ཐོར་ཚུགས་ལྷག་མས་སྐུ་རྒྱབ་ཁེབསཿ ཐབས་ཤེས་སྤྱན་ཟུང་སྐུ་གསུམ་ཞིང་ཀུན་གཟིགསཿ ཞལ་ནས་རང་རང་སྐད་དུ་བརྡ་ཆོས་སྟོནཿ ཕྱག་གཡས་གསེར་རྡོར་དང་བཅས་སྡིགས་མཛུབ་གཏདཿ གཡོན་པས་བདུད་རྩིའི་གཏམས་པའི་བམ་རིལ་བསྣམསཿ ཞབས་གཉིས་ཕྱེད་སྐྱིལ་ཨུཏྤལ་གདན་ལ་བཞུགསཿ རིན་པོ་ཆེ་སོགས་སྣ་ཚོགས་རྒྱན་གྱིས་སྤྲསཿ ཆོས་སྐུའི་མཁའ་འགྲོ་ཡུམ་དང་གཉིས་མེད་སྦྱོརཿ རིགས་ལྔ་བདེ་གཤེགས་ཡབ་ཡུམ་སྐུ་ལ་རྫོགསཿ རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་འཁོར་གྱིས་བསྐོརཿ དེ་འོག་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དངཿ རྒྱུད་སྡེ་བཞི་དྲུག་ཡི་དམ་སྤྲིན་ལྟར་གཏིབསཿ བླ་མའི་མཐའ་སྐོར་བར་མཚམས་ཐམས་ཅད་དུཿ རྒྱ་གར་གྲུབ་ཆེན་རྫོགས་ཆེན་དོན་བརྒྱུད་དངཿ ཞི་གཅོད་དགོངས་བརྡ་སྙན་བརྒྱུད་གྲུབ་གཉིས་ཀྱིཿ རྩ་བ་བརྒྱུད་པའི་བླ་མ་མ་ལུས་དངཿ རྡོ་རྗེ་རྣལ་འབྱོར་ཕག་མོ་བདུད་འདུལ་མཿ སེང་ཧ་མུ་ཁ་ཙཎྜི་ཀཱ་ལ་སོགསཿ ཡེ་ཤེས་མ་རྒྱུད་མཁའ་འགྲོའི་ཚོགས་དང་བཅསཿ མཚོ་ཆེན་གཟའ་སྐར་བཀྲ་བཞིན་དཔུང་ངེར་བཞུགསཿ དེ་འོག་སྔགས་སྲུང་མ་ཅིག་ཁྲོས་མའི་རྒྱལཿ རང་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་དངཿ གཡས་སུ་མ་ནིང་ལེགས་ལྡན་ཕྱག་བཞི་དྲུགཿ མྱུར་མཛད་ཡེ་ཤེས་མགོན་པོ་བྱ་རོག་གདོངཿ བདུད་མགོན་ཡབ་ཡུམ་ལས་མགོན་དཀར་དམར་ནགཿ གཙོར་གྱུར་ཕོ་རྒྱུད་མགོན་པོའི་ཚོགས་རྣམས་དངཿ གཡོན་དུ་ཨེ་ཀ་ཙཱ་ཊཱི་དུད་སོལ་མཿ འདོད་ཁམས་དབང་ཕྱུག་དཔལ་ལྡན་རེ་མ་ཏཱིཿ རྡོ་རྗེ་གཤོག་རྒོད་དམག་ཟོར་དུས་བཞིའི་རྒྱལཿ ཚེ་རིང་མཆེད་ལྔ་སྨན་བཙུན་གཡུ་སྒྲོན་མཿ སྲོག་སྒྲུབ་ནག་མོ་ཤྭ་ན་ས་བདག་དངཿ བདག་ཉིད་མ་བཞི་བརྟན་མ་བཅུ་གཉིས་བཅསཿ མོ་རྒྱུད་མ་མོའི་དམག་ཚོགས་བྱེ་བ་འབུམཿ རྒྱབ་ཕྱོགས་དྲང་སྲོང་གཟའ་བདུད་རཱ་ཧུ་ལཿ ཁྱབ་འཇུག་གཟའ་ཆེན་བརྒྱད་དང་གདོང་མོ་བཞིཿ རྒྱུ་སྐར་ཉེར་བརྒྱད་དྲེགས་པའི་དམག་དཔུང་བཅསཿ དམ་ཅན་རྡོར་ལེགས་དགེ་བསྙེན་བསྙོ་ཁ་ནགཿ ཨཱརྱ་ཛམ་ལྷ་རྒྱལ་ཆེན་སྡེ་བཞིར་བཅསཿ མདུན་ཕྱོགས་གནོད་སྦྱིན་ལག་ན་བེ་ཅོན་དངཿ ཟུར་ཕུད་ལྔ་ལྡན་ནེ་ལེ་ཐོད་དཀར་མཚནཿ གངས་བཟང་ཐོད་རྩལ་ལ་སོགས་གཉན་ཆེན་བཞིཿ གཞན་ཡང་དཔལ་མགོན་བདུན་ཅུ་རྩ་ལྔའི་འཁོརཿ རྡོ་རྗེའི་མིང་འཛིན་བཞི་སོགས་དཀར་ཕྱོགས་སྐྱོངཿ མགོན་པོ་ཡོན་ཏན་མགྲོན་གྱུར་ཁྲོམ་ཚོགས་བཞིནཿ མ་འདྲེས་ཡོངས་སུ་རྫོགས་པ་གསལ་བར་བསྒོམཿ རང་གནས་ས་གཞིར་གནས་གདོན་ལུས་གདོན་རིགསཿ ཤ་ཁྲག་སྲོག་ལ་བསྡོ་བ་འབྱུང་པོའི་གཙོསཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་དངཿ དེ་རྒྱབ་ལྷ་དང་ལྷ་མིན་མིའི་འགྲོ་བཿ དུད་འགྲོ་ཡི་དྭགས་དམྱལ་བའི་རིགས་བསྡུས་པའིཿ མཁའ་མཉམ་འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོནཿ ཉི་ཟེར་རྡུལ་འཁྲིགས་བཞིན་དུ་གནས་པའི་མཐརཿ འཇིག་རྟེན་ཤ་ཟ་ལས་དང་དམ་ཚིག་གིཿ མཁའ་འགྲོའི་དམག་ཚོགས་དེའི་ཕྱིར་ཡེ་ཤེས་ཀྱིཿ སྤྲུལ་པའི་ཌཱཀྐིའི་དམག་ཚོགས་དུ་མས་བསྐོརཿ ཕྱི་རོལ་གུར་ཁང་དང་བཅས་ཡོངས་རྫོགས་གསལཿ ཀུན་ཀྱང་ན་བུན་རླུང་གིས་བསྐྱོད་པ་བཞིནཿ ཡེ་ནས་དུ་མ་རོ་གཅིག་ཆེན་པོ་ལཿ སྤྱན་འདྲེན་བཞུགས་སུ་གསོལ་བའི་སྤྲོས་པ་བྲལཿ འཁོར་བ་མྱང་འདས་རྡུལ་གཅིག་སྟེང་ཉིད་དུཿ རྡུལ་སྙེད་ཚོགས་བཞིན་དངོས་སུ་གསལ་བ་ལཿ ཐེ་ཚོམ་བློ་ཡི་མདུད་པ་རང་སར་ཞིགཿ ཕཊཿ དམིགས་པ་མ་གསལ་བར་དུ་བརྗོདཿ ཌཱ་མ་རུ་སྒྲོག་གླིང་བུའི་སྒྲཿ ལན་ལྔ་སྒྲོག་ཅིང་གསལ་ཐེབས་ཚེཿ སྣང་བ་ཟིལ་ཁོལ་བྱུང་བའི་དུསཿ ངེས་འབྱུང་དད་པའི་ཤུགས་སྐྱེད་ལཿ དྲུག་པ་གསོལ་འདེབས་དབྱངས་སྙན་པོསཿ ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞིར་བཞུགས་པའི་བཅོམ་ལྡན་འདསཿ སྐུ་གསུམ་རྒྱལ་བ་སྲས་དང་སློབ་མར་བཅསཿ ཡུམ་ཆེན་སངས་རྒྱས་སྟོང་དང་དགྲ་བཅོམ་འབུམཿ དེང་འདིར་བདག་བློའི་དད་པའི་ཞིང་ས་ལཿ ཚོགས་གཉིས་བསགས་དང་སྒྲིབ་གཉིས་ཡོངས་སྦྱངས་ཤིངཿ ས་དང་ལམ་གྱི་བར་ཆད་ཀུན་བསལ་ནསཿ སྐུ་དང་ཐིག་ལེ་འཇའ་འོད་ཟེར་མདངས་སྟོནཿ སྣང་བ་བཞི་ཡི་བགྲོད་པ་ཉི་ཟླའི་རྟཿ ཆོས་ཟད་ཀློང་དུ་འབྲས་བུ་སྟོན་མཛད་པའིཿ ཆོས་དབྱིངས་མ་བཅོས་དོན་གྱི་ཕོ་བྲང་ནསཿ རིགས་ཀྱི་བདག་པོ་སྟོན་པ་དྲི་མ་མེདཿ བླ་མའི་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཀྱངཿ སྣ་ཚོགས་ཐབས་ཀྱིས་ཞེན་འཛིན་དབྱིངས་སུ་གཅོདཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ལྷུན་རྫོགས་སྟུག་པོ་བཀོད་པའི་ཞིང་ཁམས་ནསཿ རྡོར་སེམས་གསང་བདག་དགའ་རབ་དཔའ་བོ་རྗེཿ རིག་འཛིན་རིག་པའི་འཁོར་ལ་བརྡ་ཆོས་སྟོནཿ མངོན་ཤེས་ལྔ་ཡིས་འགྲོ་བའི་སྡུག་བསྔལ་མཁྱེནཿ སྤྲུལ་པ་བྱེ་བ་ཕྲག་བརྒྱས་འགྲོ་དོན་སྤྱོདཿ དགོངས་པའི་གསང་མཛོད་གཏད་རྒྱ་སྨོན་ལམ་བཅསཿ གུ་རུའི་ཐུགས་བརྒྱུད་འགྲོ་བློར་འཚམ་པར་སྩོལཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ སྐུ་གསུམ་བདེ་བ་ཆེན་པོའི་ཞིང་ཁམས་ནསཿ རྒྱལ་ཀུན་ཐུགས་རྗེའི་རོལ་རྩལ་གཅིག་ཏུ་བསྡུསཿ མཚོ་སྐྱེས་རྡོ་རྗེ་གུ་རུ་ཐོད་ཕྲེང་རྩལཿ གདུལ་བྱའི་མཐུན་སྣང་མི་ཡི་གཟུགས་སུ་གྲུབཿ བདག་སོགས་འགྲོ་བློའི་མ་རིག་མུན་བསལ་ནསཿ ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་ཀྱིསཿ ལས་ཉོན་དབང་གྱུར་ལོག་པའི་ལམ་ཞུགས་ཀུནཿ ལུས་ངན་བསྒྲལ་ཞིང་སངས་རྒྱས་ས་རུ་འགོདཿ སྐལ་ལྡན་ལྟ་བ་བཅར་ཕོག་ངོ་སྤྲོད་ཅིངཿ མཐུ་རྩལ་ཐོགས་མེད་དངོས་གྲུབ་རྣམ་གཉིས་སྩོལཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཕ་ཁྱོད་དམ་པ་ནག་པོའི་ཚུལ་བཟུང་ཚེཿ སྐུ་མདོག་ནག་སྣུམ་གཟི་བརྗིད་འོད་དུ་འབརཿ སྤྱན་གསུམ་སྐུ་གསུམ་ཞིང་གི་བཀོད་པ་དངཿ མ་དག་རིགས་དྲུག་ཁམས་གསུམ་འཁོར་བའི་ཆོསཿ འགྲོ་བློའི་མོས་པ་མཐའ་དག་ས་ལེར་གཟིགསཿ ཞལ་ནས་ཧ་ཧའི་གད་རྒྱངས་སྒྲོག་པ་ཡིསཿ འཇིག་རྟེན་མ་མོ་མཁའ་འགྲོ་དབང་མེད་འགུགསཿ སྲོག་གི་སྙིང་པོ་འཕྲོག་ཅིང་དམྱལ་ཐག་གཅོདཿ ཕྱག་གཡས་སེང་ལྡེང་ཌཱ་རུ་འཁྲོལ་བ་ཡིསཿ རྩ་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་རྒྱུད་བསྐུལཿ དགྱེས་བསྐངས་བྱིན་རླབས་དངོས་གྲུབ་བཅུད་འདྲེན་ཞིངཿ མ་དག་སྐྱེ་འགྲོ་ཕོ་མོའི་སྣང་བ་སྒྱུརཿ གཡོན་པའི་བྷནྡྷ་བདུད་རྩིའི་བཅུད་ལྡན་གྱིསཿ ཁམས་གསུམ་སྐྱེ་དགུའི་སྲོག་གི་སྙིང་པོ་སྡུདཿ དངོས་གྲུབ་ཚོགས་ཀྱི་འཁོར་ལོའི་བཅུད་ལ་རོལཿ ལྷ་ཀླུ་གནོད་སྦྱིན་དྲེགས་ཚོགས་དབང་མེད་འགུགསཿ མ་ཅིག་ཡུམ་དང་མཉམ་སྦྱོར་བདེ་བར་རོལཿ དགའ་བ་བཞི་ཡི་ཡེ་ཤེས་མངོན་གྱུར་པའིཿ དབང་རབ་ལས་སྐལ་ལྡན་པའི་བུ་མཆོག་ལཿ དབང་བཞིའི་རྒྱུད་སྨིན་རིག་འཛིན་སར་འགོད་མཛདཿ ཞབས་གཉིས་རོལ་པའི་སྟབས་སུ་བཞུགས་པ་ཡིསཿ བདུད་དང་ལོག་འདྲེན་མ་རུངས་དམ་སྲིའི་དཔུངཿ བཀའ་རྟགས་ཕྱག་རྒྱ་གཉན་པོས་འགུགས་མཛད་ཅིངཿ བྱང་སེམས་མ་སྐྱེས་བར་དུ་གནོན་པར་མཛདཿ སྐུ་ལས་མེ་ཕུང་ཚྭ་ཚྭ་འཕྲོས་པ་ཡིསཿ གསར་སྐྱེས་འབྱུང་པོ་རྒྱལ་བསེན་དམུ་བདུད་བཙནཿ བག་ཆགས་ལས་ངན་ཉོན་མོངས་ཀུན་བསྲེགས་ཤིངཿ སྒྲིབ་པ་སྦྱང་ཕྱིར་སྐད་ཅིག་བསྐལ་པ་རུཿ ཉམས་ཐག་སྡུག་བསྔལ་སྟོན་ཞིང་རྣམ་ཤེས་སྤརཿ སྐབས་སུ་རྟེན་འབྲེལ་སྣ་ཚོགས་མཛད་པ་ཡིསཿ དག་དང་མ་དག་མཐོང་ཐོས་དྲན་རེག་གིཿ བཟང་ངན་ལས་ཀྱིས་འབྲེལ་བའི་གདུལ་བྱ་ཀུནཿ བྱིན་གྱིས་བརླབས་ཤིང་བྱང་ཆུབ་ལམ་འགོད་མཛདཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཁྱོད་ཐུགས་ཡེ་ཤེས་ལྔ་ཡི་རྩལ་ཤར་བའིཿ ཡི་དམ་བདུད་འདུལ་ཁྲོས་མ་ལྷ་ལྔ་མཿ གཞི་ལས་མ་གཡོས་ཆོས་དབྱིངས་ཡེ་ཤེས་ཀྱིསཿ གཏི་མུག་འཁྲུལ་པའི་མ་རིག་མུན་པ་སེལཿ འགྱུར་བ་མེད་པའི་སྐུ་མདོག་མཐིང་ནག་ལཿ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་རྩལ་སྣང་གིསཿ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་ཤར་བའིཿ ཁྲོ་མོའི་ཆས་རྫོགས་གྲི་གུག་ཐོད་ཁྲག་བསྣམསཿ རྟོག་མེད་རོ་ཡི་གདན་ལ་འགྱིངས་སྟབས་གརཿ སྤྱི་བོར་གཏི་མུག་གཉིད་སྐྲོག་ཕག་ཞལ་ངུརཿ མེ་ལོང་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་དཀརཿ ཞི་བའི་ཆས་རྫོགས་ཐུགས་རྗེའི་བསིལ་རྒྱུན་གྱིསཿ ཞེ་སྡང་མེ་འཇོམས་བྱང་སེམས་མྱུ་གུ་སྨིནཿ མཉམ་ཉིད་ཡེ་ཤེས་རིན་ཆེན་མཁའ་འགྲོ་སེརཿ རྒྱས་པའི་ཆས་རྫོགས་ཁྱབ་བརྡལ་རྩལ་ཤུགས་ཀྱིསཿ ང་རྒྱལ་རི་བོ་བསྙིལ་ཞིང་རྟོགས་པ་བསྐྱེདཿ སོར་རྟོགས་ཡེ་ཤེས་པདྨ་མཁའ་འགྲོ་དམརཿ དབང་གི་ཆས་རྫོགས་བདེ་བ་ཆེན་པོ་ཡིསཿ འདོད་ཆགས་ཆུ་བསྒྱུར་སེར་སྣའི་མདུད་པ་ཁྲོལཿ བྱ་གྲུབ་ཡེ་ཤེས་ལས་ཀྱི་མཁའ་འགྲོ་ལྗངཿ དྲག་པོའི་ཆས་རྫོགས་དཔའ་བའི་ཏིང་འཛིན་གྱིསཿ ཕྲག་དོག་རླུང་གནོན་མ་དག་དབྱིངས་སུ་སྒྲོལཿ རང་རྟགས་གྲི་གུག་ཐོད་ཁྲག་ཕྱག་ན་བསྣམསཿ རྣམ་འགྱུར་དུ་མས་འགྲོ་ཁམས་ཐུགས་རྗེས་སྐྱོངཿ ཀུན་ཀྱང་རྟོག་བྲལ་བདེ་བ་ཆེན་པོའི་ཉམསཿ ཐུགས་རྗེ་གློག་ལྟར་མྱུར་བས་གདུག་པ་འདུལཿ རང་རང་རིགས་མཐུན་སྤྲུལ་པ་བྱེ་བ་འབུམཿ ལས་ལ་འགྱེད་ཅིང་ཕྲིན་ལས་ཐོགས་པ་མེདཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་བའི་གནསཿ མཁའ་འགྲོ་ཀུན་གྱི་སྤྲུལ་གཞི་ཡུམ་ཆེན་མོཿ མ་ཅིག་གསང་བ་ཡེ་ཤེས་ཌཱཀྐི་མཿ དཀར་དམར་མདངས་ལྡན་རྣམ་འགྱུར་ཆ་ལུགས་དངཿ སྤྲུལ་པ་མ་ངེས་སྣ་ཚོགས་ཅིར་ཡང་སྟོནཿ ཞིང་ཁམས་ཀུན་གྱི་བཀོད་པ་སྐུ་ལ་རྫོགསཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཐུགས་རྗེའི་རོལ་རྩལ་མ་འགགས་བསམ་ཡས་ལཿ ཆོས་སྐུའི་སངས་རྒྱས་དགོངས་པའི་རྩལ་གྱིས་མཆོདཿ ལོངས་སྤྱོད་རྫོགས་སྐུ་བདེ་བ་ཆེན་པོར་སྦྱོརཿ སྤྲུལ་སྐུ་རྒྱལ་བ་རབ་འབྱམས་བསྐྱེད་པའི་མཿ སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཁམསཿ འབྲས་བུ་རེ་དོགས་བྲལ་བའི་ཆོས་བསྟན་ཚེཿ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་མཛད་མཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཕྲིན་ལས་གཅིག་བསྡུས་ཨཱརྻ་ཏཱ་རེ་མཿ ལྗང་གསལ་གཡུ་འོད་འབར་བའི་མདངས་དང་ལྡནཿ རང་ལས་སྤྲུལ་པའི་ཏཱ་རེ་ཉི་ཤུའི་འཁོརཿ དགྲ་བཅོམ་དཔའ་བོ་དཔའ་མོ་འབུམ་ཕྲག་བཅསཿ བྱམས་པ་ཆེན་པོས་འགྲོ་བའི་སྡུག་བསྔལ་སེལཿ སྙིང་རྗེ་ཆེན་པོའི་ཐུགས་རྗེས་རྗེས་སུ་འཛིནཿ དགའ་བ་ཆེན་པོས་ཡང་དག་ལམ་ལ་བཀོདཿ བཏང་སྙོམས་ཆེན་པོས་འཁོར་འདས་མཉམ་པར་ལྡནཿ ལམ་ལ་གནས་པའི་གདུལ་བྱའི་མཐུན་སྣང་བཞིནཿ རང་རང་སྐལ་བར་འཚམ་པའི་ཆོས་སྟོན་ཞིངཿ འཁོར་བའི་རྒྱ་མཚོ་དོང་ནས་སྤྲུག་མཛད་པཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ གཞན་ཡང་མདོ་རྒྱུད་ལུང་དང་མན་ངག་ཆོསཿ ཕ་རྒྱུད་མ་རྒྱུད་གཉིས་མེད་གསང་བའི་རྒྱུདཿ དགོངས་བརྡ་སྙན་བརྒྱུད་སྨོན་ལམ་གཏད་རྒྱ་དངཿ ཤོག་སེར་ཚིག་དང་བཀའ་བབས་བྱིན་རླབས་ཀྱིཿ རྩ་བ་བརྒྱུད་པའི་བླ་མའི་ཚོགས་རྣམས་དངཿ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་པ་དགུའིཿ དངོས་གྲུབ་འབྱུང་བའི་ཡི་དམ་དཀྱིལ་འཁོར་ལྷཿ ཡེ་ཤེས་ལས་དང་དམ་ཚིག་ས་མཚམས་འཛིནཿ ཌཱཀྐི་དཔའ་བོ་དཔའ་མོ་བསྟན་སྲུང་བཅསཿ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབསཿ ཟག་བཅས་སྒྱུ་མ་ལུས་ཀྱི་ཕུང་པོ་འདིཿ གཅེས་འཛིན་བདག་ཏུ་བཟུང་བའི་འཆིང་བ་གྲོལཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་དབང་བསྒྱུར་ནསཿ མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབསཿ སྒྲ་ཚིག་འཛིན་ཞེན་ལས་རླུང་ཤུགས་འབྱུང་ངགཿ འགགས་འཛེར་ལྐུགས་དིབ་སྡུག་བསྔལ་རང་སར་གྲོལཿ གྲགས་སྟོང་རང་གྲོལ་ཆོས་ཀྱི་སྒྲ་དབྱངས་སྒྲོགཿ ནུས་མཐུ་བདེན་ཚིག་གྲུབ་པར་བྱིན་གྱིས་རློབསཿ གཟུང་འཛིན་ཨ་འཐས་འཁོར་བར་འཁྱམས་པའི་སེམསཿ རང་ངོ་མ་ཤེས་འཁྲུལ་པའི་གཞན་དབང་ཅནཿ གདོད་མའི་ཆོས་སྐུའི་ཀློང་དུ་བཙན་ས་ཟིནཿ འཇིགས་མེད་འཁོར་འདས་རོ་སྙོམས་བྱིན་གྱིས་རློབསཿ ལས་ཉོན་འཁྲུལ་སྣང་དྲག་པོའི་དབང་གྱུར་ཅིངཿ སྡུག་བསྔལ་དུ་མས་རྣམ་པར་གཟིར་པ་ཡིཿ དངོས་མེད་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ བྱང་སེམས་ཐུགས་རྗེའི་ཤུགས་ཀྱིས་དབང་དུ་སྡུསཿ ཁོང་ཁྲོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིངཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ འཛིན་པ་རང་གྲོལ་བྱིན་རླབས་སྙིང་ལ་ཞུགསཿ འགྲོ་དོན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབསཿ ཤ་ཁྲག་ལུས་ཀྱི་འཛིན་ཞེན་གྲོལ་བའི་ཚེཿ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ བདེ་སྡུག་འཁོར་འདས་རེ་དོགས་ཆེན་པོ་གྲོལཿ གང་ལའང་རློམ་སེམས་བྲལ་བར་བྱིན་གྱིས་རློབསཿ བཟང་ངན་ལས་ཀྱི་འབྲེལ་བསྡུས་གཙོར་གྱུར་པའིཿ མ་རྒན་མཁའ་ཁྱབ་སེམས་ཅན་ཇི་སྙེད་པཿ ལས་ངན་བག་ཆགས་དྲི་མ་ཡོངས་དག་ནསཿ མྱང་འདས་ས་རུ་འགོད་པར་བྱིན་གྱིས་རློབསཿ གསོལ་བ་འདེབས་སོ་སྟོན་པ་དྲི་མ་མེདཿ གུས་པས་འདུད་དོ་དགའ་རབ་དཔའ་བོ་རྗེཿ གདུང་བས་འབོད་དོ་གུ་རུ་སྤྲུལ་པའི་སྐུཿ ཐུགས་རྗེས་གཟིགས་ཤིག་དམ་པ་རྒྱ་གར་པཿ རང་ངོ་སྤྲོད་ཅིག་ཆོས་སྐུ་ཡུམ་ཆེན་མོཿ རྟོགས་པ་སྤོར་ཅིག་མ་ཅིག་གསང་ཡེ་མཿ ལམ་སྣ་དྲོངས་ཤིག་བདུད་འདུལ་དྲག་མོ་རྒྱལཿ འཛིན་པ་ཁྲོལ་ཅིག་ཁྲོས་མ་ལྷ་ལྔ་མཿ བྱིན་གྱིས་རློབས་ཤིག་ཏཱ་རེ་ཉི་ཤུ་གཅིགཿ ཐུགས་རྗེས་གཟིགས་ཤིག་བཀའ་བརྒྱུད་བླ་མའི་ཚོགསཿ དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷཿ བར་ཆད་སོལ་ཅིག་གནས་གསུམ་མཁའ་འགྲོའི་ཚོགསཿ སྣང་བ་བདེན་མེད་སྒྱུ་མར་རྟོགས་པ་དངཿ བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབསཿ ན་ཚ་ལམ་ལོང་རྐྱེན་ངན་གྲོགས་སུ་ཤརཿ ཐེ་ཚོམ་ལོག་ལྟ་བྲལ་བར་བྱིན་གྱིས་རློབསཿ མ་རིག་གཉིད་སད་གཟུང་འཛིན་མདུད་པ་གྲོལཿ ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན་གྱིས་རློབསཿ ཕཊཿ ཅེས་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་བཏབ་ཅིང་མོས་གུས་མཆི་མ་འཁྲུགས་པར་བྱའོཿ བདུན་པ་སྡིག་སྒྲིབ་སྦྱོང་བ་ནིཿ ཕཊཿ ཚོགས་ཞིང་ལྷ་ཚོགས་བྱིན་རླབས་བླ་མར་བསྡུསཿ ཡབ་ཡུམ་སྐུ་ལས་ཟག་མེད་བདུད་རྩིའི་ཆརཿ བབས་པས་བདག་དང་རིགས་དྲུག་སེམས་ཅན་གྱིཿ ལས་ཉོན་བག་ཆགས་དམ་ཉམས་སྒྲིབ་ཚོགས་ཀུནཿ བཀྲུས་ཤིང་རྣག་ཁྲག་དུད་ཁུ་སོལ་ཁུ་དངཿ སྡོམ་སྡིག་སྦལ་སྦྲུལ་སྲོག་ཆགས་རྣམ་པར་ཐོནཿ འོག་ཕྱོགས་འཆི་བདག་གཤིན་རྗེའི་ཁ་རུ་སོངཿ འཆི་བ་བླུས་ཤིང་སྐྱེ་མེད་དོན་རྟོགས་ཤོགཿ ཕཊཿ དལ་བུས་བརྒྱ་རྩ་བརྒྱད་བསྒྲང་ཞིང་དམིགས་པ་མཐའ་རུ་ཕྱིན་པར་བྱའོཿ དད་དམ་འགྱུར་བ་མེད་པའི་གང་ཟག་ལཿ བླ་མའི་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོཿ མ་རྒྱུད་མཁའ་འགྲོ་དབང་དུ་འདུ་བ་དངཿ རང་རིག་ཆོས་སྐུའི་རང་རྩལ་ཡོངས་རྫོགས་ནསཿ ས་ལམ་ཡོན་ཏན་ཉི་ཟླའི་བགྲོད་དང་མཚུངསཿ ༈ དེ་ནས་དངོས་གཞིའི་ཉམས་ལེན་རིམ་པ་ལཿ འགྱེད་ཆེན་བཞི་ལས་ཐོག་མར་དཀར་འགྱེད་ནིཿ རིག་པ་ངར་བསྐྱེད་སྙིང་རྗེ་ཆེན་པོའི་ངངཿ ཕཊཿ འབྱུང་བཞི་འདུས་པའི་ལུས་ཀྱི་དབུས་ཉིད་ནསཿ རྣམ་ཤེས་ཐིག་ལེ་འཕར་འདར་ལིང་ངེ་བཿ དབུ་མའི་ལམ་བརྒྱུད་ནམ་མཁར་རྒྱངས་ཀྱིས་འཕགཿ མ་ཅིག་བདེ་ཆེན་དཀར་མོའི་ཐུགས་ཀར་འཕོསཿ ཕཊཿ སླར་ཡང་ཧ་ཡིག་དཀར་གསལ་ཕྱིར་འཕྲོས་པསཿ རང་ཉིད་མ་ཅིག་ཁྲོས་མ་དཀར་མོ་ནིཿ འོད་ལུས་ཐོག་བྲལ་གར་སྟབས་ཁྱུག་གེ་བཿ ཕྱག་གཡས་གྲི་གུག་འཛིན་པ་ལམ་གྱིས་གསལཿ མདུན་དུ་བཞི་བསྡུས་ལུས་ཀྱི་ཕུང་པོ་ནིཿ ཆེ་ཞིང་ཚོ་ལ་མཛེས་ཤིང་ཡིད་དུ་འོངཿ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གང་བར་གྱུརཿ ཕཊཿ ཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་ཡིསཿ བེམ་པོའི་སྨིན་མཚམས་ཡན་གྱི་ཐོད་པ་བྲེགསཿ རང་མདུན་མི་མགོའི་སྒྱེད་བུ་རི་རབ་ཙམཿ གསུམ་གྱི་ཁ་རུ་ཐོད་པའི་སྣོད་ཡངས་པཿ རྒྱ་ཆེ་ཕྱི་དཀར་ནང་དམར་བམ་རིལ་བཙུགསཿ སླར་ཡང་བེམ་རོ་ཐོད་པའི་ནང་ཉིད་དུཿ གྲི་གུག་འབར་བས་དུམ་བུར་གཏུབ་ཅིང་སྤུངསཿ སྟེང་དུ་ཀླད་པ་ཧཾ་ཡིག་མཚན་པ་དངཿ ཐོད་སྒྱེད་དབུས་སུ་ཨ་ཐུང་རཾ་ཡིག་གཟུགསཿ རང་ཉིད་བདེ་ཆེན་མཁའ་འགྲོའི་ཐུགས་ཀ་ནསཿ རཾ་འཕྲོས་རྫས་ཀྱི་མི་གཙང་དྲི་མ་བསྲེགསཿ ཡཾ་འཕྲོས་རླུང་གིས་མ་དག་ཉེས་སྐྱོན་གཏོརཿ ཁཾ་འཕྲོས་ཆུ་ཡིས་རྣམ་པར་དག་བྱས་ཤིངཿ སླར་ཡང་ཡེ་ཤེས་རླུང་གིས་རཾ་ཡིག་སྦརཿ ཐོད་པ་དྲོས་ཤིང་རྫས་རྣམས་ཞུ་བ་ལསཿ རང་ཉིད་ཌཱཀྐིའི་སྤྱི་མགྲིན་སྙིང་ག་ནསཿ འབྲུ་གསུམ་འཕྲོས་པས་ཤ་ཁྲག་རུས་པ་དངཿ ནང་རོལ་ཞུ་བས་དངོས་པོར་འཛིན་པ་སྦྱངསཿ དམ་ཚིག་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུརཿ བླ་མ་ཡབ་ཡུམ་སྐུ་ལས་བདུད་རྩིའི་རྒྱུནཿ བབ་ཅིང་རང་ཉིད་མཁའ་འགྲོའི་ཐུགས་ཀ་ནསཿ འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱིཿ བྱིན་རླབས་ཡེ་ཤེས་བདུད་རྩི་སྤྱན་དྲངས་ཤིངཿ བདུད་རྩིའི་དབུས་སུ་ཧཾ་ཡིག་ལ་ཐིམ་པསཿ ཞུ་ཞིང་དམ་ཚིག་ཡེ་ཤེས་དབྱེར་མེད་པཿ ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེཿ དྲི་རོ་ཁ་དོག་ནུས་པ་ཕུན་སུམ་ཚོགསཿ རླངས་པ་འོད་ཟེར་སྣ་ལྔའི་སྤྲིན་འཕྲོ་ཞིངཿ ཟག་པ་མེད་པའི་བདེ་བ་བསྐྱེད་པར་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བཟླ་ཞིང་དམིགས་པ་གསལ་ཐེབས་པར་བྱའོཿ ཕཊཿ རང་ལས་སྤྲུལ་པའི་ཡེ་ཤེས་མཁའ་འགྲོ་མཿ གྲངས་མེད་འཕྲོས་པས་ཕྱག་གཡས་ཐོད་སྐྱོགས་ཐོགསཿ བཅུས་ཤིང་ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ལཿ ལན་འགར་ཕུལ་ཞིང་དགྱེས་པ་ཡོངས་སྐོང་གྱུརཿ ཕཊཿ ཆོས་སྐུའི་སངས་རྒྱས་དྲུག་པ་རྡོ་རྗེ་འཆངཿ ལོངས་སྐུའི་སྟོན་པ་གངས་ཅན་རིགས་ལྔ་པོཿ རིགས་ཀྱི་བདག་པོ་སྟོན་པ་དྲི་མ་མེདཿ སྟངས་དཔྱལ་ཉིད་ལས་མི་གཞན་འཁོར་གྱི་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ འཁོར་འདས་ཀུན་གྱི་སྤྲུལ་གཞི་ཡུམ་ཆེན་མོཿ བསྐལ་བཟང་འདི་ལ་སྤངས་རྟོགས་མཐར་ཕྱིན་པའིཿ སྤྲུལ་སྐུའི་སངས་རྒྱས་སྟོང་དང་མི་མཇེད་ཞིངཿ གང་ལ་གང་འདུལ་ཐབས་ཀྱིས་དོན་མཛད་སོགསཿ རྫོགས་ཆེན་སྟོན་པ་དགའ་རབ་དཔའ་བོ་རྗེཿ ཡུམ་ཆེན་ཌཱཀྐིའི་རྗེ་མོ་གསང་ཡེ་མཿ ཕྱེད་སྤྲུལ་ལོངས་སྤྱོད་རྫོགས་སྐུའི་ཚོགས་དང་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ སྐུ་གསུམ་རྒྱལ་ཀུན་འདུས་པའི་ངོ་བོ་ཉིདཿ རིག་འཛིན་རྗེ་བོ་པདྨ་ཐོད་ཕྲེང་རྩལཿ ཌཱཀྐི་ཡོངས་ཀྱི་རྗེ་མོ་མནྡཱ་རཿ རིག་པ་འཛིན་པའི་ས་ལ་གནས་རྣམས་དངཿ སྤྲུལ་པའི་གུ་རུ་མཚན་བརྒྱད་གྲུབ་བརྙེས་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ རྒྱ་བོད་རྣལ་འབྱོར་དབང་ཕྱུག་ཀུན་གྱི་གཙོཿ བརྟུལ་ཞུགས་གྲུབ་པ་དམ་པ་རྒྱ་གར་བཿ ཡུམ་ཆེན་ཐུགས་རྗེས་རྗེས་འཛིན་མ་ཅིག་མཿ རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུའི་སྡེཿ ཟིལ་གནོན་དཔའ་བོ་དྲང་སྲོང་དམོད་པ་གྲུབཿ སར་གནས་སེམས་དཔའ་ཆེན་པོའི་ཚོགས་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ སྐུ་གསུམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་ཅིངཿ ཐུགས་རྗེ་གློག་ལྟར་མྱུར་བའི་རྫུ་འཕྲུལ་ལྡནཿ མ་ཅིག་བདུད་འདུལ་ཁྲོས་མ་ནག་མོ་རྒྱལཿ སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་དངཿ ཀརྨ་ཌཱཀྐི་རང་རང་འཁོར་དང་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ རྒྱལ་ཀུན་རྡོ་རྗེ་ཕྲིན་ལས་གཅིག་བསྡུས་དཔལཿ འགྲོ་བའི་ལས་ཉོན་སྡུག་བསྔལ་ཀུན་སེལ་ཞིངཿ སྙིང་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའིཿ རྗེ་བཙུན་འཕགས་མ་ཏཱ་རེ་མྱུར་མགྱོགས་མཿ སྤྲུལ་པ་ཉི་ཤུ་དྲང་སྲོང་ལྷ་མོའི་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ བཀའ་གཏེར་སྨོན་ལམ་བརྒྱུད་པའི་བླ་མ་དངཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཡི་དམ་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷཿ མ་ཅིག་བདུད་འདུལ་དྲག་མོ་རྣལ་འབྱོར་མཿ ཕག་མོ་སེང་ཧ་མུ་ཁ་ཙཎྜི་ཀཱཿ ཡེ་ཤེས་ལས་དང་དམ་ཚིག་ས་མཚམས་འཛིནཿ ཤ་ཟ་སྣ་ཚོགས་རིན་ཆེན་མཁའ་འགྲོ་དངཿ དཔའ་བོ་དཔའ་མོ་སྤྲུལ་པ་བཅས་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་བསཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྣམ་གཉིས་རྫོགསཿ སྐུ་ལྔ་ཡེ་ཤེས་འབྲས་བཟང་མངོན་གྱུར་ཤོགཿ ཕཊཿ ཨ་ཏི་རྫོགས་ཆེན་བསྟན་པ་སྐྱོང་མཛད་མཿ སྔགས་ཀྱི་བདག་མོ་མ་ཅིག་ཁྲོས་མའི་རྒྱལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པར་བཅསཿ དུས་འཛིན་ཨེ་ཀ་ཙཱ་ཊཱི་སྤུན་དྲུག་དངཿ དཔལ་ལྡན་འདོད་པ་ཁམས་ཀྱི་དབང་ཕྱུག་མཿ དབང་བསྒྱུར་རྡོ་རྗེ་གཤོག་རྒོད་དྲག་མོ་རྒྱལཿ རེ་ཏཱི་ནག་མོ་དམག་གི་རྒྱལ་མོ་བཙུནཿ དུད་སོལ་ལྷ་མོ་ཤན་པ་སྲོག་སྒྲུབ་མཿ ཡེ་ཤེས་ཌཱཀྐིའི་སྤྲུལ་བསྒྱུར་ཚེ་རིང་མཿ མཆེད་ལྔ་སྨན་བཙུན་གཡུ་སྒྲོན་བསྟན་མར་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ སྦྱོར་བའི་གིང་ཆེན་དཔལ་མགོན་མ་ནིང་ནགཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོ་དངཿ ཕྱག་བཞི་ཕྱག་དྲུག་མྱུར་མཛད་ཡེ་ཤེས་མགོནཿ བདུད་མགོན་ཞིང་སྐྱོང་ཡབ་ཡུམ་ལས་མགོན་ཟུངཿ གཙང་རིས་དཔལ་མགོན་བདུན་ཅུའི་འཁོར་ཚོགས་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ མཐུ་ལྡན་བསྟན་སྲུང་དྲེགས་པའི་གཙོ་བོ་ནིཿ དྲང་སྲོང་ཆེན་པོ་གཟའ་བདུད་རཱ་ཧུ་ལཿ ཁྱབ་འཇུག་གཟའ་བརྒྱད་གདོང་བཞི་རྒྱུ་སྐར་ཚོགསཿ རྡོར་ལེགས་མཆེད་འཁོོར་སུམ་བརྒྱ་དྲུག་ཅུ་བཅསཿ འབར་མ་གིང་ཆེན་སྡེ་བཞི་དུར་ཁྲོད་ཀྱིཿ བདག་པོ་ཡབ་ཡུམ་སྤུ་གྲི་མཆེད་གསུམ་སོགསཿ འཛིན་པ་རང་གྲོལ་བཀའ་སྲུང་དམ་ཅན་ཚོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ དགེ་བསྙེན་ཆེན་པོ་བསྙོ་ཁ་ནག་པོ་དངཿ ཨཱརྻ་ཛམ་ལྷ་གནོད་སྦྱིན་དེད་དཔོན་སྡེཿ གཉན་གྱི་རྒྱལ་པོ་ཆེན་པོ་མཐུ་བོ་ཆེཿ རྡོ་རྗེའི་མིང་འཛིན་བཞི་སོགས་གཏེར་སྲུང་ཚོགསཿ ཕོ་ཉ་བྲན་གཡོགས་མངག་གཞུག་བཅས་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ལྷ་ལྕམ་སྤྲུལ་བསྒྱུར་ལ་འདུལ་སྒྲོན་མ་ཡིཿ དྲུང་དུ་ཁས་བླངས་དམ་བཅས་ཐ་ཚིག་བོརཿ རྒྱལ་མོ་རོང་གི་ས་འཛིན་ལ་གནས་པའིཿ འབར་མ་ཆེན་མོ་ཁམས་གསུམ་ཟ་བྱེད་མཿ གནོད་སྦྱིན་མཐུ་ཆེན་ཐབས་ཤེས་གཏུམ་མོ་རྩལཿ ཡུམ་ཆེན་ལྷ་སྨན་འབྲུ་ནོར་བང་མཛོད་འཛིནཿ སྲས་པོ་ཐ་རམ་རིན་ཆེན་གཏེར་གྱི་བདགཿ གཉན་སྲས་རྡོ་རྗེ་གཡུལ་རྒྱལ་དམ་ཚིག་ཅནཿ བཙུན་མོ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ འཛམ་གླིང་དབང་བསྒྱུར་སྡེ་དཔོན་སུམ་ཅུ་དངཿ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་ལ་སོགས་པཿ མངའ་རིས་དབུས་གཙང་མདོ་ཁམས་རོང་ཆེན་ཡུལཿ གནས་པའི་ཟོ་དོར་རིག་འཛིན་མཁའ་འགྲོ་ཡིཿ བཀའ་དང་དམ་ཚིག་ལ་གནས་དཀར་ཕྱོགས་སྐྱོངཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་པསཿ ཐུགས་དམ་དགྱེས་བསྐངས་བཀའ་དང་དམ་ལ་འདུསཿ ས་དང་ལམ་གྱི་བར་ཆད་ཀུན་སེལ་ལཿ རྣམ་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་ཅིངཿ བཀའ་རྟགས་རྡོ་རྗེའི་དམ་ལས་མ་འདའ་ཞིགཿ ཕཊཿ ཚངས་པ་གདོང་བཞི་ལྷ་དབང་བརྒྱ་བྱིན་དངཿ རྒྱལ་ཆེན་སྡེ་བཞི་གཙོར་གྱུར་འདོད་ཁམས་གནསཿ གཙང་མའི་གནས་ལྔ་ལ་སོགས་གཟུགས་ཁམས་ཀྱིཿ གནས་རིགས་བཅུ་བདུན་གཟུགས་མེད་མུ་བཞིའི་ཞིངཿ གནས་པའི་ལྷ་ཡི་སྐྱེ་གནས་བསྡུས་པའི་འགྲོཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ལུས་འཕགས་གླིང་དང་འཛམ་གླིང་བ་ལང་སྤྱོདཿ སྒྲ་མི་སྙན་སོགས་གླིང་ཆེན་བཞི་དང་ནིཿ གླིང་ཕྲན་བརྒྱད་སོགས་སྟོང་གསུམ་འཇིག་རྟེན་ཁམསཿ གནས་པའི་རྒྱལ་རིགས་བྲམ་ཟེ་རྗེ་འུའི་རིགསཿ དམངས་དང་གདོལ་པ་རིགས་ངན་ཕལ་པ་སོགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ རི་རབ་ཆུ་མཚམས་གླིང་ཆེན་བཅུ་དྲུག་ནསཿ གླིང་ཕྲན་ཉི་ཤུ་རྩ་བདུན་གྲངས་ལྡན་ལཿ ཐགས་བཟང་རིས་ཀྱི་རྒྱལ་པོ་གདུག་རྩུབ་ལྡནཿ བེ་ཝར་ཁུ་ལེན་ཊ་སོགས་རྒྱལ་ཕྲན་དངཿ བློན་པོ་ལྷ་ཀླུ་མིའམ་ཅི་ཡི་རིགསཿ ཕྲག་དོག་ལྷ་མིན་རིགས་སུ་གཏོགས་པ་ཡིཿ འཐབ་རྩོད་སྡུག་བསྔལ་གྱིས་གཟིར་མགྲོན་རྣམས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཆུ་གཏེར་བཞི་དང་རྒྱ་མཚོ་ཆེན་པོའི་ནངཿ མུན་ནག་གཏིང་རུམ་བྱིངས་ན་གནས་པ་དངཿ མཐོ་རིས་གླིང་བཞི་གླིང་ཕྲན་ལ་འཁོད་པའིཿ གཏི་མུག་དབང་གྱུར་རྨོངས་དབང་བཀོལ་སྤྱོད་ཀྱིཿ སྡུག་བསྔལ་གྱིས་མནར་དུད་འགྲོའི་རིགས་གྱུར་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ འོག་ཕྱོགས་མུན་གླིང་བར་མ་གྲོང་རྡལ་མཐའཿ རང་རང་ལས་ཀྱི་མཐོང་སྣང་སྣ་ཚོགས་པའིཿ ཚ་བསིལ་སྐོམ་དང་བྱེ་ཚན་ངམ་གྲོག་གནསཿ ཕྱི་ནང་སྒོས་ཁུར་གསུམ་གྱི་སྒྲིབ་པ་ཅནཿ བཀྲེས་སྐོམ་སྡུག་བསྔལ་གྱིས་མནར་ཡི་དྭགས་རིགསཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དངཿ ཚ་བ་རབ་ཏུ་ཚ་བ་མནར་མེད་པཿ གྲང་བའི་སྡུག་བསྔལ་གནས་བརྒྱད་ཉེ་འཁོར་བཿ ཉི་ཚེའི་གནས་སུ་བསྟི་བའི་དམྱལ་བ་ཡིཿ སྡུག་བསྔལ་སྣ་ཚོགས་ཀྱིས་མནར་ཉམ་ཐག་འགྲོརཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་པསཿ སོ་སོའི་སྡུག་བསྔལ་རྒྱུ་དང་བཅས་པ་ཀུནཿ བྱང་ཞིང་དག་ནས་དགའ་བདེའི་དཔལ་ལ་སྤྱོདཿ བྱང་ཆུབ་སེམས་ལྡན་སངས་རྒྱས་ས་ཐོབ་ཤོགཿ ཕཊཿ རིགས་དྲུག་སྤྱི་དང་མི་ཡུལ་མ་ངེས་གནསཿ མཁར་རྒྱུའི་ཡི་དྭགས་གདུག་རྩུབ་བགེགས་ཀྱི་རིགསཿ འབྱུང་པོ་ཤ་ཟ་གནོད་སྦྱིན་མི་འམ་ཅིཿ དྲི་ཟ་གྲུལ་བུམ་བདུད་བཙན་བསེན་མོ་དམུཿ ཀླུ་གཉན་ས་བདག་དམ་སྲི་ཤི་འདྲེ་སོགསཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ སྲོག་ལུས་དབང་ཐང་རླུང་རྟའི་ལན་ཆགས་པརཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ སྲིད་པ་བར་མ་དོ་རུ་གནས་པ་ཡིཿ བཀྲེས་སྐོམ་དབུལ་ཕོངས་ཕྱིན་ཅི་ལོག་བཞིས་གཟིརཿ འཁྲུལ་སྣང་ལས་ཀྱི་སྡུག་བསྔལ་གྱིས་མནར་པའིཿ བར་དོའི་འགྲོ་བ་སྤྱི་དང་ཁྱད་པར་དུཿ བཟང་ངན་ལས་ཀྱི་འབྲེལ་བས་བསྡུས་ཀུན་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་པསཿ བུ་ལོན་ལན་ཆགས་ཤ་མཁོན་ཀུན་བྱང་ནསཿ སྟོང་ཉིད་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེསཿ མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོགཿ ཕཊཿ མཆོད་དང་སྦྱིན་པའི་ལྷག་ལ་དབང་བ་ཡིཿ ཁས་ཞན་དབང་ཆུང་སྟོབས་དང་རྫུ་འཕྲུལ་ཉམསཿ ཞ་ལོང་འོན་ལྐུག་སྣ་ཚོགས་ནད་ཀྱིས་མནརཿ བང་བུལ་གློ་བུར་ལྷགས་པའི་མགྲོན་རིགས་ལཿ བདག་ལུས་ཟག་མེད་ཡེ་ཤེས་བདུད་རྩིས་མཆོདཿ ཕཊཿ ལྷག་མའི་མགྲོན་གྱུར་སྙིང་རྗེའི་གནས་རྣམས་ལཿ གཅེས་འཛིན་བདག་ལུས་ཞུ་བའི་ཚོགས་མཆོད་སྤྲིནཿ ཡེ་ཤེས་བདུད་རྩིའི་མཆོད་པ་འདི་ཕུལ་པསཿ ལས་ཉོན་བག་ཆགས་སྒྲིབ་པ་ཡོངས་སུ་སྦྱངསཿ སྡུག་བསྔལ་འཁྲུལ་པའི་སྣང་གཟུགས་ལུས་ངན་བོརཿ དལ་འབྱོར་མི་ལུས་རིན་ཆེན་རྙེད་པར་ཤོགཿ ཕཊཿ དཀར་འགྱེད་བདུད་རྩིའི་རྒྱ་མཚོ་འདིཿ རང་ལུས་ཚོགས་སུུ་འབུལ་བ་སྟེཿ མཆོད་སྦྱིན་བརྒྱ་ཡི་དོ་ཟླ་མིནཿ ཚོགས་བསགས་སྒྲིབ་པ་སྦྱངས་པ་དངཿ ཚེ་རིང་ནད་མེད་བདེ་སྐྱིད་ལྡནཿ ཟག་བཅས་ལུས་ཀྱི་གཅེས་འཛིན་བྲལཿ ཡུམ་ཆེན་དགོངས་དོན་རྟོགས་འགྱུར་རོཿ ༈ གཉིས་པ་ཚོགས་ཆེན་གཉིས་རྫོགས་ཕྱིརཿ སྤྲུལ་བསྒྱུར་ཁྲ་བོའི་འགྱེད་ཆེན་ནིཿ རོ་སྙོམས་ལྡན་པའི་རྣལ་འབྱོར་པསཿ དམིགས་པའི་འཕྲུལ་འཁོར་གནད་དུ་བསྣུནཿ ཕཊཿ རང་རིག་ཆོས་སྐུའི་རང་ཞལ་སྟོན་མཛད་པཿ ཀུན་འདུས་རིགས་བརྒྱའི་ཁྱབ་བདག་བླ་མ་ལཿ དད་མོས་རྩེ་གཅིག་གུས་པས་གསོལ་བ་འདེབསཿ མ་ཅིག་གསང་བ་ཡེ་ཤེས་མཆོག་འགྲུབ་ཤོགཿ གཅེས་འཛིན་བདག་ཏུ་བཟུང་བའི་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དཀར་དམར་མདངསཿ སྐར་མདའ་ཆད་བཞིན་སྤྱི་བོ་ནས་བརྒྱུད་དེཿ མ་ཅིག་རིན་ཆེན་མཁའ་འགྲོའི་ཐུགས་ཀར་འཕོསཿ ཕཊཿ སླར་ཡང་རི་ཡིག་སེར་གསལ་ཕྱིར་འཕྲོས་པསཿ མཉམ་པ་ཉིད་ཀྱི་ཡེ་ཤེས་རང་རྩལ་ལསཿ རྒྱལ་ཀུན་བསྐྱེད་ཡུམ་མ་ཅིག་ཁྲོས་མ་སེརཿ ཕྱག་གཡས་གྲི་གུག་གཡོན་པ་ནོར་བུ་འབརཿ སྤྱི་གཙུག་ཕག་ཞལ་ངུར་སྒྲས་ས་གསུམ་གཡོཿ རིན་ཆེན་རུས་རྒྱན་མཁའ་འགྲོའི་ཆས་ཀུན་རྫོགསཿ ཕྱག་གཡས་གྲི་གུག་འབར་བས་བེམ་པོ་ཡིཿ སྨིན་མཚམས་ནས་བཟུང་པགས་པ་ཧྲལ་གྱིས་གཤགསཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་གྲངས་མེད་པསཿ བཤུས་ཤིང་བརྡལ་བ་ས་གཞི་ཁྱབ་པ་ཡིཿ རིན་ཆེན་སྣོད་མཆོག་རྒྱ་ཆེན་གཏིང་ཟབ་གྱུརཿ དེའི་ནང་དབུས་སུ་བེམ་པོའི་ཐོད་པ་དངཿ གཞན་ཡང་སྤྲུལ་པའི་ཐོད་སྣོད་རྒྱ་ཆེ་བཿ གྲངས་མེད་ནང་དུ་རང་ལུས་བེམ་པོ་ཡིཿ ཀླད་པ་སྙིང་ཁྲག་རཀྟའི་དྭངས་མ་དབུསཿ གཞན་ཡང་དོན་སྣོད་ནང་རོལ་དབང་པོ་དངཿ ཤ་ཁྲག་རུས་པ་རྐང་དང་ལྷ་བ་སོགསཿ སོ་སོར་ཐོད་སྣོད་གྲངས་མེད་ནང་དུ་བླུགསཿ རང་ཉིད་མཁའ་འགྲོའི་ཐུགས་ཀའི་འོད་ཟེར་གྱིསཿ དངོས་འཛིན་མ་དག་དྲི་མའི་ཚོགས་ཀུན་སྦྱངསཿ ཚོགས་ཞིང་སྐུ་ལས་ཡེ་ཤེས་བདུད་རྩི་ཡིཿ རྣམ་པའི་འོད་བྱུང་ཐོད་སྣོད་སོ་སོར་ཕོགཿ དབུས་མ་འདོད་ཡོན་ཟག་མེད་བདུད་རྩིའི་བཅུདཿ དེ་ལས་འོད་རླངས་འཕྲོས་པའི་ཟེགས་མ་ཕོགཿ ཐོད་སྣོད་སོ་སོར་འདོད་ཡོན་ལོངས་སྤྱོད་རྫསཿ དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོའི་གཙོསཿ ནོར་བུའི་རིགས་གྱུར་མརྒད་ཨིནྡྲ་ནཱིལཿ པད་རག་མུ་ཏིག་གསེར་གཡུ་ཀེ་ཀེ་རུཿ ཡིད་བཞིན་རིན་ཆེན་རིགས་གྱུར་མ་ཚང་མེདཿ དར་ཟབ་ཟ་འོག་སྣ་ཚོགས་རྒྱན་གོས་རིགསཿ གོ་མཚོན་ཀ་ཆ་དཀོར་ཆ་ཡོ་བྱད་ཚོགསཿ གནས་ཁང་སྐྱེད་མོས་ཚལ་དང་སྨན་སྤོས་སྦྱརཿ དཀར་གསུམ་མངར་གསུམ་གཙོར་བྱས་གཡོས་སྦྱར་པའིཿ བཟའ་བཅའ་བཏུང་བ་རོ་དྲུག་ནུས་པ་ལྡནཿ གཞན་ཡང་སྲིད་ཞིའི་དཔལ་འབྱོར་ལོངས་སྤྱོད་དངཿ གདུགས་དང་རྒྱལ་མཚན་བ་དན་བླ་བྲེ་བཀྲཿ རྔ་མའི་བསིལ་ཡབ་ཕྱེ་མའི་ཕུར་མ་སྤུངསཿ མཆོད་པའི་སྤྲིན་ཕུང་དཔག་མེད་ནམ་མཁའ་གངཿ རང་ལུས་སྤྲུལ་བསྒྱུར་འདོད་ཡོན་ལོངས་སྤྱོད་ཚོགསཿ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གང་བར་དམིགསཿ ཕཊཿ དེ་ནས་འབུལ་ཞིང་བསྔོ་བ་ནིཿ ཕཊཿ དྲུག་པའི་བདག་ཉིད་རྒྱལ་བ་ཀུན་ཏུ་བཟངཿ རིགས་ལྔའི་སངས་རྒྱས་ལོངས་སྤྱོད་རྫོགས་པའི་འཁོརཿ ཕྱེད་སྤྲུལ་སྤྲུལ་པ་སྐུ་ཡི་ཚོགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ འཕོ་མེད་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོགཿ ཕཊཿ རྒྱལ་བའི་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིནཿ བསྐལ་བཟང་འདྲེན་པ་སྟོང་དང་ཉེ་སྲས་བརྒྱདཿ ས་བཅུའི་དབང་ཕྱུག་དགྲ་བཅོམ་འཕགས་པའི་ཚོགསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ འཕོ་བ་ཆེན་པོ་རྡོ་རྗེའི་སྐུ་བརྙེས་ཤོགཿ ཕཊཿ རིགས་བརྒྱའི་ཁྱབ་བདག་སྟོན་པ་དྲི་མ་མེདཿ བདེ་བའི་ཡུམ་ཆེན་ཡེ་ཤེས་ཌཱཀྐི་མཿ རྡོ་རྗེ་འཛིན་པའི་སར་གནས་འཁོར་གྱི་ཚོགསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོགཿ ཕཊཿ ཨ་ཏི་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་ཡིཿ གསང་མཛོད་མངའ་བརྙེས་གསང་བདག་དགའ་རབ་རྗེཿ འཁྲུལ་ཞིག་དཔའ་བོ་དཔའ་མོའི་ཚོགས་བཅས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ ཟག་བཅས་འོད་སྐུར་གྲོལ་བར་བྱིན་གྱིས་རློབསཿ ཕཊཿ རིག་འཛིན་རྗེ་བོ་པདྨ་ཐོད་ཕྲེང་རྩལཿ ཤེས་རབ་ཡུམ་མཆོག་མེ་ཏོག་མནྡཱ་རཿ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ ཁྱེད་ཀྱི་ཐུགས་ཀློང་དབྱེར་མེད་རོ་གཅིག་ཤོགཿ ཕཊཿ པད་འབྱུང་ཐུགས་སྤྲུལ་ཕ་ཅིག་དམ་པ་རྗེཿ གསང་ཡུམ་ཡེ་ཤེས་ཌཱཀྐི་མ་ཅིག་མཿ རྒྱ་གར་བོད་ཡུལ་གྲུབ་བརྙེས་རིག་འཛིན་ཚོགསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ ཁམས་གསུམ་དབང་དུ་འདུ་བར་བྱིན་གྱིས་རློབསཿ ཕཊཿ ཡི་དམ་ཀུན་འདུས་མ་ཅིག་ཁྲོས་མ་ནགཿ ལས་བཞི་ལྷུན་གྲུབ་རིགས་བཞིའི་ཌཱཀྐི་མཿ རང་རང་རིགས་ཀྱི་འཁོར་ཚོགས་བཅས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ སྲིད་གསུམ་ཟིལ་གྱིས་གནོན་པར་བྱིན་གྱིས་རློབསཿ ཕཊཿ ཧེ་རུ་ཀཿདཔལ་ཆེ་མཆོག་འདུས་པ་རྩལཿ ཞི་བ་རྡོར་དབྱིངས་འབར་བ་ཁྲག་འཐུང་ཚོགསཿ ཡི་དམ་ལྷ་ཚོགས་དཀྱིལ་འཁོར་ཡོངས་རྫོགས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིགཿ ཕཊཿ ཌཱཀྐིའི་གཙོ་མོ་གསང་ཡེ་བདུད་འདུལ་མཿ རྡོ་རྗེ་ཕག་མོ་སེང་ཧ་མུ་ཁའི་གཙོསཿ མ་རྒྱུད་མཁའ་འགྲོའི་དཀྱིལ་འཁོར་རྒྱ་མཚོ་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབསཿ ཕཊཿ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཏཱ་རེ་མཿ སྤྲུལ་པ་ཉི་ཤུ་དྲང་སྲོང་རིག་པ་འཛིནཿ དཔའ་བོ་དཔའ་མོ་སྤྲུལ་པ་འཁོར་བཅས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ འདྲེན་པའི་དེད་དཔོན་ཆེན་པོར་བྱིན་གྱིས་རློབསཿ ཕཊཿ སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་རྗེཿ དགོངས་བརྡ་སྙན་བརྒྱུད་བྱིན་རླབས་དབང་བསྐུར་གྱིཿ རྩ་བ་བརྒྱུད་པའི་བླ་མའི་ཚོགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་མཆོད་པའི་སྤྲིནཿ ལྷ་མིའི་འདོད་ཡོན་ལོངས་སྤྱོད་མ་ཚང་མེདཿ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགསཿ འབུལ་ལོ་ཚོགས་རྫོགས་སྒྲིབ་པ་ཡོངས་དག་ནསཿ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ ཕཊཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅསཿ དཀོན་མཆོག་སྲི་ཞུའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་སྤྲིན་ཕུང་གིཿ མཆོད་པ་འབུལ་ལོ་ཐུགས་དམ་ཡོངས་བསྐངས་ནསཿ གཟུང་འཛིན་འཁྲུལ་སྣང་རྨི་ལམ་སད་པ་བཞིནཿ འཁོར་འདས་རོ་སྙོམས་རིག་པ་མངོན་དུ་གྱུརཿ ཡུམ་ཆེན་དགོངས་པ་རྟོགས་པར་བྱིན་རློབས་ཤིགཿ ཕཊཿ བདེ་ཆེན་ཀུན་ཏུ་བཟང་མོའི་སྤྲུལ་བསྒྱུར་གརཿ སྔགས་ཀྱི་སྲུང་མ་ཁྲོ་མོ་རལ་གཅིག་མཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་འཁོར་བཅསཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་རྟེན་སྒྲུབ་སྐོང་དང་མཆོད་པའི་རྫསཿ གཏོར་མ་སྤྱན་གཟིགས་དཀོར་ནོར་སྤྲུལ་སྟེ་འབུལཿ ས་ལམ་འགལ་རྐྱེན་ཞི་བར་མཛད་དུ་གསོལཿ ཕཊཿ ཕོ་རྒྱུད་ཀུན་འདུས་དཔལ་མགོན་མ་ནིང་ནགཿ ལེགས་ལྡན་ཚོགས་བདག་བདུད་མགོན་ཡེ་ཤེས་ལསཿ ཕོ་རྒྱུད་མགོན་པོའི་རིགས་སུ་གྱུར་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་རྟེན་སྒྲུབ་སྐོང་དང་མཆོད་པའི་རྫསཿ གཏོར་མ་སྤྱན་གཟིགས་དཀོར་ནོར་སྤྲུལ་ཏེ་འབུལཿ བྱད་མ་རང་གཤེད་ཕོབ་ལ་དགྲ་གདོན་ཟློགསཿ ཕཊཿ ཨེ་ཀ་ཙཱ་ཊཱི་ལྷ་མོ་དུད་སོལ་མཿ འདོད་ཁམས་དབང་ཕྱུག་རེ་ཏཱི་གཤོག་རྒོད་མཿ མོ་རྒྱུད་མ་མོའི་རིགས་སུ་གཏོགས་ཀུན་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་རྟེན་སྒྲུབ་སྐོང་དང་མཆོད་པའི་རྫསཿ གཏོར་མ་སྤྱན་གཟིགས་དཀོར་ནོར་སྤྲུལ་སྟེ་འབུལཿ བླ་མེད་ཨ་ཏིའི་བསྟན་པ་འཛིན་སྐྱོང་སྤེལཿ ཕཊཿ བསྟན་སྲུང་གཙོ་བོ་གཟའ་བདུད་རཱ་ཧུ་ལཿ སྤུ་གྲི་མཆེད་གསུམ་དུར་བདག་གིང་ཆེན་བཞིཿ དམ་ལྡན་བཀའ་ཡི་སྲུང་མའི་ཚོགས་ཀུན་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་རྟེན་སྒྲུབ་སྐོང་དང་མཆོད་པའི་རྫསཿ གཏོར་མ་སྤྱན་གཟིགས་དཀོར་ནོར་སྤྲུལ་སྟེ་འབུལཿ བསྟན་དགྲ་ལས་ངན་བསྒྲལ་བའི་ཕྲིན་ལས་མཛོདཿ ཕཊཿ དགེ་བསྙེན་བསྙོ་ཁ་གནོད་སྦྱིན་དེད་དཔོན་གསུམཿ མཐུ་ཆེན་སྡེ་བཞི་དྲེགས་པའི་སྡེ་དཔོན་གཙོསཿ གཏེར་སྲུང་དྲེགས་པའི་དམག་ཚོགས་འཁོར་བཅས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་རྟེན་སྒྲུབ་སྐོང་དང་མཆོད་པའི་རྫསཿ གཏོར་མ་སྤྱན་གཟིགས་དཀོར་ནོར་སྤྲུལ་སྟེ་འབུལཿ ཐ་ཚིག་རྡོ་རྗེའི་དམ་ལས་མ་འདའ་བརཿ འཛམ་གླིང་བདེ་ལ་འགོད་པའི་ཕྲིན་ལས་མཛོདཿ ཕཊཿ བཀའ་དང་གཏེར་གྱི་སྲུང་མ་དྲག་རྩལ་ཅནཿ མགོན་པོ་ཡོན་ཏན་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་བདག་ལུས་ཟག་མེད་བདུད་རྩིའི་བཅུདཿ དགྱེས་སྐོང་མཆོད་པའི་སྤྲིན་ཕུང་མི་ཟད་གཏེརཿ ཕུལ་པས་ཐུགས་དམ་གཉན་པོ་བསྐངས་གྱུར་ནསཿ མཁོན་སྦྱངས་ཉམས་ཆག་སོར་ཆུད་དམ་ལ་གནསཿ ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལཿ བསྟན་དགྲ་ཐལ་བར་བརླག་པའི་ཕྲིན་ལས་མཛོདཿ ཕཊཿ ཚངས་དབང་བརྒྱ་བྱིན་དབང་ཕྱུག་ཁྱབ་འཇུག་གཙོསཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་རྣམས་དངཿ འདུ་ཤེས་མེད་སོགས་ལྷ་ཡི་རིགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་འདོད་ཡོན་ལོངས་སྤྱོད་མཆོད་པའི་རྫསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ཕུལ་པསཿ འཕོ་ལྟུང་ལ་སོགས་སྡུག་བསྔལ་ཡོངས་བྲལ་ནསཿ ཐེག་གསུམ་ཆོས་ཀྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ ཕྲག་དོག་ལྷ་མིན་དེད་དཔོན་ཐགས་བཟང་རིསཿ ལྷ་ཀླུ་མི་འམ་ཅི་ཡིས་བསྡུས་པ་ཡིཿ གདུག་རྩུབ་ལྷ་མིན་རིགས་སུ་གཏོགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ ཕྲག་དོག་འཁྲུགས་སེམས་སྡུག་བསྔལ་ཡོངས་བྲལ་ནསཿ ཐེག་ཆེན་ལྟ་བ་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ རྒྱལ་པོ་རྗེ་བོ་དམངས་དང་གདོལ་པ་ཕལཿ སྟོང་གསུམ་འཇིག་རྟེན་ཁམས་ན་གནས་པ་ཡིཿ མི་ཡི་འགྲོ་བའི་རིགས་གྱུར་ཐམས་ཅད་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ སྡུག་བསྔལ་བརྒྱད་གསུམ་གཙོར་གྱུར་ཉེར་ཞི་ནསཿ གསང་ཆེན་ཆོས་ཀྱི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ ཆུ་གཏེར་མུན་པའི་གླིང་སོགས་བྱིངས་ན་གནསཿ ཁ་འཐོར་སྣ་ཚོགས་སྲིན་བུ་པདྨ་ཡནཿ གཏི་མུག་དུད་འགྲོའི་རིགས་སུ་གྱུར་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ བླུན་རྨོངས་ཚ་གྲང་བཀོལ་སྤྱོད་སྡུག་བསྔལ་བྲལཿ མཐོ་རིས་ཐར་པའི་ལམ་བཟང་ཐོབ་པར་ཤོགཿ ཕཊཿ ཁ་འབར་གཟི་བརྗིད་ཅན་དང་འཇུར་གེགས་གཙོསཿ ཕྱི་ནང་སྒོས་ཁུར་ལས་ཀྱི་སྒྲིབ་པ་ཅནཿ བཀྲེས་སྐོམ་ཡི་དྭགས་རིགས་སུ་གཏོགས་ཀུན་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ འཁྱགས་ལྟོག་སྐོམ་དང་ཚ་གྲང་སྡུག་བསྔལ་ཞིཿ མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོགཿ ཕཊཿ ཆོས་རྒྱལ་ལས་མཁན་དམྱལ་གནས་དེད་དཔོན་གཙོསཿ ཚ་གྲང་བཅུ་དྲུག་ཉི་ཚེ་ཉེ་འཁོར་བཿ སྡུག་བསྔལ་གྱིས་གཟིར་དམྱལ་གནས་རིགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ ཞེ་སྡང་བཟོད་དཀའི་སྡུག་བསྔལ་ཀུན་ཞི་ནསཿ གཞན་ཕན་བྱང་སེམས་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ སྣ་ཚོགས་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པའིཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་སོ་སོའི་སྡུག་བསྔལ་ཉོན་མོངས་དྲུགཿ བ་མོར་ཉི་ཟེར་ཕོག་བཞིན་ཡོངས་ཞི་ནསཿ འདོད་པའི་ཡོན་ཏན་ལྔ་ཡིས་རབ་ཚིམས་ཤིངཿ མཚོ་ཆེན་འཁོར་བའི་རྒྱ་མཚོ་སྐེམ་པར་ཤོགཿ ཕཊཿ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བརཿ འཁོར་བར་འཁོར་ཚེ་ཤ་མཁོན་ལན་ཆགས་པའིཿ བགེགས་རིགས་ལན་ཆགས་མགྲོན་དུ་གྱུར་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ བུ་ལོན་ལན་ཆགས་ཤ་མཁོན་ཀུན་བྱང་ནསཿ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ སྔོན་འདས་བར་དང་ཐ་མ་ད་ལྟའི་སྐབསཿ མིང་བཞི་འདུས་པའི་ཕུང་པོར་རྟེན་བཅས་པའིཿ སྲིད་པ་བར་དོར་འཕྱན་པའི་རིགས་རྣམས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ རང་རང་ལས་ཀྱི་སྡུག་བསྔལ་ཀུན་བྲལ་ནསཿ ལས་ཀྱི་འཕྲོ་མཐུད་བདེ་ལྡན་ཞིང་བགྲོད་ཤོགཿ ཕཊཿ གདུག་སེམས་སྲོག་གཅོད་ཤ་དང་ཁྲག་ལ་རྔམསཿ གནད་གཅོད་ཕྱིན་ཅི་ལོག་བཞིའི་ལས་ཀྱིས་མནརཿ མཁའ་རྒྱུའི་རིགས་གྱུར་གཟུགས་མེད་གདོན་བགེགས་ལཿ སྒྱུ་ལུས་ཟག་མེད་བདུད་རྩིའི་སྤྲིན་ཕུང་ལསཿ བྱུང་བའི་གང་འདོད་འདོད་ཡོན་ལོངས་སྤྱོད་ཚོགསཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་སྦྱིན་པསཿ གནོད་སེམས་བག་ཆགས་སྡུག་བསྔལ་ཡོངས་བྱང་ནསཿ བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ་བར་ཤོགཿ ཕཊཿ འཁྲུལ་སྣང་དབང་གྱུར་གནོད་སེམས་རྒྱུན་ཆགས་པའིཿ བུ་ལོན་ལན་ཆགས་གདོན་བགེགས་མགྲོན་རྣམས་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་དགའ་མགུ་ཡི་རང་ལན་ཆགས་བྱངཿ གནོད་འཚེ་གདུག་པའི་བསམ་ངན་སྦྱོར་རྩུབ་ཞིཿ ལས་ངན་འཁྲུལ་པའི་བག་ཆགས་ཡོངས་ཟད་ནསཿ མ་ཅིག་ཁྲོས་མའི་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ མཆོད་སྦྱིན་མགྲོན་གྱུར་གཙོ་བོའི་རྗེས་འབྲང་དངཿ ཐོག་མར་མ་སླེབ་གློ་བུར་ལྷགས་པའི་རིགསཿ ལྷག་མའི་མགྲོན་དུ་གྱུར་པ་ཐམས་ཅད་ལཿ གཅེས་འཛིན་སྒྱུ་ལུས་ཟག་མེད་བདུད་རྩིའི་བཅུདཿ གང་འདོད་འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ སྦྱིན་པས་མི་ཟད་ནམ་མཁའི་གཏེར་ལ་སྤྱོདཿ སྡིག་སྒྲིབ་བག་ཆགས་ན་ཚ་སྡུག་བསྔལ་ཞིཿ ཟག་མེད་བདེ་ཆེན་དཔལ་ལ་ལོངས་སྤྱོད་ཤོགཿ ཕཊཿ མདོ་ལུགས་གྲངས་མེད་གསུམ་གྱི་དམ་བཅའ་དངཿ གཏན་པ་མེད་པའི་མཆོད་སྦྱིན་རྒྱ་མཚོའི་ཚོགསཿ སྐད་ཅིག་གཅིག་གིས་འདུམ་པར་བྱེད་པ་ཡིཿ ཁྲ་བོའི་མཆོད་སྦྱིན་བདུད་རྩིའི་རྒྱ་མཚོའི་སྤྲིནཿ དམིགས་གནད་ལྡན་པས་འདི་ལ་ནན་ཏན་གྱིསཿ བདག་དང་འབྲེལ་བས་བསྡུས་པའི་སེམས་ཅན་ཀུནཿ ཟག་པ་བག་ཆགས་བཅས་པ་ཡོངས་ཟད་ནསཿ ཆོས་སྐུའི་རང་ཞལ་མཇལ་བར་གདོན་མི་ཟཿ ༈ གསུམ་པ་བདག་གཞན་བག་ཆགས་སྒྲིབཿ སྦྱོང་བར་བྱེད་པའི་ནག་འགྱེད་ནིཿ དང་པོ་དད་པ་བརྟན་པོ་ཡིསཿ ཨེ་མ་ཧོཿ རྗེ་དུས་གསུམ་སངས་རྒྱས་ཀུན་འདུས་དཔལཿ བཀའ་དྲིན་འཁོར་མེད་རིན་པོ་ཆེཿ དམ་པ་རྒྱ་གར་སྤྲུལ་པའི་སྐུཿ སྐུ་མདོག་ནག་ལ་སྣུམ་པ་དེཿ ཆོས་སྐུ་འགྱུར་བ་མེད་པའི་རྟགསཿ སྤྱན་གསུམ་འབྲུ་ཚུགས་གཟིགས་པ་དེཿ སྐུ་གསུམ་ས་ལ་བཞུགས་པའི་རྟགསཿ དབུ་སྐྲ་ནག་སྣུམ་གྱེན་དུ་འཁྱིལཿ ཡི་དམ་ལྷ་དང་དབྱེར་མེད་རྟགསཿ ཚེམས་མདོག་དཀར་ལ་ཚེམས་རྩེ་རྣོཿ དུག་ལྔ་དབྱིངས་སུ་དག་པའི་རྟགསཿ ལྗགས་དཀྱུས་རིང་ཞིང་སྲབ་པ་དེཿ ཤེས་རབ་མེ་ལྟར་འབར་བའི་རྟགསཿ སྙན་གཤོག་རྒྱངས་ཤིང་སྲབ་པ་དེཿ མི་བརྗེད་གཟུངས་དང་ལྡན་པའི་རྟགསཿ ཤངས་དཀྱུས་མཐོ་ཞིང་ཤངས་བུག་ཡངསཿ འཁོར་འདས་དྭངས་བཅུད་འདྲེན་པའི་རྟགསཿ སྐུ་སྟོད་སེང་ཆེན་འགྱིངས་འདྲ་བཿ དཔའ་བོ་དབང་དུ་འདུ་བའི་རྟགསཿ སྐུ་རྐེད་ཕྲ་ཞིང་མཉེན་པ་དེཿ རྩ་རླུང་ཐིག་ལེ་འབྱོངས་པའི་རྟགསཿ སྐུ་སྨད་རྡོ་རྗེ་བཞད་པ་དེཿ མཁའ་འགྲོ་དབང་དུ་འདུ་བའི་རྟགསཿ དབང་ཕྱུག་ཁྲོ་གཉེར་རབ་རྒྱས་པཿ ཡེ་ཤེས་ཆེན་པོ་རྒྱས་པའི་རྟགསཿ ཕྱག་གཉིས་ལྗོན་ཤིང་རྒྱས་འདྲ་བཿ ཁམས་གསུམ་དབང་དུ་བསྡུ་བའི་རྟགསཿ ཕྱག་སོར་རིང་ཞིང་མཉེན་པ་དེཿ གདུལ་བྱ་ཐབས་ཀྱིས་འདུལ་བའི་རྟགསཿ ཞབས་ཟུང་ཙན་སྡོང་གཤིབས་འདྲ་བཿ ཐབས་ཤེས་འདུ་འབྲལ་མེད་པའི་རྟགསཿ ཞབས་སོར་སྦོམ་ཞིང་མཁྲེག་པ་དེཿ ས་བཅུ་ཟིལ་གྱིས་གནོན་པའི་རྟགསཿ མཐིལ་བཞི་ཡངས་ཤིང་འཇམ་པ་དེཿ སྙིང་རྗེས་གདུལ་བྱ་རྗེས་འཛིན་རྟགསཿ བཅུ་དྲུག་གཞོན་ཤ་ཆགས་པ་དེཿ རྩ་བཅུད་ཐིག་ལེ་རྒྱས་པའི་རྟགསཿ འཇམ་ཞིང་བདེ་དྲོད་འབར་བ་དེཿ དགའ་བཞི་འདུ་འབྲལ་མེད་པའི་རྟགསཿ ཆོས་ཀྱི་བརྡ་ཚིག་སྣ་ཚོགས་སྟོནཿ སྐལ་ལྡན་རྗེས་སུ་འཛིན་པའི་རྟགསཿ རེས་འགའ་དྲག་པོའི་ངན་སྔགས་གསུངཿ སྐལ་མེད་རྣམ་ཤེས་སྤར་བའི་རྟགསཿ སྐབས་འགར་རྟེན་འབྲེལ་སྣ་ཚོགས་མཛདཿ འགྲོ་བའི་བདེ་སྐྱིད་སྤེལ་བའི་རྟགསཿ སྐབས་འགར་སྨྱོན་པའི་བརྟུལ་ཞུགས་འཆངཿ བདུད་བཞིའི་གཡུལ་ལས་རྒྱལ་བའི་རྟགསཿ སྐབས་འགར་འཁྲུལ་པའི་སྤྱོད་པ་སྐྱོངཿ འགྲོ་བ་ཐབས་ཀྱིས་འདུལ་བའི་རྟགསཿ སྐབས་འགར་བརྟུལ་ཞུགས་རོ་ཉལ་མཛདཿ འཁོར་འདས་རྦ་རླབས་ཕྱེད་པའི་རྟགསཿ སྐབས་འགར་མ་དག་སྤྱོད་པ་སྐྱོངཿ འཁོར་གྱི་དྲོད་ཚད་ཉུལ་བའི་རྟགསཿ ཕ་ནག་པོ་ཆེན་པོ་གཟི་བརྗིད་ཅནཿ ཁམས་གསུམ་ཟིལ་གནོན་རིན་པོ་ཆེཿ འགྲོ་ཀུན་ཐུགས་རྗེ་བརྩེ་བས་སྐྱོངཿ བདག་ལ་རྗེས་སུ་ཆགས་པར་མཛདཿ ཁོ་མོ་འཁྲུལ་པའི་གཞན་དབང་གིསཿ ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡིསཿ ད་བར་ཡོན་ཏན་མ་མཐོང་ཞིངཿ རང་ཉིད་ང་རྒྱལ་དྲག་པོ་ཡིསཿ ལོག་ལྟ་བདུད་ཀྱི་དབང་དུ་ཤོརཿ གུ་རུའི་རྣམ་འཕྲུལ་སྤྲུལ་པའི་སྐུཿ དམ་པའི་ཐུགས་སུན་མ་མཛད་པརཿ སྣ་ཚོགས་ཐབས་ཀྱིས་བདག་བློ་བསྒྱུརཿ གསང་བ་གསུམ་གྱི་ཡོན་ཏན་ངོམཿ ད་ནི་གུ་རུ་དངོས་སུ་མཐོངཿ གསང་སྔགས་དབང་བཞི་རྫོགས་པར་ཐོབཿ སྐུ་གསུང་ཐུགས་ཀྱི་ཡོན་ཏན་རིགསཿ ཕྱིར་མི་ལྡོག་པའི་དད་པ་སྐྱེསཿ བདེ་ཆེན་ཟག་མེད་དངོས་གྲུབ་ཐོབཿ ལུས་ངག་ཡིད་གསུམ་ཡོན་དུ་འབུལཿ འདི་ནས་བྱང་ཆུབ་སྙིང་པོའི་བརཿ ཁྱོད་ལས་རེ་ས་བདག་ལ་མེདཿ གསོལ་བ་སྙིང་ནས་འདེབས་པ་ལཿ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལཿ ཟག་བཅས་མ་དག་སྒྱུ་མའི་ལུསཿ འོད་ཀྱི་སྐུ་རུ་གྲོལ་བ་དངཿ བཟང་ངན་འབྲེལ་པས་བསྡུས་པ་ཡིཿ མཐོང་ཐོས་དྲན་རེག་སུ་ཡང་རུངཿ ཚོམ་བུ་གཅིག་ཏུ་མངོན་སངས་རྒྱསཿ འཁྲུལ་རྟོག་དབྱིངས་སུ་མ་དག་བརཿ འབྲལ་བ་མེད་པར་རྗེས་འཛིན་ཞིངཿ མཐར་ཐུག་ཁྱེད་ཀྱི་ཐུགས་ཀློང་དུཿ དབྱེར་མེད་རོ་གཅིག་འདྲེས་པ་རུཿ བྱིན་གྱིས་རློབས་ཤིག་དམ་པ་རྗེཿ གཞོན་ནུ་བུམ་སྐུར་མ་གྲོལ་བརཿ ཁྱེད་དང་འབྲལ་བ་མེད་པར་ཤོགཿ ཕཊཿ མ་ཅིག་ལབ་ཀྱི་སྒྲོན་མ་ལཿ དམ་པ་རྒྱ་གར་དབང་བསྐུར་ཚེཿ ཡོན་ཏན་དྲན་པའི་བསྟོད་པ་འདིཿ ཌཱཀྐིའི་མི་བརྗེད་གཟུངས་ཀྱིས་བཟུངསཿ དུས་ལ་བབ་ཚེ་གསུངས་པ་བཞིནཿ གཞུང་ཆེན་དག་ཏུ་བཀོད་པ་སྟེཿ འདི་ཉིད་ཤིན་ཏུ་བྱིན་ཆེ་འོཿ ཕཊཿ ང་མེད་ངར་བཟུང་འཁོར་བར་འཁྱམ་བྱེད་ཀྱིཿ འབྱུང་བཞིས་བསྐྱེད་པའི་ཕུང་ཁམས་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེར་ནམ་མཁར་འཕགཿ པདྨ་མཁའ་འགྲོའི་ཐུགས་ཀློང་དབྱེར་མེད་འདྲེསཿ ཕཊཿ སླར་ཡང་ནི་ཡིག་དམར་གསལ་ཕྱིར་འཕྲོས་པསཿ ཁྲོས་མ་དམར་མོ་གྲི་གུག་ལྕགས་ཀྱུ་འཛིནཿ མཁའ་འགྲོའི་ཆས་རྫོགས་གར་སྟབས་ཁྱུག་གེར་གསལཿ ཐུགས་ལས་འོད་ཟེར་དཔག་མེད་འཕྲོས་པ་ཡིསཿ བདག་དང་སློབ་དཔོན་ཕ་མ་རྡོ་རྗེའི་མཆེདཿ ལས་ཀྱིས་འབྲེལ་བའི་གཙོར་གྱུར་རིགས་དྲུག་འགྲོཿ དམ་སྡོམ་བསླབ་པ་ཉམས་འགལ་རལ་པ་དངཿ སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་མི་དགེའི་འབྲསཿ སྔོན་ལས་འཕྲལ་རྐྱེན་འདུ་བ་རྣམ་བཞི་འཁྲུགསཿ འགོ་བའི་ནད་རིམས་རྣམ་རྟོག་བག་ཆགས་གྲིབཿ མ་ལུས་ཡོངས་བསྡུས་བེམ་པོར་དབྱེར་མེད་ཐིམཿ མདོག་ནག་དྲི་ངན་རོ་རྩུབ་ནད་རླངས་འཕྲོཿ ཡིད་མི་འོང་བ་རི་རབ་ཙམ་དུ་གྱུརཿ ཕཊཿ བདག་ཅག་མཆེད་ལྕམ་གྲྭ་སྡེ་ཡོན་མཆོད་ལཿ སྡང་ཞིང་གདུག་པའི་སེམས་ལྡན་བསམ་སྦྱོར་ངནཿ ནད་རིམས་མི་གཙང་མི་འདོད་སྣ་འདྲེན་ཞིངཿ ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལཿ བར་དུ་གཅོད་པའི་རིགས་སུ་གྱུར་རྣམས་དངཿ ཁྱད་པར་གནས་གདོན་ལུས་གདོན་འབྱུང་པོའི་ཚོགསཿ ནད་རིམས་ཡམས་ཀྱི་བདག་པོ་བདག་མོ་ཀུནཿ གང་དུ་གནས་ཀྱང་རང་དབང་གཏན་པ་བྲལཿ ཤོག་སྐྱ་རླུང་གིས་བསྐྱོད་བཞིན་འདུས་པར་གྱུརཿ ཕཊཿ མི་རྐང་གླིང་བུ་དྲག་པོ་ལན་བཞིར་སྒྲོགཿ ཕཊཿ ཉོན་ཅིག་སྣང་ཞིང་སྲིད་པའི་ལྷ་དང་འདྲེཿ སྐྱེ་འགྲོའི་སྲོག་དབུགས་ལེན་ཞིང་ཤ་ལ་ཟཿ ཁྲག་ལ་རྔམས་པའི་རིགས་སུ་གྱུར་རྣམས་དངཿ གཉན་ནད་སྨྱོ་འབོག་རྒྱུ་དང་མི་རྒྱུའི་དུགཿ འགོ་བའི་རིམས་དང་ཡམས་ནད་གཏོང་བྱེད་རྣམསཿ འཁོར་བར་འཁྱམ་བྱེད་དུག་ལྔ་འདུས་པའི་ལུསཿ མི་གཙང་རྫས་དགུ་དུག་རླངས་ནད་ཀྱིས་གདུངཿ གཅེས་འཛིན་བློ་ཡི་ཞེན་པ་ཀུན་བཅད་ནསཿ བདག་ལ་མི་དགོས་ལྷ་འདྲེའི་ཚོགས་ལ་སྦྱིནཿ བན་བོན་བྱད་མའི་ལྷ་སྲུང་གཙོར་གྱུར་པའིཿ དྲེགས་པ་མཐུ་ཆེན་རིགས་སུ་གྱུར་རྣམས་དངཿ སྲོག་གཅོད་དབུགས་ལེན་ཟ་འདྲེ་ཤི་བའི་གཤེདཿ ཚེ་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕག་རིགསཿ ལན་ཆགས་བདག་པོ་བདག་མོ་ནད་རིམས་དངཿ ཡམས་བདག་གདོན་བགེགས་མཉམ་པོར་འོང་བའི་བདུདཿ འཆི་བདག་གཤིན་རྗེའི་དམག་ཚོགས་འཁོར་བཅས་ལཿ བདག་ལུས་མི་གཙང་རྫས་དགུ་ལྡན་པ་འདིཿ སྦྱིན་ནོ་ཟོ་ཞིག་ཐུངས་ཤིག་མྱུར་དུ་རོལཿ གཅན་གཟན་ཤ་དང་བྱིའུ་ནག་ཆུར་རུབ་བཞིནཿ སྐད་ཅིག་ཐང་ཅིག་ཡུད་ཙམ་འདི་ཉིད་དུཿ རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་རོལཿ གཟུང་འཛིན་སྒྲིབ་གཉིས་བག་ཆགས་ཉེས་ལྟུང་དངཿ ན་ཚ་ཟུག་གཟེར་ཤ་ཁྲག་རུས་གསུམ་བཅསཿ གདུག་རྩུབ་ལྷ་འདྲེའི་ཚོགས་ལ་ཟས་སྐལ་གཏདཿ ད་ནི་མིང་གི་ལྷག་མ་མེད་པར་རོལཿ རིག་པ་སྐྱེ་མེད་ཡུམ་གྱི་ཀློང་དུ་ཨཿ ཕཊཿ ཅེས་བརྗོད་གདོན་བགེགས་དམག་ཚོགས་ཀྱིསཿ ཟོས་པས་ཁོང་རྣམས་ལུས་པོ་ཡངཿ སོལ་བ་ལྟར་དུ་ནག་གྱུར་ཅིངཿ ན་ཚ་ཟུག་གཟེར་གྱིས་མནར་ཏེཿ སྡུག་བསྔལ་ཉམས་སུ་མྱོང་བར་བསམཿ སྙིང་རྗེ་ཆེན་པོ་དར་ཅིག་བསྒོམཿ ཕཊཿ མཐར་ལྷ་འདྲེ་སྟོང་ཉིད་ནམ་མཁའ་སྟོང་པའི་ཀློང་དུ་འདྲེས་ཤིང་། རང་ཉིད་ཁྲོས་མའི་ཐུགས་ཀློང་དུ་འདྲེས་པར་བསམཿ སྣང་སྲིད་ཐམས་ཅད་མི་དམིགས་སྟོང་ཉིད་ཁྱབ་བརྡལ་ཆེན་པོར་བལྟ་ཞིང་རྗེས་ཐོབ་ཀུན་ཏུ་བླ་མ་དང་ཕ་དམ་པ་དབྱེར་མེད་པ་ལ་མོས་གུས་བསྐྱེད་ཅིང་ལུས་ཀྱི་གཅེས་འཛིན་དང་བློ་ཡི་ཐེ་ཚོམ་རྣམ་རྟོག་སྦྱང་ཞིང་རྩ་བ་གཅད་དོཿ ༈ བཞི་པ་བརྟུལ་ཞུགས་ལམ་སློང་ཞིངཿ འཛིན་པ་རང་སར་གྲོལ་བའི་ཕྱིརཿ དམར་འགྱེད་ཤ་ཁྲག་སྟོན་ཆེན་ནིཿ ཐོག་མར་མོས་གུས་རྩེ་གཅིག་གིསཿ ཕཊཿ ཕ་འགྲན་གྱི་དོ་མེད་རྡོ་རྗེ་འཆངཿ བདག་ཅག་འཁྲུལ་པའི་སྣང་ངོ་རུཿ ཤ་ཁྲག་མི་ཡི་གཟུགས་སུ་མཐོངཿ དག་པ་སྐུ་གསུམ་གཟིགས་ངོ་རུཿ འོད་ལུས་ཡེ་ཤེས་སྙིང་པོ་ཅནཿ ཡེ་ཤེས་མཁའ་འགྲོའི་སྣང་ངོ་རུཿ ཁྲག་འཐུང་རྒྱལ་པོ་ཧེ་རུ་ཀཿ གཟུགས་མེད་དྲེགས་པའི་སྣང་ངོ་རུཿ དབང་གི་རྒྱལ་པོ་རྟ་མགྲིན་དཔལཿ མ་རུངས་གདུག་པའི་ལྷ་འདྲེའི་ངོརཿ ཁམས་གསུམ་ཟ་བྱེད་སྲིན་པོའི་རྒྱལཿ འགྲོ་དྲུག་རང་རང་སྣང་ངོ་རུཿ མཐུན་སྣང་སྤྲུལ་པའི་སྐུ་རུ་སྟོནཿ དུག་ལྔ་རང་གར་སྤྱོད་པ་ཡིཿ འགྲོ་བ་ཐབས་ཀྱིས་འདུལ་མཛད་པའིིཿ འགྲན་གྱི་དོ་མེད་སྐུ་དྲིན་ཅནཿ བརྩེ་ཆེན་ཐུགས་རྗེས་བདག་སྐྱོངས་ཤིགཿ སྐྱེ་དང་ཚེ་རབས་ཐམས་ཅད་དུཿ འཁྲུལ་པའི་ལམ་དུ་མི་གཏོང་ཞིངཿ ཡང་དག་ལམ་དུ་འགོད་མཛད་པཿ ཁྱོད་ལ་སྙིང་ནས་གསོལ་བ་འདེབསཿ བྱིན་གྱིས་བརླབ་པར་མཛད་དུ་གསོལཿ མ་མི་མིན་ཡེ་ཤེས་མཁའ་འགྲོ་མཿ མ་ཅིག་ཇོ་མོ་ལབ་སྒྲོན་མཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མཿ སྐལ་ལྡན་རྗེས་སུ་འཛིན་མཛད་མཿ སྐལ་མེད་ཐབས་ཀྱིས་འདུལ་མཛད་མཿ བརྩེ་བའི་ཐུགས་རྗེས་བདག་ལ་དགོངསཿ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུནཿ རྗེས་སུ་འཛིན་པར་མཛད་དུ་གསོལཿ མ་སྐྱེ་དམན་བུད་མེད་ལུས་སུ་འཁྲུངསཿ བཟང་ངན་མེད་པར་རྗེས་སུ་བཟུངཿ སྐྱེ་མེད་ཡུམ་གྱི་དགོངས་པ་རྟོགསཿ ཟབ་མོའི་གདམས་པ་ཐུགས་སུ་ཆུདཿ སྣང་སྲིད་ལྷ་འདྲེའི་འགྲོ་དོན་མཛདཿ གཅེས་འཛིན་ལུས་ཀྱི་འཛིན་པ་ཞིགཿ འཁོར་འདས་རོ་གཅིག་ཆེན་པོ་མཁྱེནཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་སྐུ་ལུས་ཆུང་ལ་གཟི་མདངས་ལེགསཿ དཀར་དམར་མདངས་ལྡན་འོད་ཟེར་འཕྲོཿ མཚན་དཔེས་བརྒྱན་པའི་ཡིད་བཞིན་ནོརཿ སྣ་ཚོགས་ཐབས་ཀྱི་རྫུ་འཕྲུལ་སྟོནཿ རྡོ་རྗེའི་གླུ་དབྱངས་ཚངས་པའི་གསུངཿ ཡན་ལག་དྲུག་ཅུའི་ཤུགས་དང་ལྡནཿ སྐལ་བར་འཚམ་པའི་བརྡ་ཆོས་སྟོནཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་ཡུམ་ཆེན་གསང་བ་ཡེ་ཤེས་ཀྱིཿ ཞལ་གཟིགས་ལུང་བསྟན་ཇི་བཞིན་དུཿ ལ་སྟོད་དིང་རིའི་གླང་འཁོར་ནསཿ གུ་རུའི་ཐུགས་སྤྲུལ་དམ་པར་འཕྲདཿ གསང་སྔགས་དབང་བཞི་རྫོགས་པར་གསནཿ ཐབས་དང་ཤེས་རབ་རྟེན་འབྲེལ་འགྲིགསཿ དགའ་བ་བཞི་ཡི་ཡེ་ཤེས་ཀྱིཿ མཐར་རྫོགས་རིག་པའི་རྩལ་དབང་ཐོབཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ཞིངཿ ཀུན་ཏུ་བཟང་པོའི་གཞི་ཐོག་ཏུཿ གྲོལ་བའི་འབྲས་བུའི་དེ་ཉིད་གཟིགསཿ འབྱུང་བ་བཞི་ཡི་སྐུ་ལུས་སྦྱངསཿ འོད་སྐུ་ཡེ་ཤེས་སྙིང་པོ་ཅནཿ བདུད་བཞི་གཅོད་པའི་བརྡ་ཆོས་སྟོནཿ བཙན་ཐབས་སངས་རྒྱས་སར་འགོད་མཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་འབྱུང་བ་ལྔ་ལ་རང་དབང་བསྒྱུརཿ ཐོགས་བཅས་བདུད་ཀྱི་འཇིགས་པ་བྲལཿ སྣང་བ་སྒྱུ་མར་གཟིགས་པ་ཡིསཿ ཐོགས་མེད་ལྷ་འདྲེའི་འཛིན་ཞེན་ཞིགཿ འཁོར་འདས་མཉམ་པ་ཉིད་རྟོགས་པསཿ དགའ་བྲོད་བདུད་ཀྱི་རྩ་བ་སྟོངཿ གཟུང་དང་འཛིན་པ་བྲལ་བ་ཡིསཿ སྙེམས་བྱེད་བདུད་ཀྱི་འཁྲི་བ་ཆོདཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་དང་པོ་དལ་འབྱོར་ལུས་རྟེན་བསྐྱེདཿ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གསོསཿ བར་དུ་འཁོར་བའི་གནས་ནས་དྲངསཿ སྨིན་གྲོལ་བསྐྱེད་རྫོགས་ལམ་སྣ་ཁྲིདཿ ཐ་མ་གསང་བའི་ལུང་བྱང་གནངཿ ཡེ་ཤེས་ཆེན་པོའི་ངོ་སྤྲོད་ཀྱིསཿ རིག་པ་ཆོས་སྐུའི་རང་ཞལ་བསྟནཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་དགྲ་གཉེན་མཉམ་པ་ཉིད་གཟིགས་ཀྱངཿ སྔོན་ནས་ད་ལ་ཐུག་གི་བརཿ བདག་ལ་ཐུགས་རྗེས་ཉེ་བར་གཟིགསཿ གནས་ངན་འཁོར་བའི་འདམ་ལས་བསྒྲལཿ རིག་འཛིན་མཁའ་འགྲོའི་གྲལ་དུ་བཀོདཿ ཐབས་མཆོག་བདེ་ཆེན་དཔའ་བོ་དངཿ ཉོན་མོངས་རང་གྲོལ་གདམས་ངག་གཏདཿ སྨོན་ལམ་གཏད་རྒྱའི་དབང་བསྐུར་མཛདཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་སྐུ་ཡི་བྱིན་རླབས་ལུས་ལ་སྩོལཿ སྤྲུལ་སྐུ་འགྲུབ་པར་བྱིན་གྱིས་རློབསཿ གསུང་གི་བྱིན་རླབས་ངག་ལ་སྩོལཿ ལོངས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཐུགས་ཀྱི་བྱིན་རླབས་སེམས་ལ་སྩོལཿ ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབསཿ ཟག་པ་བག་ཆགས་ཡོངས་ཟད་ནསཿ འོད་སྐུ་འགྲུབ་པར་བྱིན་གྱིས་རློབསཿ བདག་དང་འགྲོ་དྲུག་སེམས་ཅན་རྣམསཿ སྐྱེ་དང་ཚེ་རབས་ཐམས་ཅད་དུཿ ཕ་མས་རྗེས་སུ་གཟུང་ནས་ཀྱངཿ གོལ་ཤོར་ནོར་བའི་འཕྲང་ལས་གྲོལཿ སྒྱུ་མ་ལྟ་བུའི་ཏིང་འཛིན་དངཿ དཔའ་བར་འགྲོ་བའི་ཏིང་འཛིན་དངཿ ཀུན་ལ་སྙོམས་པའི་ཏིང་འཛིན་དངཿ རྡོ་རྗེ་ལྟ་བུའི་ཏིང་འཛིན་འགྲུབཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ མ་ཆོས་དབྱིངས་ཀློང་དུ་གཤེགས་པའི་ཚེཿ རིག་པའི་ཡེ་ཀློང་ཆེན་པོར་བཞུགསཿ དངོས་ཉམས་རྨི་ལམ་འོད་གསལ་ངངཿ ཞལ་མཇལ་ལུང་བསྟན་རྟག་ཏུ་མཛོདཿ ནམ་ཞིག་ཚེ་མཐར་ཕྱིན་པའི་ཚེཿ ཟག་བཅས་འོད་ཀྱི་སྐུ་རུ་དེངསཿ མ་ཅིག་ཡེ་ཤེས་ཌཱཀྐི་མའིཿ ཐུགས་ཀློང་རོ་གཅིག་འདྲེས་ནས་ཀྱངཿ འཁོར་བའི་རྒྱ་མཚོ་མ་སྟོང་བརཿ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིསཿ སྣ་ཚོགས་འགྲོ་དོན་སྤྱོད་པ་རུཿ གསོལ་བ་འདེབས་སོ་ཐུགས་རྗེས་ཟུངསཿ སྐྱེ་ཀུན་སྔོན་གནས་རྗེས་དྲན་ཞིངཿ ཕ་མའི་ཐུགས་དགོངས་རྫོགས་པར་ཤོགཿ ཕཊཿ སྲས་མོ་ལ་འདུལ་སྒྲོན་མ་དངཿ གྲུབ་ཆེན་རྒྱ་ནག་གཅེར་བུ་ཟུངཿ མགྲིན་གཅིག་དབྱངས་གཅིག་མ་ཅིག་མརཿ གསོལ་འདེབས་ཐུགས་དམ་རྒྱུད་བསྐུལ་འདིཿ ཤིན་ཏུ་བྱིན་རླབས་ཆེ་བའི་ཕྱིརཿ མཆོད་སྦྱིན་གཞུང་དུ་བཀོད་པ་འོཿ ཕཊཿ གཅེས་འཛིན་སྒྱུ་མའི་གྲོང་ཁྱེར་ལུས་དབུས་ནསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དབུ་མའི་ལམཿ བརྒྱུད་དེ་ཚངས་བུག་ནས་བཟུང་ནམ་མཁར་འཕགཿ མ་ཅིག་ལས་ཀྱི་མཁའ་འགྲོའི་ཐུགས་ཀློང་འདྲེསཿ ཕཊཿ བྱིན་རླབས་ས་ཡིག་ལྗང་གུའི་རྣམ་པར་ཐོནཿ ཁྲོས་མ་ལྗང་སེར་ཁྲོ་མོའི་ཆ་ལུགས་རྫོགསཿ ཕྱག་གཡས་གྲི་གུག་རྣོ་དབལ་ལྡན་པ་ཡིསཿ རང་ལུས་བེམ་པོ་ཆེ་ཚོ་རི་རབ་ཙམཿ བཀྲག་མདངས་གཟི་བརྗིད་དྲོད་དང་ལྡན་པ་དེའིཿ སྤྱི་བོ་ནས་བཟུང་པགས་པ་དམར་ཤལ་གཤགསཿ སྐུ་ལས་ལས་བྱེད་མཁའ་འགྲོ་གྲངས་མེད་འཕྲོསཿ པགས་པ་བཤུས་ཤིང་ས་གཞིར་ཁྱབ་པར་བཏིངཿ སྟེང་དུ་ཤ་ཁྲག་རུས་པ་ནང་རོལ་སྤུངསཿ ཚོགས་ཞིང་སྐུ་ལས་འོད་ཟེར་འཕྲོས་པ་ཕོགཿ རོ་བརྒྱ་ནུས་པ་སྟོང་ལྡན་སྐྱེ་བདུན་ཤཿ མྱོང་གྲོལ་དམར་སྟོན་འཛད་མེད་གཏེར་ཆེན་གྱུརཿ ཕཊཿ ཞིང་ཁམས་ཁྱབ་པའི་ཤ་ཁྲག་རུས་པ་དོན་ལྔ་ནང་རོལ་ཀླད་པ་རྐང་སོགས་འཛད་པ་མེད་པའི་གཏེར་དུ་བསམ་ཞིང་མི་རྐང་གླིང་བུ་ལན་བཞིར་སྒྲོག་ལཿ འཇིགས་མེད་བརྟུལ་ཞུགས་ངར་ལྡན་པསཿ ཕཊཿ འཻཿ གཙོ་བོའི་གདོན་ཆེན་བཅོ་བརྒྱད་ནག་པོ་ཆེཿ སྡེ་དཔོན་སུམ་ཅུ་བགེགས་རྒྱལ་བི་ནཱ་ཡཀཿ སྲོག་བདག་པེ་ཧར་ལ་སོགས་རྒྱལ་པོའི་རིགསཿ སྟེང་གདོན་གཟའ་དང་རྒྱུ་སྐར་ནམ་མཁའི་བདགཿ རོལ་པ་རྐྱ་བདུན་ཁ་བཞི་གདོང་བརྒྱད་དངཿ ཇག་པ་མེ་ལེན་ཧུར་བ་སྲོག་འཕྲོག་སོགསཿ བཙན་གྱི་རིགས་གྱུར་ནག་པོ་བཀྲག་མེད་དངཿ རེ་ལྡེ་འགོང་ཡག་ལ་སོགས་བདུད་ཀྱི་སྡེཿ ཁ་འབར་ལྟེ་ཕུར་ནག་མོ་ཁྲག་རལ་མཿ འཕྲོག་མ་ལ་སོགས་མོ་བདུད་བསེན་མོ་དངཿ ཤི་འདྲེ་གསོན་འདྲེ་གྲོང་རྒྱུག་འདྲེ་མོ་ཡནཿ ཐེའུ་རང་ཟ་འདྲེ་ཤི་གཤེད་གསར་སྐྱེས་ཀྱིཿ འབྱུང་པོའི་རིགས་གྱུར་དམ་སྲི་སྒབ་འདྲེ་དངཿ ཡི་དྭགས་ཤ་ཟ་སྨྱོ་བྱེད་བརྗེད་བྱེད་སྡེཿ སྟོང་ཕྲག་བརྒྱད་ཅུ་བྱིས་གདོན་བཅོ་ལྔ་སོགསཿ གནས་གདོན་ལུས་གདོན་སྣང་སྲིད་ལྷ་འདྲེའི་རིགསཿ ཤ་ལ་རྔམས་ཤིང་ཁྲག་ལ་གདུང་བ་རྣམསཿ སྐད་ཅིག་མྱུར་བ་ཉིད་དུ་འདིར་འདུས་ཤིགཿ ཕཊཿ ཁྱེད་ཅག་འདིར་འདུས་གཟུགས་མེད་ལྷ་འདྲེའི་ཚོགསཿ ཐོག་མ་མེད་ནས་འཁོར་བར་འཁྱམས་པའི་ཚེཿ ཕ་དང་མ་རུ་མ་གྱུར་གཅིག་ཀྱང་མེདཿ དྲིན་ལེན་གསོ་ཕྱིར་ཤ་ཁྲག་ལུས་མཆོད་འབུལཿ བདག་གིས་སྒྱུ་མ་ལུས་ཀྱི་ཞེན་པ་དངཿ གཅེས་འཛིན་བྲལ་ཞིང་ཕོངས་པ་མེད་པར་གཏོངཿ ཁྱེད་རྣམས་དགྱེས་པའི་འདོད་ཡོན་ཚིམ་པར་རོལཿ ཤ་འདོད་ཤ་ཟོ་ཁྲག་འདོད་ཁྲག་ལ་ཐུངསཿ རུས་པ་རྐང་དང་ལྷ་བ་ཚིལ་བུ་ཞགཿ ཀླད་པ་སྙིང་དང་རྒྱུ་མ་ནང་རོལ་སོགསཿ སོ་སོར་གང་ལ་གང་འདོད་ལོངས་སུ་སྤྱོདཿ གོས་མེད་པགས་པ་སྐྲ་སེན་བ་སྤུའི་ཚོགསཿ གོས་སུ་སྤྲུལ་ལ་གྱོན་པས་ཚ་གྲང་སེལཿ སེང་གེའི་དམག་ཚོགས་ཤ་ལ་རོལ་པ་དངཿ དམག་ཆེན་གནང་ཆེན་གཅོད་བཞིན་ཟོ་ཐུངས་ལཿ ཟ་མ་ནུས་པ་སོ་སོའི་གནས་སུ་ཁྱེརཿ ཇི་སྲིད་བྱང་ཆུབ་སྙིང་པོ་མ་འཐོབ་བརཿ ཤ་ཁྲག་མི་ཟད་གཏེར་ལ་ལོངས་སྤྱོད་ཅིགཿ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལཿ ནད་དང་གནོད་པ་རྐྱེན་དང་བར་ཆད་གཏོངཿ ཚེ་བསོད་སྟོབས་འབྱོར་ཁ་རྗེ་དབང་ཐང་ལཿ བར་དུ་གཅོད་ཅིང་བསམ་ངན་སྦྱོར་རྩུབ་ཀྱིཿ ལོག་འདྲེན་གནོད་བྱེད་བགེགས་ཀྱི་ཚོགས་རྣམས་ལཿ རང་ལུས་དམར་སྟོན་ཟག་མེད་གཏེར་ཆེན་སྦྱིནཿ གཏི་མུག་ཤ་ཡི་རི་ལ་ཚིམ་པར་ཟོཿ འདོད་ཆགས་ཁྲག་གི་མཚོ་ལ་ངོམ་པར་ཐུངསཿ ཞེ་སྡང་ལྷ་བ་རུས་པ་འགྲང་བར་མུརཿ ང་རྒྱལ་དོན་སྣོད་ནང་རོལ་ཞིམ་ཟས་གྱིསཿ ཕྲག་དོག་པགས་པའི་ཐང་ཆེན་དྲོ་བར་གྱོནཿ ཁོང་ཁྲོ་གདུག་པའི་བསམ་སྦྱོར་ཀུན་ཞི་ཞིངཿ ཞི་བ་བྱང་ཆུབ་སེམས་དང་ལྡན་པར་གྱིསཿ ཕཊཿ དམིགས་པ་གསལ་གདབ་རང་ཉིད་ཡིད་ཆེས་བར་བྱཿ ཕཊཿ ཤ་ཁྲག་དམར་སྟོན་ལྷག་ལ་རེ་བ་ཡིཿ འབྱུང་ཆེན་གཙོ་བོ་རྣམས་ཀྱི་རྗེས་འབྲང་བཿ ཁས་ཞན་དབང་ཆུང་མདོག་ངན་གཟི་བརྗིད་བྲལཿ དབང་པོ་མ་ཚང་ནད་དང་སྡུག་བསྔལ་གྱིསཿ མནར་པའི་རིགས་དང་ད་ལྟ་གློ་བུར་སླེབཿ ལྷག་ལ་གདུང་ཞིང་ཟ་རྔམས་ལྡན་ཀུན་ལཿ ལས་བྱེད་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ རང་རང་སོ་སོར་ངོམས་ཤིང་ཚིམ་པར་སྦྱིནཿ ལོངས་སུ་སྤྱོད་ཅིང་དགའ་མགུ་ཡི་རང་ཚིམསཿ གནས་སྐབས་ན་ཚ་སྡུག་བསྔལ་ཡོངས་ཞི་ནསཿ གཟུགས་བཟང་ལོངས་སྤྱོད་དཔལ་ཡོན་ཀུན་ལྡན་ཞིངཿ མཐར་ཐུག་བྱང་ཆུབ་སེམས་ཀྱིས་རྒྱུད་བརླན་ཏེཿ མ་ཅིག་ཡུམ་ཆེན་གདུལ་བྱར་འགྱུར་བར་ཤོགཿ ཕཊཿ དམིགས་པ་གསལ་གདབ་དགེ་སྡིག་གཏོང་ལེན་བྱཿ བརྟུལ་ཞུགས་ལམ་ལོང་འཇིགས་མེད་བཙན་ས་ཟིནཿ ཐ་མལ་ལུས་ཀྱི་འཛིན་ཞེན་ཀུན་བྲལ་ནསཿ འཁོར་འདས་མཉམ་པ་ཉིད་དུ་རོ་གཅིག་རྟོགསཿ བདག་ཏུ་འཛིན་པའི་འཆིང་བ་ཀུན་གྲོལ་ཞིངཿ འོད་གསལ་ཆེན་པོའི་ཉམས་ལེན་གཞི་ཚུགས་སོཿ ༈ ལྔ་པ་ཁྲོས་མ་ལྷ་ལྔའི་བྱིན་འབེབ་ནིཿ ཟབ་མོ་མཆོད་སྦྱིན་དམིགས་པའི་འཕྲུལ་འཁོར་གནདཿ ལྟ་བའི་གདེངས་ལྡན་རིག་པ་ངར་བསྐྱེད་ཅིངཿ ཅང་ཏེའུ་མི་རྐང་གླིང་བུའི་སྒྲ་དང་བཅསཿ ཕཊཿ ཆོས་དབྱིངས་ཀུན་ཁྱབ་སྤྲོས་བྲལ་ཀློང་ཡངས་ནསཿ ཀུན་བཟང་ཡུམ་གྱི་ཐུགས་རྗེའི་རྩལ་སྣང་གིཿ ཡེ་ཤེས་ལྔ་ལྡན་འོད་ལྔའི་ཆོ་འཕྲུལ་ལསཿ སྣང་བ་རྣམ་དག་ཐུགས་རྗེས་སྤྲུལ་པའི་ཞིངཿ གཏུམ་ཆེན་ཨུ་ཙ་ལ་ཡི་དུར་ཁྲོད་ནིཿ རི་རབ་རུས་པའི་རང་བཞིན་ཀེང་རུས་གཟུགསཿ རྩི་ཤིང་ནགས་ཚལ་མཚོན་ཆ་སྣ་ཚོགས་གཟེངསཿ ཆུ་ཀླུང་རྣག་ཁྲག་དུག་ཆུའི་རྦ་ཀློང་འཁྲུགསཿ ཡེ་ཤེས་དུས་མཐའི་མེ་ཆེན་འབར་ཞིང་སྲེགཿ སྤུ་གྲི་རེག་གཅོད་རླུང་ནག་འཚུབས་མ་འཁྲིགསཿ ངུར་མོ་གདུག་པའི་སྒྲ་སྐད་ས་ཆེན་གཡོཿ རྩུབ་འགྱུར་འཇིགས་སུ་རུང་བའི་དུར་ཁྲོད་ནསཿ སྤྲུལ་པའི་གར་བསྒྱུར་ཡུམ་ཆེན་ཁྲོས་མ་ནགཿ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེདཿ རྒྱལ་བ་ཀུན་གྱི་ཐུགས་ཀྱི་བདག་ཉིད་མཿ སངས་རྒྱས་རིན་ཆེན་པདྨ་ལས་ཀྱི་རིགསཿ སྐུ་གསུང་ཡོན་ཏན་ཕྲིན་ལས་སྤྲུལ་པ་བཞིཿ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་མཛད་མཿ བརྩེ་བ་ཆེན་པོའི་ཐུགས་རྗེས་ཉེར་གཟིགས་ལཿ བདག་ལ་དབང་སྐུར་བྱིན་གྱིས་བརླབ་ཏུ་གསོལཿ འགྱུར་མེད་ཆོས་དབྱིངས་ཡེ་ཤེས་རྩལ་སྣང་ལསཿ སྐུ་མདོག་མཐིང་གསལ་བཻཌཱུརྻར་སྣང་བཿ ཆོས་སྐུའི་དགོངས་པ་གཡོ་བ་མེད་པའི་རྟགསཿ རིག་པ་དེ་བཞིན་ཉིད་དབྱིངས་བྱིན་ཕོབ་ཅིགཿ སྤྱི་གཙུག་ཕག་ཞལ་འཆི་མེད་ལམ་དུ་གཟིགསཿ སྐུ་གསུམ་ཞིང་ཁམས་ཀུན་ལ་དབང་བསྒྱུར་རྟགསཿ ཀ་དག་གཞི་ཐོག་གྲོལ་བར་བྱིན་ཕོབ་ཅིགཿ སྤྱན་གསུམ་འབྲུ་ཚུགས་ཁམས་གསུམ་གཟིགས་པ་ནིཿ ཁམས་གསུམ་ས་དགུ་ཟིལ་གྱིས་གནོན་པའི་རྟགསཿ གཡོ་མེད་ཏིང་ངེ་འཛིན་གྱི་བྱིན་ཕོབ་ཅིགཿ སྙན་ཆ་ཨ་ལུང་ཐུར་དུ་དཔྱངས་པ་ནིཿ འགྲོ་དྲུག་བདེ་སྡུག་མ་འདྲེས་གསལ་བའི་རྟགསཿ སེམས་ཅན་བདེ་ལ་འགོད་པར་བྱིན་ཕོབ་ཅིགཿ ཤངས་ནས་ཡེ་ཤེས་རླུང་ཆེན་ཕྱུར་པ་ནིཿ མ་རིག་དུག་ལྔ་དབྱིངས་སུ་གཏོར་བའི་རྟགསཿ ཉོན་མོངས་རང་གྲོལ་ཆེན་པོར་བྱིན་ཕོབ་ཅིགཿ ཞལ་གདངས་མཆེ་གཙིགས་ལྗགས་དམར་བརྐྱངས་པ་ནིཿ འཁོར་འདས་སྲིད་གསུམ་ཟས་སུ་ཟ་བའི་རྟགསཿ ཆོས་སྐུའི་རྒྱལ་ས་ཟིན་པར་བྱིན་ཕོབ་ཅིགཿ དབུ་སྐྲ་གནག་སྣུམ་གྱེན་དཀྲིས་ཐུར་དུ་དཔྱངསཿ སངས་རྒྱས་རྣམས་དང་དགོངས་པ་མཉམ་པའི་རྟགསཿ འགྲོ་དོན་རྒྱུན་ཆད་མེད་པར་བྱིན་ཕོབ་ཅིགཿ སྨིན་མ་སྨ་ར་ཨག་ཚོམ་དམར་སེར་འབརཿ འཁྲུལ་སྣང་རྟོག་ཚོགས་དབྱིངས་སུ་བསྲེགས་པའི་རྟགསཿ བདུད་བཞིའི་གཡུལ་ལས་རྒྱལ་བར་བྱིན་ཕོབ་ཅིགཿ ཕྱག་གཡས་གྲི་གུག་རྣོ་དབལ་ལྡན་པ་ཕྱརཿ མ་རིག་གཟུང་འཛིན་དབྱིངས་སུ་གསོད་པའི་རྟགསཿ སྒྲོལ་བ་སྙིང་རྗེ་ཆེན་པོར་བྱིན་ཕོབ་ཅིགཿ ནུ་མ་འབུར་ཞིང་བྷ་ག་རྒྱས་པ་ནིཿ ཐུགས་རྗེ་ཆགས་པས་རྗེས་སུ་འཛིན་པའི་རྟགསཿ སྦྱོར་བ་བདེ་བ་ཆེན་པོར་བྱིན་ཕོབ་ཅིགཿ གཡོན་པས་བདུད་རྩིའི་ཐོད་པ་བསྣམས་པ་ནིཿ སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་རྟགསཿ རིག་འཛིན་ཚེ་ལ་དབང་བར་བྱིན་ཕོབ་ཅིགཿ ཁ་ཊྭཱཾ་རྩེ་གསུམ་མཆན་དུ་བརྟེན་པ་ནིཿ དཔའ་བོ་ཡབ་དང་འདུ་འབྲལ་མེད་པའི་རྟགསཿ དགའ་བཞིའི་ཡེ་ཤེས་བསྐྱེད་པར་བྱིན་ཕོབ་ཅིགཿ ཞབས་གཉིས་ཁྲོ་མོའི་གར་སྟབས་ཁྲབ་པ་ནིཿ བདུད་ཀྱི་དཔུང་ཚོགས་ཐལ་བར་བརླགས་པའི་རྟགསཿ ཐུགས་རྗེས་རྗེས་འཛིན་ཆེན་པོར་བྱིན་ཕོབ་ཅིགཿ ཆུ་སྐྱེས་འདབ་སྟོང་གདན་དུ་བཏིང་བ་ནིཿ བག་ཆགས་སྒྲིབ་པའི་སྐྱོན་གྱིས་མ་གོས་རྟགསཿ དགེ་སྡིག་བླང་དོར་བྲལ་བར་བྱིན་ཕོབ་ཅིགཿ ཉི་མ་ཟླ་བའི་དཀྱིལ་འཁོར་བཀོད་པ་ནིཿ སྐྱེ་གནས་བཞི་ཡི་བག་ཆགས་སྦྱངས་པའི་རྟགསཿ ཐབས་ཤེས་འདུ་འབྲལ་མེད་པར་བྱིན་ཕོབ་ཅིགཿ རྟོག་མེད་རོ་ཡི་གདན་ལ་འགྱིངས་པ་ནིཿ རྣམ་པར་རྟོག་པ་དབྱིངས་སུ་དག་པའི་རྟགསཿ འཁྲུལ་པ་གཞི་ཐོག་གྲོལ་བར་བྱིན་ཕོབ་ཅིགཿ ཞལ་ནས་ཁྲོ་མོའི་གད་རྒྱངས་སྒྲོག་པ་ནིཿ ལོག་འདྲེན་གདུག་པའི་ཚོགས་ཀུན་འདུལ་བའི་རྟགསཿ ཕྲིན་ལས་ཐོགས་པ་མེད་པར་བྱིན་ཕོབ་ཅིགཿ བསྐལ་པའི་ཡེ་ཤེས་མེ་ཕུང་འབར་བ་ནིཿ ཉོན་མོངས་བག་ཆགས་མ་ལུས་བསྲེགས་པའི་རྟགསཿ འགྲོ་དྲུག་གནས་སུ་སྤོར་བར་བྱིན་ཕོབ་ཅིགཿ ཞི་བའི་ཐུགས་ལས་འབར་བའི་སྐུར་སྣང་བཿ གདུག་པའི་རྣམ་ཤེས་དབྱིངས་སུ་སྒྲོལ་བའི་རྟགསཿ ཁམས་གསུམ་འཁོར་བ་སྟོང་པར་བྱིན་ཕོབ་ཅིགཿ རང་ལས་སྤྲུལ་པའི་མཁའ་འགྲོ་བྱེ་བ་འབུམཿ འགྲོ་དོན་སྤྲུལ་པ་རྒྱུན་ཆད་མེད་པའི་རྟགསཿ སྐྱེ་མེད་ཆོས་ཀྱི་སྐུ་རུ་བྱིན་ཕོབ་ཅིགཿ སྐུ་ལས་སྤྲུལ་པའི་བདེ་ཆེན་དཀར་མོ་ནིཿ མེ་ལོང་ཡེ་ཤེས་གསལ་བའི་རང་མདངས་སྟོནཿ ཞི་བ་ཆེན་པོའི་དངོས་གྲུབ་བྱིན་ཕོབ་ཅིགཿ ཡོན་ཏན་སྤྲུལ་པའི་སེར་མོ་དོན་གྲུབ་མཿ མཉམ་པ་ཉིད་ཀྱི་ཡེ་ཤེས་རང་རྩལ་སྟོནཿ སྣ་ཚོགས་རྒྱས་པའི་དངོས་གྲུབ་བྱིན་ཕོབ་ཅིགཿ གསུང་གི་སྤྲུལ་པའི་དམར་མོ་སྒྲ་སྒྲོག་དཔལཿ སོ་སོར་རྟོགས་པའི་ཡེ་ཤེས་བདེ་རྩལ་འབརཿ ཀུན་ལ་དབང་བསྒྱུར་དངོས་གྲུབ་བྱིན་ཕོབ་ཅིགཿ ཕྲིན་ལས་སྤྲུལ་པའི་སྣ་ཚོགས་མཐར་ཕྱིན་རྒྱལཿ བྱ་བ་གྲུབ་པའི་ཡེ་ཤེས་རང་རྩལ་སྟོནཿ ཚར་གཅོད་རྗེས་འཛིན་ཆེན་པོར་བྱིན་ཕོབ་ཅིགཿ རང་རང་རིགས་ཀྱི་སྣ་ཚོགས་སྤྲུལ་པ་འགྱེདཿ གཏུམ་ཆེན་རབ་ཁྲོས་ཐུགས་བསྐྱེད་གློག་ལྟར་མྱུརཿ རང་མདོག་ངུར་མོའི་སྒྲ་ཆེན་ཕྱོགས་བཅུར་སྒྲོགཿ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རྒྱུད་བསྐུལ་ཞིངཿ དཔལ་ཆེན་ཁྲོ་བོ་ཁྲོ་མོ་ལས་ལ་འདུཿ མ་མོ་མཁའ་འགྲོའི་ཚོགས་རྣམས་འདར་ཞིང་འདུདཿ བཀའ་སྲུང་དྲེགས་པའི་ཚོགས་རྣམས་སྔངས་ཤིང་བརྒྱལཿ མ་ཅིག་བདུད་འདུལ་ཁྲོས་མ་ལྷ་ལྔ་མརཿ གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགསཿ གདུང་བས་འབོད་དོ་བུ་ཡི་དོན་ལ་དགོངསཿ ཐུགས་དམ་བསྐུལ་ལོ་བདུད་སྡེའི་དཔུང་ཚོགས་གཞོམཿ ལུས་ལ་སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལཿ ཐོགས་མེད་གཞོམ་གཞིག་བྲལ་བ་རྡོ་རྗེའི་སྐུཿ འོད་ལུས་འཛིན་ཞེན་བྲལ་བར་བྱིན་ཕོབ་ཅིགཿ ངག་ལ་གསུང་གི་བྱིན་གྱིས་བརླབ་ཏུ་གསོལཿ འགག་མེད་བདེན་ཚིག་འགྲུབ་པ་རྡོ་རྗེའི་གསུངཿ གྲགས་སྟོང་མཁའ་འགྲོའི་བརྡ་རུ་བྱིན་ཕོབ་ཅིགཿ ཡིད་ལ་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལཿ རྟོག་མེད་རོ་སྙོམས་ཆེན་པོ་རྡོ་རྗེའི་ཐུགསཿ བརྗོད་བྲལ་བློ་འདས་ཆེན་པོར་བྱིན་ཕོབ་ཅིགཿ བྱིན་ཆེན་བྱིན་ཕོབ་ཆོས་སྐུའི་མཁའ་འགྲོ་མཿ དབང་ཆེན་དབང་སྐུར་ཡུམ་ཆེན་གསང་ཡེ་མཿ དངོས་གྲུབ་མཆོག་སྩོལ་ཁྲོས་མ་ལྷ་ལྔ་མཿ གསོལ་བཏབ་འབྲས་བུ་དུས་འདིར་མཆིས་པར་མཛོདཿ ཕཊཿ འདུན་པ་རྩེ་གཅིག་བྱིན་ཆེན་དབབ་པ་ཡིསཿ ལུས་ལ་བདེ་བ་ངག་ལ་ནུས་པ་འབྱུངཿ ཆོས་ཉིད་ཉམས་ཀྱི་སྣང་བ་འལ་མ་འོལཿ སེམས་ཉིད་སྤྲོས་བྲལ་མ་བཅོས་ངང་ལ་གཞགཿ གཟུང་འཛིན་འཁྲུལ་པའི་བག་ཆགས་ཡོངས་དག་ནསཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་འགྱུརཿ དེ་ནས་བམ་ཆེན་རོ་འགྱེད་ཆེན་པོ་ནིཿ ཕཊཿ མ་དག་འཁྲུལ་སྣང་སྒྱུ་མའི་གྲོང་ཁྱེར་དབུསཿ རྣམ་ཤེས་འོད་ཀྱི་ཐིག་ལེ་དབྱིངས་སུ་འཕགཿ སྐར་མདའ་ཆད་བཞིན་གཙོ་མོའི་ཐུགས་ཀློང་འདྲེསཿ སྨྲ་བསམ་བརྗོད་པ་བྲལ་བའི་ངང་ཉིད་ལསཿ སླར་ཡང་ཨ་ཡིག་མཐིང་གསལ་ཕྱིར་འཕྲོས་པསཿ རང་རིག་ཡུམ་ཆེན་མ་ཅིག་ཁྲོས་མ་ནགཿ གཏུམ་རྔམ་དྲག་པོའི་ཆ་ལུགས་སྐུ་ལ་རྫོགསཿ གཡང་གཞི་གྲི་གུག་འཛིན་པ་ལམ་གྱིས་གསལཿ ཕཊཿ མདུན་དུ་རང་ལུས་བེམ་པོ་རི་རབ་ཙམཿ གྲི་གུག་སྙིང་གར་བརྒྱབས་པས་བེམ་པོ་ཞིགཿ བདུད་རྩི་འོ་མའི་རྒྱ་མཚོས་ས་གཞི་གངཿ ཐུགས་ལས་སྤྲུལ་པའི་མཁའ་འགྲོ་གྲངས་མེད་ཀྱིསཿ ཐོད་པས་བཅུས་ཤིང་ཚོགས་ཞིང་ལྷ་ཚོགས་མཆོདཿ དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་མགྲོནཿ ཟག་མེད་བདུད་རྩིའི་མཆོད་པས་མཉེས་ཤིང་ཚིམསཿ ལྷ་ཚོགས་བཀྲག་མདངས་གཟི་བརྗིད་རབ་རྒྱས་ཤིངཿ སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས་གྱུར་པཿ བེམ་པོའི་བདུད་རྩིར་ཕོག་པས་གནས་འགྱུར་ཞིངཿ བདག་ལུས་གྲངས་མེད་སྟོང་གསུམ་འཇིག་རྟེན་ཁྱབཿ ལ་ལ་དཀར་གསུམ་ལ་ལ་མངར་གསུམ་དངཿ རིན་ཆེན་འབྲུ་སྣ་དར་ཟབ་སྨན་གྱི་རིགསཿ ཁང་བཟང་སྐྱེད་མོས་ཚལ་དང་ལྷ་དང་མིའིཿ བཟའ་བཏུང་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེདཿ གང་ལ་གང་འདོད་མི་ཟད་གཏེར་ཆེན་པོསཿ རིགས་དྲུག་སྙིང་རྗེའི་མགྲོན་དུ་གྱུར་རྣམས་ལཿ སྦྱིན་པས་མཉེས་ཤིང་དགའ་མགུ་ཡི་རང་ཚིམསཿ ལན་ཆགས་བདག་པོ་བདག་མོའི་ཚོགས་རྣམས་ཀྱངཿ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བརཿ མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་ལ་སྤྱོདཿ ཤ་མཁོན་བུ་ལོན་ལན་ཆགས་ཀུན་བྱང་ནསཿ འགྱུར་མེད་བདེ་ཆེན་དཔལ་ལ་ལོངས་སྤྱོད་གྱུརཿ ཕཊཿ སླར་ཡང་བདག་དང་བསྲུང་བྱ་དབྱེར་མེད་ཀྱིཿ ལུས་སེམས་བྲལ་བའི་བེམ་པོ་ཆེ་ཞིང་ཚོཿ བཀྲག་མདངས་ལྡན་པ་ས་གཞིའི་ཁམས་ཁྱབ་པརཿ ཁྲོས་མས་གྲི་གུག་བརྒྱབས་པས་པགས་པ་བཤུསཿ ཤ་སྣ་ལྔ་ཡི་རི་རབ་སྤུངས་པ་ལཿ རྩ་བར་ཁྲག་ཞག་རྒྱ་མཚོའི་རྦ་ཀློང་འཁྲུགསཿ མཐའ་སྐོར་རྐང་དང་པགས་པའི་རྭ་བས་བསྐོརཿ ནང་རོལ་བཀྲམ་ཞིང་རྒྱུ་མའི་ཞགས་པས་དཀྲིསཿ དྲོད་རླངས་མ་ཡལ་དྲི་ངད་འཐུལ་ལེ་བཿ མཐོ་བ་སྲིད་པའི་རྩེ་མོ་མན་ཆད་དངཿ དམའ་བ་ན་རག་དམྱལ་ཁམས་ཡན་ཆད་ལཿ རྒྱུ་བའི་སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགསཿ ལྷ་ཀླུ་གཟའ་བཙན་བདུད་སྲིན་མ་མོ་དམུཿ གཉན་དང་ས་བདག་ཐེའུ་རང་རྒྱལ་འགོང་དངཿ བསེན་མོའི་རིགས་གྱུར་ཤ་དང་ཁྲག་ལ་གདུངཿ འབྱུང་པོ་གདུག་པའི་ཚོགས་ཀུན་མྱུར་དུ་འདུསཿ ཤ་ཁྲག་དོན་སྙིང་ནང་རོལ་ཚིམ་པར་རོལཿ ངོམས་ཤིང་འགྲངས་ནས་གདུག་སེམས་ཀུན་ཞི་ཞིངཿ ཕྱག་འཚལ་གུས་འདུད་སྲོག་གི་སྙིང་པོ་ཕུལཿ ཕཊཿ ཤ་ཁྲག་ནང་རོལ་སྟོང་གསུམ་ཁྱབ་པའི་སྟེངཿ བྱད་མ་དགྲ་གདོན་བདག་ལ་སྡང་བ་དངཿ གདུག་པའི་སེམས་ལྡན་མ་ལུས་ཀུན་འདུས་ཤིངཿ ཤ་ཁྲག་ནང་རོལ་རྔམས་ཟས་བྱས་པ་ཡིསཿ རྟེན་དང་བརྟེན་པ་དུག་ཁྲག་རྒྱ་མཚོའི་དབུསཿ དབང་མེད་ཆུད་ཅིང་རྦ་རླབས་དུག་རླངས་ཕྱུརཿ གཏིང་དུ་ཚུད་ཅིང་དྲན་མེད་བརྒྱལ་ཞིང་འཚུབསཿ དམ་པ་རྒྱ་གར་ཁྲོས་མ་གྲངས་མེད་ཀྱིསཿ མཐའ་ནས་བསྐོར་ཞིང་ཕཊ་སྒྲ་དིར་དིར་སྒྲོགཿ ཁྲོ་བོ་ཁྲོ་མོའི་དམག་ཚོགས་གྲངས་མེད་སྤྲུལཿ དུག་ཁྲག་རྒྱ་མཚོ་དགྲ་གདོན་བཅས་པ་ཀུནཿ ལྷག་མེད་རྔུབ་ཅིང་སྲིད་གསུམ་སྟོང་པར་སྦྱངསཿ དམིགས་མེད་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་ངངཿ ཕཊཿ ཌཱ་མ་རུ་དང་གླིང་བུའི་སྒྲ་ཆེན་སྒྲོགཿ དམིགས་པ་མཐའ་རྫོགས་སྒོ་གསུམ་ཐང་ཆད་ཚེཿ བརྟུལ་ཞུགས་རོ་ཉལ་དབྱིངས་རིག་མ་བུ་བསྲེཿ སྐྱེ་མེད་ཆོས་སྐུའི་རིག་པ་བརྗོད་དུ་མེདཿ འགག་མེད་ལོངས་སྐུས་འཁོར་འདས་ཀུན་ལ་ཁྱབཿ རྩོལ་མེད་སྤྲུལ་སྐུ་སྣ་ཚོགས་རྩལ་ཤར་པཿ དུ་མ་རོ་གཅིག་ཁྱབ་བརྡལ་ལྷུན་གྱིས་གྲུབཿ སྤྲོས་བྲལ་མ་བཅོས་ཀ་དག་ངོ་བོར་ལྟཿ རྗེས་ཐོབ་སྣང་བ་ཧུར་བསྐྱེད་རིག་རྩལ་སྦྱངཿ གང་ཤར་མི་ཞེན་ཤར་གྲོལ་དུས་མཉམ་ལྟཿ རྟེན་འབྲེལ་སྣ་ཚོགས་ཐབས་ལ་མཁས་པ་ནིཿ འཛིན་པ་རང་གྲོལ་རྣལ་འབྱོར་ཁྱད་ཆོས་སོཿ ༈ རྗེས་ལ་ཞི་བྱེད་གནད་ཀྱིས་སྡོམ་པ་ནིཿ ཨེ་མ་ཧོཿ ཀུན་བཟང་ཡུམ་གྱི་ངོ་བོ་ཉིདཿ འཁོར་འདས་ཐམས་ཅད་སྤྲུལ་པའི་གཞིཿ རྒྱལ་བ་ཀུན་གྱི་ཡུམ་ཆེན་མོཿ གསང་བ་ཡེ་ཤེས་ཌཱཀྐི་མཿ ཁྱོད་བསྒྲུབས་ཁྱོད་ཀྱི་དགོངས་པ་རྟོགསཿ ད་ནི་འཁོར་འདས་གཞི་ལ་རྫོགསཿ རང་སེམས་ཆོས་སྐུར་ངོ་འཕྲོད་པསཿ སངས་རྒྱས་ཐོབ་པའི་རེ་བ་ཞིཿ སྣང་སེམས་དབྱེར་མེད་འདྲེས་པ་ཡིསཿ འཁོར་བར་འཁྱམས་ཀྱི་དོགས་པ་ཞིཿ བསྒྲུབ་བྱ་སྒྲུབ་བྱེད་ལས་འདས་པསཿ ཟག་བཅས་ཆོས་ཀྱི་ཕན་པ་ཞིཿ སྟོང་ཉིད་སྐྱོན་གྱིས་མ་གོས་པསཿ མི་དགེ་སྡིག་པའི་སྤོང་སེམས་ཞིཿ རིག་པ་བཅར་ཕོག་ངོ་འཕྲོད་པསཿ ས་ལམ་བགྲོད་པའི་རྩིས་གདབ་ཞིཿ བསྐྱེད་རིམ་འཛིན་ཞེན་བྲལ་བ་ཡིསཿ བསྙེན་སྒྲུབ་ནུས་མཐུའི་རྟོག་པ་ཞིཿ འགལ་རྐྱེན་གྲོགས་སུ་ཤར་བ་ཡིསཿ བར་ཆད་བདུད་ཀྱི་དོགས་པ་ཞིཿ མཁའ་འགྲོ་རིག་པའི་རྩལ་ཤར་བསཿ ཚོགས་དང་གཏོར་མའི་འཛིན་པ་ཞིཿ ཕུང་པོ་གཟན་དུ་སྐྱུར་བ་ཡིསཿ བསོད་ནམས་ཚོགས་ཆེན་རེ་བ་ཞིཿ རྐྱེན་ངན་ལམ་དུ་ལོངས་པ་ཡིསཿ འདྲེ་གདོན་འབྱུང་པོའི་འཇིགས་སྐྲག་ཞིཿ སྣང་བ་སྒྱུ་མར་རྟོགས་པ་ཡིསཿ གནས་དང་ཡུལ་གྱི་འཛིན་པ་ཞིཿ སྣང་བ་དག་པ་རབ་འབྱམས་ལཿ བཟང་ངན་ཐེ་ཚོམ་གཙང་བཙོག་ཞིཿ ཞི་བ་བྱང་ཆུབ་སྟོང་ཆེན་གནདཿ མ་ཅིག་གསང་བ་ཡེ་ཤེས་ཀྱིཿ དགོངས་པ་བཅར་ཕོག་ཐུགས་སུ་ཆུདཿ བརྟུལ་ཞུགས་ཨ་ཙར་དམར་པོ་ཡིཿ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོསཿ འཛིན་པ་རང་གྲོལ་རྣལ་འབྱོར་པཿ བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནསཿ ཟག་བཅས་འོད་ཀྱི་སྐུ་རུ་ཡལཿ ཟག་མེད་གཞོན་ནུ་བུམ་སྐུར་འགྲུབཿ དགེ་ཚོགས་འཛད་མེད་རྒྱ་མཚོའི་གཏེརཿ མཁའ་ཁྱབ་མར་གྱུར་འགྲོ་བ་རྣམསཿ བྱང་ཆུབ་འཐོབ་པའི་རྒྱུ་རུ་བསྔོཿ མཆོད་དང་སྦྱིན་པའི་ཡུལ་གྱུར་པའིཿ བཟང་ངན་ལས་ཀྱི་འབྲེལ་བསྡུས་ཀུནཿ བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེསཿ ཉོན་མོངས་འཁྲུལ་པའི་བག་ཆགས་ཞིཿ མ་ཅིག་ཆོས་སྐུ་ཡུམ་ཆེན་མོའིཿ གོ་འཕང་མྱུར་དུ་འཐོབ་པར་ཤོགཿ རང་རིག་མ་བཅོས་དོན་གྱི་ལྷཿ ཡེ་ཤེས་ལྔ་ཡི་ངོ་བོ་ཉིདཿ མ་ཅིག་ཁྲོས་མ་ལྷ་ལྔ་མརཿ དབྱེར་མེད་ཆེན་པོ་ཨེ་མ་ཧོཿ སྤྱོད་པ་རྒྱུན་གྱི་རྣལ་འབྱོར་སྐྱོངཿ དངོས་ཉམས་རྨི་ལམ་གང་ལ་ཡངཿ ཚད་བཞིའི་འབྲས་བུ་མཐར་ཕྱིན་ཚེཿ རྗེས་ཆོག་རང་གཞུང་མཐར་རྒྱས་བྱཿ ཨེ་མ་ལྔ་ཕྲག་ཐ་མའི་དུསཿ འགྲོ་ཀུན་སྡུག་བསྔལ་དྲག་པོར་སྤྱོདཿ ཁྱད་པར་པྲེ་ཏ་པུ་རིའི་ཡུལཿ སེམས་ཅན་བསོད་ནམས་མངའ་ཐང་དམནཿ ཚེ་ཐུང་ནད་མང་ལོངས་སྤྱོད་དབུལཿ ལོག་ལྟ་ཐེ་ཚོམ་ཉོན་མོངས་འཁྲུགསཿ དམག་འཁྲུགས་ནད་ཡམས་མུ་གེས་མནརཿ དམ་ཆོས་སྒྲུབ་པའི་ལོང་མེད་ཅིངཿ སྐལ་ལྡན་སྡུག་བསྔལ་དྲག་པོས་མནརཿ ང་སྤྲུལ་དམ་པ་ནག་པོ་ཉིདཿ བརྟུལ་ཞུགས་ཕལ་པའི་གཟུགས་སུ་སྤྲུལཿ ལྷ་ལྕམ་མེ་ཏོག་མནྡཱརཿ མི་ཡུལ་སྐྱེ་བ་ཉེར་གཅིག་གིཿ ཐ་མར་རྫོགས་པའི་སྐབས་ཡིན་ཏེཿ འགྲོ་དོན་མཐའ་རུ་རྫོགས་པ་ལཿ ཆོས་གཞན་བྱིན་རླབས་ཡོད་མོད་ཀྱངཿ སྙིགས་མའི་སྟབས་ཀྱིས་དམ་སེལ་ཞུགསཿ ཡང་གསང་ཐུགས་ཀྱི་ཐིག་ལེའི་གཞུངཿ ཉམས་ལེན་འཛིན་པ་རང་གྲོལ་འདིཿ པདྨ་འདམ་གྱི་དབུས་སྐྱེས་ཀྱངཿ འདམ་གྱི་དྲི་མས་མ་གོས་བཞིནཿ བར་ཆད་སྡིག་སྒྲིབ་ཀྱིས་མི་ཚུགསཿ དམ་ཉམས་རང་གཤེད་འབེབ་པ་ཡིནཿ འདི་ལ་རྐྱེན་གྱིས་མི་གོས་པསཿ ཡང་གསང་ལས་ཀྱང་ཆེས་གསང་བཿ སྙིང་པོ་བཅུད་ཀྱི་གདམས་པ་སྟེཿ སྟོན་པ་དྲི་མ་མེད་པ་ངསཿ གསང་བ་ཡེ་ཤེས་ཀུན་དགའ་མོའིཿ ཐུགས་སུ་གབ་པ་མངོན་དུ་ཕྱུངཿ བདག་འདྲ་ཨ་ཙར་དམར་པོས་རྟོགསཿ སྤྲིན་ནག་འདུས་པའི་གནས་མཆོག་གིཿ ཨུ་ཙ་ལ་ཡི་དུར་ཁྲོད་དུཿ མ་ཅིག་ཁྲོས་མ་ནག་མོ་ཡིཿ མཁའ་དབྱིངས་ཐུགས་ཀྱི་ཀློང་དུ་སྦསཿ མ་འོངས་བསྐལ་པའི་ཐ་མ་ལཿ བྱང་ཕྱོགས་ཁ་བ་ཅན་གྱི་རིརཿ ལྷ་ལྕམ་འགྲོ་དོན་སྤྱོད་པའི་ཚེཿ བརྟུལ་ཞུགས་དམ་པ་ནག་པོ་དངཿ ཌཱཀྐི་ཟུང་གི་ལག་ཏུ་སྤྲོདཿ བཀའ་འདི་འབར་མ་མཆེད་གསུམ་དངཿ མ་མོ་གཟའ་དང་གིང་ཆེན་བརྒྱདཿ དུར་ཁྲོད་བདག་པོ་ཡབ་ཡུམ་གྱིསཿ ཐུབ་པར་སྲུངས་ཤིག་དམ་ཚིག་རྒྱཿ དམ་ཉམས་བཀའ་རྐུན་ལོག་སྲེད་ཅནཿ གཞན་དོན་སྤངས་ཤིང་རང་དོན་སྒྲུབཿ བླ་མར་སྡང་ཞིང་གདམས་ངག་ལེནཿ ལོག་ལྟ་བསྐུར་འདེབས་རང་ཆེ་འབྱིནཿ ཟོག་དྲེད་ཆོས་ཀྱི་རྒྱུས་ཅན་གྱིཿ རླུང་ཕྱོགས་ཙམ་དུ་ཐོས་གྱུར་ཀྱངཿ སྲོག་སྙིང་ལོངས་ལ་སྙིང་ཁྲག་འཕོསཿ ས་མ་ཡཿ ཙིཏྟ་རཀྵ་ན་ར་ཀནཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་དང་དམ་ཚིག་རྒྱཿ སྲོག་གི་སྙིང་པོ་ལན་དགུའི་རྒྱཿ ཉིན་མཚན་དུས་དྲུག་གཡེལ་མེད་དུཿ བྱ་ར་མེལ་ཚེ་གཉེར་དུ་ལོངསཿ བྱིན་རླབས་ཚན་ཁ་ཆེ་བ་དངཿ བརྒྱུད་འཛིན་མཐུ་སྟོབས་ནུས་པ་རྒྱསཿ ལས་སྐལ་དམ་ཚིག་ལྡན་རྣམས་ལཿ སྲུང་སྐྱོབ་མགོན་དང་སྡོང་གྲོགས་གྱིསཿ བསྟན་པ་མི་ནུབ་མཐའ་རྒྱས་ཤིངཿ ཕྱོགས་ལས་རྣམ་པར་རྒྱལ་བར་འགྱུརཿ ནམ་ཞིག་དུས་ལ་མ་བབ་བརཿ ཁ་ཐཾཿ གུཧྱཿ གརྦྷེ་རྒྱཿ ཨྠི་ཿ ཕ་ཅིག་དམ་པ་ནག་པོ་དངཿ དབྱེར་མེད་དུས་མཐའི་སྙོམས་ལས་པཿ ཌཱཀྐིའི་གསང་མཛོད་དབང་བསྒྱུར་པཿ ཁྲག་འཐུང་ལས་ཀྱི་དཔའ་བོ་ལཿ རྣམ་གསུམ་དྲིན་ལྡན་ཌཱཀྐི་མསཿ རྟེན་འབྲེལ་ཟབ་མོས་མཚམས་སྦྱར་ཏེཿ བརྡ་འཁྲོལ་བསྐུལ་མ་མཛད་པའི་ཚེཿ པད་རག་གསང་བའི་བརྡ་རིས་ལསཿ བསྡུས་ཤིང་དག་པར་ཕབ་པ་སྟེཿ དྲི་མེད་རྒྱལ་བས་དག་པར་མཛདཿ ཡི་གེའི་འདུ་བྱེད་དམ་ལྡན་བུཿ འཇིགས་བྲལ་འོད་ཟེར་གྱིས་བགྱིས་པསཿ ཉམས་ལོངས་ཡོན་ཏན་ནུས་པ་གསལཿ མན་ངག་ཆོས་ཀྱི་གཞུང་ཤིང་ངོཿ དགེ་བས་འཁོར་བ་དོང་སྤྲུག་ཤོགཿ དགེའོ།། །།