DKR-KABUM-14-PHA-007: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེའི་དགོངས་དོན་ཇི་ལྟར་རྟོགས་པ་ཞིབ་མོར་བཤད་པ་ཀུན་བཟང་དགོངས་རྒྱན། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 14: . Delhi: Shechen Publications, 1994. | |fulltitle=rdzogs pa chen po man ngag sde'i bcud phur man ngag thams cad kyi rgyal po klong lnga'i yi ge dum bu gsum pa lce btsun chen po bi ma'i zab tig gi bshad khrid chu 'babs su bkod pa snying po'i bcud dril ye shes thig le'i dgongs don ji ltar rtogs pa zhib mor bshad pa kun bzang dgongs rgyan | ||
|citation=[[Khyentse, Dilgo]]. ''Rdzogs pa chen po man ngag sde'i bcud phur man ngag thams cad kyi rgyal po klong lnga'i yi ge dum bu gsum pa lce btsun chen po bi ma'i zab tig gi bshad khrid chu 'babs su bkod pa snying po'i bcud dril ye shes thig le'i dgongs don ji ltar rtogs pa zhib mor bshad pa kun bzang dgongs rgyan''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 14: 297-329. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer='jam dbyangs mkhyen brtse'i dbang po | |||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|tibgenre=Contemplative Guide Books and Instructional Manuals - khrid yig | |tibgenre=Contemplative Guide Books and Instructional Manuals - khrid yig | ||
|terma= | |terma=Yes | ||
|dkroutline=Five | |dkroutline=Five | ||
|cycle=lce btsun chen po'i bi ma la'i zab tig | |||
|cycletib=ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ | |||
|language=Tibetan | |language=Tibetan | ||
|volumenumber=014 | |volumenumber=014 | ||
|volnumtib=༡༤ | |volnumtib=༡༤ | ||
|volyigtib=ཕ་ | |volyigtib=ཕ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=007 | |||
|pagenumbers=297-329 | |||
|totalpages=66 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=33b6 | ||
|totalfolios=33 | |||
|multivolumework=No | |||
|rectonotes=khrid yig | |||
|versonotes=lce btsun snying thig | |||
|colophontib=འཕྲོ་ཅན། | |||
|colophonwylie='phro can | |||
|pdflink=File:DKR-KABUM-14-PHA-007.pdf | |pdflink=File:DKR-KABUM-14-PHA-007.pdf | ||
}} | }} | ||
Line 33: | Line 38: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེའི་དགོངས་དོན་ཇི་ལྟར་རྟོགས་པ་ཞིབ་མོར་བཤད་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཀློང་ལྔའི་ཡི་གེ་དུམ་བུ་གསུམ་པ་ལྕེ་བཙུན་ཆེན་པོ་བི་མའི་ཟབ་ཏིག་གི་བཤད་ཁྲིད་ཆུ་འབབས་སུ་བཀོད་པ་སྙིང་པོའི་བཅུད་དྲིལ་ཡེ་ཤེས་ཐིག་ལེའི་དགོངས་དོན་ཇི་ལྟར་རྟོགས་པ་ཞིབ་མོར་བཤད་པ་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།<br><br> | ||
རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཇི་བཞིན་རྟོགས་པའི་ཐོས་བསམ་སྒོམ་གསུམ་བྱེད་པ་བླ་མའི་བྱིན་རླབས་ཁོ་ན་རག་ལས་ཤིང༌། བླ་མ་ལ་ཕྱག་འཚལ་ནས་སྐྱབས་གནས་ཐམས་ཅད་ལ་ཕྱག་འཚལ་བའི་ཕྱིར། ཐོག་མར་ན་མོ་གུ་ར་ཝེ། ཞེས་པ་བླ་མ་ལ་ཕྱག་འཚལ་ལོ། ན་མོ་ནི་ཕྱག་འཚལ་ལོ། གུ་ར་ནི་བླ་མ། ཝེ་ནི་མཚམས་སྦྱར་ཆེད་དུ་བླ་མ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། གུ་རུ་ཟེར་མཁན་གྱི་སྒྲ་དེ་སཾ་སྐྲྀའི་སྐད་ཀྱི་གོ་དོན་ལ་བྱས་བཞག་ན་ལྕིད་ཆེན་པོ་གཅིག་གི་དོན་ཡིན། བླ་མའི་སྐུ་གསུང་ཐུགས་དེ་ཐམས་ཅད་ལ་ཡོན་ཏན་ཤིན་ཏུ་ལྕིད་པ་དང༌། ཡང་ན་བླ་མ་ལ་ཕན་པའི་ཡུལ་དུ་ཤེས་ནས་གསོལ་བ་བཏབ་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པས་སངས་རྒྱས་གཞན་ལ་གསོལ་བ་བཏབ་པ་ལས་བྱིན་རླབས་ཆེ་བ། དེ་བཞིན་དུ་ལོག་ལྟ་བྱས་ནའང་ཡུལ་གཉན་པོ་གཞན་ལ་ལོག་ལྟ་བྱས་པ་ལ་ཉེས་པ་ཆེ་བ་ཡིན་ཏེ། ལས་བཟང་ངན་དེ་བསགས་པའི་ཡུལ་གཉན་པོ་ཞིག་ཡིན་པས་དེ་ལ་ཕྱག་འཚལ་ལོ་ཞེས་སོ། །འོད་གསལ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་ནི་སངས་རྒྱས་ཀྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་གསུང་པའི་ཐེག་པ་རིམ་པ་དགུ་ཡི་ཆོས་ཀྱི་རྩེ་མོ་དེ་ལ་འོད་གསལ་རྫོགས་པ་ཆེན་པོ་ཟེར། འོད་གསལ་ཟེར་མཁན་དེ་གང་རེད་ཟེར་ན་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པ་ལྟར། ཆོས་ཉིད་བདེ་གཤེགས་སྙིང་པོའི་ངོ་བོ་ལ་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་སྒྲིབ་པས་མ་གོས་པར་རྫོགས་ནས་ཡོད་པ་དེའི་དོན་དེ་འོད་གསལ་རེད། འོད་གསལ་གྱི་ངོ་བོ་དེའི་དོན་དེ་སྒྲ་ཚིག་གི་བསྟན་པར་བྱེད་པ་དེ་ལ་རྫོགས་པ་ཆེན་པོའི་གྲུབ་མཐའ་ཟེར། ཇི་ལྟར་རྫོགས་ཟེར་ན་དཔེར་ན་རྫོགས་པའི་སངས་རྒྱས་ཟེར་ན་ཡོན་ཏན་ཐམས་ཅད་རྫོགས་སོང་བས་རྫོགས་པའི་སངས་རྒྱས་ཟེར་བ་བཞིན་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་དུ་ཡེ་གདོད་མ་ནས་རིག་པ་གཅིག་གི་ངང་དུ་བྱ་རྩོལ་དང་བྲལ་བར་རྫོགས། འཁོར་བའི་ཆོས་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱང་རིག་པ་དང་ངོ་བོ་གཅིག་པ་ཡང་མ་ཡིན། ཐ་དད་ཀྱང་མ་ཡིན་ཏེ་རིག་པའི་རྩལ་བདག་ཏུ་བཟུང་བ་ལས་བྱུང་བས་ན་ཐོག་མའི་གཞིར་འཁོར་བའི་རྒྱུ་མ་སྤོང་ལ་ཆོས་ཉིད་ཀྱི་གཤིས་དང་གཅིག་ཏུ་མ་འདྲེས་བས་མི་ལྡན་པའི་ཚུལ་གྱིས་རྫོགས་ཡོད་པས་ན་ཆེད་དུ་བཅོས་མ་དགོས་པར་འཁོར་འདས་གཉིས་ཀ་དེ་རིག་པ་གཅིག་གི་ངང་དུ་རྫོགས་པ་དེ་ཡང་རྒྱུ་རྐྱེན་གསར་དུ་བསྒྱུར་བཅོས་བྱས་པ་མ་ཡིན་པར་ཡེ་གདོད་ནས་ཁོ་རང་རང་བཞིན་གྱི་ངོ་བོ་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་གཅིག་གི་རང་བཞིན་དབྱེར་མེད་ཀྱི་ངང་དུ་རྫོགས། འཁོར་བའི་ཆོས་ཐམས་ཅད་ཀྱི་བདེ་གཤེགས་སྙིང་པོ་རང་གི་ངོ་བོ་ལ་ནི་སྐྱོན་གྱི་མ་གོས་ཀྱང༌། རྣམ་པ་ཙམ་དུ་ཡིན་ན་བདེ་གཤེགས་སྙིང་པོ་དེ་ལ་བསྟེན་པ་ལྟར་སྣང་སྟེ། དཔེར་ན་བར་སྣང་ནམ་མཁའ་ལ་སྤྲིན་བརྟེན་ཀྱང་ནམ་མཁའ་ལ་སྤྲིན་གྱིས་མ་གོས་པ་བཞིན་དུ་ཡོད་པ་དེའི་གསར་དུ་ད་གདོད་འབད་རྩོལ་བྱས་ཆོས་ཀྱི་རྫོགས་མ་དགོས་པ་ལྟར་ཁོ་རང་རང་བཞིན་ལྷུན་གྲུབ་ཀྱིས་རྫོགས་པ་དེ་ནི་བརྗོད་བྱ་དོན་གྱི་རྫོགས་པ་ཆེན་པོ་ཟེར། དོན་དེ་སྒྲ་ཇི་བཞིན་དུ་སྟོན་པའི་གྲུབ་མཐའི་ཆོས་རྫོགས་པ་ཆེན་པོ་དེ་ཐེག་པ་རིམ་པ་དགུ་ཡི་རྩེ་མོ་ཡིན་པ་དེ་ལ་བརྗོད་བྱེད་ཚིག་གི་རྫོགས་ཆེན་ཟབ་རྒྱས་ཀྱི་སྒོ་ནས་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་སྟེ་སྡེ་གསུམ་དུ་ཡོད། དེ་ལྟ་བུའི་ཆོས་ཚུལ་དེ་ལ་ཟབ་པ་དང་རྒྱ་ཆེ་བ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པའི་དོན་སོ་སོའི་སྐྱེ་བོའི་བློ་ཡིས་ཤིན་ཏུ་རྟོགས་པར་དཀའ་བའི་གནས་མཐའ་དག་ཡོད་པ་དེ་དག་ཐམས་ཅད་བོད་གངས་ཅན་གྱི་ལྗོངས་སུ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་བྱེད་པ་པོ་བི་མ་ལ་མི་ཏྲ། གུ་རུ་རིན་པོ་ཆེ། ལོ་ཆེན་བཻ་རོ་ཙཱ་ན་དང་གསུམ་ཏེ། དེ་ལས་དེ་རིང་གི་སྐབས་འཆད་བྱ་འདི་ནི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་གདམས་ངག་གི་བཀའ་སྲོལ་ཏེ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་ནི་བི་མ་སྙིང་ཐིག་གི་ལོ་རྒྱུས་ཆེན་མོ་དང༌། བླ་མ་ཡང་ཏིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་ལས་རྣམ་ཐར་རྒྱས་པར་ཡོད་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་སྨིན་གྲོལ་དང་པོ་རིག་འཛིན་ཤྲཱི་སེང་ཧ་དང༌། དེའི་རྗེས་སུ་ཛྙཱ་ན་སཱུ་ཏྲ་གཉིས་ཀྱི་རྗེས་སུ་བཟུང་སྟེ་རྫོགས་པ་ཆེན་པོའི་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་གི་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད་པ། ཆོས་དང་ཐུགས་རྒྱུད་གཅིག་ཏུ་འདྲེས་ཏེ་སྣང་བཞི་མཐར་ཕྱིན་ཟག་ཟད་ཡེ་ཤེས་ཀྱི་སྐུ་དེའི་སྟེང་དུ་འཇའ་ལུས་འཕོ་བ་ཆེན་པོ་བཞེངས་པས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་བོད་ལའང་ཉང་ཏིང་འཛིན་བཟང་པོའི་མངའ་བདག་ཁྲི་སྲོང་གི་ཐུགས་རྒྱུད་བསྐུལ་ཏེ་བྱོན་ནས་སྤྱིར་མདོ་སྔགས་ཀྱི་ཆོས་དང་ཁྱད་པར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང༌། ཉང་བན་ཏིང་འཛིན་བཟང་པོ་ལ་སོགས་པ་ལ་རྫོགས་པ་ཆེན་པོའི་མན་ངག་ཐམས་ཅད་བསྟན། བོད་ནས་གདུལ་བྱ་རྫོགས་ཟིན་པ་དང་མཉམ་དུ་རྒྱ་ནག་རི་བོ་རྩེ་ལྔ་ལ་སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་ཀྱི་བར་དུ་སྐྱེ་འཆི་འཕོ་འགྱུར་དང་བྲལ་བར་བཞུགས། ལོ་བརྒྱ་རེའི་མཚམས་ནས་བོད་དུ་སྤྲུལ་པ་རེ་རེ་བྱོན་ཏེ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་འོང་གསུང་ཞལ་བཞེས་མཛད་པ་དེ་ལྟ་བུའི་ཐུགས་ལ་སེམས་ཀློང་མན་ངག་གི་སྡེ་ཆེན་པོའི་རྒྱུད་ལུང་མན་ངག་གི་ཆོས་ཐམས་ཅད་མངའ་བའི་ནང་ནས་ཟབ་ཤོས་དེ་མན་ངག་གི་སྡེ་རེད། མན་ངག་གི་སྡེ་དེ་ལའང་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་གི་སྐོར་བཞི་ཡོད་པའི་ནང་ནས་ལྕེ་བཙུན་སྙིང་ཐིག་འདི་ནི་ཡང་གསང་བླ་ན་མེད་པའི་སྐོར་སྙིང་གི་ཁྲག་དྭངས་མ་ལྟ་བུ་ཡིན། གཅུད་ཕུར་ཞེས་པ་རྫོགས་པ་ཆེན་པོའི་མན་ངག་སྡེའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཐམས་ཅད་ཀྱི་གབ་པ་ཕྱུངས། གཅུས་པ་བསྲང༌། འཁྲུགས་པ་བསྡེབས་ཏེ་ཟབ་གནད་ཀྱི་བཅུད་ཕྱུངས་ཏེ་སྙིང་དྭངས་སུམ་དྭང་གི་གནད་ཚིག་ཉུང༌། དོན་ཟབ་པ་སྟོན་པས་ན་བཅུད་ཕུར་ཕུར་བུའི་མཚོན་ཆ་དེ་གང་ལ་བཏབ་ཀྱང་ཐལ་མར་འབིགས་པ་བཞིན་མན་ངག་འདི་ཉམས་སུ་བླངས་བས་འཁྲུལ་སྣང་གི་སྲོག་གཅོད་ཅིང་ཡེ་ཤེས་ཀྱི་གཏིང་ཕུག་པ་དང༌། མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཟེར་བ་ནི་བྱ་སླ་ཚེགས་ཆུང་མན་ངག་གོ་ཞེས་གྲགས་པ་ལྟར་ཉམས་སུ་ལེན་པ་ལ་ལུས་ངག་གི་དཀའ་ངལ་ཀྱང་མེད་མཁན། འབྲས་བུའི་མཆོག་བདེ་མྱུར་དུ་སྒྲུབ་ནུས་པའི་ཐབས་དེ་ལ་མན་ངག་ཏུ་གྲགས་པ་སྟེ། དེ་ལའང་ནང་གསེས། ཚེ་རྒྱས་པ། ཤེས་རབ་བསྐྱེད་པ་ལ་སོགས་པའང་ཐུན་མོང་གི་མན་ངག་ཙམ་མ་ཡིན་པ་འདི་ལྟ་བུའི་རྫོགས་པ་ཆེན་པོའི་མན་ངག་དེ་ནི་ཚུལ་བཞིན་དུ་ཉམས་སུ་བླང་ན་ཚེ་གཅིག་ལུས་གཅིག་གི་སྟེང་དུ་སངས་རྒྱས་པ་མཆོག་གི་དངོས་གྲུབ་སྟེར་བའི་མན་ངག་ཡིན་པའི་ཕྱིར་ན་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་འདི་ནི་བི་མ་མི་ཏྲའི་ཟབ་སྒྲུབ་དང་འབྲེལ་བ་ཞེས་ལྕེ་བཙུན་སིང་ཧ་ཤྭ་ར་དེ་ལ་བི་མ་མི་ཏྲས་མངོན་སུམ་རྗེས་སུ་བཟུང༌། གཙང་འོ་ཡུག་ཕྱི་གོང་རྫ་ཡི་ར་བ་ལ་ཟླ་བ་དྲུག་གི་བར་དུ་མི་དང་མི་ལབ་པ་བཞིན་དུ་མངོན་སུམ་དུ་ལྕེ་བཙུན་ཆེན་པོ་དང་མཉམ་དུ་བཞུགས་རྫོགས་པ་ཆེན་པོའི་གདམས་ངག་ཐམས་ཅད་གཅིག་ཆར་ཏུ་བསྟན་པས་བླ་སློབ་དགོངས་པ་དབྱེར་མེད་དུ་མཛད་པའི་གནད་ཀྱི་གདམས་ངག་ཡིན་པའི་ཕྱིར་ན། བི་མ་མི་ཏྲ་དང་ལྕེ་བཙུན་གཉིས་ཀྱི་བླ་སྒྲུབ་ཟབ་སྒྲུབ་དང་འབྲེལ་བས་དཔེ་རྒྱུན་གཏེར་དུ་བཞུགས་པ། ད་ལྟ་བི་མ་སྙིང་ཐིག་གི་ལོ་རྒྱུས་ཆེན་པོའི་ནང་ལ་གཟིགས་དང་དཔེར་ན། དགའ་རབ་རྡོ་རྗེའི་འདས་རྗེས་ཚིག་གསུམ་གནད་བརྡེག །ཤྲཱི་སིང་ཧའི་འདས་རྗེས་སྒོམ་ཉམས་དྲུག་པ། ཛྙཱ་ན་སཱུ་ཏྲའི་འདས་རྗེས་གཟེར་བུ་བདུན་མ་བབ། དེའི་རྗེ་ལ་བི་མ་ལ་མི་ཏྲ་ནི་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པས་འདས་རྗེས་མ་བྱུང་གསུང་ཡོད། འདི་ནི་དེའི་རྗེས་ལ་བི་མ་རང་གི་སྤྲུལ་པ་ལྕེ་བཙུན་སེང་གེ་དབང་ཕྱུག་དེ་འཇའ་ལུས་སུ་གཤེགས་པའི་སྐབས་སུ་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་གཙོ་བོར་གྱུར་པའི་ཌཱ་ཀི་མ་འབུམ་ཕྲག་ལ་འདས་རྗེས་དུམ་བུ་གསུམ་པ་ཞིག་བྱུང་སྟེ་མཁའ་འགྲོ་མ་རྣམས་ཀྱི་ཨོ་རྒྱན་མཁའ་འགྲོའི་གནས་སུ་ཁྱེར་བའི་ཚུལ་བི་མ་སྙིང་ཐིག་གི་ལོ་རྒྱུས་ཆེན་མོའི་ནང་ཡོད། དེ་ཉིད་མཁའ་འགྲོ་མ་རྣམས་ཀྱིས་མི་བརྗེད་དྲན་པའི་གཟུངས་སུ་བཟུང་སྟེ་ཨོ་རྒྱན་གྱི་ཡུལ་སོགས་ལ་དཔའ་བོ་མཁའ་འགྲོའི་ཞིང་རབ་འབྱམས་རྣམས་སུ་སྤྱན་དྲངས་ནས་ཐུགས་ཉམས་སུ་བཞེས། སྣོད་དང་སྐལ་པ་ལྡན་པ་མི་དང་མི་མིན་གཞན་ལ་བསྟན་ནས་གྲོལ་བ་དྲུག་གི་སྒོ་ནས་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་ད་སྔ་མཛད་ཟིན་པ་དང༌། ད་ལྟ་མཛད་བཞིན་པ་ཡིན་ལ། དེ་ཉིད་འཛམ་བུ་གླིང་གི་མི་ཡི་སྤྱོད་ཡུལ་དུ་སྣང་བའི་དུས་ལ་བབ་ན་ལྕེ་བཙུན་སེང་གེ་དབང་ཕྱུག་གི་རྣམ་འཕྲུལ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དེ་ལ་པཎ་ཆེན་བི་མ་མི་ཏྲས་གསང་བའི་མཚན་གསོལ་བ་འོད་གསལ་སྤྲུལ་པའི་རྡོ་རྗེ་བདག་གི་ཞེས་ཐུགས་རྗེ་ཡས་སྤྲུལ་གྱི་གང་ཟག་དེའི་ལྕེ་བཙུན་ཆེན་པོ་བི་མ་ལས་རྗེས་སུ་བཟུང་ནས་རྫོགས་པ་ཆེན་པོའི་ལམ་སྣང་བཞི་མཐར་སོན་ཏེ་སྐུ་ཚེ་དེའི་མཛད་པ་རྫོགས་ཏེ་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་སྐབས་ཨོ་རྒྱན་མཁའ་འགྲོའི་གཙོ་མོ་དཔལ་གྱི་བློ་གྲོས་མ་གཙོ་བོར་གྱུར་པའི་འབུམ་ཕྲག་ཡངས་པ་ལ་འདས་རྗེས་སུ་བསྩལ་བ་ད་ལྟའི་མཛད་པ་བཞིན་སྔོན་གནས་རྗེས་སུ་དྲན་ནས་གཏན་ལ་ཕབ་སྟེ་གསང་བའི་ཚུལ་གྱིས་ཐུགས་ཉམས་སུ་བཞེས་པའི་སྐབས། ཐེག་མཆོག་རྫོགས་པ་ཆེན་པོའི་བཀའ་སྲུང་ཨེ་ཀ་ཛ་ཊིས་ཐུན་མོང་གི་གདུལ་བྱ་ཆོས་སྒོ་འབྱེད་དགོས་པར་བསྐུལ་བ་བཞིན་བཻ་རོ་དངོས་སྣང་འཇམ་མགོན་བློ་གྲོས་མཐའ་ཡས་ལ་ཐོག་མར་ཆིག་བརྒྱུད་དུ་བསྩལ། དེའི་རྗེས་སུ་ཨ་འཛོམས་འབྲུག་པ་རིན་པོ་ཆེ། གཏེར་སྟོན་བསོད་རྒྱལ། ཞེ་ཆེན་རྒྱལ་ཚབ། ཀཿཐོག་སི་ཏུ་པཎྜི་ཏ་སོགས་ལ་གནང༌། དེ་ཐམས་ཅད་ཀྱི་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་སྤེལ་བར་གསུངས། ལས་ཅན་བསམ་གྱི་མི་ཁྱབ་པ་ཅི་རིགས་བྱུང་ཞིང༌། ད་ལམ་འདིར་ཁྱེད་རང་རྣམས་ལ་གསུང་པ་དེ་གཏེར་སྟོན་བསོད་རྒྱལ། ཨ་འཛོམས་འབྲུག་པ་ལ་སོགས་པ་མཁས་གྲུབ་ཆེན་པོ་ཁ་ཤས་ཞིག་ལ་ཞག་པོ་བཅུ་བཞི་ལ་གཏེར་གཞུང་གི་སྟེང་ནས་བཤད་པ་རྒྱས་པ་ཚར་གཅིག་གནང༌། དེའི་རྗེས་ལ་ཁྱེད་རྣམས་མོས་པ་ཡོད་ན་ད་དུང་ཡང་དབང་ལུང་གང་གསུང་དགོས་ནའང་གསུང་ཆོག་གསུང་ནས་ཞལ་བཞེས་ཅིག་བྱུང༌། སླར་ཡང་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཚར་གཅིག་གསུང་གྲུབ་བར་ཞུས་ནས། ཚར་གཅིག་གསུངས་རེད། དེ་ཡང་ཞག་པོ་བཅུ་ཙམ་གསུངས། སྡོམ་ཞག་པོ་ཉི་ཤུ་རྩ་གཅིག་ལྷག་ཙམ་གཅིག་དེ་འདྲ་གཅིག་ལ་ཁྲིད་ཡིག་འདི་རྒྱས་པ་གསུངས། གསུང་བཤད་སྔ་མ་ཕྱི་མ་གཉིས་ལ་ཚིག་གཅིག་གི་འཕོ་འགྱུར་མེད་པ་སྤར་བཏབ་པ་བཞིན་དུ་ཡོད། དེ་གཏེར་སྟོན་བསོད་རྒྱལ་གྱི་ཕྱག་གིས་ཟིན་བྲིས་མཛད་ཡི་གེར་བཀོད་ཟིན་དུས་མཁྱེན་བརྩེ་རིན་པོ་ཆེ་ལ་ཡར་གཟིགས་ཕུལ་ནས་ཞིབ་ཆ་བྱས་ནས་གཟིགས་གཏེར་སྟོན་བསོད་རྒྱལ་ལ་ད་ཁྱེད་རང་ཡི་གེ་འདི་མེད་པར་མ་བྱེད། གཞན་ལ་ཕར་ལྕེ་བཙུན་སྙིང་ཐིག་འདིའི་སྒོ་ནས་ཁྲིད་གསུང་དང་ཁོང་གིས་ཁྲིད་ཇི་ལྟར་གསུངས་པ་དེ་བཞིན་དུ་སྤར་བཏབ་པ་འདྲ་རེད་འདུག །འགྲོ་དོན་གྱིས་གསུང་ནས་གཏེར་སྟོན་བསོད་རྒྱལ་གྱིས་ཕྱག་བྲིས་མཛད་པ་དེ་ཕྱིས་སུ་ཁམས་ལ་སྤར་དུ་འཁོད་ནས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཁོང་གིས་གཏེར་སྟོན་བསོད་རྒྱལ་གྱི་སྐུ་མདུན་ནས་དབང་ལུང་ཁྲིད་དང་བཅས་པ་རྒྱས་ཤིང་རྒྱས་པ་གསན་པ་ཡིན་གསུང་པ་དེ་ལེགས་པར་གདམས་པ་ལ་གསུམ། ཀླད་དོན། མཚན་ཁྱད་པར་ཅན་མཁའ་འགྲོའི་འདུད་ཕྱག་དང་བཅས་པ། གཞུང་དོན་མན་ངག་ཟབ་མོ་དུམ་བུ་གསུམ་རྟོགས་བརྗོད་གཏད་རྒྱ་སྨོན་ལམ་དང་བཅས་པ། འཇུག་དོན་ཡེ་ཤེས་མཁའ་འགྲོའི་ཞལ་གདམས་རྡོ་རྗེའི་ཚིག་གི་མཐའ་བརྒྱན་པའོ། །དང་པོ་མཚན་གྱི་རྣམ་གྲངས་གསུམ་ལས། ཐོག་མར་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ཞེས་པའི་དོན། རྫོགས་པ་ཞེས་པ་གཞི་གང་དུ་རྫོགས་ན། མཚན་རྟོག་གི་བློ་ཡི་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་འཁོར་འདས་ཀུན་གྱི་ངོ་བོར་ཁྱབ་བརྡལ་དུ་བཞུགས་ཀྱང་དག་མ་དག་གི་མཚན་མ་མེད་པའི་ཀློང་ཡངས་ཆེན་པོའི་ངོ་བོར་འབྲས་བུ་སྨོན་པ་མེད་པ་གཞི་འབྲས་དབྱེར་མེད་རོ་གཅིག་ཏུ་རྫོགས། གང་རྫོགས་ན་གཞི་འཁོར་བ། འབྲས་བུ་མྱང་འདས། ལམ་གོ་འཕང་དེར་བགྲོད་བྱེད་གསུམ་གྱིས་བསྡུས་པའི་སྣང་བ་སྣོད་ཀྱི་འཇིག་རྟེན། སྲིད་པ་བཅུད་ཀྱི་སེམས་ཅན་ལྟར་སྣང་གི་ཤེས་བྱའི་ཆོས་ཐམས་ཅད་ལྷག་མ་མེད་པར་ཆོས་ཉིད་དང་འདུ་འབྲལ་མེད་པ་ཡེ་ནས་རྫོགས། ཚུལ་ཇི་ལྟར་རྫོགས་ན་ཆོས་ཀྱི་དབྱིངས་ཞེས་དངོས་མཚན་དུ་གྲུབ་པའི་སྣོད་སྟོང་ཆེན་པོ་ཡུལ་གྲུ་འདྲ་གཅིག་གི་ནང་དུ། ཆོས་ཅན་ཞེས་པ་ཟས་གོས་ཡོ་བྱད་ལྟ་བུའི་དངོས་རྫས་བཟང་ངན་མང་པོ་ལྷན་ཅིག་ཏུ་བླུག་པ་ལྟ་བུའམ། ཡང་ན་ཆོས་ཅན་ཞེས་པ་བཟའ་བཏུང་ཉེར་མཁོ་ལྟ་བུའི་རྫས་དབྱིབས་ཁ་དོག་བྱེད་ལས་སོ་སོ་བ་ལྟ་བུ་རྣམས་དེ་དང་དེར་མཚོན་པའི་ཆོས་ཉིད་ཅེས་སྣོད་སྟོང་ཁོལ་བུ་བ་རེ་རེའི་ཁོངས་སུ་ཚུད་པ་ལྟ་བུའི་སྨྲ་བསམ་བརྗོད་པའི་ཡུལ་དུ་གྱུར་པའི་མཚན་མ་རིས་ཅན་དེ་འདྲ་ཞིག་ག་ལ་ཡིན། འོ་ན་གནས་ལུགས་མཐར་ཐུག་དེ་ཇི་ལྟར་ཡིན་སྙམ་ན། སྤང་བྱ་འཁོར་བ། ཐོབ་བྱ་མྱ་འདས་སོགས་བཟང་པོ་ཡིད་དུ་འོང་བ་དང༌། ངན་པ་མི་འདོད་པ་དང༌། བདག་གཞན་དང་སྣོད་བཅུད་དང༌། བེམ་ཤེས་སོགས་གཉིས་ཆོས་ཐ་དད་པ་རྣམ་པ་སྣ་ཚོགས་གཟུགས་ནས་རྣམ་མཁྱེན་བར་སོ་སྐྱེའི་བློས་བསམ་གྱིས་མི་ཁྱབ་ཅིང་ངག་གི་བརྗོད་ཀྱིས་མི་ལོང་བ་འཇིག་རྟེན་གྱི་ཐ་སྙད་དུ་མངོན་སུམ་སྣང་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད། ཆོས་ཐམས་ཅད་ཀྱི་གནས་ལུགས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཐེག་ཆེན་འགོག་བདེན་མཐར་ཐུག་གི་གནས་ཚུལ་གྱི་དབང་དུ་བྱས་ཏེ་བཤད་ན། མེ་ལོང་དང་སྐྱེས་བུའི་བྱད་བཞིན་ཚོགས་པས་གཟུགས་བརྙན་འགོག་མེད་དུ་ཤར་ཡང་དཔྱད་ན་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་མ་བརྟགས་ཉམས་དགར་སྣང་བ་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་གཤིས་ལུགས་དང་རོ་གཅིག་པ་བཟང་ངན་ཕྱོགས་ལྷུང་མེད་པ་ཚུལ་གཅིག་པ་ཁོ་ནར་ཡེ་གདོད་མ་ནས་ཡིན་ཅིང༌། གནས་སྣང་དེ་ལྟར་ཡེ་ནས་གནས་པ་མ་གཏོགས། ཆོས་དབྱིངས་དེ་བཞིན་ཉིད་དེ་ལས་ཐ་དད་པའམ་སོ་སོར་གྱུར་པའི་འབྱེད་ཆོས་སྤུ་རིས་དང་རྡུལ་ཕྲ་རབ་ཙམ་ཡང་སྔར་དང་པོ་གཞི་ལས་འཁྲུལ་པའི་དུས་ནས་ཡོད་མ་མྱོང༌། ད་ལྟ་འཁྲུལ་བཞིན་པའི་སྐབས་ཀྱང་ཡོད་མི་སྲིད། ཕྱིས་ནམ་ཡང་ཡོད་པར་འགྱུར་བའི་གནས་མེད་ཅིང༌། དེ་ལྟར་གྲུབ་པའི་གོ་སྐབས་ནམ་ཡང་མེད་པ་ཡིན་ནོ། །པ་ཞེས་པ། དེ་ལྟར་ཆོས་དབྱིངས་རྒྱ་ཚད་ཕྱོགས་ལྷུང་ཀུན་བྲལ་ཡོངས་ལ་ཁྱབ་ཅིང་ཆོས་ཉིད་གཞན་དུ་མི་འགྱུར་བའི་རྟག་པའི་རྒྱལ་པོ་ངེས་པའི་དོན་དམ་པ་དེ་ཕྱོགས་གཞན་ག་ཤེད་རྒྱང་རིང་པོ་ནས་འབད་རྩོལ་གྱིས་ལོགས་སུ་བཙལ་མི་དགོས་ཏེ། ད་ལྟ་རང་གི་གཉུག་མའི་སེམས་ཀྱི་དེ་ཁོ་ན་ཉིད་རིག་པའི་ཡེ་ཤེས་འཁྲུལ་རྟོག་གིས་མ་བསླད་པའི་རྗེན་པ་དུས་གསུམ་གྱི་རྟོག་པ་ལས་འདས་པའི་སྐད་ཅིག་མ་ངོ་ཤེས་ན་དེའི་ངོ་བོར་ཧྲིལ་གྱིས་འདུས་པ་ན། ད་ལྟའི་རིག་པ་མ་བཅོས་པ་འདི་ལས་མཚན་གཞི་དང་མཚན་ཉིད་ཐ་དད་པའི་དབྱིངས་སྟོང་པ་ཉིད་དང་མཁྱེན་ཆ་འགག་པ་མེད་པའི་ཡེ་ཤེས་ཞེས་ཐ་སྙད་མང་པོ་གང་ཡང་རྙེད་མི་དགོས་སོ། །རྫོགས་པ་ཞེས་པའི་དོན་ལ་གཞི་ལམ་འབྲས་གསུམ་དང༌། བརྗོད་བྱ་བརྗོད་བྱེད་སོགས་བཤད་ཚུལ་མང་ཡང་མཚན་དོན་འགྲེལ་པའི་སྐབས་འདིར། དག་མ་དག་གི་སྣང་བ་དང༌། དེ་དོན་དཔྱོད་པའི་ཤེས་པ། འབྲས་བུ་སྐུ་དང་ཡེ་ཤེས་སོགས་གཞི་ལམ་འབྲས་བུའི་ཐ་སྙད་ཀྱི་རྣམ་པའི་བྱེ་བྲག་མཐའ་དག་སྣང་ཚུལ་གང་ལྟར་སྣང་ཡང་གནས་ཚུལ་ཆོས་དབྱིངས་ཀ་དག་གི་ངོ་བོར་དོན་ལ་རོ་གཅིག །དེའི་རང་བཞིན་ལས་ནམ་དུ་ཡང་མ་འདས་པའི་འགག་སྡོམ་གཅིག་ཏུ་དྲིལ་ཞིང༌། དབྱིངས་དེ་ཡང་འོད་གསལ་ལྷུན་གྲུབ་ཀྱི་རིག་པ་ལས་ཉི་མ་དང་འོད་ཟེར་བཞིན་ནམ་ཡང་སོ་སོར་མི་འདའ་བས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་གང་ལྟར་བཤད་ཀྱང་གཏན་ལ་དབབ་བྱའི་མཐར་ཐུག་ནི་རིག་སྟོང་ཐིག་ལེ་ཉག་གཅིག་འབའ་ཞིག་ཡིན་པས་ཟབ་གནད་རྗེན་ཕྱུང་གིས་གནད་བརྒྱ་འགག་གཅིག་ཏུ་དྲིལ་ཏེ་མན་ངག་གི་བཤད་ལུགས་སོ། །ཆེན་པོ་ཞེས་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་གཏན་ལ་དབབ་བྱའི་གནས་ལུགས་དང༌། ཐེག་པ་དང་གྲུབ་མཐའ་ཐམས་ཅད་ཀྱི་རྟོགས་བྱ་མཐར་ཐུག་པ། དབྱིངས་ཀ་དག་གི་སྟོང་པ་ཆེན་པོ་དང༌། རིག་པ་འོད་གསལ་ལྷུན་གྲུབ་གཉིས་གདོད་ནས་དབྱེར་མེད་པ་སངས་རྒྱས་འཕགས་པའི་ཡེ་ཤེས་ཀྱི་དགོངས་པ་འདིའི་གོང་ན་རྟོགས་བྱའི་གནས་ལུགས་དང༌། ཟབ་རྒྱས་ཀྱི་གསང་བས་བསྟན་བྱ་གཞན་མེད་པས་ཤེས་པས་ཆོག་པ་ཤེས་ནས་ལམ་གོལ་དང་ལམ་ལོག་ཏུ་སླར་མི་ལྡོག་པ། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པས་ཀྱང་ཡེ་ཤེས་ཀྱི་གཟིགས་པ་ཆགས་ཐོག་གི་སྒྲིབ་པ་མེད་པའི་སྤྱོད་ཡུལ་དུའང་དོན་གནད་འདི་ཁོ་ན་ལས་ལྷག་པ་ཞིག་གཟིགས་སུ་མེད་ཅིང༌། རང་གི་རྟོགས་རིག་དབང་རབ་ཀྱི་གདུལ་བྱ་ལ་ངེས་པའི་གསང་བ་མཐར་ཐུག་པ་བསྟན་དུའང་མེད་པས་ན་ཆོས་ཐམས་ཅད་ཀྱི་གྲོལ་ཕུག་ཡིན་པའི་གནད་ཤེས་པས་ལམ་འདི་ལ་ངེས་ཤེས་ལྡོག་ཏུ་མེད་པའི་ཡིད་ཆེས་རྙེད་པ་གལ་ཆེའོ། །དེ་ལྟར་འོད་གསལ་བའི་ཡེ་ཤེས་དེ་ཡི་རང་བཞིན་ལ་འཁོར་བ་ཀུན་རྫོབ་པའི་སྣང་བ་སྤྲིན་དང་འདྲ་བས་རིག་པ་ནམ་མཁའ་ལྟ་བུ་ལ་གོས་པ་མེད་པས་འཁྲུལ་པ་སྣང་ཙམ་དུ་ཡང་མ་གྲུབ། དེ་མ་གྲུབ་ན་སྣང་བ་སྣ་ཚོགས་སྟོང་ཉིད་དུ་གཞལ་བའི་དོན་དམ་པ་མ་གྲུབ། བདེན་པ་དེ་གཉིས་མ་གྲུབ་པས་གྲུབ་མཐས་གཞལ་བའི་བདེན་གཉིས་ཀྱི་དབྱེ་བ་གང་དུའང་གྲུབ་པ་མེད་དེ་མེད་པས་བློས་བདེན་བརྫུན་དུ་སྒྲོ་བཏགས་པའི་བདེན་གཉིས་ལས་འདས་ཏེ་སྤྲོས་པ་ཐམས་ཅད་ཞི་བ་འདི་ནི་རྟོག་པའི་བདེན་པ་མ་གྲུབ་པས་ཀྱང་བདེན་གཉིས་དབྱེར་མེད་ཅེས་བརྗོད་ལ། ཀུན་རྫོབ་ཏུ་གྲུབ་པ་དོན་དམ་དུ་མ་གྲུབ་པ་གཉིས་སུ་བརྗོད་དུ་མེད་པས་དབྱིངས་འོད་གསལ་བའི་ཡེ་ཤེས་ནི། ལྷུན་གྲུབ་རྣམ་དག་ཆེན་པོ་བརྗོད་ཀྱང༌། གྲུབ་མཐར་རྟོག་པའི་སྣང་སྟོང་གཉིས་ལྟ་བུ་མེད་པས་ཀྱང་བདེན་གཉིས་དབྱེར་མེད་ཅེས་བརྗོད་པ་ཡིན་ཏེ་དེ་ལྟར་གནས་ལུགས་ཀྱི་མཚན་ཉིད་རྒྱུ་རྐྱེན་གང་གིས་ཀྱང་མ་བཅོས་པ་ཡེ་ནས་གནས་པ་གཞི་དེས་ན་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་དོན་ལ་དངོས་པོ་གྲུབ་པ་མེད་དེ་རང་གི་མཚན་ཉིད་ཆད་པ་ཆུ་ཟླ་དང་འདྲའོ། །བརྟགས་ན་མེད་ལ་མ་བརྟགས་ན་ཡོད་པ་འདྲ་བས་འཁྲུལ་སྣང་ཞེས་བྱ་སྟེ་དྷ་དུ་ར་ཟོས་པས་དངོས་པོ་ཐམས་ཅད་རྟ་གླང་སོགས་སྣང་བ་བཞིན་ཡིན་པར་ཤེས་དགོས་པས། རང་རིག་དོན་གྱི་ཡིན་ལུགས་བསམ་མནོ་དང་འཁྲུལ་པའི་བློས་སྒྲོ་བརྟགས་དང་བྲལ་བ་མ་བཅོས་རང་བཞག་ཏུ་སྐྱོངས་བས་ཡུལ་མེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྗེས་དཔག་དང་གཏན་ཚིག་ཙམ་ལ་མ་ལྟོས་པར་སེམས་རིག་ཤན་ཕྱེད་དེ་མངོན་སུམ་དུ་ངོ་རང་ཐོག་ཏུ་འཕྲོད་པས་རྟོགས་པའི་དོན་ཐག་གཅིག་ཐོག་ཏུ་བཅད་ལ་ངང་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་གོམ་བས་རྩལ་རྫོགས་ཏེ། གདེང་གྲོལ་ཐོག་ཏུ་བཅའ་ནུས་པ་ལ་ལམ། རང་བཞིན་གཤིས་ཀྱི་བཞུགས་ཚུལ་མངོན་གྱུར་དུ་སྣང་བས་ཉི་མ་སྤྲིན་དང་བྲལ་བ་བཞིན་ཡིད་དཔྱོད་ཀྱི་དྲི་མ་ཡོངས་སུ་དག་ནས་གདོད་ནས་རང་གནས་ཀྱི་དགོངས་པའི་ཀློང་དུ་གཏན་སྲིད་ཟིན་པ་མཐར་ཐུག་གི་འབྲས་བུའི་རྣམ་བཞག་ཞེས་ཐེག་པ་གཞན་དང་སྒོ་བསྟུན་ནས་གསུང་པ་ཙམ་ལས། གཞི་ལམ་འབྲས་བུ་ཐམས་ཅད་དུ་མ་རོ་གཅིག་དོན་ལ་དབྱིངས་ཀ་དག་དང་འོད་གསལ་ལྷུན་གྲུབ་རིག་སྟོང་ཆོས་ཟད་ཆེན་པོའི་ཐིག་ལེ་ཉག་གཅིག་གི་ངོ་བོར་ཡེ་ནས་རྫོགས་ཤིང༌། ཆོས་ཉིད་རང་ངོ་ན་ལམ་འབྲས་ཀྱི་ཡོན་ཏན་འཕེལ་བ་དང༌། གཞིའི་སྐབས་སུ་འགྲིབ་པས་སྐྱོན་ཅན་འཕོ་འགྱུར་དང་བྲལ་བ་གདོད་ནས་དབྱེར་མེད་ཆེན་པོ་སངས་རྒྱས་འཕགས་པའི་ཡེ་ཤེས་སྒྲ་ཇི་བཞིན་པའོ། །གཞི་འབྲས་དབྱེར་མེད་ཀྱི་ཚུལ་དེ་ལྟ་བུ་གསང་བ་མཐར་ཐུག་གི་དོན་གདུལ་བྱ་དབང་རབ་སོགས་ཀྱིས་ཟབ་དོན་རྟོགས་ཤིང་འབྲས་བུའི་ཡོན་ཏན་མངོན་དུ་བྱེད་པའི་འཇུག་སྒོ་གཞན་ཐེག་པ་རིམ་པ་དགུའི་ལྟ་སྒོམ་སྤྱོད་འབྲས་ལས་ཁྱད་པར་དུ་འཕགས་པ་ཐེག་པའི་རྩེ་མོ། གྲུབ་མཐའི་རྒྱལ་པོ། སངས་རྒྱས་ཀྱི་ཡེ་ཤེས་དངོས་སུ་ལམ་དུ་བྱེད་ནུས་པ་ནི་རྫོགས་པ་ཆེན་པོ་ཡིན་ཏེ། དེ་ལ་ནང་གསེས་སུ་རྫོགས་པ་ཆེན་པོ་དེ་ཡང་མན་ངག་ཅེས་པའི་དོན་འདོད་པའི་འབྲས་བུ་དེ་ཐོབ་བྱེད་ཀྱི་རྒྱུ་རྐྱེན་ཐམས་ཅད་ཚོགས་པ་དང༌། དུས་ཡུན་རིང་པོ་དང་སྒོ་གསུམ་དཀའ་ཚེགས་ངལ་དུབ་ཆུང་ངུའི་བདེ་མྱུར་གྱི་ཐབས་ཟབ་དགུར་ཤན་འབྱེད་ཀྱི་འཕྱང་བཅུ་གསུམ། ངོ་སྤྲོད་ཀྱི་གཟེར་བརྒྱད། གནད་བཞི་སོགས་སྔོན་འགྲོ་དངོས་གཞིའི་ལམ་ཟབ་མོའི་ལོ་གསུམ་ཟླ་བ་དྲུག་གིས་མྱུར་དུ་སངས་མི་རྒྱ་བའི་ཐབས་མེད་པའི་གདམས་པའི་གནད་གཟེར་གྱི་འཕྲུལ་ཐགས་ངོ་མཚར་ཅན་བློས་དཔག་སྟེ་ཚད་བཟུང་དཀའ་བ་ཞིག་གོ། །སྡེ་ནི་ཚིག་ཉུང་ངུ་དང་དོན་ཆུང་བ་ཚེ་འདིའི་འདོད་པ་སྒྲུབ་པའི་ཐབས་ལྟ་བུ་ལས་ལྷག་པའི་རྫོགས་པ་ཆེན་པོའི་མན་ངག་སྡེའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི། ཀློང་སྡེ་བམ་པོ་སྟོང་ཕྲག་དྲུག་དང་སུམ་བརྒྱ། སེམས་ཀྱི་སྡེ་ལ་ཤློ་ཀ་འབུམ་ཕྲག་ཉེར་གཅིག་སོགས་མང་ཞིང༌། ཤིན་ཏུ་རྒྱས་པ། ཚངས་ཆེན་ཞིང་གི་འབྱོར་པ་ལས་ཀྱང་རིན་ཐང་ཆེ་བ་ཀུན་བཟང་ཐུགས་ཀྱི་བསྟན་པའི་ཉིང་ཁུར་གྱུར་པ་སྟེ་ལུང་རྟོགས་ཀྱི་རང་བཞིན་རྒྱལ་བསྟན་རིན་པོ་ཆེ་མདོ་སྔགས་ཐམས་ཅད་ཡོངས་སུ་རྫོགས་པ་ཐེག་པའི་མཆོག་འདིར་འཇུག་པའི་ལམ་སྟེགས་སུ་གསུངས་པས་གྲུབ་མཐའ་ཐམས་ཅད་ཀྱི་རྩེ་རྒྱལ་ཐེག་རིམ་དགུ་ཡི་མཆོག་འོད་གསལ་རྡོ་རྗེ་སྙིང་པོའི་ངེས་དོན་མཐར་ཐུག་གི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་མན་ངག་སྡེའི་གསང་ཆེན་ངེས་པའི་རྒྱུད་ཀྱི་རྒྱལ་པོ་བཅུ་བདུན་ཞེས་གྲགས་པ་སྟེ། སྡེ་སྣོད་ཀུན་གྱི་འཇུག་སྒོ་དང་རྫོགས་པ་ཆེན་པོའི་ཚིག་དོན་གྱི་སྒོ་འབྱེད་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། དབང་དང་བྱིན་རླབས་ཆུ་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང༌། མི་འགྱུར་བའི་ཆོས་ཉིད་སྟོན་པས་རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། རྫོགས་པ་ཆེན་པོའི་དོན་གསལ་བར་སྟོན་པ་ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང༌། ལྟ་བ་རྟོགས་ཤིང་གོལ་གྲིབ་དང་བར་ཆད་མེད་པ་ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས། གང་འདོད་འབྱུང་བ་རྒྱལ་པོའི་བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུངས་པ། འཁྲུལ་པའི་འཁོར་ལོ་རྒྱུན་གཅོད་པས་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། གོལ་ས་གཅོད་པ་རལ་གྲི་ལྟ་བུའི་རྒྱུད་ཐུགས་ཀྱི་མེ་ལོང༌། ཚིག་དོན་གསེར་ལ་གཡུས་སྤྲས་པ་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུའི་ཕྲ་བཀོད། མན་ངག་ཁྲིགས་ཆགས་སུ་སྟོན་པ་རྒྱན་འཕྲེང་ལྟ་བུའི་རྒྱུད་མུ་ཏིག་འཕྲེང་བ། དཔེ་དོན་སྦྱར་ཏེ་སྟོན་པས་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། རིན་ཆེན་འོད་འབར་བས་སྣང་བ་སྟོན་པ་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། གཞུང་ཚིག་རང་གྲོལ་ཏུ་སྟོན་པ་སྦྲུལ་མདུད་རང་གྲོལ་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཡིད་ཆེས་ངེས་པའི་ཚིག་གིས་བར་དོ་ངེས་པ་མ་པང་དུ་བུ་འཇུག་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། རྒྱལ་པོའི་གདུང་འཛིན་པས་རྒྱལ་ས་འཛིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ་སྟེ་གསང་ཆེན་ངེས་པའི་རྒྱུད་རྒྱལ་བཅུ་བདུན། བཀའ་སྲུང་སྔགས་སྲུང་ཁྲོས་མའི་རྒྱུད་འགལ་བྱེད་ཆམས་ལ་འབེབས་པ་སྤུ་གྲི་ལྟ་བུའི་རྒྱུད་དང་བཅོ་བརྒྱད་སྟེ། དེ་དག་ལས་དང་པོ་རྩ་བའི་རྒྱུད་རྫོགས་པ་རང་བྱུང་ལེའུ་བརྒྱད་ལ་བརྟེན་ནས་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པས་སྨིན་ཟིན་པ་དེ་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པའོ། །གཉིས་པ་བཤད་རྒྱུད་མ་བུ་གཉིས་ནི། བཤད་རྒྱུད་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་པ་ལ་བརྟེན་ནས་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་དུ་གསལ་བ་དང༌། རིག་པ་རང་གྲོལ་ལེའུ་དགུ་པ་ལ་བརྟེན་ནས་མའི་ས་གཅོད་ཀྱི་དམིགས་བསལ་བར་བྱེད་པའོ། །གསུམ་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་ཆེན་སྤུངས་པ་ལེའུ་ལྔ་པ་ལ་བརྟེན་ནས་ཡོན་ཏན་རང་ལ་རྫོགས་པར་སྟོན་པ་དང༌། སྐུ་གདུང་འབར་བ་ལེའུ་གསུམ་པ་ལ་བརྟེན་ནས་སྔ་ཕྱི་ལུས་ངག་ཡིད་ཀྱི་རྟགས་བསྟན་པའོ། །བཞི་པ་ལུང་རིགས་གསལ་བའི་རྒྱུད་གཉིས་ནི། སྒྲ་ཐལ་འགྱུར་ལེའུ་དྲུག་པ་ལ་བརྟེན་ནས་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་བསྟན་པ་དང༌། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་པ་ལ་བརྟེན་ནས་འཁྲུལ་པའི་དུས་ལ་སོགས་པ་ངོས་བཟུང་བའོ། །ལྔ་པ་མན་ངག་གི་རྒྱུད་སྡེ་བཞི་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལེའུ་བརྒྱད་པ་ལ་བརྟེན་ནས་ངོ་སྤྲད་པ་དང༌། ཕྲད་པ་དང༌། དབང་དང་དམ་ཚིག་ལ་སོགས་པ་བསྟན་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པ་ལ་བརྟེན་ནས་གོལ་འགྲིབ་ཤན་འབྱེད་པར་བསྟན་པ་དང༌། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པ་ལ་བརྟེན་ནས་དཔེ་དོན་རྟགས་ལ་ཡིད་ཆེས་པར་བསྟན་པ་དང༌། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པ་ལ་བརྟེན་ནས་མན་ངག་ཁྲིགས་ཆགས་སུ་བསྟན་པས་སངས་རྒྱས་པར་བྱེད་པའོ། །བདུན་པ་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་ནི། ཀློང་དྲུག་པ་ལེའུ་དྲུག་པ་ལ་བརྟེན་ནས་རིགས་དྲུག་གི་སྐྱེ་གནས་དག་པར་བྱས་པས་ཁམས་གསུམ་དོང་ནས་སྤྲུགས་པར་བསྟན་པ་དང༌། སྒྲོན་མ་འབར་བ་ལེའུ་བཞི་པ་ལ་བརྟེན་ནས་སྒྲོན་མ་བཞི་དངོས་སུ་བསྟན་པ་དང༌། ཉི་ཟླ་ཁ་སྦྱོར་ལེའུ་བཞི་པ་ལ་བརྟེན་ནས་བར་དོ་བཞི་ལམ་དུ་ཁྱེར་བར་བསྟན་པའོ། །བདུན་པ་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་ནི། སེང་གེ་རྩལ་རྫོགས་ལེའུ་གསུམ་པ་ལ་བརྟེན་ནས་ལྟ་བ་དབྱིབས་འགྱུར་བར་བསྟན་པ་དང༌། ནོར་བུ་ཕྲ་བཀོད་ལེའུ་བཅུ་བཞི་པ་ལ་བསྟེན་ནས་རྣལ་འབྱོར་པའི་ལམ་སྲོལ་དུ་འཇུག་པར་བསྟན་པའོ། །བརྒྱད་པ་མཁས་པ་ཆོ་གའི་རྒྱུད་ནི། དཔལ་ནག་མོ་ཁྲོས་མའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྟན་པ་དམ་པ་སྲུང་བའོ། །གསང་ཆེན་ངེས་པའི་རྒྱུད་རྒྱལ་བཅུ་བདུན་གྱི་དགོངས་དོན་ཚུལ་བཞིན་བཀྲལ་བའི་གཞུང་འགྲེལ་མན་ངག་དང་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་སློབ་དཔོན་དགའ་རབ་རྡོ་རྗེ་སོགས་རིག་འཛིན་ཆེན་པོ་དུ་མས་མཛད་པ་ད་ལྟ་མཁའ་འགྲོའི་ཞིང་རྣམས་སུ་མཐའ་ཡས་བཞུགས་ལ། ཅི་རིགས་ཏེ་ཟབ་གཏེར་ནས་བྱོན་པ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡང་ཏི་སངས་རྒྱས་མཉམ་སྦྱོར། ཉི་མ་སེང་གེའི་བླ་རྫོགས་ཐུགས་གསུམ་ཀུན་འདུས་པདྨ་ཞི་ཁྲོ། རིག་འཛིན་རྒོད་ལྡེམ་གྱི་དགོངས་པ་ཟང་ཐལ། པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག །སངས་རྒྱས་གླིང་པས་བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན། རྡོ་རྗེ་གླིང་པས་རྫོགས་ཆེན་ལྟ་བ་ཀློང་ཡངས། རིན་ཆེན་གླིང་པས་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ། རཏྣ་གླིང་པས་རྫོགས་ཆེན་ཀློང་གསལ་སྙིང་ཐིག །པདྨ་གླིང་པས་ཀུན་བཟང་དགོངས་འདུས། ཀརྨ་གླིང་པས་ཞི་ཁྲོའི་རྫོགས་རིམ། ཀུན་སྐྱོངས་གླིང་པས་རྡོར་སེམས་སྙིང་ཐིག །འཇའ་ཚོན་གླིང་པས་དཀོན་མཆོག་སྤྱི་འདུས་རྫོགས་ཆེན། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག །རིག་འཛིན་ཀློང་གསལ་སྙིང་པོའི་རྫོགས་ཆེན་རྡོ་རྗེ་སྙིང་པོ། ཨོ་རྒྱན་གཏེར་བདག་གླིང་པའི་ཨ་ཏི་ཟབ་དོན་སྙིང་པོ། སྟག་ཤམ་ནུས་ལྡན་རྡོ་རྗེའི་རྫོགས་ཆེན་ལྟ་བ་གསང་ཐིག །ཆོས་རྗེ་གླིང་པའི་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་རིག་འཛིན་སྲོག་སྒྲུབ་དང༌། ཐོལ་གླུ་རྡོ་རྗེ་སྙིང་པོ། ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་བླ་མ། མཆོག་གྱུར་བདེ་ཆེན་གླིང་པའི་རྫོགས་ཆེན་སྡེ་གསུམ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་པདྨ་འབྱུང་གནས་ཀྱི་རྫོགས་ཆེན་སོགས་རྒྱ་ཆེ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ལྕེ་བཙུན་སྙིང་ཐིག་དང༌། འཕགས་མའི་སྙིང་ཐིག་གི་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོའི་རྫོགས་ཆེན་སོགས་དང༌། འཇམ་མགོན་བསྟན་གཉིས་གླིང་པས་གསང་ཐིག་ཡབ་བཀའི་རྫོགས་ཆེན་སོགས་དང་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་རྫོགས་ཆེན་ཟབ་གཏེར་རྒྱུད་ལུང་མན་ངག་གི་ཚུལ་དུ་ཡང་ཡོད་དོ། །རང་ཅག་བོད་ཡུལ་དུའང་དཔལ་ཨོ་རྒྱན་ཆེན་པོས་གཞོ་སྟོད་ཏི་གྲོ་མཁའ་འགྲོའི་ཚོགས་ཁང་དུ་ཡེ་ཤེས་མཚོ་རྒྱལ་གཙོ་བོར་གྱུར་པའི་མཁའ་འགྲོ་འབུམ་ཕྲག་ཡངས་པ་ལ་གསུང་པའི་མཁའ་འགྲོ་སྙིང་ཐིག་ཞེས་ཡོངས་སུ་གྲགས་པའི་མཚོན་གཏེར་ནས་བྱུང་བ་རྣམས་དང༌། ཉང་ཏིང་འཛིན་བཟང་པོས་ཤ་ཡི་སྤྱན་གྱིས་གཟིགས་ཏེ་མངའ་བདག་ཁྲི་སྲོང་ལ་ལུང་བསྟན་པ་བཞིན་རྒྱ་གར་ནུབ་ཕྱོགས་ཨིནྡྲ་བྷཱུ་ཏིའི་མཆོད་གནས་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་མི་ཏྲས་མངའ་བདག་ཆོས་ཀྱི་རྒྱལ་པོ་དང༌། ཉང་བན་ཏིང་འཛིན་བཟང་པོ་སོགས་ལ་གསུང་པའི་བི་མའི་སྙིང་ཐིག་གཏེར་སྟོན་ལྡང་མ་ལྷུན་རྒྱལ་དང༌། ལྕེ་བཙུན་ཆེན་པོའི་གཏེར་ནས་སྤྱན་དྲངས་ཏེ་གདུལ་བྱའི་སྐལ་པར་སྔར་ནས་བྱོན་པ་ད་ལྟ་ཡང་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་བཞུགས་ལ། དེ་འཛིན་པའི་སྐྱེས་མཆོག་ཐེག་མཆོག་སྙིང་པོའི་ལྟ་སྒོམ་ཕུན་སུམ་ཚོགས་པ་ཅན་ཆོས་པ་ཕལ་གྱིས་འགྲན་ཟླ་བྲལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་སྦས་མངོན་དུ་མ་ཞིག་སྔར་ནས་རིམ་བཞིན་བྱུང་ཞིང་ད་ལྟ་ཡང་ཡོད་ལ་ཕྱིས་ཀྱང་འབྱོན་པར་འགྱུར་བ་དེ་དག་བླ་མའི་མན་ངག་ལས་སྐྱེས་པ་ཤ་སྟག་ཡིན་ལ། དེས་ན་རྒྱལ་ཀུན་སྤྱི་མེས་ཀུན་ཏུ་བཟང་པོ་ནས་བཟུང་སྟེ་ཐེག་པ་མཆོག་གི་སྟོན་པའི་དྲིན་གྱིས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེ་བྱུང་ཞིང༌། གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་འཛིན་དམ་པ་རྣམས་ཀྱིས་ཐུན་མིན་གསང་བའི་ཐུགས་ཉམས་སུ་བཞེས་པའི་བཀའ་དྲིན་གྱིས་བསྟན་འཛིན་གྱི་སྡེ་ཐེག་མཆོག་རྫོགས་པ་ཆེན་པོའི་གྲོལ་ཚད་དང་ལྡན་པ་དུ་མ་བྱུང་བ་དང༌། མ་འོངས་པ་ན་ཡང་དེ་ལྟར་འབྱུང་བར་འགྱུར་བ་ཁོ་ནའོ། །དེས་ན་གཅུད་ཕུར་ཞེས་པ་རྫོགས་པ་ཆེན་པོ་བཀའ་གཏེར་གྱི་ཟབ་དགུ་ཐམས་ཅད་ཀྱི་ཉིང་ཁུའི་དོན་ཏེ་སྤྱིར་ཟབ་གཏེར་ཚད་མ་ཐམས་ཅད་རྡོ་རྗེ་ཐེག་པའི་རྒྱུད་ཟབ་ཅིང་གསང་བ། མཁས་གྲུབ་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པ་འོག་མིན་གྱི་ཞིང་དང་ཨུ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་ཐམས་ཅད་གསང་བ་རྒྱ་མཚོའི་བདག་པོར་བསམ་བཞིན་དུ་བྱོན་ཅིང༌། རྒྱུད་དོན་མངོན་ཤེས་ཀྱིས་གཟིགས་པ་པཎ་ཆེན་བི་མ་ལ་མི་ཏྲ་དང༌། གུ་རུ་རིན་པོ་ཆེ་ལྟ་བུ་བརྟུལ་ཞུགས་དང་རྫུ་འཕྲུལ་ལ་མངའ་བརྙེས་པས་སུས་ཀྱང་ཕ་མཐའ་མི་དཔོག་པའི་རྒྱུད་ཐམས་ཅད་ཀྱི་ཁོང་སྙིང་ཕྱུངས་གབ་སྦས་ཀྱི་གསང་བ་ཐམས་ཅད་རྗེན་པར་བཀྲལ། རང་ཉིད་གང་དུ་གཤེགས་པའི་ལམ་དེ་དམར་ཁྲིད་མཛུབ་ཚུགས་སུ་བསྟན་པས་གཅུད་ཕུར་ཏེ་བཤད་མ་ཐག་པའི་ཆོས་སྡེ་དེ་ཐམས་ཅད་ཀྱི་ཡང་ཞུན་དཔེར་ན་བུ་རམ་ཤིང་གི་ཁུ་བའི་ཡང་སྙིང་ལས་ཀ་ར་དང༌། མེ་ཏོག་གི་བཅུད་ལས་སྦྲང་རྩི་ལྟ་བུའི་ཡང་ཞུན་ཚིག་གི་སྤྲོས་པ་རྒྱ་མི་ཆེ་བས་འཛིན་བདེ་བ་སྙིང་པོའི་བཅུད་ཐིག །གྲུབ་པའི་མན་ངག་རྟོག་གེའི་རང་བཟོའི་མ་བསླད་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་བ། གྲུབ་བརྙེས་ཀྱི་བརྒྱུད་པ་བར་མ་ཆད། དམ་ཉམས་དང་འདྲེ་ཁྱེར་གྱི་སེལ་མ་ཞུགས་ཤིང༌། མཁའ་འགྲོའི་ཁ་རླངས་མ་ཡལ་བས་སློབ་མ་ལས་ཅན་ལ་བདེ་མྱུར་གྱི་དྲོད་ཚད་བསྐྱེད་ནུས་པ། སྐྱེ་འཆི་བར་དོའི་ཉམས་ལེན་ཐམས་ཅད་ཚང་བས་དབང་པོ་རབ་འབྲིང་ཐ་གསུམ་ཀ་ལ་མྱོང་ཁྲིད་དུ་འདེབས་སླ་བ་སོགས་ཟབ་ཁྱད་ཤིན་ཏུ་ཆེ་བ་ལྕེ་བཙུན་སྙིང་ཐིག་གི་གཏེར་གཞུང་དཔལ་སྤྲུལ་ཆོས་ཀྱི་དབང་པོའི་གཟིགས་པས་འཇམ་དབྱངས་མཁྱེན་བརྩེའི་གཏེར་ཆོས་འདི་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་དོ་ཧ་ལྟ་བུ་འདུག་ཞེས་བསྔགས་འོས་པས་ཆོས་སྤྱན་མངའ་བའི་འབབ་སྟེགས་སུ་ཆེ་བས། ཆོས་བཀའ་འདིའི་བདག་པོར་བསྔགས་པ་འཇམ་མགོན་བློ་གྲོས་མཐའ་ཡས། རྒྱལ་ཚབ་པདྨ་བི་ཛ་ཡ། མཁས་གྲུབ་འཇམ་དབྱངས་གྲགས་པ། གཏེར་ཆེན་ལས་རབ་གླིང་པ། ཨ་འཛོམས་འབྲུག་པ་སྣ་ཚོགས་རང་གྲོལ། གྲུབ་དབང་ཤཱཀྱ་ཤྲཱི། གླིང་དཀར་ས་སྐྱོངས་པདྨ་བཞད་པ་སོགས་སྣང་བཞི་མཐར་ཕྱིན་གྱི་སྐྱེས་ཆེན་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་ལ་མངའ་བརྙེས་པ་དུ་མ་བྱུང་བས་མཚོན་ཟབ་ཁྱད་ཤིན་ཏུ་ཆེ་བ་ཉམས་སུ་བླང་བས་ཤེས་པས་དེ་སྐད་ཅེས་བྱའོ། །མཚན་གཉིས་པའི་སྐབས་ཀྱི་མན་ངག་ཅེས་པ་ལམ་གཞན་ལ་མ་གྲགས་པའི་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་སྦུག་ཅན་དུ་གབ་པའི་འོད་གསལ་གསང་བ་ཆེན་པོའི་འཆར་བ་ཡེ་ཤེས་རིན་པོ་ཆེའི་གསང་མཛོད་མངོན་སུམ་དུ་ངོ་སྤྲོད་པའི་ཕྱིར་དང་པོ་འཆར་བྱེད་སྒོ་ཡི་གནད་གཟིགས་སྟངས་གསུམ་གྱིས་གཅུན་པས་ཡེ་ཤེས་ཀྱི་མཐོང་ཕྱེད་དེ་ཆོས་ཉིད་ཟེར་གདངས་ལ་སྤྱོད་པས་མཐོང་བ་དབང་པོའི་ཁྱད་པར། གཉིས་པ་འཆར་གཞི་ཡུལ་གྱི་གནད་ཕྱི་རྒྱན་གྱི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བར་དབྱར་མ་སྟོན་དང་དགུན་ཆུང་གི་དུས་སུ་རྣམ་གཡེང་དང་འདུ་འཛིའི་འཁྲུལ་རྐྱེན་དང་བྲལ་ཞིང་གནས་རི་བྲག་གངས་རྩེ་སོགས་ཉི་ཟླ་འཆར་སྔ་ནུབ་ཕྱི་ཤར་གྱི་མདངས་འཕྲོག་ཅིང་ནུབ་ཀྱི་ཟེར་སྡུད་པའི་སྐབས་ཟེར་གཉིས་དང་སྦྱར་ཞིང༌། དབྱིངས་རིག་སྨིན་མཚམས་ལས་བྲལ་ནས་སྔ་དྲོ་ནུབ་དང༌། ཕྱི་དྲོ་ཤར་དུ་བལྟས་པས་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བ་དང་ཕྱི་ནང་ཟང་ཐལ་གྱིས་དབང་པོས་དབྱིངས་ཡེ་གཉིས་མེད་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར། གསུམ་པ་རླུང་གི་གནད་ནི། རིག་པའི་རྩལ་སེམས་རླུང་གི་གཡོས་པས་འཁྲུལ་རྟོག་གི་རྒྱུན་མཐུད་པ་དག་པར་བྱེད་པའི་ཐབས་སུ་རླུང་མཆུ་དང་སོ་མ་རེག་ཙམ་གྱི་བར་ནས་བཏང་སྟེ་ཕྱིར་འཛིན་པ་ཡུན་རིང་ཙམ་བྱས་པས་གློ་བའི་ལས་ཀྱི་རླུང་འགྲོ་འོང་གི་རྣམ་པ་ཅན་རང་བབས་སུ་དག་པ་དང༌། ལས་རླུང་རང་བཞིན་གྱིས་དག །རྩ་འཁོར་ལོ་བཞིར་རླུང་སེམས་དག་པའི་རྟགས་བཅུ་དང་ཡོན་ཏན་བརྒྱད་འབད་མེད་དུ་འཆར་ཞིང་ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་དབྱིངས་རིག་མི་འགྱུར་བའི་གནད་དང་ལྡན་པའོ། །བཞི་པ་རིག་པའི་གནད་ནི། མི་གཡོ་བ་གསུམ་གྱིས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་རགས་པ་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བའི་ཁྱད་པར་དང༌། ལུས་སེམས་འོད་གསལ་དུ་གྲོལ་བས་འཕོ་བ་ཆེན་པོའི་རྡོ་རྗེའི་སྐུའི་ནམ་མཁའ་ཇི་སྲིད་དུ་འགྲོ་དོན་རླབས་པོ་ཆེ་མི་སློབ་པའི་གོ་འཕང་ཚེ་འདིར་མངོན་དུ་ཐོབ་པར་བྱ་སླ་ཞིང༌། འབད་རྩོལ་ཅན་གྱི་ལམ་གཞན་ལྟར་མ་ཡིན་པ་འཇུག་བདེ་བའི་ཐབས་མཆོག་གིས་མཚོན་ཏེ་རང་གནས་སྐུ་དང་ཡེ་ཤེས་རྗེས་དཔག་ཙམ་མ་ཡིན་པ་འོད་གསལ་སྒྲོན་མ་བཞིའི་སྣང་བ་ལ་བརྟེན་ནས་རང་གནས་སྐུ་དང་ཡེ་ཤེས་མངོན་སུམ་དུ་གཏན་ལ་འབེབས་ནུས་པའི་གནད་དོན་རྟོག་གེས་བློས་གཏིང་མི་དཔོག་པའི་ཁྱད་པར་བདུན་དང་ལྡན་པ་ཡང་གསང་མན་ངག་སྙིང་ཐིག་གི་ཟབ་གནད་བསྟན་པ་ཐེག་པ་གཞན་ལ་མ་གྲགས་པའོ། །ཐམས་ཅད་ཀྱི་རྒྱལ་པོ་ཞེས་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་བྱང་སེམས་དང༌། ཆུང་ངུ་ཉན་རང་དང་ལྷ་མིའི་ཐེག་པ། འབྲས་བུ་གསང་སྔགས་ལ་ཕྱི་དཀའ་ཐུབ་རིག་བྱེད་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ། ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏིའི་ཐེག་པ་གསུམ་གྱི་རྒྱ་ཆེ་བ་མདོ་དང་རྒྱུད། དེ་ལས་མཁས་གྲུབ་ཀྱི་སྐྱེས་བུས་དབང་དང་སྒྲུབ་ཐབས་ཁོལ་དུ་བྱུང་བས་ལུང༌། དེའི་བསྐྱེད་བཟླས་རྫོགས་གསུམ་གྱི་ཟབ་གནད་ཐུན་མིན་མན་ངག་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་གསུང་པའི་ཕྱིར་རྡོ་རྗེ་ཐེག་པའི་ལམ་གྱིས་དངོས་དང༌། མཚན་ཉིད་ཐེག་པས་བརྒྱུད་ནས་མཐར་ཐུག་རྣམ་མཁྱེན་ཁོ་ནར་གཞོལ་ཐབས་ལས་མ་འདས་པས་གྲུབ་མཐའ་གཞན་ལ་ལྟོས་ན་ཁྱད་པར་ཅན་རེ་ཡིན་མོད། དེ་དག་ཀུན་ལས་སངས་རྒྱས་ཀྱི་ཡེ་ཤེས་སྒྲ་ཇི་བཞིན་དངོས་སུ་ལམ་དུ་བྱེད་པའི་ཐེག་པ་མཆོག་འདི་ཉིད་ཐབས་ལ་མཁས་པའི་འཕྲུལ་འཁོར་ལྟར་ཁྱད་དུ་འཕགས་པ་ནི། དཔེར་ན་རྒྱལ་ཕྲན་སོགས་སྐྱེ་བོ་ཡ་རབས་གྲངས་མང་ཞིང་མཛངས་འཕྲུལ་གྱི་སྟོབས་དཔུང་མངའ་ཐང་ཇི་ཙམ་ཆེ་བ་སུས་ཀྱང་འཁོར་ལོའི་བསྒྱུར་རྒྱལ་གྱི་སྐུ་གཅིག་པུ་སྒོ་ཀུན་ནས་འགྲན་མི་ནུས་པ་དེ་བཞིན་འདི་མན་ཆད་ཀྱི་བསྐྱེད་རྫོགས་རིམ་གཉིས་ཟབ་མོ་སོགས་སེམས་ལམ་བྱེད་ཀྱི་ཆོས་ཚུལ་གང་གིས་ཀྱང་ཐེག་མཆོག་རྫོགས་པ་ཆེན་པོའི་མན་ངག་གི་དུམ་བུའམ་ལེའུ་གསུམ་པ་འདི་ཙམ་ལའང་ཟབ་ཁྱད་འགྲན་མི་ནུས་ཏེ། འབྲས་བུ་རྣམ་མཁྱེན་གྱི་གོ་འཕང་ཐོབ་བྱེད་ཀྱི་ལམ་བདེ་མྱུར་འདི་དང་མཚུངས་པ་མེད་དོ། །གསང་བ་མཆོག་འདི་ཚུལ་བཞིན་ཉམས་སུ་བླང་བ་དབང་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་མི་ལོ་བདུན་ཚུན་ཆད་ལ་གྲོལ་ངེས་པ་རྒྱུད་དང་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པའི་ཕྱིར་རོ། །ཀློང་ཞེས་པ་ཆོས་ཉིད་སྟོང་པའི་ཆ་དབྱིངས་ཏེ། ལྔ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཡི་སྟོང་ཆའི་ངོས་ནས་ཆོས་ཅན་ལ་ལྟོས་ཏེ་དབྱིངས་ལྔའི་རྣམ་དབྱེ་མཛད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དབྱིངས་སོགས་སོ། །དེའི་ཡི་གེ་ནི་གསང་སྙིང་ལས། དབྱིངས་ལས་དབྱིངས་ཀྱིས་བྲིས་པ་སྟེ། དེ་ཕྱིར་ཡི་གེ་ཞེས་བརྗོད་དོ། །ཅེས་པ་ལྟར་ཡུལ་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅིར་ཡང་མ་ཡིན་པའི་དབྱིངས་ལ། ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པ་ཅིར་ཡང་འཆར་བའི་ཤེས་རབ་ཀྱི་བརྗོད་མེད་བརྗོད་པའི་མཆོག་དང་ལྡན་པས་བྱ་རྩོལ་མེད་པར་བྲིས་པའི་བརྡར་བཏགས་པ་སྟེ་ཡེ་ནས་ལྷུན་གྱིས་གྲུབ་ཅིང་འགྱུར་བ་མེད་པས་ཨ་ཀྵ་ར་ཞེས་གྲགས་པ་སྟེ། ལྕེ་བཙུན་ཆེན་པོ་གཟུགས་སྐུ་ནང་གསལ་དུ་བསྡུ་བའི་ཚེ་རྡོ་རྗེའི་ཞལ་ཆེམས་བསྩལ་བ་ཌཱ་ཀི་དཔལ་གྱི་བློ་གྲོས་མ་འཁོར་དང་བཅས་པས་བཀའ་ཡི་བསྡུ་བ་མཛད་ཚུལ་རིགས་དྲུག་ཀློང་གྲོལ་གྱི་ཡི་གེ་འབྲུ་དྲུག་ཏུ་སྣང་བ་ཡང་ཞེས་འབྱུང་བ་ལྟར་དབྱིངས་དོན་དབང་གི་ཡི་གེའི་རང་མདངས་ལས་རྡོ་རྗེའི་ལུས་ལ་རྩ་ཡི་ཡི་གེ་འབྱུང༌། དེའི་གདངས་ལས་བརྗོད་པ་སྒྲ་ཡི་ཡི་གེར་ཤར། དེ་སྒྲིབ་པ་ལས་གྲོལ་བས་འབྲས་བུའི་ཡི་གེར་གནས་འགྱུར་བས་ངོ་བོ་གཅིག་ཏུ་འདུས་པའི་གནད་ཀྱིས་ཀློང་དྲུག་གི་ཡི་གེ་དྲུག་པོའི་འ་ཆུང་ཨ་ལ་བསྡུས་ཏེ། ཨ་མེ་ལོང་ཡེ་ཤེས། ཤ་ཆོས་དབྱིངས་ཡེ་ཤེས། ས་མཉམ་ཉིད་ཡེ་ཤེས། མ་སོར་རྟོག་ཡེ་ཤེས། ཧ་བྱ་གྲུབ་ཡེ་ཤེས་ཀྱི་ཀློང་ལྔ་ཡི་དབྱིངས་ཏེ། མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ལྔ་ལ་ཇི་ལྟར་མངའ་བའི་ཡོན་ཏན་ཐམས་ཅད་ཡི་གེ་ལྔ་ལ་རྫོགས་པས་ན། རྫོགས་པ་ཆེན་པོའི་རྒྱུད་ཀྱི་ཚིག་དོན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་རྗེན་པ་སྟོན་པའི་སྒྲ་ཚིག་ཡིན་པའི་གནད་ཀྱིས་ཏེ་ཚིག་དོན་རྫོགས་པར་ཡི་གེ་དྲུག་གི་བཟུང་ནུས་པ་སྟེ། གསང་རྒྱུད་ལས། མཁའ་འགྲོ་བརྡ་ལ་བརྟེན་པ་སྟེ། །བརྡ་དང་བརྡ་ཡི་ལན་ལ་མཁས། །དོན་གྱི་ངོ་བོ་བརྡ་ལ་སྦྱོར། །མཁའ་འགྲོ་བརྡ་ཡི་སྲོག་ཅན་ནོ། །ཞེས་གསུངས་པ་ལྟར་བརྡ་ལ་བརྟེན་པའི་མཁའ་འགྲོའི་ཡི་གེ་ནི་དེ་དང་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས། གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་བརྡ་ཡི་ཡི་གེའི་གཅིག་པ་བཞིན་སླད་ནས་རབ་བྱུང་བཅུ་བཞི་པའི་སྐོར་བདག་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། འོད་གསལ་སྤྲུལ་པའི་རྡོ་རྗེ་རང་ལོ་གནས་ཉེར་བཞིའི་གྲངས་སུ་སོན་པའི་ཚེ་དབུས་གཙང་ཡོངས་སུ་རྫོགས་པའི་ཞིང་ཉུལ་ཏེ་ཕེབས་པའི་སྐབས་གནས་ཁྱད་པར་ཅན་ལྕེ་བཙུན་ཆེན་པོ་སྣང་བཞིའི་གྲུབ་མཐའ་བསྙེགས་ནས་འཇའ་ལུས་སུ་གཤེགས་པའི་ཞོལ། དུས་ཟབ་གསང་རྡོ་རྗེའི་ཆོས་སྐོར་འདི་ཉིད་ཐུན་མིན་གྱི་གདུལ་བྱའི་བསོད་ནམས་དང་སྐལ་པ་བཟང་པོའི་བཙས་སུ་བབ་པས་ཐོག་མཐའ་བར་གསུམ་འབྲེལ་ཚད་རྡོ་རྗེའི་ཡེ་ཤེས་ཀྱི་ཉིན་བྱེད་སྙིང་དབུས་ནང་གི་ནམ་མཁའ་ལ་འཆར་བའི་དགེ་ལེགས་ཀྱི་སྣང་བས་ཁྱབ་པའི་དུས་ལ་བབ་པ་ན། གསང་འཛིན་ཡེ་ཤེས་ཌཱ་ཀིའི་རྗེ་མོ་དཔལ་གྱི་བློ་གྲོས་མའི་སྤྲུལ་འཁོར་གྱི་ཚུལ་འཛིན་ཌཱ་ཀི་འབུམ་ཕྲག་བྱེ་བའི་དགྱེས་ཞལ་ཉམས་དང་རྨི་ལམ་ལྟ་བུ་མ་ཡིན་པ་མངོན་སུམ་དུ་བསྟན་ཅིང་མི་ཤིགས་ནཱ་དའི་རང་སྒྲ་རྡོ་རྗེའི་འབྲུ་དྲུག་པའི་དབྱངས་སྙན་གྱི་འགྱུར་བ་ཡིད་འཕྲོག་པས་རྗེས་སུ་བསྐུལ་བའི་རྐྱེན་གྱིས་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་ནས་འབུམ་ཕྲག་མཁའ་འགྲོའི་འདུས་པ་ལ་འདའ་ཀ་རྡོ་རྗེའི་ཚིག་གི་ཞལ་ཆེམས་བསྩལ་བའི་མཛད་པ་སྒྲ་ཇི་བཞིན་པ་སྐྱུ་རུ་ར་རློན་པ་ལག་མཐིལ་བཞག་པ་བཞིན་བཀའ་བབ་དྲུག་པ་རྗེས་དྲན་གྱི་ཚུལ་དུ་ཤར་བ་ཡིན་པས་རྡོ་རྗེའི་འབྲུ་དྲུག་པོ་བརྡ་ཡི་གེའི་གཟུགས་སུ་ཀླད་དུ་བཀོད་ཀྱང་ཆོག་མོད་དགོས་ དགོས་པའི་དོན་བཀྲོལ་མ་ཤེས་སོ། མཆན། པའི་དབང་གིས་བོད་ཡིག་བྱས་ཏེ་དུམ་བུ་དང་པོའི་མཚམས་ཅི་རིགས་སུ་བྲིས་སོ། །ཞེས་གང་ཟག་ཕལ་པའི་བརྒྱུད་པས་བར་མ་ཆོད་པ་བརྒྱུད་གསུམ། ཆིག་རྫོགས་རྡོ་རྗེའི་རིག་པ་འཛིན་པ་གསེར་རིའི་ཕྲེང་བ་ལྟ་བུ་ལས་བྱུང་བས་ཁུངས་བཙུན་པ་དང༌། རྗེ་འདི་ཉིད་གཏེར་སྟོན་གྱལ་པོ་ལྔ་ཡི་ཡ་རྒྱལ་ཡིན་པས་སོ་སོ་ཡང་དག་པའི་རིག་པ་བཞི་ལ་མངའ་བརྙེས་པས་བརྡ་བསྒྱུར་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་མི་ནུས་པ་དང་རྟོག་གེ་དང་ཉན་རང་ལྟ་བུ་སྐལ་པ་དང་མི་ལྡན་པའི་གང་ཟག་གི་བློ་ཇི་ལྟར་སྒྲིན་ཀྱང་བརྡ་མི་བཟོད་པས་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པས་ཆོས་ཀྱི་སྤྱན་རས་མངའ་བའི་ཡེ་ཤེས་ཀྱི་འབབ་སྟེགས་དཔྱད་བཟོད་པ་ཛཾ་བུའི་ཆུ་གསེར་བཞུ་བཏུལ་བྱས་པ་ལྟ་བུའོ། །ཀློང་ལྔར་དབྱེ་བའི་རྒྱུ་མཚན་ཅུང་ཟད་བཤད་ན། གཞིའི་གནས་ལུགས་དང་ལམ་ཉམས་སུ་ལེན་པའི་དུས་སྐབས་སུ་སྣོད་འབྱུང་བ་ལྔ། བཅུད་ཕུང་པོ་ལྔ། ཡུལ་འདོད་ཡོན་ལྔ་སོགས་ལྔ་ཚན་དུ་མ་དང༌། འབྲས་བུ་མཐར་ཕྱིན་པའི་དུས་སུ་རིགས་ལྔ། སྐུ་ལྔ། ཡེ་ཤེས་ལྔ། ཞིང་ཁམས་ལྔ་སོགས་སོ་སོའི་མཚན་ཉིད་དང་བྱེད་ལས་ཀྱི་དབྱེ་སྒོ་ཐ་དད་པ་ལྟར་འཁོར་འདས། དག་མ་དག་སོགས་ཕྱོགས་དང་རིས་སུ་མ་ཆད་པ་ནམ་མཁའི་འཇའ་ཚོན་ལྟར་སྣང་ཞིང༌། སྣང་བའི་དུས་ཉིད་ནས་དབྱེ་བསལ་མེད་པ་འཕོ་མེད་རྣམ་ཀུན་མཆོག་ལྡན་གྱི་ཆོས་དབྱིངས་བདེ་ཀློང་ཡངས་པ་ཆེན་པོའི་རང་བཞིན་གཅིག་ལས་མི་མདའ་བས་འཁོར་འདས་ཀྱི་ཆོས་སྣ་ཚོགས་མ་འདྲེས་ཇི་ལྟར་སྣང་ཚུལ་དང་རྗེས་མཐུན་གྱི་ཀློང་ལྔའི་རྣམ་དབྱེ་དེ་སྙེད་འབྱུང་བའོ། །ཀློང་ལྔ་དེའི་ཡི་གེ་ནི། སྙིང་པོའི་རྒྱུད་ལས། ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་གསུངས་པ་ལྟར་འདི་ལྟར་ཡི་གེའི་གཟུགས་སྒྲ་སོགས་གསང་སྔགས་ཐབས་ཀྱི་ཆོ་འཕྲུལ་ཕལ་ཆེར་འཕྲལ་གྱི་རྒྱུ་རྐྱེན་རྟེན་འབྲེལ་ཁོ་ན་ལས་བྱུང་བ་ལྟར་སྣང་མོད། དོན་དུ་ནི། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་དེ་དང་དེར་རྣམ་པར་འཕྲུལ་པའི་བྱེ་བྲག་ཙམ་ཡིན་པས་དུམ་བུ་གསུམ་གྱི་བསྡུས་པའི་ཡི་གེའི་ཕྲེང་བ་ཡིད་དོན་དྲན་པ་དང༌། གཟུགས་སུ་བཀོད་པ་དང༌། བརྗོད་པའི་སྒྲ་ཚིག་མཐའ་དག་གི་ངོ་བོ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཆེན་པོ་ཉིད་རྣམ་པ་དེ་དང་དེར་ཤར་བ་ལས་མི་འདའ་བས་མཁའ་འགྲོའི་ཞལ་གདམས་རྡོ་རྗེའི་ཚིག་ལས། མཐོང་བས་ཉམས་ཀྱི་བབ་འབྱུང་ན༔ ཐོས་པས་གྲོལ་བ་སྨོས་ཅི་དགོས༔ ཞེས་གསུངས་པ་རྡོ་རྗེའི་གསང་བའི་ཚིག་ངོ་མཚར་རྨད་དུ་བྱུང་བ་སྟེ། མདོར་དྲིལ་ན་ཟབ་ཆོས་ཀྱི་གསང་བ་རྗེས་སུ་དྲན་པའི་ཆོ་འཕྲུལ་དང་པོ་ཐུགས་ལ་སད་པ་དང༌། བར་དུ་ཚིག་དོན་གཏན་ལ་དབབ་སྟེ་ཡི་གེའི་གཟུགས་སུ་འདུ་མཛད་པ་དང༌། མཐར་ཐུགས་སྲས་རྡོ་རྗེའི་རིགས་ཅན་རིན་པོ་ཆེའི་སྣོད་ལྟ་བུའི་གང་ཟག་ལ་གསང་བ་ཟབ་མོའི་སྒོ་དབྱེ་བ་སོགས་སྔོན་དངོས་རྗེས་ཀྱི་མཛད་པ་ཐམས་ཅད་མཉམ་རྗེས་གཉིས་མེད་རང་སྣང་རིས་མེད་ཀྱི་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ལས་མ་གཡོས་པས། དོན་ལ་གནས་པའི་ལོ་རྒྱུས་ཙམ་ཡང་གང་ཟག་སྐལ་མེད་ཀྱི་བློ་ལ་མི་ཆུད་པ་དང༌། ཚད་མའི་སྐྱེས་བུའི་གཟིགས་ན་ཀུན་བཟང་གདོད་མའི་མགོན་པོ་ལས་ཆོས་ཉིད་ཀྱི་རང་སྒྲས་ཤར་བའི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་དབྱིག་མཆོག་ཀུན་གྱི་རྒྱལ་པོ་ལྟ་བུའོ། །བརྒྱུད་པ་གསུམ་གྱི་ལོ་རྒྱུས་སྔ་ཕྱི་དང༌། ལམ་གྱི་སྤྱི་ཆིངས་དབང་དང་ཀུན་བཟང་དོན་ཕྲིན། ཉམས་ལེན་ལམ་གྱི་མན་ངག་དམར་བྱང་དངོས་ཏེ་དུམ་བུ་གསུམ་པ་ཞེས་བྱ་བ་ནི་བར་མཚམས་ཀྱི་རྣམ་དབྱེའོ། །མཚན་གསུམ་པའི་དོན་ནི། པཎ་ཆེན་བི་མ་མི་ཏྲ་དངོས་ཀྱི་རྗེས་སུ་བཟུང་བས་སྐུ་ཚེ་གཅིག་གི་སྟེང་དུ་འཇའ་ལུས་འཕོ་ཆེན་རྡོ་རྗེའི་སྐུ་མཐོང་བའི་ཆོས་ལ་མངའ་བརྙེས་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་གི་འདའ་ཀའི་ཞལ་གདམས་སྔ་ན་མེད་པའི་ངོ་མཚར་ཁྱད་པར་ཅན་འདི་ཡང་རྟོག་གེའི་མཁས་འདོད་དང་འབྲེལ་མེད་ཀྱི་ཐོལ་བྱུང་ལྷ་འདྲེའི་རློམས་པའི་རང་བརྡོལ་ཁོ་ན་མ་ཡིན་པ་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ ཁྱད་ཆོས་ལྔ་དང་ལྡན་པ་ཞིག༔ གསུངས་པ་ལྟར་རྫོགས་པ་ཆེན་པོའི་དགོངས་པ་ཀློང་དུ་གྱུར་བས་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དང་གཉིས་མིན་གཉིས་སུ་སྣང་བའི་བརྒྱུད་གསུམ་བླ་མ་རྣམས་ལས་ཚིག་དོན་བར་མ་ཆད་དུ་བྱུང་བ་འཕགས་ཡུལ་རྒྱལ་བསྟན་རིན་པོ་ཆེ་དར་ལ་སྨིན་པའི་སྐབས་ཀྱི་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་ལེགས་པར་བཀྲལ་བའི་མན་ངག་ཟབ་མོ་བརྒྱ་དང་བཅུ་དགུ་སོགས་ཐེག་མཆོག་རྫོགས་པ་ཆེན་པོའི་ཟབ་གནད་ཐུགས་ལ་ཇི་ལྟར་མཆིས་པའི་ཆོས་ཀྱི་བཅུད་དྲིལ་གྱི་ཉིང་ཁུ་སྙིང་གི་ཏི་ལ་ཀ་སྲོག་གི་ཟུངས་མཐར་ཐུག་པ་ཡིན་ནོ། །ཅེས་སོ། པཎ་ཆེན་བི་མ་མི་ཏྲའི་ཁོག་གཞུང་ལས། །རབ་མཚན་ཐ་སྙད་གསུམ་དུ་གྱུར། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་པ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པ་ལྟར། མཚན་གསུམ་དུ་སྨོས་པའི་དགོས་པའང༌། མཚན་དང་པོའི་མན་ངག་འདིས་བརྗོད་བྱའི་དོན་རྫོགས་པ་ཆེན་པོའི་མན་ངག་སྡེའི་གཞི་ལམ་འབྲས་བུ་ནས་བྱུང་བའི་མན་ངག་གི་ཁུངས་སྟོན། གཉིས་པས་བརྗོད་བྱེད་ཚིག་གི་ཡི་གེའང་འཁྲུལ་རྟོག་གིས་མ་བསླད་པའི་རང་སྒྲ་ཡེ་ཤེས་ཀྱི་དགོངས་ཀློང་ལས་ཤར་བའི་རྡོ་རྗེའི་ཚིག་དྲི་མ་མེད་པའི་སྙིང་པོའི་རྒྱུད་ལྟ་བུ། གསུམ་པ་གདམས་ངག་འཛིན་ཅིང་སྟོན་པའི་སློབ་དཔོན་དང་སློབ་མ་གཉིས་ཀ་ལམ་མཐར་ཕྱིན་པའི་ཆེ་བ་སྟོན་པས་ན་ཐམས་ཅད་ཡེ་ཤེས་གཅིག་ཉིད་དུ་མར་སྣང་བས་དབྱེ་བསལ་མེད་པ་ལུང་སྟེ། རྩ་རྒྱུད་ཐོད་པའི་དུམ་བུ་ལས། དེ་དག་གསལ་བར་བྱེད་པ་ནི༔ རང་སྣང་ཉིད་ལ་རང་གིས་སྤྱོད༔ སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར༔ བསྒྲུབ་བྱའི་ཆོས་དང་སྒྲུབ་བྱ་ཀུན༔ རང་ལས་ལོགས་སུ་མ་ཡིན་ནོ༔ ཞེས་བསྔགས་པ་ལྟར་རོ། །རིག་པ་རང་སྣང་དུ་གདོད་ནས་ལྷུན་གྱིས་གྲུབ་པའི་ཆོས་འཁོར་ཉིད་གདུལ་བྱ་གཞན་སྣང་གི་སྤྲུལ་པས་དོན་མཛད་པའི་རིག་རྩལ་ཐུགས་རྗེའི་ཆོ་འཕྲུལ་རྩོལ་མེད་དུ་ཤར་བ་རྟོགས་པ་ཆོས་སྐུའི་འདྲ་འབག་ཞེས་གྲོལ་བ་དྲུག་གི་ཕྲིན་ལས་ཅན་ཡིན་པས་ངོ་མཚར་རྨད་དུ་བྱུང་བས་དབང་པོ་རབ་ལ་མཚན་བསྟན་པས་གྲོལ་བའོ། །ལྕེ་བཙུན་ཆེན་པོའི་འདས་རྗེས་འདི་ཐོག་མར་རང་བྱུང་ཀློང་དྲུག་གི་ཡི་གེའི་ཁོངས་སུ་གདུལ་བྱ་ཐུན་མོང་གིས་འཛིན་བདེ་བའི་ཕྱིར་དུམ་བུ་གསུམ་དུ་བཀའ་ཡི་བསྡུ་བ་མཛད་དུས་གསང་འཛིན་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཟབ་མོའི་ཆོས་ཀྱི་ཆེ་བ་འདོན་ཅིང་དབང་ཟ་མི་རུང་བའི་ཉེས་པ་འགོག་པའི་ཕྱིར་གུས་ཕྱག་མཛད་པ་སྟེ། དེའི་དོན་ནི། ཤར་སོགས་ཕྱོགས་བཅུ་འདས་མ་འོངས་ད་ལྟའི་དུས་གསུམ་གྱི་ནམ་མཁའི་མཐའ་གཏུག་པའི་སྐྱེ་འགྲོ་མཆོག་སངས་རྒྱས། དམན་སོ་སྐྱེ་བར་མ་འཕགས་པ་སློབ་པ་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་རང་བཞིན་ལྷུན་གྲུབ་ཏུ་ཡོད་པའི་སེམས་ཀྱི་ཆོས་ཉིད་ནི་བསྐྱེད་པའི་རྒྱུ་དང་མཐུན་པའི་རྐྱེན་གྱི་གཞན་དབང་གང་ལའང་མ་ལྟོས་པར་ཆོས་ཉིད་རང་བཞིན་གྱིས་སྒྲིབ་པས་མ་གོས་པ་རྣམ་པར་དག་ཅིང་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ལ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་རང་བཞིན་ཡེ་གདོད་མ་ནས་ལྷན་སྐྱེས་ཀྱི་འོད་གསལ་རྡོ་རྗེ་སྙིང་པོའི་ཁམས་རང་བྱུང་འཁོར་འདས་ཁྱབ་བརྡལ་ཆེན་པོའི་ཆོས་ཀྱི་དབྱིངས་དང་མཉམ་པའི་སྐུ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གོང་བུ་ལྟ་བུ་ཇི་སྙེད་ཅིག་བཞུགས་པའི་ངོ་བོ་དེ་ཉིད་ལས་དུས་ནམ་ཡང་གཞན་དུ་མི་གཡོ་བར་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་དག་པ་རབ་འབྱམས་ཡེ་ཤེས་རང་སྣང་གི་ལྷ་ཡི་དཀྱིལ་འཁོར་གྱི་འཁོར་ལོར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་འབྱམས་ཀླས་པའི་ཚུལ་དུ་རང་ཆས་སུ་བཞུགས་པ་དེ་དག་ཀྱང་ད་ལྟ་རང་རིག་པ་སྐད་ཅིག་མའི་ངོ་བོར་དབྱེར་མེད་ཐིག་ལེ་ཉག་གཅིག་གི་ཚུལ་དུ་འུབ་ཆུབ་པ་ཉིད་རྟོགས་བྱའི་ཡུལ་ཆོས་དབྱིངས་དང་རྟོགས་བྱེད་སོ་སོ་རང་རིག་པའི་ཡུལ་ཅན་ཐ་དད་པའི་མཚན་མ་རྡུལ་ཙམ་ཡང་མི་དམིགས་ཤིང་ཡེ་ཇི་བཞིན་པའི་གནས་ལུགས་ཀྱི་རང་ཞལ་མ་ནོར་བ་ཇི་བཞིན་པ་མངོན་སུམ་དུ་རིག་པའི་ཚུལ་གྱིས་རབ་ལྟ་བ་མཇལ་བའི་ཕྱག་གིས་གཉིས་སུ་མེད་པར་རིག་སྟོང་ཐིག་ལེ་ཉག་གཅིག་གི་སྟོན་པས་ཀ་དག་སྟོང་པའི་དབྱིངས། འཁོར་ལྟར་བརྟགས་པ་ལས་དོན་ལ་སྟོན་འཁོར་དགོངས་པ་དབྱེར་མེད་ཤུགས་ལ་བསྟན་པས་འདུད་པའོ། །གཉིས་པ་གཞུང་དོན་མན་ངག་ཟབ་མོ་ཁྲིད་ཀྱི་ལུགས་སུ་བཤད་པ་ལ་གསུམ། བརྒྱུད་པའི་ལོ་རྒྱུས་ཀྱི་སྒོ་ནས་ཆོས་དང་བླ་མ་ལ་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་པ་དང༌། མཆོག་དབང་ཟབ་མོའི་སྒོ་ནས་སྣོད་ལྡན་གྱི་སློབ་མའི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ། ཐུན་མོང་མ་ཡིན་པའི་གདམས་ངག་ཁྱད་པར་ཅན་གྱི་སྒོ་ནས་སྨིན་ཟིན་གྲོལ་བར་བྱེད་པའོ། །དང་པོ་ལ་གཉིས། སྔོན་ཇི་ལྟར་བྱུང་ཚུལ་དང༌། ཕྱིས་ཇི་ལྟར་འབྱུང་ཚུལ་བསྟན་པའོ། །དང་པོ་ལའང་ཟབ་ལམ་རྫོགས་པ་ཆེན་པོ་ཐུན་མོང་གི་བརྒྱུད་པ་གསུམ་གྱི་བཀའ་བབ་བརྙེས་ཚུལ་དང༌། ཁྱད་པར་བརྒྱུད་གསུམ་ཆིག་རྫོགས་ལྕེ་བཙུན་ཆེན་པོ་ཁོ་ན་ལ་བབ་ཚུལ་ལོ། །དང་པོ་ནི། ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་དབྱེ་བ་སངས་རྒྱས་ཐམས་ཅད་ཀྱི་བྲལ་འབྲས་མཐར་ཐུག་ཤིན་ཏུ་ཞི་བ་ཆོས་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཐེག་ཆེན་འགོག་བདེན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་འཕྲོ་གཞི་དངོས་ཡིན་པས་སྟོན་པ། དེ་ཉིད་ཀྱི་དགོངས་པ་ཐིག་ལེ་ཉག་གཅིག་ལ་འཁོར་འདས་ཀྱི་གཉིས་ཆོས་མ་མཆིས་ཤིང༌། ཡེ་ཤེས་ཀྱི་དགོངས་པ་ཉག་གཅིག་ལ་གདོད་མའི་མགོན་པོ། ཕྱོགས་དུས་སངས་རྒྱས་ཐམས་ཅད་དེའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་མ་འདས་པས་དཔལ་ཀུན་ཏུ་བཟང་པོ་ཀུན་གྱི་བདག་ཉིད་དུ་གྱུར་པའི་གནས་སམ་རྟེན་ནི་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་འོག་མིན་ཆེན་པོ་ཆོས་དབྱིངས་ཚད་བཟུང་མུ་མཐའ་དང་བྲལ་བ་ན་འདུ་འབྲལ་མེད་པ་རྟག་པ་རྒྱུན་གྱི་འཁོར་ལོ་ཆེན་པོར་བཞུགས་པའི་མཁྱེན་ཆ་ཐུགས་ཀ་དག་ཡེ་ཤེས་གཏིང་གསལ་རྣམ་པར་མི་རྟོག་མཁའ་ཁྱབ་ནམ་མཁའི་རྡོ་རྗེ། རྡུལ་བྲལ་དེ་བཞིན་ཉིད་ཆེན་པོ་ལས་མཉམ་རྗེས་ཀྱི་སྤུ་རིས་མེད་པ་རང་སྣང་གཞོམ་མེད་ཡེ་ཤེས་ཡི་གེ་སྤྲིན་གྱི་འཁོར་ལོ་ཆགས་ཐོག་སྒྲིབ་བྱེད་ཆེས་ཕྲ་བའང་མེད་པའི་རྒྱུ་རྐྱེན་གྱི་མ་རྩོལ་བ་རྟག་པ་རྒྱུན་གྱི་འཁོར་མོ་ཡུག་རང་བྱུང་རང་ཤར་བ་ཉིད་ཡུལ་ལ་དབང་ཤེས་ཐ་དད་པས་མི་སྤྱོད་པ་ཡུལ་དབང་ཤེས་གསུམ་ཡེ་ཤེས་སོ་སོ་རང་རིག་པ་གཅིག་ཏུ་གྱུར་པས་ཉིད་ལ་ཉིད་ཀྱི་དགོངས་པ་དུས་གསུམ་ཀུན་ཏུ་འཁྲུལ་བྲལ་མངོན་སུམ་དུ་འུབ་ཆུབ་པས་མངའ་དབང་རྫོགས་པར་མཛད་པའི་ངེས་པ་ལྔ་ལྡན་ལ་མེད་སྣང་གློ་བུར་གྱི་སྒྲིབ་རྟོག་གི་དྲི་མ་ཞེས་བྱ་སྔར་མ་སྐྱེས། ད་ལྟ་མི་སྐྱེ། ཕྱིས་སྐྱེ་བར་མི་འགྱུར་བའི་ཆོས་ཅན་དུ་ཡེ་གདོད་མ་ཉིད་ནས་གཉེན་པོས་ཆེད་དུ་མ་སྤང་ངོ་བོ་རྣམ་པར་དག་པ་སྟེ་དེ་ལ་གཞི་གནས་ཀྱི་ཡེ་ཤེས་ཁྱད་པར་གསུམ་ལྡན་ཞེས། ངོ་བོ་སྟོང་པ་སྟོན་པ་ཆོས་སྐུའི་ཡེ་ཤེས་ཁྱབ་བྱ་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཆེན་པོར་དང་པོ་ཉིད་ནས་མངའ་དབང་རྫོགས་པས་གནས་ཆོས་ཉིད་དེ་ལས་ནམ་ཡང་གཞན་དུ་མ་གཡོས་བཞིན་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དུས་འཕོ་འགྱུར་མེད་པས། ཆོས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་བཞིན་རང་བཞིན་གསལ་བ་སྟོན་པ་ལོངས་སྐུའི་ཡེ་ཤེས་མཚན་ཉིད་ལྔ་ལྡན་རང་སྣང་རང་གསལ་གྱི་རིགས་ལྔ་གངས་ཅན་མཚོའི་སྐུ་དང༌། གནས་ཞིང་ཁམས་རྒྱ་མཚོ་མཐའ་ཡས་པ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པས་འཁོར་སངས་རྒྱས་ཚད་མེད་པ་ལ། ཆོས་ཡེ་ཤེས་འོད་གསལ་བའི་དགོངས་པ། དུས་བསམ་གྱིས་མི་ཁྱབ་པས་ཆོས་དབྱིངས་རྒྱས་པར་འགེངས་པ་དང༌། དེ་ལས་འཁོར་ས་བཅུའི་བྱང་སེམས་རྣམས་ཀྱི་ངོར་སྟོན་པ་ཕྱེད་སྣང་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་དང་གནས་དེའི་ཞིང་གི་བཀོད་པའང་རྒྱ་དང་ཚད་བཟུང་མུ་མཐའ་མེད་པ་ངེས་པ་ལྔ་ལྡན་དུས་རྟག་པ་རྒྱུན་གྱི་འཁོར་ལོར་ནམ་མཁའ་ཇི་སྲིད་དུ་ཐེག་པ་མཆོག་གི་ཆོས་འབད་རྩོལ་དམིགས་གཏད་མེད་པར་ངང་གིས་སྣང་ཞིང༌། དེ་ལས་ཡེ་ཤེས་ཕྱིར་གསལ་ཐུགས་རྗེ་ཀུན་ཁྱབ་རང་བཞིན་རྒྱུན་གྱི་སྙིང་རྗེ་ཆེན་པོའི་འགྲོ་འདུལ་སྤྲུལ་པའི་ཡེ་ཤེས་རང་བཞིན་སྤྲུལ་པའི་ཞིང་ཁམས་དག་པ་དང༌། མ་དག་པ་འགྲོ་བ་རིགས་དྲུག་གི་གནས་སྣོད་བཅུད་མཐའ་ཡས་པ་རྣམས་སུ་གདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དང་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་མཐའ་ཡས་པ་རྣམས་སུ་གདུལ་བྱ་གང་ལ་གང་འདུལ་གྱི་འདུལ་བྱེད་སྤྲུལ་པའི་ཚད་གྲང་མེད་དཔག་ཏུ་མེད་པ་རྒྱ་ཆེ་རྒྱུན་མི་ཆད་དུ་མ་ངེས་པ་ཅིར་ཡང་སྟོན་པས་གདུལ་བྱ་བཟང་ངན་སྣ་ཚོགས་པའི་ངོར་ནམ་ཡང་དུས་ལས་ཡོལ་བ་མེད་པ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཚུལ་དུ་མཛད་པ་ཉིད་དེ། མི་མཇེད་འཇིག་རྟེན་གྱི་ཁམས་གཅིག་ལ་མཚོན་ན་བྱིན་རླབས་མཆོག་གི་སྤྲུལ་པ་བསྟན་པའི་བཙས་གསུམ་དང༌། ཡེ་ཤེས་དམ་པའི་སྤྲུལ་པ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཏེ། ཀུན་ཏུ་བཟང་པོ་གཅིག་ཉིད་དུས་དེ་དང་དེ་དག་ཏུ་རང་བྱོན་པས་རིམ་པ་འབྱུང་བ་ལྟར་སྣང་ཡང་དགོངས་པ་གཅིག་ཡིན་པས་རྒྱལ་བ་དགོངས་པས་བརྒྱུད་པའོ། །ལོངས་སྐུའི་སྟོན་པ་ཐུགས་རྡོ་རྗེའི་རིགས་མཆོག་དཔལ་རྡོ་རྗེ་སེམས་དཔའ་ལ་སྟོན་པ་ཀུན་བཟང་ཉིད་ཀྱིས་འོག་མིན་རྣམ་པར་དག་པའི་གནས་སུ་ཆོས་རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་བསྟན་པའི་ཚུལ་གྱིས་སྟོན་འཁོར་དགོངས་སྤྱོད་དབྱེར་མེད་པར་མཛད། རྡོར་སེམས་ཀྱིས་སྤྲུལ་པའི་སྐུ་མཆོག་རིག་འཛིན་དགའ་རབ་རྡོ་རྗེ་ལ་གནང༌། དེའི་འཁྲུངས་ཡུལ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ། འདིའི་ཡབ་མེད་པས་ཕྱག་རྡོར་ཉིད་བྱ་ངང་སེར་གྱི་གཟུགས་སུ་བྱོན་ཏེ་ལྷའི་བུ་སེམས་ལྷག་ཅན་གྱི་རིག་པ་ཧཱུྃ་ཡིག་དཀར་དམར་མདངས་ལྡན་གྱི་རྣམ་པས་ཡུམ་གྱི་ཐུགས་དབུས་སུ་བཞག་པ་ལས་འཁྲུངས་པས་ན་དཔལ་གསང་བའི་བདག་པོའི་སྲས་སུ་གཏོགས། དེས་སིང་ག་ལའི་བྲམ་ཟེའི་རིགས་སྲས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ངེས་གསང་རྫོགས་པ་ཆེན་པོའི་སྨིན་གྲོལ་ཡོངས་རྫོགས་དང༌། འདས་རྗེས་ཀྱི་གདམས་ངག་ཚིག་གསུམ་གནད་བརྡེག་བཅས་གནང༌། སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེས། ཐིག་ལེ་མཆོག་གི་ཆོས་རྣམས་སྙན་བརྒྱུད་དང༌། བཤད་རྒྱུད་གཉིས་སུ་ཕྱེས། བཤད་རྒྱུད་གཏེར་དུ་སྦས། དེས་རྒྱ་ནག་ཁྱིམ་བདག་གི་རིགས་སྲས་རིག་འཛིན་ཤྲཱི་སེང་ཧ་ལ་ཐེག་མཆོག་རྒྱལ་པོའི་སྨིན་གྲོལ་ཡོངས་རྫོགས་སྙན་རྒྱུད་རྣམས་དང་འདས་རྗེས་ཀྱི་མན་ངག་སྒོམ་ཉམས་དྲུག་པ་བཅས་གནང༌། བཤད་རྒྱུད་ལུང་བསྟན་པ་ལྟར་རྡོ་རྗེ་གདན་གྱི་བྱང་ཤར་ན་ཕ་ཝཾ་རྡོ་རྗེ་རྒྱ་གྲམ་ཅན་ནས་བཏོན། གསང་བ་མཆོག་གི་སྐོར་རྣམས་ཕྱི་ནང་གསང་བ། བླ་མེད་ཀྱི་སྐོར་བཞི་ཕྱེས། དེ་ཉིད་དུ་སྦས། དེ་ནས་རྒྱ་ནག་གདོལ་པའི་རིགས་སྲས་ཛྙཱ་ན་སཱུ་ཏྲ་དང༌། ཁ་ཆེའི་ཁྱིམ་བདག་གི་རིགས་སྲས་པཎ་ཆེན་བི་མ་ལ་ལྷན་ཅིག་རྫོགས་ཆེན་གསང་སྐོར་མན་ཆད་གནང་མཚམས་བི་མ་ལ་ཡུལ་གཞན་དུ་བྱོན་རྗེས་ཛྙཱ་ན་སཱུ་ཏྲ་ལ་ཡང་གསང་བླ་མེད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང༌། འདས་རྗེས་ཀྱི་མན་ངག་གཟེར་བུ་བདུན་པ་གནང༌། བཀྲ་ཤིས་ཁྲི་སྒོ་ནས་དཔེ་རྣམས་ཕྱུངས། སླར་ཛྙཱ་ན་སཱུ་ཏྲ་ལས་ཡང་གསང་བླ་མེད་ཡོངས་རྫོགས་དང༌། འདས་རྗེས་བཞག་ཐབས་བཞི་དང་བཅས་གསན་པ་གསུངས་པས་དེ་ལྟར་ན་བརྒྱུད་པ་འདིར་ཡེ་ཤེས་མདོ་ཡོད་དགོས། བི་མའི་འཇའ་ལུས་རྡོ་རྗེའི་སྐུ་ད་ལྟ་ཡང་བཞུགས་པས་འདས་རྗེས་མ་བྱུང༌། འདིས་རྫོགས་པ་ཆེན་པོའི་ཆོས་གཏེར་བོད་ཡུལ་དུ་མང་པོ་སྦས་པ། ཉང་བཀའ་གདམས་པ་ཏིང་འཛིན་བཟང་པོའི་བི་མ་ལའི་ཉན་བརྒྱུད་རྣམས་སྦས་པ་བློ་གྲོས་དབང་ཕྱུག་ལ་མཆན་དུ་བཏབ་ནས་དབུ་རུ་ཞྭ་ཡི་ལྷ་ཁང་བཞེངས་ནས་ཀ་བའི་བསམ་ལེ་དང༌། ཀེའུ་ཚང་དུ་སྦས་པ་གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་གཏེར་དཔེ་རྣམས་ཕྱུངས་ཏེ་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང༌། ལྕེ་བཙུན་གྱིས་མཆིམས་ཕུ་ནས་ཟབ་པ་པོད་བཞི་བཞེས། སྤྲུལ་སྐུ་རྒྱལ་བ་ཞང་སྟོན་གྱིས་འོ་ཡུག་བྲག་སེང་གེ་འདྲ་བ་ནས་གཏེར་དུ་བཞེས་པ་སོགས་ཅི་རིགས་བཏོན་ཟིན་པའི་བརྒྱུད་པ་འདིར་འདྲེན་མི་དགོས་ཏེ། བི་མས་ལྕེ་བཙུན་ལ་དངོས་སུ་དབང་ཁྲིད་གདམས་པ་དང་བཅས་པ་འོ་ཡུག་ཕྱི་གོང་རྫ་ཡི་ར་བ་ནས་ཟླ་བ་ཕྱེད་དུ་གནང་བའོ། །སྟོན་པ་ཀུན་བཟང་དང་རྡོར་སེམས་གཉིས་དགོངས་ཀློང་མཆོག་དམན་མེད་པ་སངས་རྒྱས་ཉག་གཅིག་ཡིན་ཀྱང་མཚན་སྔ་ཕྱི་བགྲང་བ་ཙམ་ཡིན་པས་རྒྱལ་བ་དགོངས་བརྒྱུད། རྡོར་སེམས་ཀྱིས་དགའ་རབ་རྡོ་རྗེར་དགོངས་པས་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་དོན་བརྒྱུད། དེ་ནས་བི་མ་ཡན་ཡེ་ཤེས་ཀྱི་སྐུ་བརྙེས་པས་སྨིན་པ་རྒྱ་མཚོའི་འཁོར་ལ་སྟོན་པས་དགོངས་པ་གཏད་ཅིང་སྔགས་དང་ཕྱག་རྒྱའི་བརྡ་བསྟན་པ་ཙམ་གྱིས་སྟོན་འཁོར་དགོངས་པ་གཅིག་ཏུ་གྱུར་པ་དགོངས་པ་དོན་བརྒྱུད་ཁྱད་པར་ཅན་ཡིན་ཀྱང༌། རྒྱལ་བ་དགོངས་བརྒྱུད་ལས་གཞན་དུ་གོ་བའི་ཆེད་རིག་པའི་བརྒྱུད་པ་ཞེས་བརྡ་སྦྱར་བའོ། །དེས་ལྕེ་བཙུན་ལ་གནང་ཚུལ་སྔར་བཤད་པ་ལྟར་འུ་ཡུག་ནུབ་མའི་ཤུག་གསེབ་ནས་བི་མ་ལ་ཐོག་མར་མཇལ་བ་ནས་བརྩམས་ལོ་བདུན་གྱི་བར་དུ་བི་མ་ལའི་དྲུང་དུ་སྒྲོ་འདོགས་བཅད་པར་ལོ་རྒྱུས་ཆེན་པོར་གསུང༌། སྤྱིར་མི་ཡུལ་དུ་ལོ་བརྒྱ་དང་ཉེར་ལྔ་བཞུགས་ཏེ་ཟག་བཅས་མི་སྣང་བར་སྐུ་གཤེགས་པའི་ཚེ་ལྕེ་བཙུན་གྱི་འདས་རྗེས་མན་ངག་ཞལ་ཆེམས་གསང་བའི་གནད་གསུམ་བྱ་བ་བབས་ཏེ༔ དེ་ནི་མཁའ་འགྲོ་མ་རྣམས་ཀྱི་ཨོ་རྒྱན་གྱི་ཡུལ་དུ་སྤྱན་དྲངས་ཏེ་བསྣམས་སོ༔ ཞེས་བི་མ་སྙིང་ཐིག་ཆེན་མོའི་ལོ་རྒྱུས་ལས་ཀྱང་གསལ་བས་སྐལ་ལྡན་ཡིད་ཆེས་པའི་གནས་སོ། །ཡང་དུས་གཞན་དུ་སློབ་དཔོན་པདྨ་དང་བི་མས་ཤྲཱི་སེང་ཧ་དངོས་ལས་ཡང་གསང་བླ་མེད་གསན་པའི་ལོ་རྒྱུས་ཚད་ལྡན་བཞུགས་པ་དང༌། དེའི་དབང་དུ་མཛད་ན་རྗེ་འཇམ་མགོན་བླ་མས་གནང་བའི་བརྒྱུད་འདེབས་ལྟར་རོ། །གཉིས་པ་ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་གཅིག་ལས་བརྒྱུད་པ་གསུམ་ཀ་རྫོགས་པའི་ཚུལ་ནི། དེར་མ་ཟད་ཐིག་ལེ་གསང་རྫོགས་སུ་ཀུན་བཟང་ནས་བི་མའི་བར་གྱི་བླ་བརྒྱུད་གཞན་གང་ཡང་མ་གསུང་པའི་རྒྱུ་མཚན་ནི། སྐུ་གསུམ་གྱིས་བསྡུས་པའི་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀུན་རིགས་ལྔར་འདུ་བས་གཟུགས་ཀྱི་རྒྱལ་པོ་རྣམ་སྣང༌། ཚོར་བའི་རྒྱལ་པོ་རིན་འབྱུང༌། འདུ་ཤེས་ཀྱི་རྒྱལ་པོ་སྣང་མཐའ། འདུ་བྱེད་ཀྱི་རྒྱལ་པོ་དོན་གྲུབ། རྣམ་པར་ཤེས་པའི་རྒྱལ་པོ་རྡོ་རྗེ་མི་བསྐྱོད་པ་ཞེས་རང་བཞིན་ཤེས་བྱའི་གཤིས་ལ་ཕུང་ལྔའི་རྟོག་པ་དང་རིགས་ལྔའི་ལྷ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། བཟང་ངན་མེད་པར་མཉམ་པའི་ཕྱིར་ངེས་དོན་གྱི་མདོ་སྡེ་སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་དང་འདུ་ཤེས་དང༌། །རྣམ་པར་ཤེས་དང་འདུ་བྱེད་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་ཐུན་མིན་གྱི་ཐེག་པའི་ལམ་པས་ལྷ་རྟོག་དབྱེར་མེད་དུ་ངོས་ཟིན་པ་དང༌། འབྲས་བུའི་སྐབས་རྟོག་པ་ཉིད་སྤང་བྱར་བལྟས་ཏེ་ཆེད་དུ་མ་སྤང༌། གཉེན་པོ་གཞན་གྱིས་གནས་ལ་ལྷའི་དཀྱིལ་འཁོར་དུ་སྣང་བ་སྟོན་པའོ། །འོ་ན་མ་དག་འཁོར་བའི་ཆོས་ལྟར་སྣང་བ་འདི་ཁོ་ན་རིགས་ལྔའི་སངས་རྒྱས་ཡིན་ནམ་སྙམ་ན་མ་ཡིན་ཏེ། མ་དག་པའི་ཕུང་སོགས་རྟོག་ཚོགས་འདི་དག་སྦྱང་བྱའི་ཆོས་མེད་སྣང་གློ་བུར་བ་ཡིན་པས་རིགས་ལྔའི་སངས་རྒྱས་སུ་མི་རུང་སྟེ། དཔེར་ན་མིག་ནད་ཅན་གྱི་དུང་སེར་པོར་མཐོང་བའི་ཚེ། སེར་པོ་དེ་དུང་གི་ཁ་དོག་གི་གནས་ལུགས་མ་ཡིན་པ་བཞིན་ནོ། །འོ་ན་ཕུང་སོགས་མ་དག་པའི་རྟོག་ཚོགས་ལས་རིགས་ལྔའི་སངས་རྒྱས་གཞན་དུ་གྲུབ་པ་ཞིག་གོ་སྙམ་ན། དེ་ཡང་མ་ཡིན་ཏེ་དེ་དག་གི་སྣང་གཞི་རང་བཞིན་ནམ་གཉུག་མའི་ཕུང་པོ་ལྔ་ཡེ་ནས་རིགས་ལྔའི་སངས་རྒྱས་སུ་རྣམ་པར་དག་པ་དེ་ཉིད་ལམ་རྐྱེན་གྱིས་མངོན་དུ་གྱུར་པ་ལ་འབྲས་བུ་རྣམ་པར་བཞག་པས་ན་རྟོག་ཚོགས་ལས་གཞན་དུའང་མེད་པ་སྟེ། མིག་གི་ནད་སྨན་གྱིས་སྦྱངས་བས་དག་པའི་ཚེ་ན་སྔར་སེར་པོ་མཐོང་བའི་དུང་དེ་ཀ་དཀར་པོར་སྣང་བ་ལས། དཀར་པོའི་ཁ་དོག་ལོག་ནས་བཙལ་དུ་མེད་པ་བཞིན་ལ། དཔེར་ན་རྒྱལ་པོ་རྣམས་རང་གི་རྒྱལ་སྲིད་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་པ་དང༌། གཞན་གྱི་དཔུང་ཕམ་པ་དང༌། རང་གི་དཔུང་རྒྱལ་བར་བྱེད་པ་བཞིན་དུ། ཐུགས་རང་རིག་པའི་ཡེ་ཤེས་ཀྱི་རྟོག་ཚོགས་ལ་དབང་བསྒྱུར་བ་དང༌། ཟག་པ་མེད་པའི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་ངེས་པར་མཛད་ཅིང༌། ཆོས་ཀྱི་རྒྱལ་སྲིད་བསྐྱངས་བས་འདུལ་བྱའི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དཔུང་ཕམ་ནས། ཚོགས་གཉིས་ལེགས་པའི་ཡོན་ཏན་གྱི་དཔུང་རྒྱལ་བར་མཛད་པས་རིགས་ལྔ་ཀ་ལ་རྒྱལ་པོ་ཞེས་གསུངས་པའོ། །དེ་ལྟ་བུའི་ཡེ་ཤེས་དེའི་རྣམ་རྟོག་གི་མཚན་མ་འཇོམས་པ་ཆོས་ཉིད་ངང་གིས་ཁྲོ་བ་དང༌། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་བའི་ས་བོན་དྲུང་ནས་འཇོམས་པས་ཆོས་ཉིད་རྟོགས་པ་ངང་གིས་ཁྲོ་བ། དེས་འགྲོ་བ་སྐྱོབ་པ་ན་མི་མཐུན་ཕྱོགས་འབད་རྩོལ་མེད་ན་ངང་གིས་འཇོམས་པའི་ཕྱིར་ཤུགས་ཀྱིས་ཁྲོ་བ་གདུལ་བྱ་གདུག་པ་ཅན་འཇོམས་པའི་ཁྲོ་བ་ལྟར་བཅོས་པས་རིགས་ལྔ་པོ་དེ་དག་གནས་གྱུར་གྱི་སྒོ་ནས་ཁྲོ་ཚུལ་ཅན་དང༌། དུ་མ་ཕྱོགས་གཅིག་ཏུ་སྤུངས་པ་ལ་ཕུང་པོ་ཞེས་གྲགས་པ་ལྟར། ཕུང་པོ་ལྔའི་བྱེ་བྲག་དབང་པོ་ཡུལ་དུས་རྣམ་ཤེས་བྱ་སྤྱོད་དང་བཅས་པ་གནས་སུ་དག་པའི་ཡུལ་དང༌། སེམས་དཔའ་སེམས་མ། སྒོ་བ་ཡབ་ཡུམ་སོགས་འཁོར་གྱི་རྣམ་པ་གྲངས་ལས་འདས་པ་རྣམས་རིགས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་ནི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དག་པ་རླུང་གི་ཆ་བདེ་བ་ཆེན་པོ་གཉུག་མའི་སེམས་དང་ངོ་བོ་གཅིག་པ་དེ་ཉིད་སྟོབས་སུ་གྱུར་པའི་སྔགས་བླ་མེད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ལུས་ཕྲ་རགས་གསུམ་དུ་ཕྱེ་བའི་རགས་པ་ཕྱི་ནང་གཉིས་དང༌། ཕྲ་བའི་ལུས་ཀྱི་ནང་ཚན་སྟོང་པ་གསུམ་གྱི་བཞོན་པ་རླུང་གི་ཁམས་མཐའ་དག་ཤིན་ཏུ་རྣམ་པར་དག་པའི་དབྱིངས་སུ་རང་ཞི་བ་ན་གཉུག་མའི་ལུས་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་བཞེངས་པ་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཁྱབ་བདག་རིགས་དྲུག་པ་དཔལ་ཀུན་ཏུ་བཟང་པོ་དངོས་ཡིན་ལ། དེའི་གོ་འཕང་དམ་པ་མངོན་དུ་བརྙེས་ཟིན་པའི་འཁོར་འདས་ཀྱི་ཆོས་ཉིད་དང་རང་བཞིན་དབྱེར་མི་ཕྱེད་པ་མཚན་ཉིད་སྐྱེ་འཇིག་དང་བྲལ་བ། ངོ་བོ་འདུས་མ་བྱས་པ་རྡོ་རྗེའི་བདག་ཉིད་དུ་རོ་གཅིག་པའི་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་རྣམ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་རའི་སྐུར་བཞེངས་པའི་གོང་ན་བརྒྱུད་གསུམ་གྱི་བླ་མ་རྒྱུད་ཐ་དད་པ་གཞན་ཞིག་མ་བཞག་ཀྱང་ཆོག་དགོས་པའི་དབང་དུ་མཛད་པའོ། །རྒྱལ་བ་རིགས་དྲུག་པའི་གོ་འཕང་མངོན་དུ་མཛད་པས་བརྒྱུད་གསུམ་བླ་མ་ཐམས་ཅད་དགོངས་པ་དབྱེར་མེད་དུ་གྱུར་པས་དགོངས་བརྒྱུད། ཟག་པ་རང་ཟད་ཡེ་ཤེས་ཀྱི་སྐུ་བརྙེས་པས་སྔགས་དང་ཕྱག་རྒྱའི་བརྡ་བསྟན་པ་ཙམ་གྱིས་དགོངས་པ་དབྱེར་མེད་དུ་གྱུར་པས་རིག་འཛིན་བརྡ་བརྒྱུད། ཐ་མལ་པའི་རྟེན་ལས་ཐེག་པ་མཆོག་གི་སྨིན་གྲོལ་གསན་ཏེ་ཉམས་སུ་བླང་བ་ལམ་སྣང་བཞི་མཐར་ཕྱིན་པས་གང་ཟག་སྙན་བརྒྱུད་གསུམ་ཀ་ལྡོག་ཆས་དབྱེ་བ་ཙམ་ལས་དོན་ལྕེ་བཙུན་ཆེན་པོ་གཅིག་ལ་འདུས་ཤིང༌། འོད་གསལ་སྤྲུལ་པའི་རྡོ་རྗེའི་གསང་བ་རྗེས་སུ་དྲན་པའི་དགོངས་པ་མངོན་གྱུར་དུ་སད་པའི་རྐྱེན་མཁའ་འགྲོའི་རྡོ་རྗེའི་ཡི་གེ་འབྲུ་དྲུག་པའི་མི་ཤིགས་ནཱ་དའི་དབྱངས་སྙན་ཡིད་འཕྲོག་པས་བསྐུལ་བས་མཁའ་འགྲོ་གཏད་རྒྱ། འབྲུ་དྲུག་པོ་བརྡ་ཡིག་གིས་གཟུགས་སུ་བཀོད་ཀྱང་ཆོག་པར་གསུང་པས་ཤོག་སེར་ཚིག་བརྒྱུད། ཨེ་མ་འདའ་དཀའི་ཚིག་འདི་སྙིང་པོའི་དོན༔ སྙིང་ཕྱུངས་ལག་མཐིལ་བཀྲམ་པ་འདི་ལས་མེད༔ ཚིག་གི་ཐ་མ་དུས་མཐར་སྣང་བར་ཤོག༔ ཅེས་སྨོན་ལམ་གཏད་རྒྱ་སྟེ་དེ་དག་ཐམས་ཅད་ཀྱང་འདི་ལ་ཚང་ཚུལ་ཞར་ལས་འཕྲོས་པའོ། །གཉིས་པ་ནི། དུམ་བུ་དང་པོའི་མཐར་ལུང་ཇི་ལྟར་བསྟན་པ་ཐོག་ཏུ་བབ་སྟེ། སྙིགས་མ་ལས་ཀྱང་ཆེར་སྙིགས་མའི་དུས་འདིར་ཐ་མལ་པ་ལས་ཀྱང་ཆེས་ཐ་མལ་པའི་གང་ཟག་མངོན་སུམ་ཚད་གྲུབ་སྐྱོན་གྱི་ཆ་ནི་སྒོ་ཀུན་ནས་ཆེར་རྒྱས་ཤིང་ཡོན་ཏན་གྱི་ཆ་ནི་སྒོ་ཀུན་ནས་ཉག་ཕྲ་བ་བདག་ལྟ་བུ་ལ་ཡང༌། རྒྱལ་བའི་མཛད་ཕྲིན་དུས་ལས་མི་ཡོལ་བ་ཤིན་ཏུ་དབང་བཙན་པས་མཁའ་འགྲོའི་བརྡ་ཚིག་གིས་སེམས་རྒྱུད་གཏིང་ནས་བསྐུལ་བའི་དུས་དེར་ནི་ཐ་མའི་སྣང་སེམས་འདི་དག་ཡེ་ཤེས་དག་པའི་སྤྱོད་ཡུལ་དུ་གནས་ཚུལ་དང་སྣང་ཚུལ་གཉིས་ཀ་གདོད་ནས་དག་པ་ཆེན་པོའི་གཟིགས་པ་མཐར་ཕྱིན་པ་མཉམ་བཞག་དང༌། གདུལ་བྱ་གཞན་རྒྱུད་ཀྱི་སྣང་ཆ་ཐ་མལ་པ་འདི་ཡང་དངུལ་ཆུའི་བསྡུས་པའི་གསེར་ཕྱེ་ཉིད་དངུལ་གྱི་གོང་བུ་ལྟར་སྣང་ཡང་མེ་ཡི་རྐྱེན་དང་ཕྲད་ན་ཡུད་ཙམ་གྱིས་གསེར་དུ་གནས་འགྱུར་བ་བཞིན་ཞེས་རྗེས་ཐོབ་ཀྱི་བརྡ་སྦྱར་བ་ཡིན་ནམ་སྙམ། དོན་ལ་ཐ་མལ་གྱི་སྣང་ཤས་རྗེས་ཤུལ་ཙམ་ཡང་མ་ལུས་པ་གར་སོང་ཆ་མེད་རང་ཡལ་དུ་སོང་བའི་རང་མལ་དུ་ཡེ་ཤེས་རིན་པོ་ཆེའི་འོད་ཁྱིམ་བལྟ་བས་ཆོག་མི་ཤེས་ལ་ཤིན་ཏུ་ད་ལྟའི་རིག་པ་སྐད་ཅིག་མ་འདི་ལྕེ་བཙུན་ཆེན་མོའི་སྐུ་གསུང་ཐུགས་རྡོ་རྗེ་ཧྲིལ་གྱིས་སོང་ནས་ཞེས་གསུངས་པ་ནི་རྗེ་རང་གི་བཀའ་ལས། ང་ལོ་བཅོ་ལྔའི་དུས་འཕགས་ཡུལ་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུའི་སྒོ་དྲུང་དུ་སྦྱིན་སྲེག་བྱས་ཚེ་ལུས་ངག་ཡིད་གསུམ་ཚིག་ཤུལ་ན་འོད་གསལ་གྱི་རིག་པ་རྐྱང་པ་ཞིག་འདུག །དེ་ནས་བཟུང་སྟེ་རིག་པ་ཉག་གཅིག་དེ་མ་གཏོགས་གཞན་གང་ཡང་མི་འདུག །རྟོགས་འབུལ་བྱེད་མཁན་མང་པོ་བྱུང་སྟེ་ང་དང་མཐུན་པ་སུ་མ་བྱུང༌། ཞེས་གསུངས་པ་གསང་སྔགས་བླ་མེད་སྤྱི་དང༌། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་མན་ངག་གི་གནད་ཤེས་པ་དང༌། མཆོག་གི་དངོས་གྲུབ་ཀྱི་རྩེ་མོར་ཕྱིན་པ་ཡིན་ཏེ་དེའི་རྒྱུ་མཚན་རྒྱས་པར་བཤད་དུ་ཡོད་ཀྱང་ཤིན་ཏུ་གསང་བའི་གནས་ཡིན་པས་བཞག་གོ། །ཞེས་རྡོ་གྲུབ་ཀུན་མཁྱེན་བསྟན་པའི་ཉི་མས་གསུངས་པ་ལྟར་རོ། །ལྷན་སྐྱེས་ནམ་མཁའ་ལྟ་བུའི་དགོངས་པ་ཚད་དུ་ཕེབས་པ་ཡེ་ཤེས་དང༌། ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་ཁས་བླང་བའི་ལས་དང༌། ས་གསུམ་དུ་རྒྱུ་བའི་འཇིག་རྟེན་གྱི་མཁའ་འགྲོའི་འདུས་པ་རྒྱ་མཚོ་རྣམས་ལ་སྨིན་གྲོལ་ཡོངས་སུ་རྫོགས་པ་དོན་ནོར་འཁྲུལ་དང༌། ཚིག་ལྷག་ཆད་གང་གིས་ཀྱང་བསླད་མེད་པ་ཡུད་ཙམ་གྱིས་ཤིན་ཏུ་གསལ་བར་བསྟན་པའི་གོ་སྐབས་བཟང་པོ་བྱུང༌། ཞེས་པ་ནི་འཇམ་དཔལ་རྡོ་རྗེ་མི་ཕམ་ཆོས་རྗེའི་ཞལ་ནས། ངོ་མཚར་བཀའ་བབ་བདུན་ལྡན་གྱི། །རིན་ཆེན་རྒྱལ་སྲིད་ཆེ་ལྡན་པ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱེད། །རྒྱལ་ཐབས་སྲིད་པ་གསུམ་ན་འཕགས། །ཁྱེད་ནི་ཟབ་མོའི་ཆོས་བཀའ་རྣམས། །མདོ་རྒྱུད་ལུང་གི་སྙིང་པོ་རུ། །རིགས་པས་ངེས་ཤིང་མྱོང་བས་གྲུབ། །ངོ་མཚར་ཚད་མ་བཞི་དང་ལྡན། །མཁས་ཤིང་གྲུབ་པའི་རྣམ་ཐར་གྱིས། །ཡང་རྩེར་སོན་པ་ཁྱེད་འདྲ་བས། །ཐུན་མིན་མཁའ་འགྲོའི་ཟབ་རྒྱའི་སྒོ། །འབྱོར་པ་ཤིན་ཏུ་ཚུལ་དང་མཐུན། །ཞེས་རྒྱ་ཆེར་བསྔགས་པ་ལྟར་གདོད་ནས་མངོན་པར་བྱང་ཆུབ་བརྙེས་པའི་སངས་རྒྱས་སེམས་ཀློང་མན་ངག་གི་སྡེའི་ཤིང་རྟ་ཆེན་པོ་ཟག་མེད་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པ་རྣམས་དང་གཉིས་མིན་གཉིས་སུ་སྣང་བས་རིག་འཛིན་དེ་དག་གིས་འདུ་འབྲལ་མེད་པ་རྗེས་སུ་བཟུང་སྟེ་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་བསྩལ། རྒྱུད་ཀྱི་གླེགས་བམ་དང་ཤོག་སེར་རྣམས་དངོས་དང་བརྒྱུད་ནས་ལྷ་དང་ཌཱ་ཀིའི་མདངས་གསོལ་དུ་ཡང་ཡང་ཕུལ། སྐལ་ལྡན་གྱི་སྐྱེས་བུ་ལ་དགོངས་བརྒྱུད་ཀྱི་ཡེ་ཤེས་འཕོས་པས་ཉམས་རྟོགས་ཀྱི་གེགས་སྒྲོལ་བ། ལས་ཅན་གྱི་གང་ཟག་ལ་དབང་གི་དུས་སུ་དཀྱིལ་འཁོར་བདག་པོའི་སྐུར་བཞེངས་པ་དངོས་སུ་མཇལ་བ་དང༌། འབྱུང་བའི་གཡོ་འཁྲུགས་དང་ལྷ་སྲིན་གདུག་པའི་ཆོ་འཕྲུལ་དང༌། མཐའ་དམག་གི་རྒྱུ་བ་ལ་དགོངས་པ་གཏད་ཙམ་གྱིས་ཞི་བ་སོགས་སྣང་སྲིད་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་དང་མངོན་ཤེས་ལ་དབང་ཐོབ་པ་དང༌། ཕྱོགས་དང་རིས་སུ་མ་ཆད་པའི་མཁས་བཙུན་བཟང་གྲུབ་མཐའ་དག་མགོན་པོའི་རྣམ་ཐར་གྱིས་ཡིད་འཁུལ་ཏེ་ཞབས་ལ་གཏུགས་ཤིང་ཕྲིན་ལས་ལ་ངལ་འཚོ་ཐོབ་པས་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གྱུར་པས་དབང་གི་ཆུ་བོ་ཆེན་པོ་བཞི་འདུས་ཀྱི་བཀའ་བབ་དོན་གྱིས་ཞལ་གྱིས་བཞེས་པ་དང༌། ཤིན་ཏུ་གསང་བའི་དེ་ཉིད་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་བི་མ་ལ་མི་ཏྲ་དང༌། གང་དང་གཉིས་སུ་མེད་པའི་ལྕེ་བཙུན་ཆེན་པོ་དང་ཉམས་སྣང་དང་རྨི་ལམ་ཅན་མ་ཡིན་པ་སྐུ་དངོས་སུ་གྱུར་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོར་འཕེལ་འགྲིབ་བྲལ་བའི་ངེས་པ་ལྔ་ལྡན་དུ་བཞུགས་བཞིན་པའི་ཚུལ་ཐུན་མོང་གདུལ་བྱའི་སྤྱོད་ཡུལ་དུ་སྣང་བར་བྱ་བའི་སླད་བཀའ་བབ་དྲུག་པའི་རྗེས་སུ་དྲན་པའི་བརྡ་སྦྱར་ཏེ་དེའི་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ཡི་གེར་བྲིས་པ་མི་ལོ་བཅུ་གསུམ་བཅུ་བཞི་ཙམ་ལ་རང་གར་བཞག་གསུངས་པ་ལྟར་གསང་བའི་ཚུལ་གྱིས་ཐུགས་ཉམས་སུ་བཞེས་ཚུལ་བསྟན། དགུང་གྲངས་སུམ་ཅུ་རྩ་དྲུག་ལ་ཕེབས་པའི་ཤིང་སྦྲུལ་ལོར་ཟབ་ཆོས་འདི་གསང་སྔགས་ལམ་གྱི་ཡང་ཟབ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་སྲོག་ལྟ་བུ་མཁའ་འགྲོ་མ་རྣམས་ཀྱིས་གཅེས་ནོར་ཡིན་པས་བཀའ་ཡི་གཉེར་འཛིན་པའི་སྲུང་མས། ལམ་ཟབ་པ་དང་ཆེ་བ་འདོན་པའི་ཕྱིར་གསང་བ་ཟབ་མོའི་ཆོས་སྒོ་འབྱེད་པར་བསྐུལ་བ་བཞིན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཏེ་བསྔགས་པའི་ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་བློ་གྲོས་མཐའ་ཡས་ལ་ཆོས་སྒོ་ཐོག་མར་ཕྱེས་ཏེ་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་ནས་སྟོན་འཁོར་དགོངས་པ་དབྱེར་མེད་པས་དབང་དང་ཟབ་ཁྲིད་ཀྱི་མཛེས་རྒྱན་བཅས་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དབྱིག་མཆོག་ཀུན་གྱི་རྩེ་མོ་རུ་བཞུགས་སུ་གསོལ། དེ་ལྟ་ན་བདག་ཁོ་ན་མ་གཏོགས་པའི་རིག་འཛིན་ཆེན་པོ་གོང་མ་རྣམས་ནི་གྲུབ་ཐོབ་ལས་ཀྱང་གྲུབ་ཐོབ་ཆེན་པོ་ཟག་མེད་འཇའ་ལུས་ཀྱི་སྐུ་བརྙེས་པ་ཤ་སྟག་ཡིན། དེ་རྣམས་ཀྱིས་ཡང་ཡང་བྱིན་གྱིས་བརླབ་པའི་ཆོས་འདི་ནི་བཤད་ན་བཤད་རིན་ཆོག་སྟེ་མཆོག་གསང་རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་ལ་གསང་ཆེན་ངེས་པའི་རྒྱུད་རྒྱལ་བཅུ་བདུན། མན་ངག་བརྒྱ་དང་བཅུ་བདུན། ཤིན་ཏུ་ཟབ་པ་པོད་བཞི་རྣམས་ཀྱི་ཟབ་གནད་མཐའ་དག་འདིར་འདུས་ཤིང༌། འདི་ཡི་དགོངས་དོན་རྟོགས་ན་དེ་ཐམས་ཅད་ཀྱི་དགོངས་དོན་ཁྲོལ་ནུས་པ་དང༌། སྒོམ་ན་སྒོམ་རིན་ཆོག་སྟེ་རྫོགས་པ་ཆེན་པོའི་ལམ་གྱི་མཐར་འབྲས་མཐོང་བའི་ཆོས་ལ་མངོན་དུ་གྱུར་པའི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་འདི་ཁོ་ན་ཉམས་སུ་བླང་བས་མཐར་ཕྱིན་པར་ནུས་པ་དང་སྙིང་པོའི་ཉམས་ལེན་གྱི་གནད་ཀུན་ཚང་ཡིད་བཞིན་ནོར་བུ་གཅིག་ཆོག་བརྒྱུད་ཐག་ཉེ་ཞིང་སེལ་མེད་བི་མ་ཡབ་སྲས་ཞལ་དངོས་སུ་བསྙེན་པ་དང་མཚུངས་པའོ། །གཉིས་པ་ནི། གསང་སྔགས་དབང་གི་མཐའ་ཅན་ཞེས་གྲགས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་དབང་ཡིན་ཅིང༌། གོང་དུ་བསྟན་པ་དང་པོ་དར་བའི་སྐབས་བདུད་བློན་ནག་ཕྱོགས་པ་རྣམས་ཀྱི་བར་ཆད་དང་ཡལ་ག་མང་པོས་དབང་ཞེས་གསང་དགོས་པའི་རྒྱུ་མཚན་གྱིས་དབང་བསྐུར་བ་ལ་རིམ་པ་བྱ་ཞེས་བརྡ་སྦྱར་བ་སྟེ། དེ་ལ་གཅེས་པ་དབང་བསྐུར་མཁན་གྱི་བླ་མ་མཆོག་ཉིད་དང་ལྡན་དགོས་པས། རྣམ་མཁྱེན་གྱི་ཟབ་ལམ་ཐམས་ཅད་ཀྱི་མཐར་ཐུག་གསང་སྔགས་སྔགས་ལམ་རྒྱུད་སྡེ་ཆེན་པོ་བཞི་ཡི་ཡ་གྱལ་རྣལ་འབྱོར་བླ་མེད་ནང་རྒྱུད་ལ་བསྐུར་ཐབས་ཀྱི་ཐེག་པ་ཡོ་ག་གསུམ། དེས་ཀྱང་ལྟ་སྒོམ་སྤྱོད་པ་ཡེ་ཤེས་རྗེན་པ་ལམ་བྱེད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག །དེ་ལ་ནང་གསེས་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་རྫོགས་ཆེན་མན་ངག་སྡེ་ཡིན་པས་ལམ་དེ་སྟོན་པའི་བླ་མ་ནི་དགོངས་བརྒྱུད་ཡེ་ཤེས་ཀྱི་གསང་མཛོད་བརྙེས་པ་ཞིག་དགོས་པའི་ཕྱིར་སྟོན་པ་རྡོ་རྗེ་རྒྱལ་པོ་ཞེས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་གི་མཛོད་དང་ལྡན། རྡོ་རྗེ་ཡེ་ཤེས་ཆེན་པོའི་ཏིང་འཛིན་མཉམ་རྗེས་དང་བྲལ་བའི་གདོད་མའི་མགོན་པོ་དངོས། རྡོ་རྗེ་འཛིན་པ་ཀུན་ལས་ཁྱད་དུ་འཕགས་པ་འཁོར་ལོའི་བསྒྱུར་བ་ལྟ་བུ་ཡིན་པས་རྒྱལ་པོ་ཞེས་གྲགས་པ་སྟེ། དེ་ཡི་མཚན་ཉིད་ཀྱང་ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང༌། །ཆོས་ཉིད་དོན་ལ་ཚད་ཕེབས་དང༌། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཅེས་གསུངས་པ་ལྟར། རྒྱུད་སྡེ་ཕྱི་ནང་གི་དབང་གིས་དབང་དོན་ཐུགས་ལ་འཁྲུངས་པ། སྡོམ་པ་དང་དམ་ཚིག་ལྡན་པ་གཞི་ལམ་འབྲས་བུའི་དོན་ཁོང་དུ་ཆུད་པ། བསྙེན་སྒྲུབ་ལས་སྦྱོར་གྱི་རྟགས་རྫོགས་པ། ལྟ་སྒོམ་སྤྱོད་པས་རང་རྒྱུད་དུལ་ཞིང༌། སྙིང་རྗེའི་གཞན་དོན་འབའ་ཞིག་གཉེར་བ། ཆོས་བརྒྱད་ཀྱི་བྱ་བ་མེད་ཅིང་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་ངེས་འབྱུང་གི་ཐུགས་དང་ལྡན་ཞིང་དམ་ཚིག་གཙང་བའི་མཚན་ཉིད་དང་ལྡན་པས། རྗེས་སུ་བཟུང་བྱའི་སློབ་མ་ནི། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །ཁོང་ཡངས་སྤྲོ་ཞིང་ཤེས་རབ་ལྡན། །བརྩོན་ཞིང་བྱང་ཆུབ་ཐར་པར་འདོད། །སྒོ་ལྡན་གསང་བའི་རྟགས་སུ་བཤད། །ཅེས་གསུངས་པ་ལྟར་ཤེས་རབ་ཀྱི་ལམ་གནད་རྟོགས་ཏེ་ཆོས་ལ་ཐེ་ཚོམ་སྐད་ཅིག་ཙམ་ཡང་མི་སྐྱེ་བ་དང༌། བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེ་ཆེ་ཞིང༌། ལམ་གོང་མས་རྒྱུད་སྦྱང་སྟོབས་ཀྱིས་ཐེག་མཆོག་རྒྱལ་པོའི་སྣོད་དུ་རུང་བའམ། དང་པོ་ཉིད་ནས་དབང་རྣོན་གཅིག་ཆར་གྱི་སྐལ་ལྡན་ཁ་གཅིག་ཚེ་འདིའི་ཞེན་པ་ཆུང་ཞིང་སྙིང་པོའི་ཆོས་དང་བླ་མའི་ཕྱིར་རང་གི་ལུས་སྲོག་ཀྱང་བཏང་ནུས་པས་ཁ་ཙམ་མིན་པའི་དད་འདུན་ཆེ་བ། སྡོམ་པ་དང་དམ་ཚིག་སྲུང་བ་ལ་ངོ་ལྐོག་མེད་པ། མཆེད་གྲོགས་ཉེ་འཁོར་ལ་ཁོང་ཡངས་པ། ཚོགས་བསགས་པའི་གཏོང་ཕོད་ཆེ་བ་ལས། གཞན་དུ་སྣོད་ངན་སྐལ་མེད་ཀྱི་གང་ཟག་ལྟ་སྒོམ་གཟུགས་བརྙན་ཙམ་རེ་ཁ་ནས་སྒྲོགས་ཤིང་ལས་འབྲས་བསླུ་མེད་ཁྱད་དུ་གསོད་བྱེད་པའི་ཟོག་པོ་བདུད་ཀྱིས་བསླུས་པ་ལྟ་སྤྱོད་གོ་འཇོལ་བ་ལྟ་བུ་མ་ཡིན་པ་རང་ཉིད་ངལ་དུབ། ན་ཚ་སྡུག་བསྔལ། ཁ་སྨྲས་གླེང་གཞི་ལ་མི་ལྟ་བ་བླ་མའི་བཀའ་བཞིན་དུ་སྙིང་པོའི་སྒྲུབ་པ་ལ་གཞོལ་ནུས་པའི་སློབ་མ་ལ། ཀློང་གསལ་ལས། ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་ཞིང་དྭངས་མཐོ་བསིལ་བའི་སར། །སྐལ་ལྡན་སྐྱེས་བུའི་ཉམས་ལེན་བྱེད་པའི་གནས། །བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །ཞེས་སྒྲུབ་པའི་གནས་སྤྱི་དང༌། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དོན་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གཙོ་བོ་ཐོད་རྒལ་སྒོམ་པའི་དུས་དང་ཚེས་གྲངས་གཟའ་སྐར་བཟང་བ་ལ་འཇུག །ཕྱག་རྟེན་མེ་ཏོག་དབང་ཡོན་ཚོགས་གཏོར་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་པོ་བཅོལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་སོགས་ཀྱིས་གཞི་བཟུང་སྟེ་དབང་མཆོག་གསེར་འགྱུར་རྩི་མཆོག་ཏུ་གསལ་བ་བཞིན་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་ཆོ་གའི་ཡན་ལག་གཞུང་བཞིན་ཚང་བའི་སྒོ་ནས་རིག་པ་རྩལ་གྱི་དབང་བཞི་པ་ལ་ནང་གསེས་དབང་བཞི་དབྱེ་བ་དང༌། རྗེས་འབྲེལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཟབ་ཁྲིད་རྣམས་གཏེར་གཞུང་རྡོ་རྗེའི་ཚིག་གི་དགོངས་དོན་ལེགས་པར་བཀྲལ་བའི་ཟབ་ཁྲིད་ཟུང་འཇུག་གིས་དབང་དོན་ངོ་འཕྲོད་པའི་ཐབས་མཆོག་ངོ་མཚར་བས་དད་ལྡན་རྗེས་སུ་བཟུང་སྟེ་སྨིན་གྲོལ་གཉིས་ཀའི་ས་བོན་གོ་གཅིག་ཆོད་དུས་གཅིག་ལ་དད་བརྩོན་ཤེས་རབ་ལྡན་པ་ལ་ལེགས་པར་འདེབས་ཤིང་མཐར་ཐུག་གི་འབྲས་བུ་སྐུ་བཞི་མངོན་དུ་འགྱུར་བའི་ཐབས་ཟབ་མོ་ཉིད་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ལྟར་གནད་སྨིན་རེ་བྱ་བ་ཤིན་ཏུ་གལ་ཆེ། སྤྱིར་དེང་སང་བསྟན་ལ་མོས་སྤྱོད་རྟགས་ཙམ་འཛིན་པ་ལ་སླེབ་སྟེ་གཟུགས་བརྙན་ཙམ་རེའི་ཆོག་པར་སེམས་པ་ལས། འདིར་ནི་གསང་སྔགས་རྒྱུད་སྡེ་གོང་འོག་གི་དབང་གཞན་ལས་ལྷག་པའི་རིག་པ་རྩལ་གྱི་དབང་བཞི་སོ་སོའི་སྐབས་དོན་ཀྱང་འདི་ལྟར་རྗེ་འཇམ་མགོན་ཉི་ཟླ་ཟུང་གི་ཟབ་གཏེར་ཐམས་ཅད་ལ་དབང་ཁྲིད་སྦྲག་མ་གནང༌། ཁྲིད་ཀྱང་བླ་མས་མཁྱེན་དཔྱོད་ཀྱིས་དཔོག་ན་སྨིན་ཁྲིད་དུ་མཛད་པ་འདི་ཤིན་ཏུ་གལ་ཆེ་བར་སེམས་ཏེ་གསང་སྔགས་དབང་གི་མཐའ་ཅན་ཞེས་ལམ་ཐམས་ཅད་དབང་གིས་ཁོག་ཕུབ་དགོས་ལ། དབང་ཡང་བུམ་པ་དང༌། བདུད་རྩི་སོགས་རྫས་ཁོ་ན་དབང་མ་ཡིན་པ་བརྡ་བུམ་པ་སོགས་ལ་བརྟེན་ནས་དོན་སྣོད་བཅུད་ལྷའི་འཁོར་ལོར་མི་ཤེས་པའི་སྒྲིབ་པ་དྲི་མ་བཀྲུ་ཞིང་གཏོར་བ་དང༌། གདོད་ནས་སྣང་སྤྱོད་ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ་གནས་པའི་དོན་མངོན་གྱུར་ཤེས་ནུས་པའི་སྐལ་པ་བཟང་པོའི་ངེས་ཤེས་གསར་དུ་སྐྱེ་རུང་ངམ་དངོས་སུ་སྐྱེ་བ་ལ་བླུགས་པའི་བརྡར་བརྟགས་པ་དེ་ཉམས་སུ་ལེན་ཚུལ་ཁྲིད་ཀྱིས་གསལ་བར་བསྟན་པས་སློབ་མ་ལ་ཉམས་མྱོང་མ་སྐྱེས་ཀྱང་གོ་དོན་བརྡ་འཕྲོད་པ་ཞིག་བྱུང་ན་དབང་མཚན་ཉིད་པ་འགྱུར་ཚུལ་སྔགས་གཞུང་རྣམས་ནས་རྒྱ་ཆེར་གསུངས་པ་ལྟར་རོ། །དང་པོ་སྤྲོས་བཅས་བུམ་ཆུའི་བསྐུར་ཏེ་ནང་རང་ལུས་ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་དང༌། ཕྱི་སྣོད་བཅུད་རྡོས་བཅས་བཟང་ངན་དང་དགྲ་གཉེན་ཆགས་སྡང་གི་ཡུལ་གྱི་སྣང་ཞེན་ཐ་མལ་པའི་འཛིན་རྟོག་ཐམས་ཅད་རང་སར་ཡལ། གནས་ལུགས་དྭངས་མ་འོད་ཕུང་གི་ཡེ་ཤེས་ཀྱི་རྩ་འཁོར་ཡི་གེ་དང་བཅས་པ་མངོན་སུམ་སད། དེའི་དབང་ངམ་ནུས་པའི་སྟོབས་ཀྱིས་ནང་འཛིན་སེམས་ལས་རླུང་དང་བཅས་པ་རང་བཞིན་ཀ་ནས་དག་པས་སྤང་གཉེན་གཉིས་འཛིན་ཆེད་དུ་མ་སྤང་རང་གྲོལ་དོན་གྱི་ལྷན་སྐྱེས་བདེ་ཆེན་ཀྱི་ངོ་བོར་དབང་པོ་རབ་ལ་མངོན་སུམ་དུ་སྨིན་པའོ། །ཉམས་སུ་བླང་མ་ཐག་སྨིན་རུང་གི་ནུས་པའི་སྟོབས་ཁྱད་པར་ཅན་རྒྱུད་ལ་བཞག །སྤྲོས་མེད་གསང་བའི་བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་ཀྱི་དྭངས་མ་བདེ་སྟོང་གཉིས་མེད་མི་ཤིགས་ཡེ་ཤེས་ཀྱི་ཁྱབ་པའི་བདུད་རྩིའི་ཟེགས་བཅུད། སློབ་མ་རང་གི་འོད་ལུས་དེའི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོར་གདོད་ནས་རང་བཞིན་གྱི་གནས་པའི་ཐིག་ལེ་སྟོང་སྒྲོན། སློབ་མ་རང་དང་བླ་མ་དབྱེར་མི་ཕྱེད་པའི་གཉིས་ཀའི་རྡོ་རྗེ་ཡེ་ཤེས་ཀྱི་དྭངས་བཅུད་ཆེར་འཕེལ་བས་འོད་རྩའི་འཁོར་ལོ་རྣམས་དང་བ་སྤུའི་རྩེ་མོ་ཚུན་ཆད་ཁྲིག་གེར་གང༌། རིག་པ་ཡེ་ཤེས་ཀྱི་རང་བཞིན་བདེ་གསལ་རྣམ་པར་མི་རྟོག་པའི་ཉམས་སྣང་བསམ་གྱིས་མི་ཁྱབ་པ་ཡེ་ནས་རྫོགས་པ་ཉིད། རྐྱེན་བྱང་སེམས་མྱང་བ་དེའི་མངོན་དུ་སད་པར་བྱས། དེའི་ངང་ལས་མ་གཡོས་བཞིན་རང་རྩལ་ཡེ་ཤེས་ཀྱི་རླུང་སྦྱོར་དང་བཅས་ཏེ་དྲག་ཏུ་གཅུན་པས་དྭངས་མའི་འོད་བཅུད་འདུས་པའི་རྩ་ཡིག་རྣམས་དང་བཅས་པ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་ཆེན་པོར་རོ་གཅིག་ཏུ་ངང་གིས་ཞུགས་ཤིང༌། འཕྲོ་ཅན༌།}} | རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཇི་བཞིན་རྟོགས་པའི་ཐོས་བསམ་སྒོམ་གསུམ་བྱེད་པ་བླ་མའི་བྱིན་རླབས་ཁོ་ན་རག་ལས་ཤིང༌། བླ་མ་ལ་ཕྱག་འཚལ་ནས་སྐྱབས་གནས་ཐམས་ཅད་ལ་ཕྱག་འཚལ་བའི་ཕྱིར། ཐོག་མར་ན་མོ་གུ་ར་ཝེ། ཞེས་པ་བླ་མ་ལ་ཕྱག་འཚལ་ལོ། ན་མོ་ནི་ཕྱག་འཚལ་ལོ། གུ་ར་ནི་བླ་མ། ཝེ་ནི་མཚམས་སྦྱར་ཆེད་དུ་བླ་མ་ལ་ཕྱག་འཚལ་ལོ་ཞེས་པ་སྟེ། གུ་རུ་ཟེར་མཁན་གྱི་སྒྲ་དེ་སཾ་སྐྲྀའི་སྐད་ཀྱི་གོ་དོན་ལ་བྱས་བཞག་ན་ལྕིད་ཆེན་པོ་གཅིག་གི་དོན་ཡིན། བླ་མའི་སྐུ་གསུང་ཐུགས་དེ་ཐམས་ཅད་ལ་ཡོན་ཏན་ཤིན་ཏུ་ལྕིད་པ་དང༌། ཡང་ན་བླ་མ་ལ་ཕན་པའི་ཡུལ་དུ་ཤེས་ནས་གསོལ་བ་བཏབ་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་བསྐྱེད་པས་སངས་རྒྱས་གཞན་ལ་གསོལ་བ་བཏབ་པ་ལས་བྱིན་རླབས་ཆེ་བ། དེ་བཞིན་དུ་ལོག་ལྟ་བྱས་ནའང་ཡུལ་གཉན་པོ་གཞན་ལ་ལོག་ལྟ་བྱས་པ་ལ་ཉེས་པ་ཆེ་བ་ཡིན་ཏེ། ལས་བཟང་ངན་དེ་བསགས་པའི་ཡུལ་གཉན་པོ་ཞིག་ཡིན་པས་དེ་ལ་ཕྱག་འཚལ་ལོ་ཞེས་སོ། །འོད་གསལ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་ནི་སངས་རྒྱས་ཀྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་གསུང་པའི་ཐེག་པ་རིམ་པ་དགུ་ཡི་ཆོས་ཀྱི་རྩེ་མོ་དེ་ལ་འོད་གསལ་རྫོགས་པ་ཆེན་པོ་ཟེར། འོད་གསལ་ཟེར་མཁན་དེ་གང་རེད་ཟེར་ན་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་གསུངས་པ་ལྟར། ཆོས་ཉིད་བདེ་གཤེགས་སྙིང་པོའི་ངོ་བོ་ལ་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་སྒྲིབ་པས་མ་གོས་པར་རྫོགས་ནས་ཡོད་པ་དེའི་དོན་དེ་འོད་གསལ་རེད། འོད་གསལ་གྱི་ངོ་བོ་དེའི་དོན་དེ་སྒྲ་ཚིག་གི་བསྟན་པར་བྱེད་པ་དེ་ལ་རྫོགས་པ་ཆེན་པོའི་གྲུབ་མཐའ་ཟེར། ཇི་ལྟར་རྫོགས་ཟེར་ན་དཔེར་ན་རྫོགས་པའི་སངས་རྒྱས་ཟེར་ན་ཡོན་ཏན་ཐམས་ཅད་རྫོགས་སོང་བས་རྫོགས་པའི་སངས་རྒྱས་ཟེར་བ་བཞིན་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་དུ་ཡེ་གདོད་མ་ནས་རིག་པ་གཅིག་གི་ངང་དུ་བྱ་རྩོལ་དང་བྲལ་བར་རྫོགས། འཁོར་བའི་ཆོས་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱང་རིག་པ་དང་ངོ་བོ་གཅིག་པ་ཡང་མ་ཡིན། ཐ་དད་ཀྱང་མ་ཡིན་ཏེ་རིག་པའི་རྩལ་བདག་ཏུ་བཟུང་བ་ལས་བྱུང་བས་ན་ཐོག་མའི་གཞིར་འཁོར་བའི་རྒྱུ་མ་སྤོང་ལ་ཆོས་ཉིད་ཀྱི་གཤིས་དང་གཅིག་ཏུ་མ་འདྲེས་བས་མི་ལྡན་པའི་ཚུལ་གྱིས་རྫོགས་ཡོད་པས་ན་ཆེད་དུ་བཅོས་མ་དགོས་པར་འཁོར་འདས་གཉིས་ཀ་དེ་རིག་པ་གཅིག་གི་ངང་དུ་རྫོགས་པ་དེ་ཡང་རྒྱུ་རྐྱེན་གསར་དུ་བསྒྱུར་བཅོས་བྱས་པ་མ་ཡིན་པར་ཡེ་གདོད་ནས་ཁོ་རང་རང་བཞིན་གྱི་ངོ་བོ་མྱ་ངན་ལས་འདས་པའི་ཆོས་སྐུ་དང་ཡེ་ཤེས་གཅིག་གི་རང་བཞིན་དབྱེར་མེད་ཀྱི་ངང་དུ་རྫོགས། འཁོར་བའི་ཆོས་ཐམས་ཅད་ཀྱི་བདེ་གཤེགས་སྙིང་པོ་རང་གི་ངོ་བོ་ལ་ནི་སྐྱོན་གྱི་མ་གོས་ཀྱང༌། རྣམ་པ་ཙམ་དུ་ཡིན་ན་བདེ་གཤེགས་སྙིང་པོ་དེ་ལ་བསྟེན་པ་ལྟར་སྣང་སྟེ། དཔེར་ན་བར་སྣང་ནམ་མཁའ་ལ་སྤྲིན་བརྟེན་ཀྱང་ནམ་མཁའ་ལ་སྤྲིན་གྱིས་མ་གོས་པ་བཞིན་དུ་ཡོད་པ་དེའི་གསར་དུ་ད་གདོད་འབད་རྩོལ་བྱས་ཆོས་ཀྱི་རྫོགས་མ་དགོས་པ་ལྟར་ཁོ་རང་རང་བཞིན་ལྷུན་གྲུབ་ཀྱིས་རྫོགས་པ་དེ་ནི་བརྗོད་བྱ་དོན་གྱི་རྫོགས་པ་ཆེན་པོ་ཟེར། དོན་དེ་སྒྲ་ཇི་བཞིན་དུ་སྟོན་པའི་གྲུབ་མཐའི་ཆོས་རྫོགས་པ་ཆེན་པོ་དེ་ཐེག་པ་རིམ་པ་དགུ་ཡི་རྩེ་མོ་ཡིན་པ་དེ་ལ་བརྗོད་བྱེད་ཚིག་གི་རྫོགས་ཆེན་ཟབ་རྒྱས་ཀྱི་སྒོ་ནས་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་སྟེ་སྡེ་གསུམ་དུ་ཡོད། དེ་ལྟ་བུའི་ཆོས་ཚུལ་དེ་ལ་ཟབ་པ་དང་རྒྱ་ཆེ་བ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པའི་དོན་སོ་སོའི་སྐྱེ་བོའི་བློ་ཡིས་ཤིན་ཏུ་རྟོགས་པར་དཀའ་བའི་གནས་མཐའ་དག་ཡོད་པ་དེ་དག་ཐམས་ཅད་བོད་གངས་ཅན་གྱི་ལྗོངས་སུ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་བྱེད་པ་པོ་བི་མ་ལ་མི་ཏྲ། གུ་རུ་རིན་པོ་ཆེ། ལོ་ཆེན་བཻ་རོ་ཙཱ་ན་དང་གསུམ་ཏེ། དེ་ལས་དེ་རིང་གི་སྐབས་འཆད་བྱ་འདི་ནི་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་གདམས་ངག་གི་བཀའ་སྲོལ་ཏེ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་ནི་བི་མ་སྙིང་ཐིག་གི་ལོ་རྒྱུས་ཆེན་མོ་དང༌། བླ་མ་ཡང་ཏིག་གི་ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་ལས་རྣམ་ཐར་རྒྱས་པར་ཡོད་པ་ལྟར། རང་བཞིན་རྫོགས་པ་ཆེན་པོའི་སྨིན་གྲོལ་དང་པོ་རིག་འཛིན་ཤྲཱི་སེང་ཧ་དང༌། དེའི་རྗེས་སུ་ཛྙཱ་ན་སཱུ་ཏྲ་གཉིས་ཀྱི་རྗེས་སུ་བཟུང་སྟེ་རྫོགས་པ་ཆེན་པོའི་སྡེ་གསུམ་གྱི་རྒྱུད་ལུང་མན་ངག་གི་ཚིག་དོན་ཐམས་ཅད་ཐུགས་སུ་ཆུད་པ། ཆོས་དང་ཐུགས་རྒྱུད་གཅིག་ཏུ་འདྲེས་ཏེ་སྣང་བཞི་མཐར་ཕྱིན་ཟག་ཟད་ཡེ་ཤེས་ཀྱི་སྐུ་དེའི་སྟེང་དུ་འཇའ་ལུས་འཕོ་བ་ཆེན་པོ་བཞེངས་པས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བ་བོད་ལའང་ཉང་ཏིང་འཛིན་བཟང་པོའི་མངའ་བདག་ཁྲི་སྲོང་གི་ཐུགས་རྒྱུད་བསྐུལ་ཏེ་བྱོན་ནས་སྤྱིར་མདོ་སྔགས་ཀྱི་ཆོས་དང་ཁྱད་པར་མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང༌། ཉང་བན་ཏིང་འཛིན་བཟང་པོ་ལ་སོགས་པ་ལ་རྫོགས་པ་ཆེན་པོའི་མན་ངག་ཐམས་ཅད་བསྟན། བོད་ནས་གདུལ་བྱ་རྫོགས་ཟིན་པ་དང་མཉམ་དུ་རྒྱ་ནག་རི་བོ་རྩེ་ལྔ་ལ་སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་ཀྱི་བར་དུ་སྐྱེ་འཆི་འཕོ་འགྱུར་དང་བྲལ་བར་བཞུགས། ལོ་བརྒྱ་རེའི་མཚམས་ནས་བོད་དུ་སྤྲུལ་པ་རེ་རེ་བྱོན་ཏེ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་འོང་གསུང་ཞལ་བཞེས་མཛད་པ་དེ་ལྟ་བུའི་ཐུགས་ལ་སེམས་ཀློང་མན་ངག་གི་སྡེ་ཆེན་པོའི་རྒྱུད་ལུང་མན་ངག་གི་ཆོས་ཐམས་ཅད་མངའ་བའི་ནང་ནས་ཟབ་ཤོས་དེ་མན་ངག་གི་སྡེ་རེད། མན་ངག་གི་སྡེ་དེ་ལའང་ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་གི་སྐོར་བཞི་ཡོད་པའི་ནང་ནས་ལྕེ་བཙུན་སྙིང་ཐིག་འདི་ནི་ཡང་གསང་བླ་ན་མེད་པའི་སྐོར་སྙིང་གི་ཁྲག་དྭངས་མ་ལྟ་བུ་ཡིན། གཅུད་ཕུར་ཞེས་པ་རྫོགས་པ་ཆེན་པོའི་མན་ངག་སྡེའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཐམས་ཅད་ཀྱི་གབ་པ་ཕྱུངས། གཅུས་པ་བསྲང༌། འཁྲུགས་པ་བསྡེབས་ཏེ་ཟབ་གནད་ཀྱི་བཅུད་ཕྱུངས་ཏེ་སྙིང་དྭངས་སུམ་དྭང་གི་གནད་ཚིག་ཉུང༌། དོན་ཟབ་པ་སྟོན་པས་ན་བཅུད་ཕུར་ཕུར་བུའི་མཚོན་ཆ་དེ་གང་ལ་བཏབ་ཀྱང་ཐལ་མར་འབིགས་པ་བཞིན་མན་ངག་འདི་ཉམས་སུ་བླངས་བས་འཁྲུལ་སྣང་གི་སྲོག་གཅོད་ཅིང་ཡེ་ཤེས་ཀྱི་གཏིང་ཕུག་པ་དང༌། མན་ངག་ཐམས་ཅད་ཀྱི་རྒྱལ་པོ་ཟེར་བ་ནི་བྱ་སླ་ཚེགས་ཆུང་མན་ངག་གོ་ཞེས་གྲགས་པ་ལྟར་ཉམས་སུ་ལེན་པ་ལ་ལུས་ངག་གི་དཀའ་ངལ་ཀྱང་མེད་མཁན། འབྲས་བུའི་མཆོག་བདེ་མྱུར་དུ་སྒྲུབ་ནུས་པའི་ཐབས་དེ་ལ་མན་ངག་ཏུ་གྲགས་པ་སྟེ། དེ་ལའང་ནང་གསེས། ཚེ་རྒྱས་པ། ཤེས་རབ་བསྐྱེད་པ་ལ་སོགས་པའང་ཐུན་མོང་གི་མན་ངག་ཙམ་མ་ཡིན་པ་འདི་ལྟ་བུའི་རྫོགས་པ་ཆེན་པོའི་མན་ངག་དེ་ནི་ཚུལ་བཞིན་དུ་ཉམས་སུ་བླང་ན་ཚེ་གཅིག་ལུས་གཅིག་གི་སྟེང་དུ་སངས་རྒྱས་པ་མཆོག་གི་དངོས་གྲུབ་སྟེར་བའི་མན་ངག་ཡིན་པའི་ཕྱིར་ན་མན་ངག་ཐམས་ཅད་ཀྱི་རྒྱལ་པོ་འདི་ནི་བི་མ་མི་ཏྲའི་ཟབ་སྒྲུབ་དང་འབྲེལ་བ་ཞེས་ལྕེ་བཙུན་སིང་ཧ་ཤྭ་ར་དེ་ལ་བི་མ་མི་ཏྲས་མངོན་སུམ་རྗེས་སུ་བཟུང༌། གཙང་འོ་ཡུག་ཕྱི་གོང་རྫ་ཡི་ར་བ་ལ་ཟླ་བ་དྲུག་གི་བར་དུ་མི་དང་མི་ལབ་པ་བཞིན་དུ་མངོན་སུམ་དུ་ལྕེ་བཙུན་ཆེན་པོ་དང་མཉམ་དུ་བཞུགས་རྫོགས་པ་ཆེན་པོའི་གདམས་ངག་ཐམས་ཅད་གཅིག་ཆར་ཏུ་བསྟན་པས་བླ་སློབ་དགོངས་པ་དབྱེར་མེད་དུ་མཛད་པའི་གནད་ཀྱི་གདམས་ངག་ཡིན་པའི་ཕྱིར་ན། བི་མ་མི་ཏྲ་དང་ལྕེ་བཙུན་གཉིས་ཀྱི་བླ་སྒྲུབ་ཟབ་སྒྲུབ་དང་འབྲེལ་བས་དཔེ་རྒྱུན་གཏེར་དུ་བཞུགས་པ། ད་ལྟ་བི་མ་སྙིང་ཐིག་གི་ལོ་རྒྱུས་ཆེན་པོའི་ནང་ལ་གཟིགས་དང་དཔེར་ན། དགའ་རབ་རྡོ་རྗེའི་འདས་རྗེས་ཚིག་གསུམ་གནད་བརྡེག །ཤྲཱི་སིང་ཧའི་འདས་རྗེས་སྒོམ་ཉམས་དྲུག་པ། ཛྙཱ་ན་སཱུ་ཏྲའི་འདས་རྗེས་གཟེར་བུ་བདུན་མ་བབ། དེའི་རྗེ་ལ་བི་མ་ལ་མི་ཏྲ་ནི་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པས་འདས་རྗེས་མ་བྱུང་གསུང་ཡོད། འདི་ནི་དེའི་རྗེས་ལ་བི་མ་རང་གི་སྤྲུལ་པ་ལྕེ་བཙུན་སེང་གེ་དབང་ཕྱུག་དེ་འཇའ་ལུས་སུ་གཤེགས་པའི་སྐབས་སུ་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་གཙོ་བོར་གྱུར་པའི་ཌཱ་ཀི་མ་འབུམ་ཕྲག་ལ་འདས་རྗེས་དུམ་བུ་གསུམ་པ་ཞིག་བྱུང་སྟེ་མཁའ་འགྲོ་མ་རྣམས་ཀྱི་ཨོ་རྒྱན་མཁའ་འགྲོའི་གནས་སུ་ཁྱེར་བའི་ཚུལ་བི་མ་སྙིང་ཐིག་གི་ལོ་རྒྱུས་ཆེན་མོའི་ནང་ཡོད། དེ་ཉིད་མཁའ་འགྲོ་མ་རྣམས་ཀྱིས་མི་བརྗེད་དྲན་པའི་གཟུངས་སུ་བཟུང་སྟེ་ཨོ་རྒྱན་གྱི་ཡུལ་སོགས་ལ་དཔའ་བོ་མཁའ་འགྲོའི་ཞིང་རབ་འབྱམས་རྣམས་སུ་སྤྱན་དྲངས་ནས་ཐུགས་ཉམས་སུ་བཞེས། སྣོད་དང་སྐལ་པ་ལྡན་པ་མི་དང་མི་མིན་གཞན་ལ་བསྟན་ནས་གྲོལ་བ་དྲུག་གི་སྒོ་ནས་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་ད་སྔ་མཛད་ཟིན་པ་དང༌། ད་ལྟ་མཛད་བཞིན་པ་ཡིན་ལ། དེ་ཉིད་འཛམ་བུ་གླིང་གི་མི་ཡི་སྤྱོད་ཡུལ་དུ་སྣང་བའི་དུས་ལ་བབ་ན་ལྕེ་བཙུན་སེང་གེ་དབང་ཕྱུག་གི་རྣམ་འཕྲུལ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དེ་ལ་པཎ་ཆེན་བི་མ་མི་ཏྲས་གསང་བའི་མཚན་གསོལ་བ་འོད་གསལ་སྤྲུལ་པའི་རྡོ་རྗེ་བདག་གི་ཞེས་ཐུགས་རྗེ་ཡས་སྤྲུལ་གྱི་གང་ཟག་དེའི་ལྕེ་བཙུན་ཆེན་པོ་བི་མ་ལས་རྗེས་སུ་བཟུང་ནས་རྫོགས་པ་ཆེན་པོའི་ལམ་སྣང་བཞི་མཐར་སོན་ཏེ་སྐུ་ཚེ་དེའི་མཛད་པ་རྫོགས་ཏེ་ལྷག་མེད་ཀྱི་མྱ་ངན་ལས་འདས་པའི་སྐབས་ཨོ་རྒྱན་མཁའ་འགྲོའི་གཙོ་མོ་དཔལ་གྱི་བློ་གྲོས་མ་གཙོ་བོར་གྱུར་པའི་འབུམ་ཕྲག་ཡངས་པ་ལ་འདས་རྗེས་སུ་བསྩལ་བ་ད་ལྟའི་མཛད་པ་བཞིན་སྔོན་གནས་རྗེས་སུ་དྲན་ནས་གཏན་ལ་ཕབ་སྟེ་གསང་བའི་ཚུལ་གྱིས་ཐུགས་ཉམས་སུ་བཞེས་པའི་སྐབས། ཐེག་མཆོག་རྫོགས་པ་ཆེན་པོའི་བཀའ་སྲུང་ཨེ་ཀ་ཛ་ཊིས་ཐུན་མོང་གི་གདུལ་བྱ་ཆོས་སྒོ་འབྱེད་དགོས་པར་བསྐུལ་བ་བཞིན་བཻ་རོ་དངོས་སྣང་འཇམ་མགོན་བློ་གྲོས་མཐའ་ཡས་ལ་ཐོག་མར་ཆིག་བརྒྱུད་དུ་བསྩལ། དེའི་རྗེས་སུ་ཨ་འཛོམས་འབྲུག་པ་རིན་པོ་ཆེ། གཏེར་སྟོན་བསོད་རྒྱལ། ཞེ་ཆེན་རྒྱལ་ཚབ། ཀཿཐོག་སི་ཏུ་པཎྜི་ཏ་སོགས་ལ་གནང༌། དེ་ཐམས་ཅད་ཀྱི་རྫོགས་པ་ཆེན་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་སྤེལ་བར་གསུངས། ལས་ཅན་བསམ་གྱི་མི་ཁྱབ་པ་ཅི་རིགས་བྱུང་ཞིང༌། ད་ལམ་འདིར་ཁྱེད་རང་རྣམས་ལ་གསུང་པ་དེ་གཏེར་སྟོན་བསོད་རྒྱལ། ཨ་འཛོམས་འབྲུག་པ་ལ་སོགས་པ་མཁས་གྲུབ་ཆེན་པོ་ཁ་ཤས་ཞིག་ལ་ཞག་པོ་བཅུ་བཞི་ལ་གཏེར་གཞུང་གི་སྟེང་ནས་བཤད་པ་རྒྱས་པ་ཚར་གཅིག་གནང༌། དེའི་རྗེས་ལ་ཁྱེད་རྣམས་མོས་པ་ཡོད་ན་ད་དུང་ཡང་དབང་ལུང་གང་གསུང་དགོས་ནའང་གསུང་ཆོག་གསུང་ནས་ཞལ་བཞེས་ཅིག་བྱུང༌། སླར་ཡང་ལྕེ་བཙུན་སྙིང་ཐིག་གི་ཁྲིད་ཚར་གཅིག་གསུང་གྲུབ་བར་ཞུས་ནས། ཚར་གཅིག་གསུངས་རེད། དེ་ཡང་ཞག་པོ་བཅུ་ཙམ་གསུངས། སྡོམ་ཞག་པོ་ཉི་ཤུ་རྩ་གཅིག་ལྷག་ཙམ་གཅིག་དེ་འདྲ་གཅིག་ལ་ཁྲིད་ཡིག་འདི་རྒྱས་པ་གསུངས། གསུང་བཤད་སྔ་མ་ཕྱི་མ་གཉིས་ལ་ཚིག་གཅིག་གི་འཕོ་འགྱུར་མེད་པ་སྤར་བཏབ་པ་བཞིན་དུ་ཡོད། དེ་གཏེར་སྟོན་བསོད་རྒྱལ་གྱི་ཕྱག་གིས་ཟིན་བྲིས་མཛད་ཡི་གེར་བཀོད་ཟིན་དུས་མཁྱེན་བརྩེ་རིན་པོ་ཆེ་ལ་ཡར་གཟིགས་ཕུལ་ནས་ཞིབ་ཆ་བྱས་ནས་གཟིགས་གཏེར་སྟོན་བསོད་རྒྱལ་ལ་ད་ཁྱེད་རང་ཡི་གེ་འདི་མེད་པར་མ་བྱེད། གཞན་ལ་ཕར་ལྕེ་བཙུན་སྙིང་ཐིག་འདིའི་སྒོ་ནས་ཁྲིད་གསུང་དང་ཁོང་གིས་ཁྲིད་ཇི་ལྟར་གསུངས་པ་དེ་བཞིན་དུ་སྤར་བཏབ་པ་འདྲ་རེད་འདུག །འགྲོ་དོན་གྱིས་གསུང་ནས་གཏེར་སྟོན་བསོད་རྒྱལ་གྱིས་ཕྱག་བྲིས་མཛད་པ་དེ་ཕྱིས་སུ་ཁམས་ལ་སྤར་དུ་འཁོད་ནས་མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་ཁོང་གིས་གཏེར་སྟོན་བསོད་རྒྱལ་གྱི་སྐུ་མདུན་ནས་དབང་ལུང་ཁྲིད་དང་བཅས་པ་རྒྱས་ཤིང་རྒྱས་པ་གསན་པ་ཡིན་གསུང་པ་དེ་ལེགས་པར་གདམས་པ་ལ་གསུམ། ཀླད་དོན། མཚན་ཁྱད་པར་ཅན་མཁའ་འགྲོའི་འདུད་ཕྱག་དང་བཅས་པ། གཞུང་དོན་མན་ངག་ཟབ་མོ་དུམ་བུ་གསུམ་རྟོགས་བརྗོད་གཏད་རྒྱ་སྨོན་ལམ་དང་བཅས་པ། འཇུག་དོན་ཡེ་ཤེས་མཁའ་འགྲོའི་ཞལ་གདམས་རྡོ་རྗེའི་ཚིག་གི་མཐའ་བརྒྱན་པའོ། །དང་པོ་མཚན་གྱི་རྣམ་གྲངས་གསུམ་ལས། ཐོག་མར་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ཞེས་པའི་དོན། རྫོགས་པ་ཞེས་པ་གཞི་གང་དུ་རྫོགས་ན། མཚན་རྟོག་གི་བློ་ཡི་སྤྲོས་པ་དང་བྲལ་བའི་ཆོས་ཀྱི་དབྱིངས་འཁོར་འདས་ཀུན་གྱི་ངོ་བོར་ཁྱབ་བརྡལ་དུ་བཞུགས་ཀྱང་དག་མ་དག་གི་མཚན་མ་མེད་པའི་ཀློང་ཡངས་ཆེན་པོའི་ངོ་བོར་འབྲས་བུ་སྨོན་པ་མེད་པ་གཞི་འབྲས་དབྱེར་མེད་རོ་གཅིག་ཏུ་རྫོགས། གང་རྫོགས་ན་གཞི་འཁོར་བ། འབྲས་བུ་མྱང་འདས། ལམ་གོ་འཕང་དེར་བགྲོད་བྱེད་གསུམ་གྱིས་བསྡུས་པའི་སྣང་བ་སྣོད་ཀྱི་འཇིག་རྟེན། སྲིད་པ་བཅུད་ཀྱི་སེམས་ཅན་ལྟར་སྣང་གི་ཤེས་བྱའི་ཆོས་ཐམས་ཅད་ལྷག་མ་མེད་པར་ཆོས་ཉིད་དང་འདུ་འབྲལ་མེད་པ་ཡེ་ནས་རྫོགས། ཚུལ་ཇི་ལྟར་རྫོགས་ན་ཆོས་ཀྱི་དབྱིངས་ཞེས་དངོས་མཚན་དུ་གྲུབ་པའི་སྣོད་སྟོང་ཆེན་པོ་ཡུལ་གྲུ་འདྲ་གཅིག་གི་ནང་དུ། ཆོས་ཅན་ཞེས་པ་ཟས་གོས་ཡོ་བྱད་ལྟ་བུའི་དངོས་རྫས་བཟང་ངན་མང་པོ་ལྷན་ཅིག་ཏུ་བླུག་པ་ལྟ་བུའམ། ཡང་ན་ཆོས་ཅན་ཞེས་པ་བཟའ་བཏུང་ཉེར་མཁོ་ལྟ་བུའི་རྫས་དབྱིབས་ཁ་དོག་བྱེད་ལས་སོ་སོ་བ་ལྟ་བུ་རྣམས་དེ་དང་དེར་མཚོན་པའི་ཆོས་ཉིད་ཅེས་སྣོད་སྟོང་ཁོལ་བུ་བ་རེ་རེའི་ཁོངས་སུ་ཚུད་པ་ལྟ་བུའི་སྨྲ་བསམ་བརྗོད་པའི་ཡུལ་དུ་གྱུར་པའི་མཚན་མ་རིས་ཅན་དེ་འདྲ་ཞིག་ག་ལ་ཡིན། འོ་ན་གནས་ལུགས་མཐར་ཐུག་དེ་ཇི་ལྟར་ཡིན་སྙམ་ན། སྤང་བྱ་འཁོར་བ། ཐོབ་བྱ་མྱ་འདས་སོགས་བཟང་པོ་ཡིད་དུ་འོང་བ་དང༌། ངན་པ་མི་འདོད་པ་དང༌། བདག་གཞན་དང་སྣོད་བཅུད་དང༌། བེམ་ཤེས་སོགས་གཉིས་ཆོས་ཐ་དད་པ་རྣམ་པ་སྣ་ཚོགས་གཟུགས་ནས་རྣམ་མཁྱེན་བར་སོ་སྐྱེའི་བློས་བསམ་གྱིས་མི་ཁྱབ་ཅིང་ངག་གི་བརྗོད་ཀྱིས་མི་ལོང་བ་འཇིག་རྟེན་གྱི་ཐ་སྙད་དུ་མངོན་སུམ་སྣང་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད། ཆོས་ཐམས་ཅད་ཀྱི་གནས་ལུགས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ཐེག་ཆེན་འགོག་བདེན་མཐར་ཐུག་གི་གནས་ཚུལ་གྱི་དབང་དུ་བྱས་ཏེ་བཤད་ན། མེ་ལོང་དང་སྐྱེས་བུའི་བྱད་བཞིན་ཚོགས་པས་གཟུགས་བརྙན་འགོག་མེད་དུ་ཤར་ཡང་དཔྱད་ན་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་མ་བརྟགས་ཉམས་དགར་སྣང་བ་བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་གཤིས་ལུགས་དང་རོ་གཅིག་པ་བཟང་ངན་ཕྱོགས་ལྷུང་མེད་པ་ཚུལ་གཅིག་པ་ཁོ་ནར་ཡེ་གདོད་མ་ནས་ཡིན་ཅིང༌། གནས་སྣང་དེ་ལྟར་ཡེ་ནས་གནས་པ་མ་གཏོགས། ཆོས་དབྱིངས་དེ་བཞིན་ཉིད་དེ་ལས་ཐ་དད་པའམ་སོ་སོར་གྱུར་པའི་འབྱེད་ཆོས་སྤུ་རིས་དང་རྡུལ་ཕྲ་རབ་ཙམ་ཡང་སྔར་དང་པོ་གཞི་ལས་འཁྲུལ་པའི་དུས་ནས་ཡོད་མ་མྱོང༌། ད་ལྟ་འཁྲུལ་བཞིན་པའི་སྐབས་ཀྱང་ཡོད་མི་སྲིད། ཕྱིས་ནམ་ཡང་ཡོད་པར་འགྱུར་བའི་གནས་མེད་ཅིང༌། དེ་ལྟར་གྲུབ་པའི་གོ་སྐབས་ནམ་ཡང་མེད་པ་ཡིན་ནོ། །པ་ཞེས་པ། དེ་ལྟར་ཆོས་དབྱིངས་རྒྱ་ཚད་ཕྱོགས་ལྷུང་ཀུན་བྲལ་ཡོངས་ལ་ཁྱབ་ཅིང་ཆོས་ཉིད་གཞན་དུ་མི་འགྱུར་བའི་རྟག་པའི་རྒྱལ་པོ་ངེས་པའི་དོན་དམ་པ་དེ་ཕྱོགས་གཞན་ག་ཤེད་རྒྱང་རིང་པོ་ནས་འབད་རྩོལ་གྱིས་ལོགས་སུ་བཙལ་མི་དགོས་ཏེ། ད་ལྟ་རང་གི་གཉུག་མའི་སེམས་ཀྱི་དེ་ཁོ་ན་ཉིད་རིག་པའི་ཡེ་ཤེས་འཁྲུལ་རྟོག་གིས་མ་བསླད་པའི་རྗེན་པ་དུས་གསུམ་གྱི་རྟོག་པ་ལས་འདས་པའི་སྐད་ཅིག་མ་ངོ་ཤེས་ན་དེའི་ངོ་བོར་ཧྲིལ་གྱིས་འདུས་པ་ན། ད་ལྟའི་རིག་པ་མ་བཅོས་པ་འདི་ལས་མཚན་གཞི་དང་མཚན་ཉིད་ཐ་དད་པའི་དབྱིངས་སྟོང་པ་ཉིད་དང་མཁྱེན་ཆ་འགག་པ་མེད་པའི་ཡེ་ཤེས་ཞེས་ཐ་སྙད་མང་པོ་གང་ཡང་རྙེད་མི་དགོས་སོ། །རྫོགས་པ་ཞེས་པའི་དོན་ལ་གཞི་ལམ་འབྲས་གསུམ་དང༌། བརྗོད་བྱ་བརྗོད་བྱེད་སོགས་བཤད་ཚུལ་མང་ཡང་མཚན་དོན་འགྲེལ་པའི་སྐབས་འདིར། དག་མ་དག་གི་སྣང་བ་དང༌། དེ་དོན་དཔྱོད་པའི་ཤེས་པ། འབྲས་བུ་སྐུ་དང་ཡེ་ཤེས་སོགས་གཞི་ལམ་འབྲས་བུའི་ཐ་སྙད་ཀྱི་རྣམ་པའི་བྱེ་བྲག་མཐའ་དག་སྣང་ཚུལ་གང་ལྟར་སྣང་ཡང་གནས་ཚུལ་ཆོས་དབྱིངས་ཀ་དག་གི་ངོ་བོར་དོན་ལ་རོ་གཅིག །དེའི་རང་བཞིན་ལས་ནམ་དུ་ཡང་མ་འདས་པའི་འགག་སྡོམ་གཅིག་ཏུ་དྲིལ་ཞིང༌། དབྱིངས་དེ་ཡང་འོད་གསལ་ལྷུན་གྲུབ་ཀྱི་རིག་པ་ལས་ཉི་མ་དང་འོད་ཟེར་བཞིན་ནམ་ཡང་སོ་སོར་མི་འདའ་བས་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་གང་ལྟར་བཤད་ཀྱང་གཏན་ལ་དབབ་བྱའི་མཐར་ཐུག་ནི་རིག་སྟོང་ཐིག་ལེ་ཉག་གཅིག་འབའ་ཞིག་ཡིན་པས་ཟབ་གནད་རྗེན་ཕྱུང་གིས་གནད་བརྒྱ་འགག་གཅིག་ཏུ་དྲིལ་ཏེ་མན་ངག་གི་བཤད་ལུགས་སོ། །ཆེན་པོ་ཞེས་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱི་གཏན་ལ་དབབ་བྱའི་གནས་ལུགས་དང༌། ཐེག་པ་དང་གྲུབ་མཐའ་ཐམས་ཅད་ཀྱི་རྟོགས་བྱ་མཐར་ཐུག་པ། དབྱིངས་ཀ་དག་གི་སྟོང་པ་ཆེན་པོ་དང༌། རིག་པ་འོད་གསལ་ལྷུན་གྲུབ་གཉིས་གདོད་ནས་དབྱེར་མེད་པ་སངས་རྒྱས་འཕགས་པའི་ཡེ་ཤེས་ཀྱི་དགོངས་པ་འདིའི་གོང་ན་རྟོགས་བྱའི་གནས་ལུགས་དང༌། ཟབ་རྒྱས་ཀྱི་གསང་བས་བསྟན་བྱ་གཞན་མེད་པས་ཤེས་པས་ཆོག་པ་ཤེས་ནས་ལམ་གོལ་དང་ལམ་ལོག་ཏུ་སླར་མི་ལྡོག་པ། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པས་ཀྱང་ཡེ་ཤེས་ཀྱི་གཟིགས་པ་ཆགས་ཐོག་གི་སྒྲིབ་པ་མེད་པའི་སྤྱོད་ཡུལ་དུའང་དོན་གནད་འདི་ཁོ་ན་ལས་ལྷག་པ་ཞིག་གཟིགས་སུ་མེད་ཅིང༌། རང་གི་རྟོགས་རིག་དབང་རབ་ཀྱི་གདུལ་བྱ་ལ་ངེས་པའི་གསང་བ་མཐར་ཐུག་པ་བསྟན་དུའང་མེད་པས་ན་ཆོས་ཐམས་ཅད་ཀྱི་གྲོལ་ཕུག་ཡིན་པའི་གནད་ཤེས་པས་ལམ་འདི་ལ་ངེས་ཤེས་ལྡོག་ཏུ་མེད་པའི་ཡིད་ཆེས་རྙེད་པ་གལ་ཆེའོ། །དེ་ལྟར་འོད་གསལ་བའི་ཡེ་ཤེས་དེ་ཡི་རང་བཞིན་ལ་འཁོར་བ་ཀུན་རྫོབ་པའི་སྣང་བ་སྤྲིན་དང་འདྲ་བས་རིག་པ་ནམ་མཁའ་ལྟ་བུ་ལ་གོས་པ་མེད་པས་འཁྲུལ་པ་སྣང་ཙམ་དུ་ཡང་མ་གྲུབ། དེ་མ་གྲུབ་ན་སྣང་བ་སྣ་ཚོགས་སྟོང་ཉིད་དུ་གཞལ་བའི་དོན་དམ་པ་མ་གྲུབ། བདེན་པ་དེ་གཉིས་མ་གྲུབ་པས་གྲུབ་མཐས་གཞལ་བའི་བདེན་གཉིས་ཀྱི་དབྱེ་བ་གང་དུའང་གྲུབ་པ་མེད་དེ་མེད་པས་བློས་བདེན་བརྫུན་དུ་སྒྲོ་བཏགས་པའི་བདེན་གཉིས་ལས་འདས་ཏེ་སྤྲོས་པ་ཐམས་ཅད་ཞི་བ་འདི་ནི་རྟོག་པའི་བདེན་པ་མ་གྲུབ་པས་ཀྱང་བདེན་གཉིས་དབྱེར་མེད་ཅེས་བརྗོད་ལ། ཀུན་རྫོབ་ཏུ་གྲུབ་པ་དོན་དམ་དུ་མ་གྲུབ་པ་གཉིས་སུ་བརྗོད་དུ་མེད་པས་དབྱིངས་འོད་གསལ་བའི་ཡེ་ཤེས་ནི། ལྷུན་གྲུབ་རྣམ་དག་ཆེན་པོ་བརྗོད་ཀྱང༌། གྲུབ་མཐར་རྟོག་པའི་སྣང་སྟོང་གཉིས་ལྟ་བུ་མེད་པས་ཀྱང་བདེན་གཉིས་དབྱེར་མེད་ཅེས་བརྗོད་པ་ཡིན་ཏེ་དེ་ལྟར་གནས་ལུགས་ཀྱི་མཚན་ཉིད་རྒྱུ་རྐྱེན་གང་གིས་ཀྱང་མ་བཅོས་པ་ཡེ་ནས་གནས་པ་གཞི་དེས་ན་ཀུན་རྫོབ་སྣ་ཚོགས་སུ་སྣང་བ་འདི་དོན་ལ་དངོས་པོ་གྲུབ་པ་མེད་དེ་རང་གི་མཚན་ཉིད་ཆད་པ་ཆུ་ཟླ་དང་འདྲའོ། །བརྟགས་ན་མེད་ལ་མ་བརྟགས་ན་ཡོད་པ་འདྲ་བས་འཁྲུལ་སྣང་ཞེས་བྱ་སྟེ་དྷ་དུ་ར་ཟོས་པས་དངོས་པོ་ཐམས་ཅད་རྟ་གླང་སོགས་སྣང་བ་བཞིན་ཡིན་པར་ཤེས་དགོས་པས། རང་རིག་དོན་གྱི་ཡིན་ལུགས་བསམ་མནོ་དང་འཁྲུལ་པའི་བློས་སྒྲོ་བརྟགས་དང་བྲལ་བ་མ་བཅོས་རང་བཞག་ཏུ་སྐྱོངས་བས་ཡུལ་མེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྗེས་དཔག་དང་གཏན་ཚིག་ཙམ་ལ་མ་ལྟོས་པར་སེམས་རིག་ཤན་ཕྱེད་དེ་མངོན་སུམ་དུ་ངོ་རང་ཐོག་ཏུ་འཕྲོད་པས་རྟོགས་པའི་དོན་ཐག་གཅིག་ཐོག་ཏུ་བཅད་ལ་ངང་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་གོམ་བས་རྩལ་རྫོགས་ཏེ། གདེང་གྲོལ་ཐོག་ཏུ་བཅའ་ནུས་པ་ལ་ལམ། རང་བཞིན་གཤིས་ཀྱི་བཞུགས་ཚུལ་མངོན་གྱུར་དུ་སྣང་བས་ཉི་མ་སྤྲིན་དང་བྲལ་བ་བཞིན་ཡིད་དཔྱོད་ཀྱི་དྲི་མ་ཡོངས་སུ་དག་ནས་གདོད་ནས་རང་གནས་ཀྱི་དགོངས་པའི་ཀློང་དུ་གཏན་སྲིད་ཟིན་པ་མཐར་ཐུག་གི་འབྲས་བུའི་རྣམ་བཞག་ཞེས་ཐེག་པ་གཞན་དང་སྒོ་བསྟུན་ནས་གསུང་པ་ཙམ་ལས། གཞི་ལམ་འབྲས་བུ་ཐམས་ཅད་དུ་མ་རོ་གཅིག་དོན་ལ་དབྱིངས་ཀ་དག་དང་འོད་གསལ་ལྷུན་གྲུབ་རིག་སྟོང་ཆོས་ཟད་ཆེན་པོའི་ཐིག་ལེ་ཉག་གཅིག་གི་ངོ་བོར་ཡེ་ནས་རྫོགས་ཤིང༌། ཆོས་ཉིད་རང་ངོ་ན་ལམ་འབྲས་ཀྱི་ཡོན་ཏན་འཕེལ་བ་དང༌། གཞིའི་སྐབས་སུ་འགྲིབ་པས་སྐྱོན་ཅན་འཕོ་འགྱུར་དང་བྲལ་བ་གདོད་ནས་དབྱེར་མེད་ཆེན་པོ་སངས་རྒྱས་འཕགས་པའི་ཡེ་ཤེས་སྒྲ་ཇི་བཞིན་པའོ། །གཞི་འབྲས་དབྱེར་མེད་ཀྱི་ཚུལ་དེ་ལྟ་བུ་གསང་བ་མཐར་ཐུག་གི་དོན་གདུལ་བྱ་དབང་རབ་སོགས་ཀྱིས་ཟབ་དོན་རྟོགས་ཤིང་འབྲས་བུའི་ཡོན་ཏན་མངོན་དུ་བྱེད་པའི་འཇུག་སྒོ་གཞན་ཐེག་པ་རིམ་པ་དགུའི་ལྟ་སྒོམ་སྤྱོད་འབྲས་ལས་ཁྱད་པར་དུ་འཕགས་པ་ཐེག་པའི་རྩེ་མོ། གྲུབ་མཐའི་རྒྱལ་པོ། སངས་རྒྱས་ཀྱི་ཡེ་ཤེས་དངོས་སུ་ལམ་དུ་བྱེད་ནུས་པ་ནི་རྫོགས་པ་ཆེན་པོ་ཡིན་ཏེ། དེ་ལ་ནང་གསེས་སུ་རྫོགས་པ་ཆེན་པོ་དེ་ཡང་མན་ངག་ཅེས་པའི་དོན་འདོད་པའི་འབྲས་བུ་དེ་ཐོབ་བྱེད་ཀྱི་རྒྱུ་རྐྱེན་ཐམས་ཅད་ཚོགས་པ་དང༌། དུས་ཡུན་རིང་པོ་དང་སྒོ་གསུམ་དཀའ་ཚེགས་ངལ་དུབ་ཆུང་ངུའི་བདེ་མྱུར་གྱི་ཐབས་ཟབ་དགུར་ཤན་འབྱེད་ཀྱི་འཕྱང་བཅུ་གསུམ། ངོ་སྤྲོད་ཀྱི་གཟེར་བརྒྱད། གནད་བཞི་སོགས་སྔོན་འགྲོ་དངོས་གཞིའི་ལམ་ཟབ་མོའི་ལོ་གསུམ་ཟླ་བ་དྲུག་གིས་མྱུར་དུ་སངས་མི་རྒྱ་བའི་ཐབས་མེད་པའི་གདམས་པའི་གནད་གཟེར་གྱི་འཕྲུལ་ཐགས་ངོ་མཚར་ཅན་བློས་དཔག་སྟེ་ཚད་བཟུང་དཀའ་བ་ཞིག་གོ། །སྡེ་ནི་ཚིག་ཉུང་ངུ་དང་དོན་ཆུང་བ་ཚེ་འདིའི་འདོད་པ་སྒྲུབ་པའི་ཐབས་ལྟ་བུ་ལས་ལྷག་པའི་རྫོགས་པ་ཆེན་པོའི་མན་ངག་སྡེའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི། ཀློང་སྡེ་བམ་པོ་སྟོང་ཕྲག་དྲུག་དང་སུམ་བརྒྱ། སེམས་ཀྱི་སྡེ་ལ་ཤློ་ཀ་འབུམ་ཕྲག་ཉེར་གཅིག་སོགས་མང་ཞིང༌། ཤིན་ཏུ་རྒྱས་པ། ཚངས་ཆེན་ཞིང་གི་འབྱོར་པ་ལས་ཀྱང་རིན་ཐང་ཆེ་བ་ཀུན་བཟང་ཐུགས་ཀྱི་བསྟན་པའི་ཉིང་ཁུར་གྱུར་པ་སྟེ་ལུང་རྟོགས་ཀྱི་རང་བཞིན་རྒྱལ་བསྟན་རིན་པོ་ཆེ་མདོ་སྔགས་ཐམས་ཅད་ཡོངས་སུ་རྫོགས་པ་ཐེག་པའི་མཆོག་འདིར་འཇུག་པའི་ལམ་སྟེགས་སུ་གསུངས་པས་གྲུབ་མཐའ་ཐམས་ཅད་ཀྱི་རྩེ་རྒྱལ་ཐེག་རིམ་དགུ་ཡི་མཆོག་འོད་གསལ་རྡོ་རྗེ་སྙིང་པོའི་ངེས་དོན་མཐར་ཐུག་གི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་མན་ངག་སྡེའི་གསང་ཆེན་ངེས་པའི་རྒྱུད་ཀྱི་རྒྱལ་པོ་བཅུ་བདུན་ཞེས་གྲགས་པ་སྟེ། སྡེ་སྣོད་ཀུན་གྱི་འཇུག་སྒོ་དང་རྫོགས་པ་ཆེན་པོའི་ཚིག་དོན་གྱི་སྒོ་འབྱེད་པ་སྒྲ་ཐལ་འགྱུར་རྩ་བའི་རྒྱུད། དབང་དང་བྱིན་རླབས་ཆུ་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང༌། མི་འགྱུར་བའི་ཆོས་ཉིད་སྟོན་པས་རི་རྒྱལ་ལྟ་བུའི་རྒྱུད་ཡི་གེ་མེད་པ། བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར། རྫོགས་པ་ཆེན་པོའི་དོན་གསལ་བར་སྟོན་པ་ཉི་མ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང༌། ལྟ་བ་རྟོགས་ཤིང་གོལ་གྲིབ་དང་བར་ཆད་མེད་པ་ཁྱུང་ཆེན་ལྟ་བུའི་རྒྱུད་ཀློང་དྲུག་པ། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པ་སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས། གང་འདོད་འབྱུང་བ་རྒྱལ་པོའི་བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུངས་པ། འཁྲུལ་པའི་འཁོར་ལོ་རྒྱུན་གཅོད་པས་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། གོལ་ས་གཅོད་པ་རལ་གྲི་ལྟ་བུའི་རྒྱུད་ཐུགས་ཀྱི་མེ་ལོང༌། ཚིག་དོན་གསེར་ལ་གཡུས་སྤྲས་པ་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུའི་ཕྲ་བཀོད། མན་ངག་ཁྲིགས་ཆགས་སུ་སྟོན་པ་རྒྱན་འཕྲེང་ལྟ་བུའི་རྒྱུད་མུ་ཏིག་འཕྲེང་བ། དཔེ་དོན་སྦྱར་ཏེ་སྟོན་པས་སྒེག་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ། རིན་ཆེན་འོད་འབར་བས་སྣང་བ་སྟོན་པ་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། གཞུང་ཚིག་རང་གྲོལ་ཏུ་སྟོན་པ་སྦྲུལ་མདུད་རང་གྲོལ་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཡིད་ཆེས་ངེས་པའི་ཚིག་གིས་བར་དོ་ངེས་པ་མ་པང་དུ་བུ་འཇུག་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། རྒྱལ་པོའི་གདུང་འཛིན་པས་རྒྱལ་ས་འཛིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ་སྟེ་གསང་ཆེན་ངེས་པའི་རྒྱུད་རྒྱལ་བཅུ་བདུན། བཀའ་སྲུང་སྔགས་སྲུང་ཁྲོས་མའི་རྒྱུད་འགལ་བྱེད་ཆམས་ལ་འབེབས་པ་སྤུ་གྲི་ལྟ་བུའི་རྒྱུད་དང་བཅོ་བརྒྱད་སྟེ། དེ་དག་ལས་དང་པོ་རྩ་བའི་རྒྱུད་རྫོགས་པ་རང་བྱུང་ལེའུ་བརྒྱད་ལ་བརྟེན་ནས་སྤྲོས་པ་ལ་དགའ་བ་རྣམས་སྨིན་པར་བྱེད། ཡི་གེ་མེད་པའི་རྒྱུད་ལེའུ་དྲུག་པས་སྨིན་ཟིན་པ་དེ་གྲོལ་བར་བྱེད་པའི་མན་ངག་གི་གནད་རྫོགས་པར་བསྟན་པའོ། །གཉིས་པ་བཤད་རྒྱུད་མ་བུ་གཉིས་ནི། བཤད་རྒྱུད་རིག་པ་རང་ཤར་ལེའུ་བརྒྱད་ཅུ་རྩ་དྲུག་པ་ལ་བརྟེན་ནས་ལྟ་སྒོམ་སྤྱོད་པ་འབྲས་བུ་བཞིའི་བརྗོད་བྱ་ཁྱད་པར་དུ་གསལ་བ་དང༌། རིག་པ་རང་གྲོལ་ལེའུ་དགུ་པ་ལ་བརྟེན་ནས་མའི་ས་གཅོད་ཀྱི་དམིགས་བསལ་བར་བྱེད་པའོ། །གསུམ་པ་ཡན་ལག་གི་རྒྱུད་གཉིས་ནི། རིན་ཆེན་སྤུངས་པ་ལེའུ་ལྔ་པ་ལ་བརྟེན་ནས་ཡོན་ཏན་རང་ལ་རྫོགས་པར་སྟོན་པ་དང༌། སྐུ་གདུང་འབར་བ་ལེའུ་གསུམ་པ་ལ་བརྟེན་ནས་སྔ་ཕྱི་ལུས་ངག་ཡིད་ཀྱི་རྟགས་བསྟན་པའོ། །བཞི་པ་ལུང་རིགས་གསལ་བའི་རྒྱུད་གཉིས་ནི། སྒྲ་ཐལ་འགྱུར་ལེའུ་དྲུག་པ་ལ་བརྟེན་ནས་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་བསྟན་པ་དང༌། བཀྲ་ཤིས་མཛེས་ལྡན་ལེའུ་བདུན་པ་ལ་བརྟེན་ནས་འཁྲུལ་པའི་དུས་ལ་སོགས་པ་ངོས་བཟུང་བའོ། །ལྔ་པ་མན་ངག་གི་རྒྱུད་སྡེ་བཞི་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལེའུ་བརྒྱད་པ་ལ་བརྟེན་ནས་ངོ་སྤྲད་པ་དང༌། ཕྲད་པ་དང༌། དབང་དང་དམ་ཚིག་ལ་སོགས་པ་བསྟན་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལེའུ་བདུན་པ་ལ་བརྟེན་ནས་གོལ་འགྲིབ་ཤན་འབྱེད་པར་བསྟན་པ་དང༌། ངོ་སྤྲོད་སྤྲས་པ་ལེའུ་གསུམ་པ་ལ་བརྟེན་ནས་དཔེ་དོན་རྟགས་ལ་ཡིད་ཆེས་པར་བསྟན་པ་དང༌། མུ་ཏིག་ཕྲེང་བ་ལེའུ་བརྒྱད་པ་ལ་བརྟེན་ནས་མན་ངག་ཁྲིགས་ཆགས་སུ་བསྟན་པས་སངས་རྒྱས་པར་བྱེད་པའོ། །བདུན་པ་དགོངས་པ་རང་གནས་ཀྱི་རྒྱུད་གསུམ་ནི། ཀློང་དྲུག་པ་ལེའུ་དྲུག་པ་ལ་བརྟེན་ནས་རིགས་དྲུག་གི་སྐྱེ་གནས་དག་པར་བྱས་པས་ཁམས་གསུམ་དོང་ནས་སྤྲུགས་པར་བསྟན་པ་དང༌། སྒྲོན་མ་འབར་བ་ལེའུ་བཞི་པ་ལ་བརྟེན་ནས་སྒྲོན་མ་བཞི་དངོས་སུ་བསྟན་པ་དང༌། ཉི་ཟླ་ཁ་སྦྱོར་ལེའུ་བཞི་པ་ལ་བརྟེན་ནས་བར་དོ་བཞི་ལམ་དུ་ཁྱེར་བར་བསྟན་པའོ། །བདུན་པ་འཇུག་པ་རང་གྲོལ་གྱི་རྒྱུད་གཉིས་ནི། སེང་གེ་རྩལ་རྫོགས་ལེའུ་གསུམ་པ་ལ་བརྟེན་ནས་ལྟ་བ་དབྱིབས་འགྱུར་བར་བསྟན་པ་དང༌། ནོར་བུ་ཕྲ་བཀོད་ལེའུ་བཅུ་བཞི་པ་ལ་བསྟེན་ནས་རྣལ་འབྱོར་པའི་ལམ་སྲོལ་དུ་འཇུག་པར་བསྟན་པའོ། །བརྒྱད་པ་མཁས་པ་ཆོ་གའི་རྒྱུད་ནི། དཔལ་ནག་མོ་ཁྲོས་མའི་རྒྱུད་ལེའུ་བརྒྱ་རྩ་བརྒྱད་ལ་བརྟེན་ནས་བསྟན་པ་དམ་པ་སྲུང་བའོ། །གསང་ཆེན་ངེས་པའི་རྒྱུད་རྒྱལ་བཅུ་བདུན་གྱི་དགོངས་དོན་ཚུལ་བཞིན་བཀྲལ་བའི་གཞུང་འགྲེལ་མན་ངག་དང་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་སློབ་དཔོན་དགའ་རབ་རྡོ་རྗེ་སོགས་རིག་འཛིན་ཆེན་པོ་དུ་མས་མཛད་པ་ད་ལྟ་མཁའ་འགྲོའི་ཞིང་རྣམས་སུ་མཐའ་ཡས་བཞུགས་ལ། ཅི་རིགས་ཏེ་ཟབ་གཏེར་ནས་བྱོན་པ་ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡང་ཏི་སངས་རྒྱས་མཉམ་སྦྱོར། ཉི་མ་སེང་གེའི་བླ་རྫོགས་ཐུགས་གསུམ་ཀུན་འདུས་པདྨ་ཞི་ཁྲོ། རིག་འཛིན་རྒོད་ལྡེམ་གྱི་དགོངས་པ་ཟང་ཐལ། པདྨ་ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཐིག །སངས་རྒྱས་གླིང་པས་བླ་མ་དགོངས་འདུས་རྫོགས་ཆེན་གསེར་ཞུན། རྡོ་རྗེ་གླིང་པས་རྫོགས་ཆེན་ལྟ་བ་ཀློང་ཡངས། རིན་ཆེན་གླིང་པས་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ། རཏྣ་གླིང་པས་རྫོགས་ཆེན་ཀློང་གསལ་སྙིང་ཐིག །པདྨ་གླིང་པས་ཀུན་བཟང་དགོངས་འདུས། ཀརྨ་གླིང་པས་ཞི་ཁྲོའི་རྫོགས་རིམ། ཀུན་སྐྱོངས་གླིང་པས་རྡོར་སེམས་སྙིང་ཐིག །འཇའ་ཚོན་གླིང་པས་དཀོན་མཆོག་སྤྱི་འདུས་རྫོགས་ཆེན། བདུད་འདུལ་རྡོ་རྗེའི་དམ་ཆོས་སྤྲུལ་སྐུ་སྙིང་ཐིག །རིག་འཛིན་ཀློང་གསལ་སྙིང་པོའི་རྫོགས་ཆེན་རྡོ་རྗེ་སྙིང་པོ། ཨོ་རྒྱན་གཏེར་བདག་གླིང་པའི་ཨ་ཏི་ཟབ་དོན་སྙིང་པོ། སྟག་ཤམ་ནུས་ལྡན་རྡོ་རྗེའི་རྫོགས་ཆེན་ལྟ་བ་གསང་ཐིག །ཆོས་རྗེ་གླིང་པའི་འཇའ་ལུས་རྡོ་རྗེའི་སྲོག་སྒྲུབ། ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་རིག་འཛིན་སྲོག་སྒྲུབ་དང༌། ཐོལ་གླུ་རྡོ་རྗེ་སྙིང་པོ། ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་བླ་མ། མཆོག་གྱུར་བདེ་ཆེན་གླིང་པའི་རྫོགས་ཆེན་སྡེ་གསུམ་དང༌། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རིག་འཛིན་པདྨ་འབྱུང་གནས་ཀྱི་རྫོགས་ཆེན་སོགས་རྒྱ་ཆེ། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ལྕེ་བཙུན་སྙིང་ཐིག་དང༌། འཕགས་མའི་སྙིང་ཐིག་གི་བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོའི་རྫོགས་ཆེན་སོགས་དང༌། འཇམ་མགོན་བསྟན་གཉིས་གླིང་པས་གསང་ཐིག་ཡབ་བཀའི་རྫོགས་ཆེན་སོགས་དང་ཀུན་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་རྫོགས་ཆེན་ཟབ་གཏེར་རྒྱུད་ལུང་མན་ངག་གི་ཚུལ་དུ་ཡང་ཡོད་དོ། །རང་ཅག་བོད་ཡུལ་དུའང་དཔལ་ཨོ་རྒྱན་ཆེན་པོས་གཞོ་སྟོད་ཏི་གྲོ་མཁའ་འགྲོའི་ཚོགས་ཁང་དུ་ཡེ་ཤེས་མཚོ་རྒྱལ་གཙོ་བོར་གྱུར་པའི་མཁའ་འགྲོ་འབུམ་ཕྲག་ཡངས་པ་ལ་གསུང་པའི་མཁའ་འགྲོ་སྙིང་ཐིག་ཞེས་ཡོངས་སུ་གྲགས་པའི་མཚོན་གཏེར་ནས་བྱུང་བ་རྣམས་དང༌། ཉང་ཏིང་འཛིན་བཟང་པོས་ཤ་ཡི་སྤྱན་གྱིས་གཟིགས་ཏེ་མངའ་བདག་ཁྲི་སྲོང་ལ་ལུང་བསྟན་པ་བཞིན་རྒྱ་གར་ནུབ་ཕྱོགས་ཨིནྡྲ་བྷཱུ་ཏིའི་མཆོད་གནས་པཎ་ཆེན་ལྔ་བརྒྱའི་གཙུག་རྒྱན་བི་མ་མི་ཏྲས་མངའ་བདག་ཆོས་ཀྱི་རྒྱལ་པོ་དང༌། ཉང་བན་ཏིང་འཛིན་བཟང་པོ་སོགས་ལ་གསུང་པའི་བི་མའི་སྙིང་ཐིག་གཏེར་སྟོན་ལྡང་མ་ལྷུན་རྒྱལ་དང༌། ལྕེ་བཙུན་ཆེན་པོའི་གཏེར་ནས་སྤྱན་དྲངས་ཏེ་གདུལ་བྱའི་སྐལ་པར་སྔར་ནས་བྱོན་པ་ད་ལྟ་ཡང་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་བཞུགས་ལ། དེ་འཛིན་པའི་སྐྱེས་མཆོག་ཐེག་མཆོག་སྙིང་པོའི་ལྟ་སྒོམ་ཕུན་སུམ་ཚོགས་པ་ཅན་ཆོས་པ་ཕལ་གྱིས་འགྲན་ཟླ་བྲལ་བ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་སྦས་མངོན་དུ་མ་ཞིག་སྔར་ནས་རིམ་བཞིན་བྱུང་ཞིང་ད་ལྟ་ཡང་ཡོད་ལ་ཕྱིས་ཀྱང་འབྱོན་པར་འགྱུར་བ་དེ་དག་བླ་མའི་མན་ངག་ལས་སྐྱེས་པ་ཤ་སྟག་ཡིན་ལ། དེས་ན་རྒྱལ་ཀུན་སྤྱི་མེས་ཀུན་ཏུ་བཟང་པོ་ནས་བཟུང་སྟེ་ཐེག་པ་མཆོག་གི་སྟོན་པའི་དྲིན་གྱིས་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེ་བྱུང་ཞིང༌། གྲུབ་མཐའ་རིས་སུ་མ་ཆད་པའི་བསྟན་འཛིན་དམ་པ་རྣམས་ཀྱིས་ཐུན་མིན་གསང་བའི་ཐུགས་ཉམས་སུ་བཞེས་པའི་བཀའ་དྲིན་གྱིས་བསྟན་འཛིན་གྱི་སྡེ་ཐེག་མཆོག་རྫོགས་པ་ཆེན་པོའི་གྲོལ་ཚད་དང་ལྡན་པ་དུ་མ་བྱུང་བ་དང༌། མ་འོངས་པ་ན་ཡང་དེ་ལྟར་འབྱུང་བར་འགྱུར་བ་ཁོ་ནའོ། །དེས་ན་གཅུད་ཕུར་ཞེས་པ་རྫོགས་པ་ཆེན་པོ་བཀའ་གཏེར་གྱི་ཟབ་དགུ་ཐམས་ཅད་ཀྱི་ཉིང་ཁུའི་དོན་ཏེ་སྤྱིར་ཟབ་གཏེར་ཚད་མ་ཐམས་ཅད་རྡོ་རྗེ་ཐེག་པའི་རྒྱུད་ཟབ་ཅིང་གསང་བ། མཁས་གྲུབ་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པ་འོག་མིན་གྱི་ཞིང་དང་ཨུ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་ཐམས་ཅད་གསང་བ་རྒྱ་མཚོའི་བདག་པོར་བསམ་བཞིན་དུ་བྱོན་ཅིང༌། རྒྱུད་དོན་མངོན་ཤེས་ཀྱིས་གཟིགས་པ་པཎ་ཆེན་བི་མ་ལ་མི་ཏྲ་དང༌། གུ་རུ་རིན་པོ་ཆེ་ལྟ་བུ་བརྟུལ་ཞུགས་དང་རྫུ་འཕྲུལ་ལ་མངའ་བརྙེས་པས་སུས་ཀྱང་ཕ་མཐའ་མི་དཔོག་པའི་རྒྱུད་ཐམས་ཅད་ཀྱི་ཁོང་སྙིང་ཕྱུངས་གབ་སྦས་ཀྱི་གསང་བ་ཐམས་ཅད་རྗེན་པར་བཀྲལ། རང་ཉིད་གང་དུ་གཤེགས་པའི་ལམ་དེ་དམར་ཁྲིད་མཛུབ་ཚུགས་སུ་བསྟན་པས་གཅུད་ཕུར་ཏེ་བཤད་མ་ཐག་པའི་ཆོས་སྡེ་དེ་ཐམས་ཅད་ཀྱི་ཡང་ཞུན་དཔེར་ན་བུ་རམ་ཤིང་གི་ཁུ་བའི་ཡང་སྙིང་ལས་ཀ་ར་དང༌། མེ་ཏོག་གི་བཅུད་ལས་སྦྲང་རྩི་ལྟ་བུའི་ཡང་ཞུན་ཚིག་གི་སྤྲོས་པ་རྒྱ་མི་ཆེ་བས་འཛིན་བདེ་བ་སྙིང་པོའི་བཅུད་ཐིག །གྲུབ་པའི་མན་ངག་རྟོག་གེའི་རང་བཟོའི་མ་བསླད་པས་བྱིན་རླབས་ཀྱི་ཚན་ཁ་ཆེ་བ། གྲུབ་བརྙེས་ཀྱི་བརྒྱུད་པ་བར་མ་ཆད། དམ་ཉམས་དང་འདྲེ་ཁྱེར་གྱི་སེལ་མ་ཞུགས་ཤིང༌། མཁའ་འགྲོའི་ཁ་རླངས་མ་ཡལ་བས་སློབ་མ་ལས་ཅན་ལ་བདེ་མྱུར་གྱི་དྲོད་ཚད་བསྐྱེད་ནུས་པ། སྐྱེ་འཆི་བར་དོའི་ཉམས་ལེན་ཐམས་ཅད་ཚང་བས་དབང་པོ་རབ་འབྲིང་ཐ་གསུམ་ཀ་ལ་མྱོང་ཁྲིད་དུ་འདེབས་སླ་བ་སོགས་ཟབ་ཁྱད་ཤིན་ཏུ་ཆེ་བ་ལྕེ་བཙུན་སྙིང་ཐིག་གི་གཏེར་གཞུང་དཔལ་སྤྲུལ་ཆོས་ཀྱི་དབང་པོའི་གཟིགས་པས་འཇམ་དབྱངས་མཁྱེན་བརྩེའི་གཏེར་ཆོས་འདི་རྒྱ་གར་གྱི་གྲུབ་ཆེན་རྣམས་ཀྱི་དོ་ཧ་ལྟ་བུ་འདུག་ཞེས་བསྔགས་འོས་པས་ཆོས་སྤྱན་མངའ་བའི་འབབ་སྟེགས་སུ་ཆེ་བས། ཆོས་བཀའ་འདིའི་བདག་པོར་བསྔགས་པ་འཇམ་མགོན་བློ་གྲོས་མཐའ་ཡས། རྒྱལ་ཚབ་པདྨ་བི་ཛ་ཡ། མཁས་གྲུབ་འཇམ་དབྱངས་གྲགས་པ། གཏེར་ཆེན་ལས་རབ་གླིང་པ། ཨ་འཛོམས་འབྲུག་པ་སྣ་ཚོགས་རང་གྲོལ། གྲུབ་དབང་ཤཱཀྱ་ཤྲཱི། གླིང་དཀར་ས་སྐྱོངས་པདྨ་བཞད་པ་སོགས་སྣང་བཞི་མཐར་ཕྱིན་གྱི་སྐྱེས་ཆེན་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་ལ་མངའ་བརྙེས་པ་དུ་མ་བྱུང་བས་མཚོན་ཟབ་ཁྱད་ཤིན་ཏུ་ཆེ་བ་ཉམས་སུ་བླང་བས་ཤེས་པས་དེ་སྐད་ཅེས་བྱའོ། །མཚན་གཉིས་པའི་སྐབས་ཀྱི་མན་ངག་ཅེས་པ་ལམ་གཞན་ལ་མ་གྲགས་པའི་རང་བྱུང་གསང་བ་ཆེན་པོའི་རྩ་ཀ་ཏི་ཤེལ་སྦུག་ཅན་དུ་གབ་པའི་འོད་གསལ་གསང་བ་ཆེན་པོའི་འཆར་བ་ཡེ་ཤེས་རིན་པོ་ཆེའི་གསང་མཛོད་མངོན་སུམ་དུ་ངོ་སྤྲོད་པའི་ཕྱིར་དང་པོ་འཆར་བྱེད་སྒོ་ཡི་གནད་གཟིགས་སྟངས་གསུམ་གྱིས་གཅུན་པས་ཡེ་ཤེས་ཀྱི་མཐོང་ཕྱེད་དེ་ཆོས་ཉིད་ཟེར་གདངས་ལ་སྤྱོད་པས་མཐོང་བ་དབང་པོའི་ཁྱད་པར། གཉིས་པ་འཆར་གཞི་ཡུལ་གྱི་གནད་ཕྱི་རྒྱན་གྱི་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བར་དབྱར་མ་སྟོན་དང་དགུན་ཆུང་གི་དུས་སུ་རྣམ་གཡེང་དང་འདུ་འཛིའི་འཁྲུལ་རྐྱེན་དང་བྲལ་ཞིང་གནས་རི་བྲག་གངས་རྩེ་སོགས་ཉི་ཟླ་འཆར་སྔ་ནུབ་ཕྱི་ཤར་གྱི་མདངས་འཕྲོག་ཅིང་ནུབ་ཀྱི་ཟེར་སྡུད་པའི་སྐབས་ཟེར་གཉིས་དང་སྦྱར་ཞིང༌། དབྱིངས་རིག་སྨིན་མཚམས་ལས་བྲལ་ནས་སྔ་དྲོ་ནུབ་དང༌། ཕྱི་དྲོ་ཤར་དུ་བལྟས་པས་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བ་དང་ཕྱི་ནང་ཟང་ཐལ་གྱིས་དབང་པོས་དབྱིངས་ཡེ་གཉིས་མེད་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར། གསུམ་པ་རླུང་གི་གནད་ནི། རིག་པའི་རྩལ་སེམས་རླུང་གི་གཡོས་པས་འཁྲུལ་རྟོག་གི་རྒྱུན་མཐུད་པ་དག་པར་བྱེད་པའི་ཐབས་སུ་རླུང་མཆུ་དང་སོ་མ་རེག་ཙམ་གྱི་བར་ནས་བཏང་སྟེ་ཕྱིར་འཛིན་པ་ཡུན་རིང་ཙམ་བྱས་པས་གློ་བའི་ལས་ཀྱི་རླུང་འགྲོ་འོང་གི་རྣམ་པ་ཅན་རང་བབས་སུ་དག་པ་དང༌། ལས་རླུང་རང་བཞིན་གྱིས་དག །རྩ་འཁོར་ལོ་བཞིར་རླུང་སེམས་དག་པའི་རྟགས་བཅུ་དང་ཡོན་ཏན་བརྒྱད་འབད་མེད་དུ་འཆར་ཞིང་ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་དབྱིངས་རིག་མི་འགྱུར་བའི་གནད་དང་ལྡན་པའོ། །བཞི་པ་རིག་པའི་གནད་ནི། མི་གཡོ་བ་གསུམ་གྱིས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་རགས་པ་ཐམས་ཅད་ཟད་ནས་ལུས་འོད་གསལ་དུ་གྲོལ་བའི་ཁྱད་པར་དང༌། ལུས་སེམས་འོད་གསལ་དུ་གྲོལ་བས་འཕོ་བ་ཆེན་པོའི་རྡོ་རྗེའི་སྐུའི་ནམ་མཁའ་ཇི་སྲིད་དུ་འགྲོ་དོན་རླབས་པོ་ཆེ་མི་སློབ་པའི་གོ་འཕང་ཚེ་འདིར་མངོན་དུ་ཐོབ་པར་བྱ་སླ་ཞིང༌། འབད་རྩོལ་ཅན་གྱི་ལམ་གཞན་ལྟར་མ་ཡིན་པ་འཇུག་བདེ་བའི་ཐབས་མཆོག་གིས་མཚོན་ཏེ་རང་གནས་སྐུ་དང་ཡེ་ཤེས་རྗེས་དཔག་ཙམ་མ་ཡིན་པ་འོད་གསལ་སྒྲོན་མ་བཞིའི་སྣང་བ་ལ་བརྟེན་ནས་རང་གནས་སྐུ་དང་ཡེ་ཤེས་མངོན་སུམ་དུ་གཏན་ལ་འབེབས་ནུས་པའི་གནད་དོན་རྟོག་གེས་བློས་གཏིང་མི་དཔོག་པའི་ཁྱད་པར་བདུན་དང་ལྡན་པ་ཡང་གསང་མན་ངག་སྙིང་ཐིག་གི་ཟབ་གནད་བསྟན་པ་ཐེག་པ་གཞན་ལ་མ་གྲགས་པའོ། །ཐམས་ཅད་ཀྱི་རྒྱལ་པོ་ཞེས་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆེན་པོ་བྱང་སེམས་དང༌། ཆུང་ངུ་ཉན་རང་དང་ལྷ་མིའི་ཐེག་པ། འབྲས་བུ་གསང་སྔགས་ལ་ཕྱི་དཀའ་ཐུབ་རིག་བྱེད་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ། ནང་དབང་བསྒྱུར་ཐབས་ཀྱི་ཐེག་པ་མ་ཧཱ་ཨ་ནུ་ཨ་ཏིའི་ཐེག་པ་གསུམ་གྱི་རྒྱ་ཆེ་བ་མདོ་དང་རྒྱུད། དེ་ལས་མཁས་གྲུབ་ཀྱི་སྐྱེས་བུས་དབང་དང་སྒྲུབ་ཐབས་ཁོལ་དུ་བྱུང་བས་ལུང༌། དེའི་བསྐྱེད་བཟླས་རྫོགས་གསུམ་གྱི་ཟབ་གནད་ཐུན་མིན་མན་ངག་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་གསུང་པའི་ཕྱིར་རྡོ་རྗེ་ཐེག་པའི་ལམ་གྱིས་དངོས་དང༌། མཚན་ཉིད་ཐེག་པས་བརྒྱུད་ནས་མཐར་ཐུག་རྣམ་མཁྱེན་ཁོ་ནར་གཞོལ་ཐབས་ལས་མ་འདས་པས་གྲུབ་མཐའ་གཞན་ལ་ལྟོས་ན་ཁྱད་པར་ཅན་རེ་ཡིན་མོད། དེ་དག་ཀུན་ལས་སངས་རྒྱས་ཀྱི་ཡེ་ཤེས་སྒྲ་ཇི་བཞིན་དངོས་སུ་ལམ་དུ་བྱེད་པའི་ཐེག་པ་མཆོག་འདི་ཉིད་ཐབས་ལ་མཁས་པའི་འཕྲུལ་འཁོར་ལྟར་ཁྱད་དུ་འཕགས་པ་ནི། དཔེར་ན་རྒྱལ་ཕྲན་སོགས་སྐྱེ་བོ་ཡ་རབས་གྲངས་མང་ཞིང་མཛངས་འཕྲུལ་གྱི་སྟོབས་དཔུང་མངའ་ཐང་ཇི་ཙམ་ཆེ་བ་སུས་ཀྱང་འཁོར་ལོའི་བསྒྱུར་རྒྱལ་གྱི་སྐུ་གཅིག་པུ་སྒོ་ཀུན་ནས་འགྲན་མི་ནུས་པ་དེ་བཞིན་འདི་མན་ཆད་ཀྱི་བསྐྱེད་རྫོགས་རིམ་གཉིས་ཟབ་མོ་སོགས་སེམས་ལམ་བྱེད་ཀྱི་ཆོས་ཚུལ་གང་གིས་ཀྱང་ཐེག་མཆོག་རྫོགས་པ་ཆེན་པོའི་མན་ངག་གི་དུམ་བུའམ་ལེའུ་གསུམ་པ་འདི་ཙམ་ལའང་ཟབ་ཁྱད་འགྲན་མི་ནུས་ཏེ། འབྲས་བུ་རྣམ་མཁྱེན་གྱི་གོ་འཕང་ཐོབ་བྱེད་ཀྱི་ལམ་བདེ་མྱུར་འདི་དང་མཚུངས་པ་མེད་དོ། །གསང་བ་མཆོག་འདི་ཚུལ་བཞིན་ཉམས་སུ་བླང་བ་དབང་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་མི་ལོ་བདུན་ཚུན་ཆད་ལ་གྲོལ་ངེས་པ་རྒྱུད་དང་རིག་འཛིན་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པའི་ཕྱིར་རོ། །ཀློང་ཞེས་པ་ཆོས་ཉིད་སྟོང་པའི་ཆ་དབྱིངས་ཏེ། ལྔ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཡི་སྟོང་ཆའི་ངོས་ནས་ཆོས་ཅན་ལ་ལྟོས་ཏེ་དབྱིངས་ལྔའི་རྣམ་དབྱེ་མཛད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་དབྱིངས་སོགས་སོ། །དེའི་ཡི་གེ་ནི་གསང་སྙིང་ལས། དབྱིངས་ལས་དབྱིངས་ཀྱིས་བྲིས་པ་སྟེ། དེ་ཕྱིར་ཡི་གེ་ཞེས་བརྗོད་དོ། །ཅེས་པ་ལྟར་ཡུལ་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅིར་ཡང་མ་ཡིན་པའི་དབྱིངས་ལ། ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རྩལ་མ་འགགས་པ་ཅིར་ཡང་འཆར་བའི་ཤེས་རབ་ཀྱི་བརྗོད་མེད་བརྗོད་པའི་མཆོག་དང་ལྡན་པས་བྱ་རྩོལ་མེད་པར་བྲིས་པའི་བརྡར་བཏགས་པ་སྟེ་ཡེ་ནས་ལྷུན་གྱིས་གྲུབ་ཅིང་འགྱུར་བ་མེད་པས་ཨ་ཀྵ་ར་ཞེས་གྲགས་པ་སྟེ། ལྕེ་བཙུན་ཆེན་པོ་གཟུགས་སྐུ་ནང་གསལ་དུ་བསྡུ་བའི་ཚེ་རྡོ་རྗེའི་ཞལ་ཆེམས་བསྩལ་བ་ཌཱ་ཀི་དཔལ་གྱི་བློ་གྲོས་མ་འཁོར་དང་བཅས་པས་བཀའ་ཡི་བསྡུ་བ་མཛད་ཚུལ་རིགས་དྲུག་ཀློང་གྲོལ་གྱི་ཡི་གེ་འབྲུ་དྲུག་ཏུ་སྣང་བ་ཡང་ཞེས་འབྱུང་བ་ལྟར་དབྱིངས་དོན་དབང་གི་ཡི་གེའི་རང་མདངས་ལས་རྡོ་རྗེའི་ལུས་ལ་རྩ་ཡི་ཡི་གེ་འབྱུང༌། དེའི་གདངས་ལས་བརྗོད་པ་སྒྲ་ཡི་ཡི་གེར་ཤར། དེ་སྒྲིབ་པ་ལས་གྲོལ་བས་འབྲས་བུའི་ཡི་གེར་གནས་འགྱུར་བས་ངོ་བོ་གཅིག་ཏུ་འདུས་པའི་གནད་ཀྱིས་ཀློང་དྲུག་གི་ཡི་གེ་དྲུག་པོའི་འ་ཆུང་ཨ་ལ་བསྡུས་ཏེ། ཨ་མེ་ལོང་ཡེ་ཤེས། ཤ་ཆོས་དབྱིངས་ཡེ་ཤེས། ས་མཉམ་ཉིད་ཡེ་ཤེས། མ་སོར་རྟོག་ཡེ་ཤེས། ཧ་བྱ་གྲུབ་ཡེ་ཤེས་ཀྱི་ཀློང་ལྔ་ཡི་དབྱིངས་ཏེ། མདོར་ན་སངས་རྒྱས་ཀྱི་ཡེ་ཤེས་ལྔ་ལ་ཇི་ལྟར་མངའ་བའི་ཡོན་ཏན་ཐམས་ཅད་ཡི་གེ་ལྔ་ལ་རྫོགས་པས་ན། རྫོགས་པ་ཆེན་པོའི་རྒྱུད་ཀྱི་ཚིག་དོན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་རྗེན་པ་སྟོན་པའི་སྒྲ་ཚིག་ཡིན་པའི་གནད་ཀྱིས་ཏེ་ཚིག་དོན་རྫོགས་པར་ཡི་གེ་དྲུག་གི་བཟུང་ནུས་པ་སྟེ། གསང་རྒྱུད་ལས། མཁའ་འགྲོ་བརྡ་ལ་བརྟེན་པ་སྟེ། །བརྡ་དང་བརྡ་ཡི་ལན་ལ་མཁས། །དོན་གྱི་ངོ་བོ་བརྡ་ལ་སྦྱོར། །མཁའ་འགྲོ་བརྡ་ཡི་སྲོག་ཅན་ནོ། །ཞེས་གསུངས་པ་ལྟར་བརྡ་ལ་བརྟེན་པའི་མཁའ་འགྲོའི་ཡི་གེ་ནི་དེ་དང་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱིས་ཁྲོལ་མི་སྲིད་པས། གཏེར་དུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་བརྡ་ཡི་ཡི་གེའི་གཅིག་པ་བཞིན་སླད་ནས་རབ་བྱུང་བཅུ་བཞི་པའི་སྐོར་བདག་ཉིད་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། འོད་གསལ་སྤྲུལ་པའི་རྡོ་རྗེ་རང་ལོ་གནས་ཉེར་བཞིའི་གྲངས་སུ་སོན་པའི་ཚེ་དབུས་གཙང་ཡོངས་སུ་རྫོགས་པའི་ཞིང་ཉུལ་ཏེ་ཕེབས་པའི་སྐབས་གནས་ཁྱད་པར་ཅན་ལྕེ་བཙུན་ཆེན་པོ་སྣང་བཞིའི་གྲུབ་མཐའ་བསྙེགས་ནས་འཇའ་ལུས་སུ་གཤེགས་པའི་ཞོལ། དུས་ཟབ་གསང་རྡོ་རྗེའི་ཆོས་སྐོར་འདི་ཉིད་ཐུན་མིན་གྱི་གདུལ་བྱའི་བསོད་ནམས་དང་སྐལ་པ་བཟང་པོའི་བཙས་སུ་བབ་པས་ཐོག་མཐའ་བར་གསུམ་འབྲེལ་ཚད་རྡོ་རྗེའི་ཡེ་ཤེས་ཀྱི་ཉིན་བྱེད་སྙིང་དབུས་ནང་གི་ནམ་མཁའ་ལ་འཆར་བའི་དགེ་ལེགས་ཀྱི་སྣང་བས་ཁྱབ་པའི་དུས་ལ་བབ་པ་ན། གསང་འཛིན་ཡེ་ཤེས་ཌཱ་ཀིའི་རྗེ་མོ་དཔལ་གྱི་བློ་གྲོས་མའི་སྤྲུལ་འཁོར་གྱི་ཚུལ་འཛིན་ཌཱ་ཀི་འབུམ་ཕྲག་བྱེ་བའི་དགྱེས་ཞལ་ཉམས་དང་རྨི་ལམ་ལྟ་བུ་མ་ཡིན་པ་མངོན་སུམ་དུ་བསྟན་ཅིང་མི་ཤིགས་ནཱ་དའི་རང་སྒྲ་རྡོ་རྗེའི་འབྲུ་དྲུག་པའི་དབྱངས་སྙན་གྱི་འགྱུར་བ་ཡིད་འཕྲོག་པས་རྗེས་སུ་བསྐུལ་བའི་རྐྱེན་གྱིས་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་ནས་འབུམ་ཕྲག་མཁའ་འགྲོའི་འདུས་པ་ལ་འདའ་ཀ་རྡོ་རྗེའི་ཚིག་གི་ཞལ་ཆེམས་བསྩལ་བའི་མཛད་པ་སྒྲ་ཇི་བཞིན་པ་སྐྱུ་རུ་ར་རློན་པ་ལག་མཐིལ་བཞག་པ་བཞིན་བཀའ་བབ་དྲུག་པ་རྗེས་དྲན་གྱི་ཚུལ་དུ་ཤར་བ་ཡིན་པས་རྡོ་རྗེའི་འབྲུ་དྲུག་པོ་བརྡ་ཡི་གེའི་གཟུགས་སུ་ཀླད་དུ་བཀོད་ཀྱང་ཆོག་མོད་དགོས་ དགོས་པའི་དོན་བཀྲོལ་མ་ཤེས་སོ། མཆན། པའི་དབང་གིས་བོད་ཡིག་བྱས་ཏེ་དུམ་བུ་དང་པོའི་མཚམས་ཅི་རིགས་སུ་བྲིས་སོ། །ཞེས་གང་ཟག་ཕལ་པའི་བརྒྱུད་པས་བར་མ་ཆོད་པ་བརྒྱུད་གསུམ། ཆིག་རྫོགས་རྡོ་རྗེའི་རིག་པ་འཛིན་པ་གསེར་རིའི་ཕྲེང་བ་ལྟ་བུ་ལས་བྱུང་བས་ཁུངས་བཙུན་པ་དང༌། རྗེ་འདི་ཉིད་གཏེར་སྟོན་གྱལ་པོ་ལྔ་ཡི་ཡ་རྒྱལ་ཡིན་པས་སོ་སོ་ཡང་དག་པའི་རིག་པ་བཞི་ལ་མངའ་བརྙེས་པས་བརྡ་བསྒྱུར་རྒྱས་འབྲིང་བསྡུས་གསུམ་གྱི་ཚུལ་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་མི་ནུས་པ་དང་རྟོག་གེ་དང་ཉན་རང་ལྟ་བུ་སྐལ་པ་དང་མི་ལྡན་པའི་གང་ཟག་གི་བློ་ཇི་ལྟར་སྒྲིན་ཀྱང་བརྡ་མི་བཟོད་པས་ཕལ་པའི་སྤྱོད་ཡུལ་ལས་འདས་པར་ཡིད་ཆེས་པས་ཆོས་ཀྱི་སྤྱན་རས་མངའ་བའི་ཡེ་ཤེས་ཀྱི་འབབ་སྟེགས་དཔྱད་བཟོད་པ་ཛཾ་བུའི་ཆུ་གསེར་བཞུ་བཏུལ་བྱས་པ་ལྟ་བུའོ། །ཀློང་ལྔར་དབྱེ་བའི་རྒྱུ་མཚན་ཅུང་ཟད་བཤད་ན། གཞིའི་གནས་ལུགས་དང་ལམ་ཉམས་སུ་ལེན་པའི་དུས་སྐབས་སུ་སྣོད་འབྱུང་བ་ལྔ། བཅུད་ཕུང་པོ་ལྔ། ཡུལ་འདོད་ཡོན་ལྔ་སོགས་ལྔ་ཚན་དུ་མ་དང༌། འབྲས་བུ་མཐར་ཕྱིན་པའི་དུས་སུ་རིགས་ལྔ། སྐུ་ལྔ། ཡེ་ཤེས་ལྔ། ཞིང་ཁམས་ལྔ་སོགས་སོ་སོའི་མཚན་ཉིད་དང་བྱེད་ལས་ཀྱི་དབྱེ་སྒོ་ཐ་དད་པ་ལྟར་འཁོར་འདས། དག་མ་དག་སོགས་ཕྱོགས་དང་རིས་སུ་མ་ཆད་པ་ནམ་མཁའི་འཇའ་ཚོན་ལྟར་སྣང་ཞིང༌། སྣང་བའི་དུས་ཉིད་ནས་དབྱེ་བསལ་མེད་པ་འཕོ་མེད་རྣམ་ཀུན་མཆོག་ལྡན་གྱི་ཆོས་དབྱིངས་བདེ་ཀློང་ཡངས་པ་ཆེན་པོའི་རང་བཞིན་གཅིག་ལས་མི་མདའ་བས་འཁོར་འདས་ཀྱི་ཆོས་སྣ་ཚོགས་མ་འདྲེས་ཇི་ལྟར་སྣང་ཚུལ་དང་རྗེས་མཐུན་གྱི་ཀློང་ལྔའི་རྣམ་དབྱེ་དེ་སྙེད་འབྱུང་བའོ། །ཀློང་ལྔ་དེའི་ཡི་གེ་ནི། སྙིང་པོའི་རྒྱུད་ལས། ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་གསུངས་པ་ལྟར་འདི་ལྟར་ཡི་གེའི་གཟུགས་སྒྲ་སོགས་གསང་སྔགས་ཐབས་ཀྱི་ཆོ་འཕྲུལ་ཕལ་ཆེར་འཕྲལ་གྱི་རྒྱུ་རྐྱེན་རྟེན་འབྲེལ་ཁོ་ན་ལས་བྱུང་བ་ལྟར་སྣང་མོད། དོན་དུ་ནི། སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །ཞེས་པ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་ཆེན་དེ་དང་དེར་རྣམ་པར་འཕྲུལ་པའི་བྱེ་བྲག་ཙམ་ཡིན་པས་དུམ་བུ་གསུམ་གྱི་བསྡུས་པའི་ཡི་གེའི་ཕྲེང་བ་ཡིད་དོན་དྲན་པ་དང༌། གཟུགས་སུ་བཀོད་པ་དང༌། བརྗོད་པའི་སྒྲ་ཚིག་མཐའ་དག་གི་ངོ་བོ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཆེན་པོ་ཉིད་རྣམ་པ་དེ་དང་དེར་ཤར་བ་ལས་མི་འདའ་བས་མཁའ་འགྲོའི་ཞལ་གདམས་རྡོ་རྗེའི་ཚིག་ལས། མཐོང་བས་ཉམས་ཀྱི་བབ་འབྱུང་ན༔ ཐོས་པས་གྲོལ་བ་སྨོས་ཅི་དགོས༔ ཞེས་གསུངས་པ་རྡོ་རྗེའི་གསང་བའི་ཚིག་ངོ་མཚར་རྨད་དུ་བྱུང་བ་སྟེ། མདོར་དྲིལ་ན་ཟབ་ཆོས་ཀྱི་གསང་བ་རྗེས་སུ་དྲན་པའི་ཆོ་འཕྲུལ་དང་པོ་ཐུགས་ལ་སད་པ་དང༌། བར་དུ་ཚིག་དོན་གཏན་ལ་དབབ་སྟེ་ཡི་གེའི་གཟུགས་སུ་འདུ་མཛད་པ་དང༌། མཐར་ཐུགས་སྲས་རྡོ་རྗེའི་རིགས་ཅན་རིན་པོ་ཆེའི་སྣོད་ལྟ་བུའི་གང་ཟག་ལ་གསང་བ་ཟབ་མོའི་སྒོ་དབྱེ་བ་སོགས་སྔོན་དངོས་རྗེས་ཀྱི་མཛད་པ་ཐམས་ཅད་མཉམ་རྗེས་གཉིས་མེད་རང་སྣང་རིས་མེད་ཀྱི་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་ལས་མ་གཡོས་པས། དོན་ལ་གནས་པའི་ལོ་རྒྱུས་ཙམ་ཡང་གང་ཟག་སྐལ་མེད་ཀྱི་བློ་ལ་མི་ཆུད་པ་དང༌། ཚད་མའི་སྐྱེས་བུའི་གཟིགས་ན་ཀུན་བཟང་གདོད་མའི་མགོན་པོ་ལས་ཆོས་ཉིད་ཀྱི་རང་སྒྲས་ཤར་བའི་རྒྱུད་མཐའ་དྲུག་ཚུལ་བཞིའི་སྒྲོམ་དུ་བཞུགས་པ་རིན་པོ་ཆེའི་དབྱིག་མཆོག་ཀུན་གྱི་རྒྱལ་པོ་ལྟ་བུའོ། །བརྒྱུད་པ་གསུམ་གྱི་ལོ་རྒྱུས་སྔ་ཕྱི་དང༌། ལམ་གྱི་སྤྱི་ཆིངས་དབང་དང་ཀུན་བཟང་དོན་ཕྲིན། ཉམས་ལེན་ལམ་གྱི་མན་ངག་དམར་བྱང་དངོས་ཏེ་དུམ་བུ་གསུམ་པ་ཞེས་བྱ་བ་ནི་བར་མཚམས་ཀྱི་རྣམ་དབྱེའོ། །མཚན་གསུམ་པའི་དོན་ནི། པཎ་ཆེན་བི་མ་མི་ཏྲ་དངོས་ཀྱི་རྗེས་སུ་བཟུང་བས་སྐུ་ཚེ་གཅིག་གི་སྟེང་དུ་འཇའ་ལུས་འཕོ་ཆེན་རྡོ་རྗེའི་སྐུ་མཐོང་བའི་ཆོས་ལ་མངའ་བརྙེས་པ་ལྕེ་བཙུན་ཆེན་པོ་སེང་གེ་དབང་ཕྱུག་གི་འདའ་ཀའི་ཞལ་གདམས་སྔ་ན་མེད་པའི་ངོ་མཚར་ཁྱད་པར་ཅན་འདི་ཡང་རྟོག་གེའི་མཁས་འདོད་དང་འབྲེལ་མེད་ཀྱི་ཐོལ་བྱུང་ལྷ་འདྲེའི་རློམས་པའི་རང་བརྡོལ་ཁོ་ན་མ་ཡིན་པ་གྲུབ་ཐོབ་ཆེན་པོའི་ཐུགས་ཏིག་ལས། བདག་དང་གཉིས་མིན་རྣལ་འབྱོར་པ༔ ཁྱད་ཆོས་ལྔ་དང་ལྡན་པ་ཞིག༔ གསུངས་པ་ལྟར་རྫོགས་པ་ཆེན་པོའི་དགོངས་པ་ཀློང་དུ་གྱུར་བས་ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་དང་གཉིས་མིན་གཉིས་སུ་སྣང་བའི་བརྒྱུད་གསུམ་བླ་མ་རྣམས་ལས་ཚིག་དོན་བར་མ་ཆད་དུ་བྱུང་བ་འཕགས་ཡུལ་རྒྱལ་བསྟན་རིན་པོ་ཆེ་དར་ལ་སྨིན་པའི་སྐབས་ཀྱི་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་ལེགས་པར་བཀྲལ་བའི་མན་ངག་ཟབ་མོ་བརྒྱ་དང་བཅུ་དགུ་སོགས་ཐེག་མཆོག་རྫོགས་པ་ཆེན་པོའི་ཟབ་གནད་ཐུགས་ལ་ཇི་ལྟར་མཆིས་པའི་ཆོས་ཀྱི་བཅུད་དྲིལ་གྱི་ཉིང་ཁུ་སྙིང་གི་ཏི་ལ་ཀ་སྲོག་གི་ཟུངས་མཐར་ཐུག་པ་ཡིན་ནོ། །ཅེས་སོ། པཎ་ཆེན་བི་མ་མི་ཏྲའི་ཁོག་གཞུང་ལས། །རབ་མཚན་ཐ་སྙད་གསུམ་དུ་གྱུར། །སྒྱུ་འཕྲུལ་སྙིང་པོ་ལུང་གི་སྤྱི། །ལག་གི་རྩ་བཞིན་དབུ་ཞབས་རྟོགས། །སྐལ་པ་ཅན་གྱི་ཆེད་ཕྱིར་རོ། །ཞེས་པ་ལྟར། མཚན་གསུམ་དུ་སྨོས་པའི་དགོས་པའང༌། མཚན་དང་པོའི་མན་ངག་འདིས་བརྗོད་བྱའི་དོན་རྫོགས་པ་ཆེན་པོའི་མན་ངག་སྡེའི་གཞི་ལམ་འབྲས་བུ་ནས་བྱུང་བའི་མན་ངག་གི་ཁུངས་སྟོན། གཉིས་པས་བརྗོད་བྱེད་ཚིག་གི་ཡི་གེའང་འཁྲུལ་རྟོག་གིས་མ་བསླད་པའི་རང་སྒྲ་ཡེ་ཤེས་ཀྱི་དགོངས་ཀློང་ལས་ཤར་བའི་རྡོ་རྗེའི་ཚིག་དྲི་མ་མེད་པའི་སྙིང་པོའི་རྒྱུད་ལྟ་བུ། གསུམ་པ་གདམས་ངག་འཛིན་ཅིང་སྟོན་པའི་སློབ་དཔོན་དང་སློབ་མ་གཉིས་ཀ་ལམ་མཐར་ཕྱིན་པའི་ཆེ་བ་སྟོན་པས་ན་ཐམས་ཅད་ཡེ་ཤེས་གཅིག་ཉིད་དུ་མར་སྣང་བས་དབྱེ་བསལ་མེད་པ་ལུང་སྟེ། རྩ་རྒྱུད་ཐོད་པའི་དུམ་བུ་ལས། དེ་དག་གསལ་བར་བྱེད་པ་ནི༔ རང་སྣང་ཉིད་ལ་རང་གིས་སྤྱོད༔ སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར༔ བསྒྲུབ་བྱའི་ཆོས་དང་སྒྲུབ་བྱ་ཀུན༔ རང་ལས་ལོགས་སུ་མ་ཡིན་ནོ༔ ཞེས་བསྔགས་པ་ལྟར་རོ། །རིག་པ་རང་སྣང་དུ་གདོད་ནས་ལྷུན་གྱིས་གྲུབ་པའི་ཆོས་འཁོར་ཉིད་གདུལ་བྱ་གཞན་སྣང་གི་སྤྲུལ་པས་དོན་མཛད་པའི་རིག་རྩལ་ཐུགས་རྗེའི་ཆོ་འཕྲུལ་རྩོལ་མེད་དུ་ཤར་བ་རྟོགས་པ་ཆོས་སྐུའི་འདྲ་འབག་ཞེས་གྲོལ་བ་དྲུག་གི་ཕྲིན་ལས་ཅན་ཡིན་པས་ངོ་མཚར་རྨད་དུ་བྱུང་བས་དབང་པོ་རབ་ལ་མཚན་བསྟན་པས་གྲོལ་བའོ། །ལྕེ་བཙུན་ཆེན་པོའི་འདས་རྗེས་འདི་ཐོག་མར་རང་བྱུང་ཀློང་དྲུག་གི་ཡི་གེའི་ཁོངས་སུ་གདུལ་བྱ་ཐུན་མོང་གིས་འཛིན་བདེ་བའི་ཕྱིར་དུམ་བུ་གསུམ་དུ་བཀའ་ཡི་བསྡུ་བ་མཛད་དུས་གསང་འཛིན་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཟབ་མོའི་ཆོས་ཀྱི་ཆེ་བ་འདོན་ཅིང་དབང་ཟ་མི་རུང་བའི་ཉེས་པ་འགོག་པའི་ཕྱིར་གུས་ཕྱག་མཛད་པ་སྟེ། དེའི་དོན་ནི། ཤར་སོགས་ཕྱོགས་བཅུ་འདས་མ་འོངས་ད་ལྟའི་དུས་གསུམ་གྱི་ནམ་མཁའི་མཐའ་གཏུག་པའི་སྐྱེ་འགྲོ་མཆོག་སངས་རྒྱས། དམན་སོ་སྐྱེ་བར་མ་འཕགས་པ་སློབ་པ་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་རང་བཞིན་ལྷུན་གྲུབ་ཏུ་ཡོད་པའི་སེམས་ཀྱི་ཆོས་ཉིད་ནི་བསྐྱེད་པའི་རྒྱུ་དང་མཐུན་པའི་རྐྱེན་གྱི་གཞན་དབང་གང་ལའང་མ་ལྟོས་པར་ཆོས་ཉིད་རང་བཞིན་གྱིས་སྒྲིབ་པས་མ་གོས་པ་རྣམ་པར་དག་ཅིང་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་ལ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་རང་བཞིན་ཡེ་གདོད་མ་ནས་ལྷན་སྐྱེས་ཀྱི་འོད་གསལ་རྡོ་རྗེ་སྙིང་པོའི་ཁམས་རང་བྱུང་འཁོར་འདས་ཁྱབ་བརྡལ་ཆེན་པོའི་ཆོས་ཀྱི་དབྱིངས་དང་མཉམ་པའི་སྐུ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གོང་བུ་ལྟ་བུ་ཇི་སྙེད་ཅིག་བཞུགས་པའི་ངོ་བོ་དེ་ཉིད་ལས་དུས་ནམ་ཡང་གཞན་དུ་མི་གཡོ་བར་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་དག་པ་རབ་འབྱམས་ཡེ་ཤེས་རང་སྣང་གི་ལྷ་ཡི་དཀྱིལ་འཁོར་གྱི་འཁོར་ལོར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་འབྱམས་ཀླས་པའི་ཚུལ་དུ་རང་ཆས་སུ་བཞུགས་པ་དེ་དག་ཀྱང་ད་ལྟ་རང་རིག་པ་སྐད་ཅིག་མའི་ངོ་བོར་དབྱེར་མེད་ཐིག་ལེ་ཉག་གཅིག་གི་ཚུལ་དུ་འུབ་ཆུབ་པ་ཉིད་རྟོགས་བྱའི་ཡུལ་ཆོས་དབྱིངས་དང་རྟོགས་བྱེད་སོ་སོ་རང་རིག་པའི་ཡུལ་ཅན་ཐ་དད་པའི་མཚན་མ་རྡུལ་ཙམ་ཡང་མི་དམིགས་ཤིང་ཡེ་ཇི་བཞིན་པའི་གནས་ལུགས་ཀྱི་རང་ཞལ་མ་ནོར་བ་ཇི་བཞིན་པ་མངོན་སུམ་དུ་རིག་པའི་ཚུལ་གྱིས་རབ་ལྟ་བ་མཇལ་བའི་ཕྱག་གིས་གཉིས་སུ་མེད་པར་རིག་སྟོང་ཐིག་ལེ་ཉག་གཅིག་གི་སྟོན་པས་ཀ་དག་སྟོང་པའི་དབྱིངས། འཁོར་ལྟར་བརྟགས་པ་ལས་དོན་ལ་སྟོན་འཁོར་དགོངས་པ་དབྱེར་མེད་ཤུགས་ལ་བསྟན་པས་འདུད་པའོ། །གཉིས་པ་གཞུང་དོན་མན་ངག་ཟབ་མོ་ཁྲིད་ཀྱི་ལུགས་སུ་བཤད་པ་ལ་གསུམ། བརྒྱུད་པའི་ལོ་རྒྱུས་ཀྱི་སྒོ་ནས་ཆོས་དང་བླ་མ་ལ་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་པ་དང༌། མཆོག་དབང་ཟབ་མོའི་སྒོ་ནས་སྣོད་ལྡན་གྱི་སློབ་མའི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པ། ཐུན་མོང་མ་ཡིན་པའི་གདམས་ངག་ཁྱད་པར་ཅན་གྱི་སྒོ་ནས་སྨིན་ཟིན་གྲོལ་བར་བྱེད་པའོ། །དང་པོ་ལ་གཉིས། སྔོན་ཇི་ལྟར་བྱུང་ཚུལ་དང༌། ཕྱིས་ཇི་ལྟར་འབྱུང་ཚུལ་བསྟན་པའོ། །དང་པོ་ལའང་ཟབ་ལམ་རྫོགས་པ་ཆེན་པོ་ཐུན་མོང་གི་བརྒྱུད་པ་གསུམ་གྱི་བཀའ་བབ་བརྙེས་ཚུལ་དང༌། ཁྱད་པར་བརྒྱུད་གསུམ་ཆིག་རྫོགས་ལྕེ་བཙུན་ཆེན་པོ་ཁོ་ན་ལ་བབ་ཚུལ་ལོ། །དང་པོ་ནི། ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་དབྱེ་བ་སངས་རྒྱས་ཐམས་ཅད་ཀྱི་བྲལ་འབྲས་མཐར་ཐུག་ཤིན་ཏུ་ཞི་བ་ཆོས་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཐེག་ཆེན་འགོག་བདེན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་འཕྲོ་གཞི་དངོས་ཡིན་པས་སྟོན་པ། དེ་ཉིད་ཀྱི་དགོངས་པ་ཐིག་ལེ་ཉག་གཅིག་ལ་འཁོར་འདས་ཀྱི་གཉིས་ཆོས་མ་མཆིས་ཤིང༌། ཡེ་ཤེས་ཀྱི་དགོངས་པ་ཉག་གཅིག་ལ་གདོད་མའི་མགོན་པོ། ཕྱོགས་དུས་སངས་རྒྱས་ཐམས་ཅད་དེའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལས་མ་འདས་པས་དཔལ་ཀུན་ཏུ་བཟང་པོ་ཀུན་གྱི་བདག་ཉིད་དུ་གྱུར་པའི་གནས་སམ་རྟེན་ནི་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་འོག་མིན་ཆེན་པོ་ཆོས་དབྱིངས་ཚད་བཟུང་མུ་མཐའ་དང་བྲལ་བ་ན་འདུ་འབྲལ་མེད་པ་རྟག་པ་རྒྱུན་གྱི་འཁོར་ལོ་ཆེན་པོར་བཞུགས་པའི་མཁྱེན་ཆ་ཐུགས་ཀ་དག་ཡེ་ཤེས་གཏིང་གསལ་རྣམ་པར་མི་རྟོག་མཁའ་ཁྱབ་ནམ་མཁའི་རྡོ་རྗེ། རྡུལ་བྲལ་དེ་བཞིན་ཉིད་ཆེན་པོ་ལས་མཉམ་རྗེས་ཀྱི་སྤུ་རིས་མེད་པ་རང་སྣང་གཞོམ་མེད་ཡེ་ཤེས་ཡི་གེ་སྤྲིན་གྱི་འཁོར་ལོ་ཆགས་ཐོག་སྒྲིབ་བྱེད་ཆེས་ཕྲ་བའང་མེད་པའི་རྒྱུ་རྐྱེན་གྱི་མ་རྩོལ་བ་རྟག་པ་རྒྱུན་གྱི་འཁོར་མོ་ཡུག་རང་བྱུང་རང་ཤར་བ་ཉིད་ཡུལ་ལ་དབང་ཤེས་ཐ་དད་པས་མི་སྤྱོད་པ་ཡུལ་དབང་ཤེས་གསུམ་ཡེ་ཤེས་སོ་སོ་རང་རིག་པ་གཅིག་ཏུ་གྱུར་པས་ཉིད་ལ་ཉིད་ཀྱི་དགོངས་པ་དུས་གསུམ་ཀུན་ཏུ་འཁྲུལ་བྲལ་མངོན་སུམ་དུ་འུབ་ཆུབ་པས་མངའ་དབང་རྫོགས་པར་མཛད་པའི་ངེས་པ་ལྔ་ལྡན་ལ་མེད་སྣང་གློ་བུར་གྱི་སྒྲིབ་རྟོག་གི་དྲི་མ་ཞེས་བྱ་སྔར་མ་སྐྱེས། ད་ལྟ་མི་སྐྱེ། ཕྱིས་སྐྱེ་བར་མི་འགྱུར་བའི་ཆོས་ཅན་དུ་ཡེ་གདོད་མ་ཉིད་ནས་གཉེན་པོས་ཆེད་དུ་མ་སྤང་ངོ་བོ་རྣམ་པར་དག་པ་སྟེ་དེ་ལ་གཞི་གནས་ཀྱི་ཡེ་ཤེས་ཁྱད་པར་གསུམ་ལྡན་ཞེས། ངོ་བོ་སྟོང་པ་སྟོན་པ་ཆོས་སྐུའི་ཡེ་ཤེས་ཁྱབ་བྱ་རིགས་ཐམས་ཅད་ཀྱི་ཁྱབ་བྱེད་ཆེན་པོར་དང་པོ་ཉིད་ནས་མངའ་དབང་རྫོགས་པས་གནས་ཆོས་ཉིད་དེ་ལས་ནམ་ཡང་གཞན་དུ་མ་གཡོས་བཞིན་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དུས་འཕོ་འགྱུར་མེད་པས། ཆོས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་བཞིན་རང་བཞིན་གསལ་བ་སྟོན་པ་ལོངས་སྐུའི་ཡེ་ཤེས་མཚན་ཉིད་ལྔ་ལྡན་རང་སྣང་རང་གསལ་གྱི་རིགས་ལྔ་གངས་ཅན་མཚོའི་སྐུ་དང༌། གནས་ཞིང་ཁམས་རྒྱ་མཚོ་མཐའ་ཡས་པ་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པས་འཁོར་སངས་རྒྱས་ཚད་མེད་པ་ལ། ཆོས་ཡེ་ཤེས་འོད་གསལ་བའི་དགོངས་པ། དུས་བསམ་གྱིས་མི་ཁྱབ་པས་ཆོས་དབྱིངས་རྒྱས་པར་འགེངས་པ་དང༌། དེ་ལས་འཁོར་ས་བཅུའི་བྱང་སེམས་རྣམས་ཀྱི་ངོར་སྟོན་པ་ཕྱེད་སྣང་ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་དང་གནས་དེའི་ཞིང་གི་བཀོད་པའང་རྒྱ་དང་ཚད་བཟུང་མུ་མཐའ་མེད་པ་ངེས་པ་ལྔ་ལྡན་དུས་རྟག་པ་རྒྱུན་གྱི་འཁོར་ལོར་ནམ་མཁའ་ཇི་སྲིད་དུ་ཐེག་པ་མཆོག་གི་ཆོས་འབད་རྩོལ་དམིགས་གཏད་མེད་པར་ངང་གིས་སྣང་ཞིང༌། དེ་ལས་ཡེ་ཤེས་ཕྱིར་གསལ་ཐུགས་རྗེ་ཀུན་ཁྱབ་རང་བཞིན་རྒྱུན་གྱི་སྙིང་རྗེ་ཆེན་པོའི་འགྲོ་འདུལ་སྤྲུལ་པའི་ཡེ་ཤེས་རང་བཞིན་སྤྲུལ་པའི་ཞིང་ཁམས་དག་པ་དང༌། མ་དག་པ་འགྲོ་བ་རིགས་དྲུག་གི་གནས་སྣོད་བཅུད་མཐའ་ཡས་པ་རྣམས་སུ་གདུལ་བྱེད་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དང་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་མཐའ་ཡས་པ་རྣམས་སུ་གདུལ་བྱ་གང་ལ་གང་འདུལ་གྱི་འདུལ་བྱེད་སྤྲུལ་པའི་ཚད་གྲང་མེད་དཔག་ཏུ་མེད་པ་རྒྱ་ཆེ་རྒྱུན་མི་ཆད་དུ་མ་ངེས་པ་ཅིར་ཡང་སྟོན་པས་གདུལ་བྱ་བཟང་ངན་སྣ་ཚོགས་པའི་ངོར་ནམ་ཡང་དུས་ལས་ཡོལ་བ་མེད་པ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཚུལ་དུ་མཛད་པ་ཉིད་དེ། མི་མཇེད་འཇིག་རྟེན་གྱི་ཁམས་གཅིག་ལ་མཚོན་ན་བྱིན་རླབས་མཆོག་གི་སྤྲུལ་པ་བསྟན་པའི་བཙས་གསུམ་དང༌། ཡེ་ཤེས་དམ་པའི་སྤྲུལ་པ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཏེ། ཀུན་ཏུ་བཟང་པོ་གཅིག་ཉིད་དུས་དེ་དང་དེ་དག་ཏུ་རང་བྱོན་པས་རིམ་པ་འབྱུང་བ་ལྟར་སྣང་ཡང་དགོངས་པ་གཅིག་ཡིན་པས་རྒྱལ་བ་དགོངས་པས་བརྒྱུད་པའོ། །ལོངས་སྐུའི་སྟོན་པ་ཐུགས་རྡོ་རྗེའི་རིགས་མཆོག་དཔལ་རྡོ་རྗེ་སེམས་དཔའ་ལ་སྟོན་པ་ཀུན་བཟང་ཉིད་ཀྱིས་འོག་མིན་རྣམ་པར་དག་པའི་གནས་སུ་ཆོས་རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་བསྟན་པའི་ཚུལ་གྱིས་སྟོན་འཁོར་དགོངས་སྤྱོད་དབྱེར་མེད་པར་མཛད། རྡོར་སེམས་ཀྱིས་སྤྲུལ་པའི་སྐུ་མཆོག་རིག་འཛིན་དགའ་རབ་རྡོ་རྗེ་ལ་གནང༌། དེའི་འཁྲུངས་ཡུལ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ། འདིའི་ཡབ་མེད་པས་ཕྱག་རྡོར་ཉིད་བྱ་ངང་སེར་གྱི་གཟུགས་སུ་བྱོན་ཏེ་ལྷའི་བུ་སེམས་ལྷག་ཅན་གྱི་རིག་པ་ཧཱུྃ་ཡིག་དཀར་དམར་མདངས་ལྡན་གྱི་རྣམ་པས་ཡུམ་གྱི་ཐུགས་དབུས་སུ་བཞག་པ་ལས་འཁྲུངས་པས་ན་དཔལ་གསང་བའི་བདག་པོའི་སྲས་སུ་གཏོགས། དེས་སིང་ག་ལའི་བྲམ་ཟེའི་རིགས་སྲས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ངེས་གསང་རྫོགས་པ་ཆེན་པོའི་སྨིན་གྲོལ་ཡོངས་རྫོགས་དང༌། འདས་རྗེས་ཀྱི་གདམས་ངག་ཚིག་གསུམ་གནད་བརྡེག་བཅས་གནང༌། སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེས། ཐིག་ལེ་མཆོག་གི་ཆོས་རྣམས་སྙན་བརྒྱུད་དང༌། བཤད་རྒྱུད་གཉིས་སུ་ཕྱེས། བཤད་རྒྱུད་གཏེར་དུ་སྦས། དེས་རྒྱ་ནག་ཁྱིམ་བདག་གི་རིགས་སྲས་རིག་འཛིན་ཤྲཱི་སེང་ཧ་ལ་ཐེག་མཆོག་རྒྱལ་པོའི་སྨིན་གྲོལ་ཡོངས་རྫོགས་སྙན་རྒྱུད་རྣམས་དང་འདས་རྗེས་ཀྱི་མན་ངག་སྒོམ་ཉམས་དྲུག་པ་བཅས་གནང༌། བཤད་རྒྱུད་ལུང་བསྟན་པ་ལྟར་རྡོ་རྗེ་གདན་གྱི་བྱང་ཤར་ན་ཕ་ཝཾ་རྡོ་རྗེ་རྒྱ་གྲམ་ཅན་ནས་བཏོན། གསང་བ་མཆོག་གི་སྐོར་རྣམས་ཕྱི་ནང་གསང་བ། བླ་མེད་ཀྱི་སྐོར་བཞི་ཕྱེས། དེ་ཉིད་དུ་སྦས། དེ་ནས་རྒྱ་ནག་གདོལ་པའི་རིགས་སྲས་ཛྙཱ་ན་སཱུ་ཏྲ་དང༌། ཁ་ཆེའི་ཁྱིམ་བདག་གི་རིགས་སྲས་པཎ་ཆེན་བི་མ་ལ་ལྷན་ཅིག་རྫོགས་ཆེན་གསང་སྐོར་མན་ཆད་གནང་མཚམས་བི་མ་ལ་ཡུལ་གཞན་དུ་བྱོན་རྗེས་ཛྙཱ་ན་སཱུ་ཏྲ་ལ་ཡང་གསང་བླ་མེད་ཀྱི་སྨིན་གྲོལ་ཡོངས་རྫོགས་དང༌། འདས་རྗེས་ཀྱི་མན་ངག་གཟེར་བུ་བདུན་པ་གནང༌། བཀྲ་ཤིས་ཁྲི་སྒོ་ནས་དཔེ་རྣམས་ཕྱུངས། སླར་ཛྙཱ་ན་སཱུ་ཏྲ་ལས་ཡང་གསང་བླ་མེད་ཡོངས་རྫོགས་དང༌། འདས་རྗེས་བཞག་ཐབས་བཞི་དང་བཅས་གསན་པ་གསུངས་པས་དེ་ལྟར་ན་བརྒྱུད་པ་འདིར་ཡེ་ཤེས་མདོ་ཡོད་དགོས། བི་མའི་འཇའ་ལུས་རྡོ་རྗེའི་སྐུ་ད་ལྟ་ཡང་བཞུགས་པས་འདས་རྗེས་མ་བྱུང༌། འདིས་རྫོགས་པ་ཆེན་པོའི་ཆོས་གཏེར་བོད་ཡུལ་དུ་མང་པོ་སྦས་པ། ཉང་བཀའ་གདམས་པ་ཏིང་འཛིན་བཟང་པོའི་བི་མ་ལའི་ཉན་བརྒྱུད་རྣམས་སྦས་པ་བློ་གྲོས་དབང་ཕྱུག་ལ་མཆན་དུ་བཏབ་ནས་དབུ་རུ་ཞྭ་ཡི་ལྷ་ཁང་བཞེངས་ནས་ཀ་བའི་བསམ་ལེ་དང༌། ཀེའུ་ཚང་དུ་སྦས་པ་གནས་བརྟན་ལྡང་མ་ལྷུན་རྒྱལ་གྱིས་གཏེར་དཔེ་རྣམས་ཕྱུངས་ཏེ་ལྕེ་བཙུན་སེང་གེ་དབང་ཕྱུག་ལ་གནང༌། ལྕེ་བཙུན་གྱིས་མཆིམས་ཕུ་ནས་ཟབ་པ་པོད་བཞི་བཞེས། སྤྲུལ་སྐུ་རྒྱལ་བ་ཞང་སྟོན་གྱིས་འོ་ཡུག་བྲག་སེང་གེ་འདྲ་བ་ནས་གཏེར་དུ་བཞེས་པ་སོགས་ཅི་རིགས་བཏོན་ཟིན་པའི་བརྒྱུད་པ་འདིར་འདྲེན་མི་དགོས་ཏེ། བི་མས་ལྕེ་བཙུན་ལ་དངོས་སུ་དབང་ཁྲིད་གདམས་པ་དང་བཅས་པ་འོ་ཡུག་ཕྱི་གོང་རྫ་ཡི་ར་བ་ནས་ཟླ་བ་ཕྱེད་དུ་གནང་བའོ། །སྟོན་པ་ཀུན་བཟང་དང་རྡོར་སེམས་གཉིས་དགོངས་ཀློང་མཆོག་དམན་མེད་པ་སངས་རྒྱས་ཉག་གཅིག་ཡིན་ཀྱང་མཚན་སྔ་ཕྱི་བགྲང་བ་ཙམ་ཡིན་པས་རྒྱལ་བ་དགོངས་བརྒྱུད། རྡོར་སེམས་ཀྱིས་དགའ་རབ་རྡོ་རྗེར་དགོངས་པས་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་དོན་བརྒྱུད། དེ་ནས་བི་མ་ཡན་ཡེ་ཤེས་ཀྱི་སྐུ་བརྙེས་པས་སྨིན་པ་རྒྱ་མཚོའི་འཁོར་ལ་སྟོན་པས་དགོངས་པ་གཏད་ཅིང་སྔགས་དང་ཕྱག་རྒྱའི་བརྡ་བསྟན་པ་ཙམ་གྱིས་སྟོན་འཁོར་དགོངས་པ་གཅིག་ཏུ་གྱུར་པ་དགོངས་པ་དོན་བརྒྱུད་ཁྱད་པར་ཅན་ཡིན་ཀྱང༌། རྒྱལ་བ་དགོངས་བརྒྱུད་ལས་གཞན་དུ་གོ་བའི་ཆེད་རིག་པའི་བརྒྱུད་པ་ཞེས་བརྡ་སྦྱར་བའོ། །དེས་ལྕེ་བཙུན་ལ་གནང་ཚུལ་སྔར་བཤད་པ་ལྟར་འུ་ཡུག་ནུབ་མའི་ཤུག་གསེབ་ནས་བི་མ་ལ་ཐོག་མར་མཇལ་བ་ནས་བརྩམས་ལོ་བདུན་གྱི་བར་དུ་བི་མ་ལའི་དྲུང་དུ་སྒྲོ་འདོགས་བཅད་པར་ལོ་རྒྱུས་ཆེན་པོར་གསུང༌། སྤྱིར་མི་ཡུལ་དུ་ལོ་བརྒྱ་དང་ཉེར་ལྔ་བཞུགས་ཏེ་ཟག་བཅས་མི་སྣང་བར་སྐུ་གཤེགས་པའི་ཚེ་ལྕེ་བཙུན་གྱི་འདས་རྗེས་མན་ངག་ཞལ་ཆེམས་གསང་བའི་གནད་གསུམ་བྱ་བ་བབས་ཏེ༔ དེ་ནི་མཁའ་འགྲོ་མ་རྣམས་ཀྱི་ཨོ་རྒྱན་གྱི་ཡུལ་དུ་སྤྱན་དྲངས་ཏེ་བསྣམས་སོ༔ ཞེས་བི་མ་སྙིང་ཐིག་ཆེན་མོའི་ལོ་རྒྱུས་ལས་ཀྱང་གསལ་བས་སྐལ་ལྡན་ཡིད་ཆེས་པའི་གནས་སོ། །ཡང་དུས་གཞན་དུ་སློབ་དཔོན་པདྨ་དང་བི་མས་ཤྲཱི་སེང་ཧ་དངོས་ལས་ཡང་གསང་བླ་མེད་གསན་པའི་ལོ་རྒྱུས་ཚད་ལྡན་བཞུགས་པ་དང༌། དེའི་དབང་དུ་མཛད་ན་རྗེ་འཇམ་མགོན་བླ་མས་གནང་བའི་བརྒྱུད་འདེབས་ལྟར་རོ། །གཉིས་པ་ཤྲཱི་ཧེ་རུ་ཀ་སིཾ་ཧེ་ཤྭ་ར་གཅིག་ལས་བརྒྱུད་པ་གསུམ་ཀ་རྫོགས་པའི་ཚུལ་ནི། དེར་མ་ཟད་ཐིག་ལེ་གསང་རྫོགས་སུ་ཀུན་བཟང་ནས་བི་མའི་བར་གྱི་བླ་བརྒྱུད་གཞན་གང་ཡང་མ་གསུང་པའི་རྒྱུ་མཚན་ནི། སྐུ་གསུམ་གྱིས་བསྡུས་པའི་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་ཐམས་ཅད་ཀུན་རིགས་ལྔར་འདུ་བས་གཟུགས་ཀྱི་རྒྱལ་པོ་རྣམ་སྣང༌། ཚོར་བའི་རྒྱལ་པོ་རིན་འབྱུང༌། འདུ་ཤེས་ཀྱི་རྒྱལ་པོ་སྣང་མཐའ། འདུ་བྱེད་ཀྱི་རྒྱལ་པོ་དོན་གྲུབ། རྣམ་པར་ཤེས་པའི་རྒྱལ་པོ་རྡོ་རྗེ་མི་བསྐྱོད་པ་ཞེས་རང་བཞིན་ཤེས་བྱའི་གཤིས་ལ་ཕུང་ལྔའི་རྟོག་པ་དང་རིགས་ལྔའི་ལྷ་གཉིས་སྣང་ན་སྣང་མཉམ། སྟོང་ན་སྟོང་མཉམ། བཟང་ངན་མེད་པར་མཉམ་པའི་ཕྱིར་ངེས་དོན་གྱི་མདོ་སྡེ་སྡོང་པོ་བཀོད་པ་ལས། གཟུགས་དང་ཚོར་དང་འདུ་ཤེས་དང༌། །རྣམ་པར་ཤེས་དང་འདུ་བྱེད་ནི། །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་ཐུན་མིན་གྱི་ཐེག་པའི་ལམ་པས་ལྷ་རྟོག་དབྱེར་མེད་དུ་ངོས་ཟིན་པ་དང༌། འབྲས་བུའི་སྐབས་རྟོག་པ་ཉིད་སྤང་བྱར་བལྟས་ཏེ་ཆེད་དུ་མ་སྤང༌། གཉེན་པོ་གཞན་གྱིས་གནས་ལ་ལྷའི་དཀྱིལ་འཁོར་དུ་སྣང་བ་སྟོན་པའོ། །འོ་ན་མ་དག་འཁོར་བའི་ཆོས་ལྟར་སྣང་བ་འདི་ཁོ་ན་རིགས་ལྔའི་སངས་རྒྱས་ཡིན་ནམ་སྙམ་ན་མ་ཡིན་ཏེ། མ་དག་པའི་ཕུང་སོགས་རྟོག་ཚོགས་འདི་དག་སྦྱང་བྱའི་ཆོས་མེད་སྣང་གློ་བུར་བ་ཡིན་པས་རིགས་ལྔའི་སངས་རྒྱས་སུ་མི་རུང་སྟེ། དཔེར་ན་མིག་ནད་ཅན་གྱི་དུང་སེར་པོར་མཐོང་བའི་ཚེ། སེར་པོ་དེ་དུང་གི་ཁ་དོག་གི་གནས་ལུགས་མ་ཡིན་པ་བཞིན་ནོ། །འོ་ན་ཕུང་སོགས་མ་དག་པའི་རྟོག་ཚོགས་ལས་རིགས་ལྔའི་སངས་རྒྱས་གཞན་དུ་གྲུབ་པ་ཞིག་གོ་སྙམ་ན། དེ་ཡང་མ་ཡིན་ཏེ་དེ་དག་གི་སྣང་གཞི་རང་བཞིན་ནམ་གཉུག་མའི་ཕུང་པོ་ལྔ་ཡེ་ནས་རིགས་ལྔའི་སངས་རྒྱས་སུ་རྣམ་པར་དག་པ་དེ་ཉིད་ལམ་རྐྱེན་གྱིས་མངོན་དུ་གྱུར་པ་ལ་འབྲས་བུ་རྣམ་པར་བཞག་པས་ན་རྟོག་ཚོགས་ལས་གཞན་དུའང་མེད་པ་སྟེ། མིག་གི་ནད་སྨན་གྱིས་སྦྱངས་བས་དག་པའི་ཚེ་ན་སྔར་སེར་པོ་མཐོང་བའི་དུང་དེ་ཀ་དཀར་པོར་སྣང་བ་ལས། དཀར་པོའི་ཁ་དོག་ལོག་ནས་བཙལ་དུ་མེད་པ་བཞིན་ལ། དཔེར་ན་རྒྱལ་པོ་རྣམས་རང་གི་རྒྱལ་སྲིད་ལ་དབང་བསྒྱུར་ཞིང་ལོངས་སྤྱོད་པ་དང༌། གཞན་གྱི་དཔུང་ཕམ་པ་དང༌། རང་གི་དཔུང་རྒྱལ་བར་བྱེད་པ་བཞིན་དུ། ཐུགས་རང་རིག་པའི་ཡེ་ཤེས་ཀྱི་རྟོག་ཚོགས་ལ་དབང་བསྒྱུར་བ་དང༌། ཟག་པ་མེད་པའི་ཆོས་ལ་མངའ་བརྙེས་པས་བདེ་བ་ཆེན་པོའི་ལོངས་སྤྱོད་ལ་ངེས་པར་མཛད་ཅིང༌། ཆོས་ཀྱི་རྒྱལ་སྲིད་བསྐྱངས་བས་འདུལ་བྱའི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དཔུང་ཕམ་ནས། ཚོགས་གཉིས་ལེགས་པའི་ཡོན་ཏན་གྱི་དཔུང་རྒྱལ་བར་མཛད་པས་རིགས་ལྔ་ཀ་ལ་རྒྱལ་པོ་ཞེས་གསུངས་པའོ། །དེ་ལྟ་བུའི་ཡེ་ཤེས་དེའི་རྣམ་རྟོག་གི་མཚན་མ་འཇོམས་པ་ཆོས་ཉིད་ངང་གིས་ཁྲོ་བ་དང༌། སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་བའི་ས་བོན་དྲུང་ནས་འཇོམས་པས་ཆོས་ཉིད་རྟོགས་པ་ངང་གིས་ཁྲོ་བ། དེས་འགྲོ་བ་སྐྱོབ་པ་ན་མི་མཐུན་ཕྱོགས་འབད་རྩོལ་མེད་ན་ངང་གིས་འཇོམས་པའི་ཕྱིར་ཤུགས་ཀྱིས་ཁྲོ་བ་གདུལ་བྱ་གདུག་པ་ཅན་འཇོམས་པའི་ཁྲོ་བ་ལྟར་བཅོས་པས་རིགས་ལྔ་པོ་དེ་དག་གནས་གྱུར་གྱི་སྒོ་ནས་ཁྲོ་ཚུལ་ཅན་དང༌། དུ་མ་ཕྱོགས་གཅིག་ཏུ་སྤུངས་པ་ལ་ཕུང་པོ་ཞེས་གྲགས་པ་ལྟར། ཕུང་པོ་ལྔའི་བྱེ་བྲག་དབང་པོ་ཡུལ་དུས་རྣམ་ཤེས་བྱ་སྤྱོད་དང་བཅས་པ་གནས་སུ་དག་པའི་ཡུལ་དང༌། སེམས་དཔའ་སེམས་མ། སྒོ་བ་ཡབ་ཡུམ་སོགས་འཁོར་གྱི་རྣམ་པ་གྲངས་ལས་འདས་པ་རྣམས་རིགས་གཅིག་ཏུ་བསྡུས་པའི་ཡེ་ཤེས་ཀྱི་སྐུ་ནི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དག་པ་རླུང་གི་ཆ་བདེ་བ་ཆེན་པོ་གཉུག་མའི་སེམས་དང་ངོ་བོ་གཅིག་པ་དེ་ཉིད་སྟོབས་སུ་གྱུར་པའི་སྔགས་བླ་མེད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ལུས་ཕྲ་རགས་གསུམ་དུ་ཕྱེ་བའི་རགས་པ་ཕྱི་ནང་གཉིས་དང༌། ཕྲ་བའི་ལུས་ཀྱི་ནང་ཚན་སྟོང་པ་གསུམ་གྱི་བཞོན་པ་རླུང་གི་ཁམས་མཐའ་དག་ཤིན་ཏུ་རྣམ་པར་དག་པའི་དབྱིངས་སུ་རང་ཞི་བ་ན་གཉུག་མའི་ལུས་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་བཞེངས་པ་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཁྱབ་བདག་རིགས་དྲུག་པ་དཔལ་ཀུན་ཏུ་བཟང་པོ་དངོས་ཡིན་ལ། དེའི་གོ་འཕང་དམ་པ་མངོན་དུ་བརྙེས་ཟིན་པའི་འཁོར་འདས་ཀྱི་ཆོས་ཉིད་དང་རང་བཞིན་དབྱེར་མི་ཕྱེད་པ་མཚན་ཉིད་སྐྱེ་འཇིག་དང་བྲལ་བ། ངོ་བོ་འདུས་མ་བྱས་པ་རྡོ་རྗེའི་བདག་ཉིད་དུ་རོ་གཅིག་པའི་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་ཉིད་རྣམ་འབྱོར་གྱི་དབང་ཕྱུག་སིཾ་ཧེ་ཤྭ་རའི་སྐུར་བཞེངས་པའི་གོང་ན་བརྒྱུད་གསུམ་གྱི་བླ་མ་རྒྱུད་ཐ་དད་པ་གཞན་ཞིག་མ་བཞག་ཀྱང་ཆོག་དགོས་པའི་དབང་དུ་མཛད་པའོ། །རྒྱལ་བ་རིགས་དྲུག་པའི་གོ་འཕང་མངོན་དུ་མཛད་པས་བརྒྱུད་གསུམ་བླ་མ་ཐམས་ཅད་དགོངས་པ་དབྱེར་མེད་དུ་གྱུར་པས་དགོངས་བརྒྱུད། ཟག་པ་རང་ཟད་ཡེ་ཤེས་ཀྱི་སྐུ་བརྙེས་པས་སྔགས་དང་ཕྱག་རྒྱའི་བརྡ་བསྟན་པ་ཙམ་གྱིས་དགོངས་པ་དབྱེར་མེད་དུ་གྱུར་པས་རིག་འཛིན་བརྡ་བརྒྱུད། ཐ་མལ་པའི་རྟེན་ལས་ཐེག་པ་མཆོག་གི་སྨིན་གྲོལ་གསན་ཏེ་ཉམས་སུ་བླང་བ་ལམ་སྣང་བཞི་མཐར་ཕྱིན་པས་གང་ཟག་སྙན་བརྒྱུད་གསུམ་ཀ་ལྡོག་ཆས་དབྱེ་བ་ཙམ་ལས་དོན་ལྕེ་བཙུན་ཆེན་པོ་གཅིག་ལ་འདུས་ཤིང༌། འོད་གསལ་སྤྲུལ་པའི་རྡོ་རྗེའི་གསང་བ་རྗེས་སུ་དྲན་པའི་དགོངས་པ་མངོན་གྱུར་དུ་སད་པའི་རྐྱེན་མཁའ་འགྲོའི་རྡོ་རྗེའི་ཡི་གེ་འབྲུ་དྲུག་པའི་མི་ཤིགས་ནཱ་དའི་དབྱངས་སྙན་ཡིད་འཕྲོག་པས་བསྐུལ་བས་མཁའ་འགྲོ་གཏད་རྒྱ། འབྲུ་དྲུག་པོ་བརྡ་ཡིག་གིས་གཟུགས་སུ་བཀོད་ཀྱང་ཆོག་པར་གསུང་པས་ཤོག་སེར་ཚིག་བརྒྱུད། ཨེ་མ་འདའ་དཀའི་ཚིག་འདི་སྙིང་པོའི་དོན༔ སྙིང་ཕྱུངས་ལག་མཐིལ་བཀྲམ་པ་འདི་ལས་མེད༔ ཚིག་གི་ཐ་མ་དུས་མཐར་སྣང་བར་ཤོག༔ ཅེས་སྨོན་ལམ་གཏད་རྒྱ་སྟེ་དེ་དག་ཐམས་ཅད་ཀྱང་འདི་ལ་ཚང་ཚུལ་ཞར་ལས་འཕྲོས་པའོ། །གཉིས་པ་ནི། དུམ་བུ་དང་པོའི་མཐར་ལུང་ཇི་ལྟར་བསྟན་པ་ཐོག་ཏུ་བབ་སྟེ། སྙིགས་མ་ལས་ཀྱང་ཆེར་སྙིགས་མའི་དུས་འདིར་ཐ་མལ་པ་ལས་ཀྱང་ཆེས་ཐ་མལ་པའི་གང་ཟག་མངོན་སུམ་ཚད་གྲུབ་སྐྱོན་གྱི་ཆ་ནི་སྒོ་ཀུན་ནས་ཆེར་རྒྱས་ཤིང་ཡོན་ཏན་གྱི་ཆ་ནི་སྒོ་ཀུན་ནས་ཉག་ཕྲ་བ་བདག་ལྟ་བུ་ལ་ཡང༌། རྒྱལ་བའི་མཛད་ཕྲིན་དུས་ལས་མི་ཡོལ་བ་ཤིན་ཏུ་དབང་བཙན་པས་མཁའ་འགྲོའི་བརྡ་ཚིག་གིས་སེམས་རྒྱུད་གཏིང་ནས་བསྐུལ་བའི་དུས་དེར་ནི་ཐ་མའི་སྣང་སེམས་འདི་དག་ཡེ་ཤེས་དག་པའི་སྤྱོད་ཡུལ་དུ་གནས་ཚུལ་དང་སྣང་ཚུལ་གཉིས་ཀ་གདོད་ནས་དག་པ་ཆེན་པོའི་གཟིགས་པ་མཐར་ཕྱིན་པ་མཉམ་བཞག་དང༌། གདུལ་བྱ་གཞན་རྒྱུད་ཀྱི་སྣང་ཆ་ཐ་མལ་པ་འདི་ཡང་དངུལ་ཆུའི་བསྡུས་པའི་གསེར་ཕྱེ་ཉིད་དངུལ་གྱི་གོང་བུ་ལྟར་སྣང་ཡང་མེ་ཡི་རྐྱེན་དང་ཕྲད་ན་ཡུད་ཙམ་གྱིས་གསེར་དུ་གནས་འགྱུར་བ་བཞིན་ཞེས་རྗེས་ཐོབ་ཀྱི་བརྡ་སྦྱར་བ་ཡིན་ནམ་སྙམ། དོན་ལ་ཐ་མལ་གྱི་སྣང་ཤས་རྗེས་ཤུལ་ཙམ་ཡང་མ་ལུས་པ་གར་སོང་ཆ་མེད་རང་ཡལ་དུ་སོང་བའི་རང་མལ་དུ་ཡེ་ཤེས་རིན་པོ་ཆེའི་འོད་ཁྱིམ་བལྟ་བས་ཆོག་མི་ཤེས་ལ་ཤིན་ཏུ་ད་ལྟའི་རིག་པ་སྐད་ཅིག་མ་འདི་ལྕེ་བཙུན་ཆེན་མོའི་སྐུ་གསུང་ཐུགས་རྡོ་རྗེ་ཧྲིལ་གྱིས་སོང་ནས་ཞེས་གསུངས་པ་ནི་རྗེ་རང་གི་བཀའ་ལས། ང་ལོ་བཅོ་ལྔའི་དུས་འཕགས་ཡུལ་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་དགུའི་སྒོ་དྲུང་དུ་སྦྱིན་སྲེག་བྱས་ཚེ་ལུས་ངག་ཡིད་གསུམ་ཚིག་ཤུལ་ན་འོད་གསལ་གྱི་རིག་པ་རྐྱང་པ་ཞིག་འདུག །དེ་ནས་བཟུང་སྟེ་རིག་པ་ཉག་གཅིག་དེ་མ་གཏོགས་གཞན་གང་ཡང་མི་འདུག །རྟོགས་འབུལ་བྱེད་མཁན་མང་པོ་བྱུང་སྟེ་ང་དང་མཐུན་པ་སུ་མ་བྱུང༌། ཞེས་གསུངས་པ་གསང་སྔགས་བླ་མེད་སྤྱི་དང༌། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་མན་ངག་གི་གནད་ཤེས་པ་དང༌། མཆོག་གི་དངོས་གྲུབ་ཀྱི་རྩེ་མོར་ཕྱིན་པ་ཡིན་ཏེ་དེའི་རྒྱུ་མཚན་རྒྱས་པར་བཤད་དུ་ཡོད་ཀྱང་ཤིན་ཏུ་གསང་བའི་གནས་ཡིན་པས་བཞག་གོ། །ཞེས་རྡོ་གྲུབ་ཀུན་མཁྱེན་བསྟན་པའི་ཉི་མས་གསུངས་པ་ལྟར་རོ། །ལྷན་སྐྱེས་ནམ་མཁའ་ལྟ་བུའི་དགོངས་པ་ཚད་དུ་ཕེབས་པ་ཡེ་ཤེས་དང༌། ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་ཁས་བླང་བའི་ལས་དང༌། ས་གསུམ་དུ་རྒྱུ་བའི་འཇིག་རྟེན་གྱི་མཁའ་འགྲོའི་འདུས་པ་རྒྱ་མཚོ་རྣམས་ལ་སྨིན་གྲོལ་ཡོངས་སུ་རྫོགས་པ་དོན་ནོར་འཁྲུལ་དང༌། ཚིག་ལྷག་ཆད་གང་གིས་ཀྱང་བསླད་མེད་པ་ཡུད་ཙམ་གྱིས་ཤིན་ཏུ་གསལ་བར་བསྟན་པའི་གོ་སྐབས་བཟང་པོ་བྱུང༌། ཞེས་པ་ནི་འཇམ་དཔལ་རྡོ་རྗེ་མི་ཕམ་ཆོས་རྗེའི་ཞལ་ནས། ངོ་མཚར་བཀའ་བབ་བདུན་ལྡན་གྱི། །རིན་ཆེན་རྒྱལ་སྲིད་ཆེ་ལྡན་པ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱེད། །རྒྱལ་ཐབས་སྲིད་པ་གསུམ་ན་འཕགས། །ཁྱེད་ནི་ཟབ་མོའི་ཆོས་བཀའ་རྣམས། །མདོ་རྒྱུད་ལུང་གི་སྙིང་པོ་རུ། །རིགས་པས་ངེས་ཤིང་མྱོང་བས་གྲུབ། །ངོ་མཚར་ཚད་མ་བཞི་དང་ལྡན། །མཁས་ཤིང་གྲུབ་པའི་རྣམ་ཐར་གྱིས། །ཡང་རྩེར་སོན་པ་ཁྱེད་འདྲ་བས། །ཐུན་མིན་མཁའ་འགྲོའི་ཟབ་རྒྱའི་སྒོ། །འབྱོར་པ་ཤིན་ཏུ་ཚུལ་དང་མཐུན། །ཞེས་རྒྱ་ཆེར་བསྔགས་པ་ལྟར་གདོད་ནས་མངོན་པར་བྱང་ཆུབ་བརྙེས་པའི་སངས་རྒྱས་སེམས་ཀློང་མན་ངག་གི་སྡེའི་ཤིང་རྟ་ཆེན་པོ་ཟག་མེད་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པ་རྣམས་དང་གཉིས་མིན་གཉིས་སུ་སྣང་བས་རིག་འཛིན་དེ་དག་གིས་འདུ་འབྲལ་མེད་པ་རྗེས་སུ་བཟུང་སྟེ་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་བསྩལ། རྒྱུད་ཀྱི་གླེགས་བམ་དང་ཤོག་སེར་རྣམས་དངོས་དང་བརྒྱུད་ནས་ལྷ་དང་ཌཱ་ཀིའི་མདངས་གསོལ་དུ་ཡང་ཡང་ཕུལ། སྐལ་ལྡན་གྱི་སྐྱེས་བུ་ལ་དགོངས་བརྒྱུད་ཀྱི་ཡེ་ཤེས་འཕོས་པས་ཉམས་རྟོགས་ཀྱི་གེགས་སྒྲོལ་བ། ལས་ཅན་གྱི་གང་ཟག་ལ་དབང་གི་དུས་སུ་དཀྱིལ་འཁོར་བདག་པོའི་སྐུར་བཞེངས་པ་དངོས་སུ་མཇལ་བ་དང༌། འབྱུང་བའི་གཡོ་འཁྲུགས་དང་ལྷ་སྲིན་གདུག་པའི་ཆོ་འཕྲུལ་དང༌། མཐའ་དམག་གི་རྒྱུ་བ་ལ་དགོངས་པ་གཏད་ཙམ་གྱིས་ཞི་བ་སོགས་སྣང་སྲིད་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་དང་མངོན་ཤེས་ལ་དབང་ཐོབ་པ་དང༌། ཕྱོགས་དང་རིས་སུ་མ་ཆད་པའི་མཁས་བཙུན་བཟང་གྲུབ་མཐའ་དག་མགོན་པོའི་རྣམ་ཐར་གྱིས་ཡིད་འཁུལ་ཏེ་ཞབས་ལ་གཏུགས་ཤིང་ཕྲིན་ལས་ལ་ངལ་འཚོ་ཐོབ་པས་ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཏུ་གྱུར་པས་དབང་གི་ཆུ་བོ་ཆེན་པོ་བཞི་འདུས་ཀྱི་བཀའ་བབ་དོན་གྱིས་ཞལ་གྱིས་བཞེས་པ་དང༌། ཤིན་ཏུ་གསང་བའི་དེ་ཉིད་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་པའི་བི་མ་ལ་མི་ཏྲ་དང༌། གང་དང་གཉིས་སུ་མེད་པའི་ལྕེ་བཙུན་ཆེན་པོ་དང་ཉམས་སྣང་དང་རྨི་ལམ་ཅན་མ་ཡིན་པ་སྐུ་དངོས་སུ་གྱུར་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོར་འཕེལ་འགྲིབ་བྲལ་བའི་ངེས་པ་ལྔ་ལྡན་དུ་བཞུགས་བཞིན་པའི་ཚུལ་ཐུན་མོང་གདུལ་བྱའི་སྤྱོད་ཡུལ་དུ་སྣང་བར་བྱ་བའི་སླད་བཀའ་བབ་དྲུག་པའི་རྗེས་སུ་དྲན་པའི་བརྡ་སྦྱར་ཏེ་དེའི་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་ཡི་གེར་བྲིས་པ་མི་ལོ་བཅུ་གསུམ་བཅུ་བཞི་ཙམ་ལ་རང་གར་བཞག་གསུངས་པ་ལྟར་གསང་བའི་ཚུལ་གྱིས་ཐུགས་ཉམས་སུ་བཞེས་ཚུལ་བསྟན། དགུང་གྲངས་སུམ་ཅུ་རྩ་དྲུག་ལ་ཕེབས་པའི་ཤིང་སྦྲུལ་ལོར་ཟབ་ཆོས་འདི་གསང་སྔགས་ལམ་གྱི་ཡང་ཟབ་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་སྲོག་ལྟ་བུ་མཁའ་འགྲོ་མ་རྣམས་ཀྱིས་གཅེས་ནོར་ཡིན་པས་བཀའ་ཡི་གཉེར་འཛིན་པའི་སྲུང་མས། ལམ་ཟབ་པ་དང་ཆེ་བ་འདོན་པའི་ཕྱིར་གསང་བ་ཟབ་མོའི་ཆོས་སྒོ་འབྱེད་པར་བསྐུལ་བ་བཞིན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་ཏེ་བསྔགས་པའི་ལོ་ཆེན་བཻ་རོ་དངོས་བྱོན་འཇམ་མགོན་བློ་གྲོས་མཐའ་ཡས་ལ་ཆོས་སྒོ་ཐོག་མར་ཕྱེས་ཏེ་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་ནས་སྟོན་འཁོར་དགོངས་པ་དབྱེར་མེད་པས་དབང་དང་ཟབ་ཁྲིད་ཀྱི་མཛེས་རྒྱན་བཅས་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དབྱིག་མཆོག་ཀུན་གྱི་རྩེ་མོ་རུ་བཞུགས་སུ་གསོལ། དེ་ལྟ་ན་བདག་ཁོ་ན་མ་གཏོགས་པའི་རིག་འཛིན་ཆེན་པོ་གོང་མ་རྣམས་ནི་གྲུབ་ཐོབ་ལས་ཀྱང་གྲུབ་ཐོབ་ཆེན་པོ་ཟག་མེད་འཇའ་ལུས་ཀྱི་སྐུ་བརྙེས་པ་ཤ་སྟག་ཡིན། དེ་རྣམས་ཀྱིས་ཡང་ཡང་བྱིན་གྱིས་བརླབ་པའི་ཆོས་འདི་ནི་བཤད་ན་བཤད་རིན་ཆོག་སྟེ་མཆོག་གསང་རྫོགས་པ་ཆེན་པོ་མན་ངག་སྙིང་ཐིག་ལ་གསང་ཆེན་ངེས་པའི་རྒྱུད་རྒྱལ་བཅུ་བདུན། མན་ངག་བརྒྱ་དང་བཅུ་བདུན། ཤིན་ཏུ་ཟབ་པ་པོད་བཞི་རྣམས་ཀྱི་ཟབ་གནད་མཐའ་དག་འདིར་འདུས་ཤིང༌། འདི་ཡི་དགོངས་དོན་རྟོགས་ན་དེ་ཐམས་ཅད་ཀྱི་དགོངས་དོན་ཁྲོལ་ནུས་པ་དང༌། སྒོམ་ན་སྒོམ་རིན་ཆོག་སྟེ་རྫོགས་པ་ཆེན་པོའི་ལམ་གྱི་མཐར་འབྲས་མཐོང་བའི་ཆོས་ལ་མངོན་དུ་གྱུར་པའི་ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་འདི་ཁོ་ན་ཉམས་སུ་བླང་བས་མཐར་ཕྱིན་པར་ནུས་པ་དང་སྙིང་པོའི་ཉམས་ལེན་གྱི་གནད་ཀུན་ཚང་ཡིད་བཞིན་ནོར་བུ་གཅིག་ཆོག་བརྒྱུད་ཐག་ཉེ་ཞིང་སེལ་མེད་བི་མ་ཡབ་སྲས་ཞལ་དངོས་སུ་བསྙེན་པ་དང་མཚུངས་པའོ། །གཉིས་པ་ནི། གསང་སྔགས་དབང་གི་མཐའ་ཅན་ཞེས་གྲགས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་དབང་ཡིན་ཅིང༌། གོང་དུ་བསྟན་པ་དང་པོ་དར་བའི་སྐབས་བདུད་བློན་ནག་ཕྱོགས་པ་རྣམས་ཀྱི་བར་ཆད་དང་ཡལ་ག་མང་པོས་དབང་ཞེས་གསང་དགོས་པའི་རྒྱུ་མཚན་གྱིས་དབང་བསྐུར་བ་ལ་རིམ་པ་བྱ་ཞེས་བརྡ་སྦྱར་བ་སྟེ། དེ་ལ་གཅེས་པ་དབང་བསྐུར་མཁན་གྱི་བླ་མ་མཆོག་ཉིད་དང་ལྡན་དགོས་པས། རྣམ་མཁྱེན་གྱི་ཟབ་ལམ་ཐམས་ཅད་ཀྱི་མཐར་ཐུག་གསང་སྔགས་སྔགས་ལམ་རྒྱུད་སྡེ་ཆེན་པོ་བཞི་ཡི་ཡ་གྱལ་རྣལ་འབྱོར་བླ་མེད་ནང་རྒྱུད་ལ་བསྐུར་ཐབས་ཀྱི་ཐེག་པ་ཡོ་ག་གསུམ། དེས་ཀྱང་ལྟ་སྒོམ་སྤྱོད་པ་ཡེ་ཤེས་རྗེན་པ་ལམ་བྱེད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག །དེ་ལ་ནང་གསེས་སེམས་ཀློང་མན་ངག་གི་སྡེ་གསུམ་ལས་རྫོགས་ཆེན་མན་ངག་སྡེ་ཡིན་པས་ལམ་དེ་སྟོན་པའི་བླ་མ་ནི་དགོངས་བརྒྱུད་ཡེ་ཤེས་ཀྱི་གསང་མཛོད་བརྙེས་པ་ཞིག་དགོས་པའི་ཕྱིར་སྟོན་པ་རྡོ་རྗེ་རྒྱལ་པོ་ཞེས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་གི་མཛོད་དང་ལྡན། རྡོ་རྗེ་ཡེ་ཤེས་ཆེན་པོའི་ཏིང་འཛིན་མཉམ་རྗེས་དང་བྲལ་བའི་གདོད་མའི་མགོན་པོ་དངོས། རྡོ་རྗེ་འཛིན་པ་ཀུན་ལས་ཁྱད་དུ་འཕགས་པ་འཁོར་ལོའི་བསྒྱུར་བ་ལྟ་བུ་ཡིན་པས་རྒྱལ་པོ་ཞེས་གྲགས་པ་སྟེ། དེ་ཡི་མཚན་ཉིད་ཀྱང་ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང༌། །ཆོས་ཉིད་དོན་ལ་ཚད་ཕེབས་དང༌། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཅེས་གསུངས་པ་ལྟར། རྒྱུད་སྡེ་ཕྱི་ནང་གི་དབང་གིས་དབང་དོན་ཐུགས་ལ་འཁྲུངས་པ། སྡོམ་པ་དང་དམ་ཚིག་ལྡན་པ་གཞི་ལམ་འབྲས་བུའི་དོན་ཁོང་དུ་ཆུད་པ། བསྙེན་སྒྲུབ་ལས་སྦྱོར་གྱི་རྟགས་རྫོགས་པ། ལྟ་སྒོམ་སྤྱོད་པས་རང་རྒྱུད་དུལ་ཞིང༌། སྙིང་རྗེའི་གཞན་དོན་འབའ་ཞིག་གཉེར་བ། ཆོས་བརྒྱད་ཀྱི་བྱ་བ་མེད་ཅིང་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ་ངེས་འབྱུང་གི་ཐུགས་དང་ལྡན་ཞིང་དམ་ཚིག་གཙང་བའི་མཚན་ཉིད་དང་ལྡན་པས། རྗེས་སུ་བཟུང་བྱའི་སློབ་མ་ནི། དད་ལྡན་སྙིང་རྗེ་གཏོང་ཕོད་ཆེ། །ཁོང་ཡངས་སྤྲོ་ཞིང་ཤེས་རབ་ལྡན། །བརྩོན་ཞིང་བྱང་ཆུབ་ཐར་པར་འདོད། །སྒོ་ལྡན་གསང་བའི་རྟགས་སུ་བཤད། །ཅེས་གསུངས་པ་ལྟར་ཤེས་རབ་ཀྱི་ལམ་གནད་རྟོགས་ཏེ་ཆོས་ལ་ཐེ་ཚོམ་སྐད་ཅིག་ཙམ་ཡང་མི་སྐྱེ་བ་དང༌། བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེ་ཆེ་ཞིང༌། ལམ་གོང་མས་རྒྱུད་སྦྱང་སྟོབས་ཀྱིས་ཐེག་མཆོག་རྒྱལ་པོའི་སྣོད་དུ་རུང་བའམ། དང་པོ་ཉིད་ནས་དབང་རྣོན་གཅིག་ཆར་གྱི་སྐལ་ལྡན་ཁ་གཅིག་ཚེ་འདིའི་ཞེན་པ་ཆུང་ཞིང་སྙིང་པོའི་ཆོས་དང་བླ་མའི་ཕྱིར་རང་གི་ལུས་སྲོག་ཀྱང་བཏང་ནུས་པས་ཁ་ཙམ་མིན་པའི་དད་འདུན་ཆེ་བ། སྡོམ་པ་དང་དམ་ཚིག་སྲུང་བ་ལ་ངོ་ལྐོག་མེད་པ། མཆེད་གྲོགས་ཉེ་འཁོར་ལ་ཁོང་ཡངས་པ། ཚོགས་བསགས་པའི་གཏོང་ཕོད་ཆེ་བ་ལས། གཞན་དུ་སྣོད་ངན་སྐལ་མེད་ཀྱི་གང་ཟག་ལྟ་སྒོམ་གཟུགས་བརྙན་ཙམ་རེ་ཁ་ནས་སྒྲོགས་ཤིང་ལས་འབྲས་བསླུ་མེད་ཁྱད་དུ་གསོད་བྱེད་པའི་ཟོག་པོ་བདུད་ཀྱིས་བསླུས་པ་ལྟ་སྤྱོད་གོ་འཇོལ་བ་ལྟ་བུ་མ་ཡིན་པ་རང་ཉིད་ངལ་དུབ། ན་ཚ་སྡུག་བསྔལ། ཁ་སྨྲས་གླེང་གཞི་ལ་མི་ལྟ་བ་བླ་མའི་བཀའ་བཞིན་དུ་སྙིང་པོའི་སྒྲུབ་པ་ལ་གཞོལ་ནུས་པའི་སློབ་མ་ལ། ཀློང་གསལ་ལས། ལུང་སྟོང་གངས་ཁྲོད་རི་རྩེ་དུར་ཁྲོད་དམ། །ཤིན་ཏུ་དབེན་ཞིང་དྭངས་མཐོ་བསིལ་བའི་སར། །སྐལ་ལྡན་སྐྱེས་བུའི་ཉམས་ལེན་བྱེད་པའི་གནས། །བསམ་གཏན་འཕེལ་ཞིང་བརྟན་པ་མྱུར་དུ་ཐོབ། །ཞེས་སྒྲུབ་པའི་གནས་སྤྱི་དང༌། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དོན་ནི་མཆོག་ཏུ་བཤད་པ་ཡིན། །ཞེས་གཙོ་བོ་ཐོད་རྒལ་སྒོམ་པའི་དུས་དང་ཚེས་གྲངས་གཟའ་སྐར་བཟང་བ་ལ་འཇུག །ཕྱག་རྟེན་མེ་ཏོག་དབང་ཡོན་ཚོགས་གཏོར་རྒྱུ། །ཉམས་ལེན་དུས་སུ་ཁམས་ཀྱི་རྟེན་པོ་བཅོལ། །མཐུན་པའི་ཡོ་བྱད་ཀུན་དང་ལྡན་པར་བྱ། །ཞེས་སོགས་ཀྱིས་གཞི་བཟུང་སྟེ་དབང་མཆོག་གསེར་འགྱུར་རྩི་མཆོག་ཏུ་གསལ་བ་བཞིན་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་ཆོ་གའི་ཡན་ལག་གཞུང་བཞིན་ཚང་བའི་སྒོ་ནས་རིག་པ་རྩལ་གྱི་དབང་བཞི་པ་ལ་ནང་གསེས་དབང་བཞི་དབྱེ་བ་དང༌། རྗེས་འབྲེལ་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཟབ་ཁྲིད་རྣམས་གཏེར་གཞུང་རྡོ་རྗེའི་ཚིག་གི་དགོངས་དོན་ལེགས་པར་བཀྲལ་བའི་ཟབ་ཁྲིད་ཟུང་འཇུག་གིས་དབང་དོན་ངོ་འཕྲོད་པའི་ཐབས་མཆོག་ངོ་མཚར་བས་དད་ལྡན་རྗེས་སུ་བཟུང་སྟེ་སྨིན་གྲོལ་གཉིས་ཀའི་ས་བོན་གོ་གཅིག་ཆོད་དུས་གཅིག་ལ་དད་བརྩོན་ཤེས་རབ་ལྡན་པ་ལ་ལེགས་པར་འདེབས་ཤིང་མཐར་ཐུག་གི་འབྲས་བུ་སྐུ་བཞི་མངོན་དུ་འགྱུར་བའི་ཐབས་ཟབ་མོ་ཉིད་བརྒྱུད་ལྡན་བླ་མའི་ཕྱག་བཞེས་ལྟར་གནད་སྨིན་རེ་བྱ་བ་ཤིན་ཏུ་གལ་ཆེ། སྤྱིར་དེང་སང་བསྟན་ལ་མོས་སྤྱོད་རྟགས་ཙམ་འཛིན་པ་ལ་སླེབ་སྟེ་གཟུགས་བརྙན་ཙམ་རེའི་ཆོག་པར་སེམས་པ་ལས། འདིར་ནི་གསང་སྔགས་རྒྱུད་སྡེ་གོང་འོག་གི་དབང་གཞན་ལས་ལྷག་པའི་རིག་པ་རྩལ་གྱི་དབང་བཞི་སོ་སོའི་སྐབས་དོན་ཀྱང་འདི་ལྟར་རྗེ་འཇམ་མགོན་ཉི་ཟླ་ཟུང་གི་ཟབ་གཏེར་ཐམས་ཅད་ལ་དབང་ཁྲིད་སྦྲག་མ་གནང༌། ཁྲིད་ཀྱང་བླ་མས་མཁྱེན་དཔྱོད་ཀྱིས་དཔོག་ན་སྨིན་ཁྲིད་དུ་མཛད་པ་འདི་ཤིན་ཏུ་གལ་ཆེ་བར་སེམས་ཏེ་གསང་སྔགས་དབང་གི་མཐའ་ཅན་ཞེས་ལམ་ཐམས་ཅད་དབང་གིས་ཁོག་ཕུབ་དགོས་ལ། དབང་ཡང་བུམ་པ་དང༌། བདུད་རྩི་སོགས་རྫས་ཁོ་ན་དབང་མ་ཡིན་པ་བརྡ་བུམ་པ་སོགས་ལ་བརྟེན་ནས་དོན་སྣོད་བཅུད་ལྷའི་འཁོར་ལོར་མི་ཤེས་པའི་སྒྲིབ་པ་དྲི་མ་བཀྲུ་ཞིང་གཏོར་བ་དང༌། གདོད་ནས་སྣང་སྤྱོད་ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་དུ་གནས་པའི་དོན་མངོན་གྱུར་ཤེས་ནུས་པའི་སྐལ་པ་བཟང་པོའི་ངེས་ཤེས་གསར་དུ་སྐྱེ་རུང་ངམ་དངོས་སུ་སྐྱེ་བ་ལ་བླུགས་པའི་བརྡར་བརྟགས་པ་དེ་ཉམས་སུ་ལེན་ཚུལ་ཁྲིད་ཀྱིས་གསལ་བར་བསྟན་པས་སློབ་མ་ལ་ཉམས་མྱོང་མ་སྐྱེས་ཀྱང་གོ་དོན་བརྡ་འཕྲོད་པ་ཞིག་བྱུང་ན་དབང་མཚན་ཉིད་པ་འགྱུར་ཚུལ་སྔགས་གཞུང་རྣམས་ནས་རྒྱ་ཆེར་གསུངས་པ་ལྟར་རོ། །དང་པོ་སྤྲོས་བཅས་བུམ་ཆུའི་བསྐུར་ཏེ་ནང་རང་ལུས་ཟག་བཅས་ཀྱི་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་དང༌། ཕྱི་སྣོད་བཅུད་རྡོས་བཅས་བཟང་ངན་དང་དགྲ་གཉེན་ཆགས་སྡང་གི་ཡུལ་གྱི་སྣང་ཞེན་ཐ་མལ་པའི་འཛིན་རྟོག་ཐམས་ཅད་རང་སར་ཡལ། གནས་ལུགས་དྭངས་མ་འོད་ཕུང་གི་ཡེ་ཤེས་ཀྱི་རྩ་འཁོར་ཡི་གེ་དང་བཅས་པ་མངོན་སུམ་སད། དེའི་དབང་ངམ་ནུས་པའི་སྟོབས་ཀྱིས་ནང་འཛིན་སེམས་ལས་རླུང་དང་བཅས་པ་རང་བཞིན་ཀ་ནས་དག་པས་སྤང་གཉེན་གཉིས་འཛིན་ཆེད་དུ་མ་སྤང་རང་གྲོལ་དོན་གྱི་ལྷན་སྐྱེས་བདེ་ཆེན་ཀྱི་ངོ་བོར་དབང་པོ་རབ་ལ་མངོན་སུམ་དུ་སྨིན་པའོ། །ཉམས་སུ་བླང་མ་ཐག་སྨིན་རུང་གི་ནུས་པའི་སྟོབས་ཁྱད་པར་ཅན་རྒྱུད་ལ་བཞག །སྤྲོས་མེད་གསང་བའི་བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་སེམས་ཀྱི་དྭངས་མ་བདེ་སྟོང་གཉིས་མེད་མི་ཤིགས་ཡེ་ཤེས་ཀྱི་ཁྱབ་པའི་བདུད་རྩིའི་ཟེགས་བཅུད། སློབ་མ་རང་གི་འོད་ལུས་དེའི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོར་གདོད་ནས་རང་བཞིན་གྱི་གནས་པའི་ཐིག་ལེ་སྟོང་སྒྲོན། སློབ་མ་རང་དང་བླ་མ་དབྱེར་མི་ཕྱེད་པའི་གཉིས་ཀའི་རྡོ་རྗེ་ཡེ་ཤེས་ཀྱི་དྭངས་བཅུད་ཆེར་འཕེལ་བས་འོད་རྩའི་འཁོར་ལོ་རྣམས་དང་བ་སྤུའི་རྩེ་མོ་ཚུན་ཆད་ཁྲིག་གེར་གང༌། རིག་པ་ཡེ་ཤེས་ཀྱི་རང་བཞིན་བདེ་གསལ་རྣམ་པར་མི་རྟོག་པའི་ཉམས་སྣང་བསམ་གྱིས་མི་ཁྱབ་པ་ཡེ་ནས་རྫོགས་པ་ཉིད། རྐྱེན་བྱང་སེམས་མྱང་བ་དེའི་མངོན་དུ་སད་པར་བྱས། དེའི་ངང་ལས་མ་གཡོས་བཞིན་རང་རྩལ་ཡེ་ཤེས་ཀྱི་རླུང་སྦྱོར་དང་བཅས་ཏེ་དྲག་ཏུ་གཅུན་པས་དྭངས་མའི་འོད་བཅུད་འདུས་པའི་རྩ་ཡིག་རྣམས་དང་བཅས་པ་འོད་གསལ་རྣམ་པར་མི་རྟོག་པའི་དབྱིངས་ཆེན་པོར་རོ་གཅིག་ཏུ་ངང་གིས་ཞུགས་ཤིང༌། འཕྲོ་ཅན༌།}} | ||
</onlyinclude> | </onlyinclude> | ||
Line 42: | Line 47: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-14-PHA]] | [[Category:DKR-KABUM-Volume-14-PHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:10, 1 June 2024
🚧 This website is under continued development. We appreciate your patience!
Wylie title | rdzogs pa chen po man ngag sde'i bcud phur man ngag thams cad kyi rgyal po klong lnga'i yi ge dum bu gsum pa lce btsun chen po bi ma'i zab tig gi bshad khrid chu 'babs su bkod pa snying po'i bcud dril ye shes thig le'i dgongs don ji ltar rtogs pa zhib mor bshad pa kun bzang dgongs rgyan | |
---|---|---|
Location | dil mgo mkhyen brtse bka' 'bum Volume 14, Text 7, Pages 297-329 (Folios 1a to 33b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Citation | Khyentse, Dilgo. Rdzogs pa chen po man ngag sde'i bcud phur man ngag thams cad kyi rgyal po klong lnga'i yi ge dum bu gsum pa lce btsun chen po bi ma'i zab tig gi bshad khrid chu 'babs su bkod pa snying po'i bcud dril ye shes thig le'i dgongs don ji ltar rtogs pa zhib mor bshad pa kun bzang dgongs rgyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 14: 297-329. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | ལྕེ་བཙུན་ཆེན་པོའི་བི་མ་ལའི་ཟབ་ཏིག་ (lce btsun chen po'i bi ma la'i zab tig) | |
Colophon |
འཕྲོ་ཅན། | |
'phro can |