JKCL-KABUM-08-NYA-004: Difference between revisions
No edit summary |
m (Text replacement - "Khyentse Metadata" to "Text") |
||
(2 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 8: . Bir, H.P.: Khyentse Labrang, 2012. | |fulltitletib=ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཐོད་རྒལ་གྱི་ཁྲིད་ཡིག་འཇའ་ལུས་མཆོག་སྦྱིན་གྱི་གསལ་བྱེད་ཉུང་ངུ་དྲི་མེད་འོད་སྣང་། | ||
|fulltitle=zab chos rig 'dzin thugs thig gi thod rgal gyi khrid yig 'ja' lus mchog sbyin gyi gsal byed nyung ngu dri med 'od snang | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''zab chos rig 'dzin thugs thig gi thod rgal gyi khrid yig 'ja' lus mchog sbyin gyi gsal byed nyung ngu dri med 'od snang''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 8: 77-128. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | ||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Notes - zin bris | |sourcerevealer=Gter bdag gling pa 'gyur med rdo rje | ||
|sourcerevealertib=གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ | |||
|tibgenre=Contemplative Guide Books and Instructional Manuals - khrid yig, Dzogchen - rdzogs pa chen po, Notes - zin bris | |||
|terma=No | |terma=No | ||
|jkcloutline=Seven | |jkcloutline=Seven | ||
|cycle=zab chos rig 'dzin thugs thig | |||
|cycletib=ཟབ་ཆོས་རིག་འཛིན་ཐུགས་ཐིག་ | |||
|language=Tibetan | |language=Tibetan | ||
|volumenumber=008 | |volumenumber=008 | ||
Line 15: | Line 21: | ||
|volyigtib=ཉ་ | |volyigtib=ཉ་ | ||
|totalvolumes=12 | |totalvolumes=12 | ||
|textnuminvol=004 | |||
|pagenumbers=77-128 | |||
|totalpages=52 | |||
|beginfolioline=1a1 | |beginfolioline=1a1 | ||
| | |endfolioline=26b1 | ||
|totalfolios=26 | |||
|multivolumework=No | |||
|colophontib=།ཅེས་སྔ་འགྱུར་བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་ཐོད་རྒལ་གྱི་ཁྲིད་ལ་ཟིན་བྲིས་ཉུང་ངུ་དགོས་ཞེས་ཞེ་ཆེན་དགོན་སྟོད་མཆོག་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་བ་བཞིན་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རིག་འཛིན་གོང་མ་རྣམས་ཀྱི་གསུང་ལས་བཏུས་ཏེ་བྲིས་པ་འདིས་ཀྱང་ངེས་གསང་རྡོ་རྗེ་རྩེ་མོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒ་ལཾ། ཤུ་བྷཾ།། | |||
|colophonwylie=/ces snga 'gyur bstan pa'i mnga' bdag gter chen bla ma 'gyur med rdo rje'i zab gter rig 'dzin thugs thig gi thod rgal gyi khrid la zin bris nyung ngu dgos zhes zhe chen dgon stod mchog sprul rin po che'i gsung gis bskul ba bzhin mkhyen brtse'i dbang po'i mtshan gyi byin rlabs thob pa 'jam dbyangs chos kyi blo gros pas rig 'dzin gong ma rnams kyi gsung las btus te bris pa 'dis kyang nges gsang rdo rje rtse mo'i bstan pa rin po che phyogs dus kun tu dar zhing rgyas pa'i rgyur gyur cig/__sarba dA mang+ga laM/__shu b+haM// | |||
|pdflink=File:JKCL-KABUM-08-NYA-004.pdf | |pdflink=File:JKCL-KABUM-08-NYA-004.pdf | ||
}} | }} | ||
Line 22: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། | {{TibP|༄༅། །ཟབ་ཆོས་རིག་འཛིན་ཐུགས་ཐིག་གི་ཐོད་རྒལ་གྱི་ཁྲིད་ཡིག་འཇའ་ལུས་མཆོག་སྦྱིན་གྱི་གསལ་བྱེད་ཉུང་ངུ་དྲི་མེད་འོད་སྣང་ཞེས་བྱ་བ་བཞུགས་སོ། ། | ||
ན་མོ་གུ་རུ་པདྨ་ཀཱ་ར་ཨཀྵ་ར་བཛྲ་ན་མོ། གང་གི་རང་བཞིན་ཐོག་མཐའ་དབུས་བྲལ་བ། །འགྱུར་མེད་བདེན་དོན་ཆོས་དབྱིངས་བདེ་བ་ཆེ། །རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །བརྟན་གཡོའི་ཁྱབ་བདག་བླ་མར་ཕྱག་བགྱིའོ། །དེ་ཡི་གནས་ལུགས་ཇི་བཞིན་མངོན་བྱེད་ཀྱི། །མྱུར་ལམ་རྡོ་རྗེ་ཐེག་པའི་ཟབ་དོན་སྙིང་། །ཀུན་གྱི་རྩེ་རྒྱལ་རྫོགས་པ་ཆེན་པོ་ཡི། །ཡང་གསང་བླ་མེད་ཁྲིད་རིམ་ཉུང་ངུར་བཀྲལ། །བརྒྱུད་གསུམ་བླ་མ་རིག་འཛིན་རྒྱ་མཚོ་དང་། །ཐུགས་ཐིག་ཟབ་མོའི་གཉེར་འཛིན་ཌཱ་ཀིའི་ཚོགས། །སྲུང་མར་བཅས་པས་བཀའ་ཡི་གནང་བ་དང་། །བྱིན་རླབས་བདེན་པའི་སྟོབས་ཀྱིས་ཤིས་པ་སྩོལ། །དེ་ལ་འདིར་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་ཟབ་གཏེར་དུ་སྦས་པ་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང་བླ་སྒྲུབ་རིག་འཛིན་ཐུགས་ཐིག་ཅེས་ས་གསུམ་ན་འགྲན་ཟླ་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པས་བསམ་ཡས་གཡའ་མ་ལུང་གི་བྲག་རི་རིན་ཆེན་བརྩེགས་པའི་འདབ་རོལ་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབས་པར་མཛད་པ་འདི་ལ་བསྐྱེད་རྫོགས་ཀྱི་ཁྲིད་ཟབ་ཅིང་རྒྱ་ཆེ་བར་བཞུགས་པའི་ནང་གསེས་རྫོགས་རིམ་ཀ་དག་གི་ཁྲིད་ཡིག་གསལ་བྱེད་མ་ཧཱ་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོའི་ལེགས་གསུངས་འཁྲུལ་པའི་དྲི་མ་ཟད་པ་ལེ་ཚན་དང་། རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་ལྗགས་བཤད་གྲུབ་ཆེན་ཁྱུང་རས་པས་ཟིན་བྲིས་སུ་བཏབ་པ་ལས་རྟོགས་པར་བྱ་ཞིང་། འདིར་འཆད་བྱ་ཐོད་རྒལ་གྱི་ཁྲིད་འཇའ་ལུས་མཆོག་སྦྱིན་གྱི་གསལ་བྱེད་མདོར་བསྡུས་སུ་འཆད་པ་ལ། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོ་ཐུན་མོང་ཐུན་མིན་རྣམས་ནི་ཀ་དག་གི་ཁྲིད་སོགས་ལས་ཉམས་སུ་བླངས་ནས། དངོས་གཞི་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་དང་། ལམ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་གཉིས་ལས། འདིར་འཆད་བྱ་ཕྱི་མ་སྟེ། དེའང་བརྒྱུད་ལྡན་གྱི་བླ་མ་ལས་ངོ་སྤྲོད་ལེགས་པར་ཐོབ་ཅིང་ཁྲེགས་ཆོད་ལ་ཅུང་ཟད་བརྟན་པ་ཐོབ་པས་བོགས་འདོན་དུ་ཉམས་སུ་བླང་བར་བྱ་བ་སྟེ། དེའང་ཐོད་རྒལ་གྱི་གསེང་ལམ་ཟབ་མོ་འདི་ཉིད་ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་ཏེ། རང་བྱུང་རིག་པ་སྐུ་གསུམ་གྱི་སྣང་བ་ལམ་སྣང་ལ་རྫོགས་པ་དང་། སྒོ་ཡུལ་རླུང་རིག་གི་གནད་གཅུན་པས་ཉམས་ལེན་ལག་ལེན་དུ་འདྲིལ་བ་དང་། རང་གནད་དབང་པོའི་མངོན་སུམ་དུ་གཟིར་བས་ལམ་དུ་བྱེད་པ་དང་། ལུས་གནད་བཞུགས་སྟངས་གཟིགས་སྟངས་ཀྱིས་གཅུན་པས་དྭངས་མའི་འོད་རྩེ་ལས་འཆར་བ་དང་། སྒོ་རྒྱང་ཞགས་ཀྱི་ལམ་ནས་མངོན་སུམ་མཐོང་བ་དང་། རང་རིག་རྟོག་བྲལ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་རྩལ་ཡུལ་དུ་བྱས་པ་དང་། ཉམས་སྣང་ཤེས་ཉམས་ལས་འདས་པ་གོང་འཕེལ་དུ་འགྱུར་བའི་ཁྱད་པར་རྣམས་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཕགས་ཆོས་དེ་ལྡན་གྱི་གདམས་པ་ཉམས་སུ་བླང་བ་ལའང་སྔོན་འགྲོ་དང་། དངོས་གཞི་གཉིས་ལས། །དང་པོ་སྔོན་འགྲོ་ནི། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། ཞེས་དང་། ཀློང་གསལ་ལས། མངོན་སུམ་གནད་ལ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུག་བཏང་། ཞེས་པ་ལྟར་བྱ་བ་དགུ་ཕྲུག་ཏུ་གཏོང་བར་བྱ་སྟེ། ལུས་ཀྱི་ཕྱི་ཡི་འཇིག་རྟེན་འཁྲུལ་པའི་བྱ་བྱེད། ནང་ཕྱག་བསྐོར་སོགས་འདུས་བྱས་དམན་པའི་དགེ་བ། གསང་བ་རྣམ་གཡེང་འདུ་འཛི་སྤངས་ཏེ་གཅིག་པུར་གནས་པར་བྱ་བའོ། །ངག་གི་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་བཟླས་བརྗོད། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་གནས་པར་བྱ། ཡིད་ཀྱི་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས། ནང་ཆོས་ཅན་བསམ་བློ་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་སྣ་ཚོགས་པ་བཀག་ནས་དྲན་བསམ་རྣམ་རྟོག་ཕྲ་རགས་ཐམས་ཅད་དང་བྲལ་བར་གནས་པ་སྟེ། དེ་ལྟར་བྱ་བ་དགུ་ཕྲུགས་སུ་བཏང་བའི་ཡོན་ཏན་ནི། ཀློང་གསལ་ལས། ལུས་ངག་འཁྲུལ་པ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། ཅེས་དང་། མ་བཏང་བའི་སྐྱོན་ནི། དེ་ཉིད་ལས། བྱར་མེད་རྒྱུད་ལ་མ་གནས་ན། །རིག་པའི་དོན་ལ་རེག་པ་མེད། ཅེས་གསུངས་སོ། །དེ་ལྟར་བགྱིས་པས་སྒོ་གསུམ་བྱར་མེད་ལྷུག་པར་ངང་གིས་དལ་ཞིང་གནས་པ་དང་། བརྟན་པ་དང་། གྲོལ་བར་འགྱུར་རོ། །གཉིས་པ་ཟག་མེད་ཡེ་ཤེས་འོད་གསལ་གསང་བ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་རྒྱུད་ལ་བསྟེན་པ་དངོས་ལ། ལུས་ངག་ཡིད་གསུམ་གྱི་གནད་གཟིར་ཚུལ་དང་། སྒྲོན་མ་བཞིའི་རང་བཞིན་བཤད་པ་དང་། དེ་ལ་གནད་དུ་བསྣུན་ཚུལ་དང་། རྗེས་སྣང་བཞིའི་ས་མཚམས་བཤད་པ་དང་། འབྲས་བུ་ཡོན་ཏན་ཐོབ་ཚུལ་དང་ལྔ་ལས། དང་པོ་བཞུགས་སྟངས་གསུམ་དང་། གཟིགས་སྟངས་གསུམ་གྱི་སྒོ་ནས་གནད་གཅུན་པ་སྟེ། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་ནི་ངེས་པར་བསྣུན། །དེ་ཡང་ལུས་འདི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། རིག་པ་བརྟེན་ས་ལུས་ཡིན་ཏེ། །ལུས་གཅིག་མེད་ན་མེད་པ་སྟེ། །ཡོད་ན་ཡེ་ཤེས་ཡོད་པར་ངེས། །དེ་ལྟར་ལུས་ལ་ཡོད་པ་དེ། །ཆོས་ཅན་སྤྱི་ཡི་མཚན་ཉིད་ཀྱིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །བརྟག་དཔྱད་རྣམ་པ་སྣ་ཚོགས་ཀྱིས། །དཔྱད་པས་དེ་ཉིད་རྙེད་པ་མིན། །མོ་དང་པྲ་ལ་སོགས་པ་ཡི། །རྩིས་ནི་རྣམ་པ་སྣ་ཚོགས་ཀྱིས། །བལྟས་ཤིང་དཔྱད་ཀྱང་རྙེད་པ་མིན། །འོ་ན་གཏན་མེད་ཡིན་ཅེ་ན། །གཏན་དུ་མེད་པ་མ་ཡིན་ཏེ། །ལུས་ངག་གཏམས་ན་མངོན་དུ་སྣང་། །དཔེར་ན་ལུས་ལ་ཁྲག་ཁྱབ་སྟེ། །སྐྱེས་བུ་གླེན་པ་འགའ་ཞིག་གིས། །གང་གང་ལུས་ལ་ཁྲག་བཙལ་བས། །གཅིག་ཀྱང་བྱུང་བ་མ་ཡིན་ནོ། །འོ་ན་ལུས་ལ་ཁྲག་མེད་དམ། །ལུས་ལ་མེད་པ་མ་ཡིན་ཏེ། །ཐམས་ཅད་ཁྱབ་ཅིང་ཁྲག་ལ་བརྟེན། །སྐྱེས་བུ་ཐབས་དང་ལྡན་པ་ཡིས། །རྩ་ལ་གཏར་ན་ཁྲག་འབྱུང་ལྟར། །ལུས་གནས་ཡེ་ཤེས་དེ་བཞིན་ནོ། །ཞེས་པ་ལྟར་རྡོ་རྗེའི་ལུས་ཀྱི་གནད་གཅུན་དགོས། དེ་ལ་གནད་མང་ཡང་གསང་བ་བླ་ན་མེད་པའི་ལུས་ངག་ཡིད་ཀྱི་གནད་འདི་དག་ཟབ་པའི་མཐར་ཐུག་པ་སྟེ། དེའང་ལུས་གནད་བཞུགས་སྟངས་གསུམ་སྟེ། མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱེད། །ཞེས་གསུངས་པས། །དང་པོ་ཆོས་སྐུ་སེང་གེའི་འདུག་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར་བ། པུས་མོ་ཕྱིར་བགྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བར་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པ་ཁ་སྦུབ་ཏུ་བྱས་ལ་རྟིང་པའི་ནང་ངོས་སུ་བཙུགས། ལག་ཡུ་དྲང་པོར་བསྲངས། རོ་སྟོད་གསེང་སྟེ་དཔུང་པ་གྱེན་དུ་འཐེན། མཇིངས་པ་ཡིད་ཙམ་གྱི། མིག་འབྲས་མི་འགུལ། རྫི་མ་འཐབ་བརྡེག་མི་བྱ་བར་སྨིན་དབྲག་གི་ནམ་མཁར་བལྟ། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ། དེ་ལྟར་བྱས་པས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས། མཐར་ཐུག་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུག་སྟེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སེར་མོ་རྣམས་འགྲམ་པ་ལ་སྦྱར། རྒལ་ཚིགས་ཐད་ཀར་དྲང་པོ་བསྲངས་ནས་མིག་ཐད་ཀའི་ནམ་མཁར་ཟུར་གྱིས་ཧྲིག་གེར་བལྟ། མགོ་དགྱེ་ཙམ་བྱ། དེ་ལྟར་བྱས་པས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུང་ཟིན། མཐར་ཐུག་ལྷུན་གྲུབ་འོད་ལྔ་འཆར་བའི་དགོས་པ་ཡོད་དོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཉིས་གཤིབས། པུས་བྲང་སྦྱར་ཏེ་ཙོག་པུར་འདུག། ལག་གཉིས་ཀྱིས་དཔུང་པའམ། མཁལ་ཁུང་ངམ། པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོར་བསྲངས། མིག་ཟིམ་བུར་བར་སྣང་ལ་གཏོད་པའོ། །དེས་གནས་སྐབས་ལུས་ལ་དྲོད་སྐྱེ། མཐར་ཐུག་སྣང་སྲིད་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ། །བཞུགས་སྟངས་དེ་རྣམས་ཀྱིས་དང་པོས་འབྱུང་བ་རང་སར་དག། གཉིས་པས་གཡོ་བའི་རླུང་ཟིན། གསུམ་པས་དྲོད་སྐྱེད་ཅིང་། འབྱུང་བ་སྙོམས། མཐར་ཐུག་སྐུ་གསུམ་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །དེའང་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུས་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པའི་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་ལ་སྤྱོད་དེ། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་སོ། །ངག་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་ལ། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་དང་། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བསྟན་པར་བྱ། །ཞེས་པས་འཁྲུལ་པའི་གཏམ་འགགས་ཤིང་། བརྗོད་མེད་ཀྱི་དོན་རྒྱུད་ལ་བསྐྱེད་པའི་ཕྱིར་དང་པོ་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། དེ་ནས་ཡུན་ཇེ་རིང་དུ་བཏང་། སྐབས་སུ་སྨྲ་ཡུལ་མེད་ཀྱང་སྨྲ། དེ་ནས་ངག་གནས་པའི་རིམ་པ་རང་གི་སྔགས་དང་མོད་འདོད་པ་སོགས་ཁ་བཏོན་ཆོས་སྤྱོད་དམ་པའི་ཆོས་ཀྱི་ཚིག་སྣ་ཚོགས་གང་དྲན་ཐོལ་བྱུང་གསལ་པོར་བརྗོད་ཅིང་། གཞན་དང་ཚིག་གཅིག་ཀྱང་མི་སྨྲ་མཐར་བརྡ་ཙམ་ཡང་མི་བྱ་བར་ལྐུགས་པ་ལྟར་གནས་པར་བྱ་ཞིང་། དེ་ལྟར་གྱི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་དང་། དེ་དག་མ་བྱས་པའི་སྐྱོན། ངག་གི་གནད་ནི་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་པའི་གཏམ་གྱིས་དོན་ལ་སྒྲིབ། །ཅེས་སོ། །དགོས་པ་ནི། གནས་སྐབས་སུ་འཁྲུལ་གཏམ་དང་ཉོན་མོངས་པ་མི་འཕེལ། མཐར་ཐུག་རིག་པའི་དོན་ལ་མྱུར་དུ་རེག་ཅིང་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་འདའ་བའི་དགོས་པ་ཡོད་དོ། །གསུམ་པ་སེམས་ཀྱི་གནད་རླུང་རིག་གཉིས་ཏེ། རླུང་དལ་བར་བརྟེན་ནས་མཆུ་སོ་མ་རེག་ཙམ་གྱི་ཁ་ནས་རླུང་རང་བབས་སུ་བཏང་ཞིང་ཡུད་ཙམ་ཕྱིར་མནན་པས་རིག་པ་དལ་བར་འགྱུར་ཏེ། ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་བཅད་དེ། །ཁམས་གསུམ་དུ་ཡང་ལྡོག་པ་མིན། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས། སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་སྟོང་སང་ངེ་བ་ལ་མིག་དང་། ནམ་མཁའ། རིག་པ་གསུམ་པོ་དབྱེར་མེད་དུ་བྱས་ནས་བལྟ་བ་སྟེ། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། ཞེས་སོ། །དེ་སྐད་དུའང་། ཁྲིད་རྩ་ལས། ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས༔ ལུས་ཀྱི་གནད་གསུམ་གཅུན་ལ་དལ་བ་བསྟེན༔ ངག་གི་སྨྲ་བཅད་ཆོས་ཀུན་ཚིག་ལ་སྦྱངས༔ ཡིད་ནི་རྟག་ཏུ་བསམ་རྒྱུན་བཅད་ནས་ཀྱང་༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་གཅུན་པས༔ ལྟ་སྟངས་གསུམ་གྱི་གཏད་པའི་འབེམ་ལ་གཏད༔ སྣང་བའི་ཞེན་པ་བཅད་ཅིང་རྟག་ཏུ་གཟིར༔ ཞེས་གསུངས་ཏེ། སྔར་བཤད་མ་ཐག་པའི་བཞུགས་སྟངས་གཟིགས་སྟངས་ལ་བསླབ་ཅིང་། ཇི་སྐད་དུ། སེམས་ཀྱི་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་དང་། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་པ་ལྟར། ཕྱི་དབྱིངས་ནམ་མཁའ་སྟོང་པར་ནང་དབྱིངས་རྣམ་དག་གི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་བའོ། །དེའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། ཞེས་སོ། །དབྱིངས་རིག་གནད་དུ་མ་གཟིར་བའི་སྐྱོན་ནི། སེམས་ཀྱི་གནད་ནི་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །ཞེས་དང་། དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པ་ཡུལ་ལ་ལྡོག་པར་འགྱུར། །ཞེས་སོ། །དགོས་པ་ནི། གནས་སྐབས་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བར་ནུས་ཤིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བ་དང་། དེ་ལྟར་མ་བྱས་ན་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །གཉིས་པ་སྒྲོན་མ་བཞི་ཡི་རང་བཞིན་བཤད་པ་ལ་བཞི་ལས། །དང་པོ་དབྱིངས་རྣམ་དག་གི་སྒྲོན་མ་ནི། ཁྲིད་རྩ་ལས། དེ་ལས་ཉམས་ལེན་སྙིང་པོ་བསྟན་པ་ནི༔ ཚུལ་འདི་བཞིན་དུ་ཉམས་སུ་བླང་བྱ་སྟེ༔ དབྱིངས་ལས་ཕྱི་ནང་བྲལ་ཏེ་ཕྱི་ཡི་དབྱིངས༔ ནམ་མཁའ་སྟོང་པ་ཡིན་ཏེ་སྣང་བའི་ཡུལ༔ ནང་དབྱིངས་རྣམ་དག་སྒྲོན་མ་ཞེས་བྱ་བ༔ སྣ་ཚོགས་ནམ་མཁའི་འཇའ་འདྲ་འགྱུ་བ་ཡི༔ ཐིག་ལེ་འོད་ཟེར་དུ་མའི་བདག་ཉིད་ཅན༔ ཞིང་ཁམས་རྒྱལ་བའི་ཞིང་དུ་འཆར་བ་ཡིན༔ ཞེས་གསུངས་ཏེ། དབྱིངས་དེ་ལའང་གཞིའི་དབྱིངས་རང་གི་སྙིང་ག་ན་འོད་ལྔ་ལྷུན་གྲུབ། ལམ་གྱི་དབྱིངས་མིག་གི་འོད་རྩའི་རང་སྣང་། ཡུལ་ལ་སྣང་བའི་དབྱིངས་མཐིང་ག་དང་ལྔ་ལྡན་ཏེ། ཕྱི་མ་འདི་ལ་ཕྱི་ནང་གཉིས་ལས། ཕྱི་ཡི་དབྱིངས་ནམ་མཁའི་སྒྲོན་མ་འཆར་བའི་ཡུལ་བྱེད་པ་སྟེ། ནམ་མཁའ་སླད་བྱེད་ཀྱི་རྐྱེན་དང་བྲལ་བ་ལ་གཟིགས་སྟངས་ཀྱིས་གཏད་པས་དབྱིངས་མཐིང་ག་ཁྱབ་པ་ཆེན་པོ་ནི་ནང་གདངས་ཕྱིར་འཕོས་པ་ཡིན་ལ་རྒྱན་གྱི་ནམ་མཁའ་དང་སྐྱེས་བུ་འབྲེལ་བ་མ་གྲུབ་པས་ཕྱི་དབྱིངས་མཚན་ཉིད་པ་དབྱིངས་མཐིང་ག་ལ། ནང་དབྱིངས་རྣམ་དག་གི་སྒྲོན་མས་དྭངས་མ་རྣམས་སྡུད་ཅིང་སྐུ་འཛིན་པ་དང་། སྒོ་ཡུལ་རླུང་རིག་གི་གནད་གསུམ་གཅུད་དུ་སྨིན་པས་འཁྲུལ་སྣང་སྟོང་པ་བྱེད་ཅིང་། དེའི་གདངས་ནི་དབྱིངས་སྣང་ནཱ་རོ་ལྟ་བུ་སྨིན་མཚམས་ནས་དྲལ་ཏེ་དང་པོར་མཆེད་པ་ནས་རེ་ལྡེ་ཙམ་དང་། ཡུལ་གྲུ་ཙམ་དུ་ཁ་དོག་སྣ་ཚོགས་པ་འཇའ་ཚོན་འཁྱུགས་པ་འདྲ་བ་མཐའ་གཅིག་ཏུ་མ་ངེས་ཤིང་། ཐིག་ལེ་ཁ་དོག་སྣ་ཚོགས་པ་དང་། ཀོ་མོག་ཏུ་རྡོ་བོར་བ་ལྟ་བུས་སྐྱ་འོར་བ་དང་། ཉ་མིག་ལྟ་བུ་དེ་དག་ཀྱང་ཉིས་འབྲེལ་སུམ་འབྲེལ་ཅན་སོགས་སྣ་ཚོགས་མཐོང་བ་རྣམས་ཡིན་ཅིང་། དེ་རྣམས་བླ་མས་ངོ་སྤྲོད་པ་བཞིན་གནད་འཁྲུལ་པ་མེད་པར་ཡང་དག་བའི་ལམ་དུ་ཉམས་སུ་བླངས་པས་རང་སྣང་གི་འོག་མིན་གྱི་ཞིང་དང་། རང་བཞིན་སྤྲུལ་པའི་ཞིང་གི་སྨིན་བྱེད་དུ་འགྱུར་ཏེ་དོན་ཡེ་ཤེས་ཀྱི་འོད་རྩ་ལྔའི་རང་གདངས་ཕྱིར་འཆར་བ་ཡིན་ནོ། །ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། །གཉིས་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། ཁྲིད་རྩ་ལས། རིག་པ་ཞེས་བྱ་རྣམ་པ་ལྔ་ཡོད་དེ༔ གཞི་གནས་རིག་པ་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ གཞི་འཛིན་རིག་པ་རྟོག་པ་དུ་མས་སྦགས༔ སེམས་ཅན་རྒྱུ་སྟེ་ཀུན་གཞིའི་རྣམ་ཤེས་ཡིན༔ མཚན་ཉིད་འཛིན་པའི་རིག་པ་ཞེས་བྱ་བ༔ རྣམ་རྟོག་རིག་རིག་འགྱུ་འགྱུ་བྱེད་པ་སྟེ༔ རྟོག་པ་ཞེས་བྱ་རབ་ཏུ་གྲགས་པ་ཡིན༔ ཞེས་གསུངས་ཏེ། ཐུགས་རྗེ་རིག་པའི་སྒྲོན་མ་ལའང་གཞི་གནས་པའི་རིག་པ་དང་། གཞི་འཛིན་པའི་རིག་པ་དང་། མཚན་ཉིད་འཛིན་པའི་རིག་པ་དང་། ལྷག་མཐོང་གི་རིག་པ་དང་། ཐོད་རྒལ་གྱི་རིག་པ་དང་ལྔ་ལས། །དང་པོ་གཞི་གནས་པའི་རིག་པ་ནི། སེམས་ཅན་གྱི་རང་བཞིན་གྱི་གདོད་ནས་རྣམ་པར་དག་པའི་ཀུན་ཁྱབ་བདེ་གཤེགས་སྙིང་པོ། དེའང་ངོ་བོ་སྟོང་པ་ལ་ཆོས་སྐུའི་སྙིང་པོ་ཅན། རང་བཞིན་གསལ་བ་ལ་ལོངས་སྐུའི་སྙིང་པོ་ཅན། ཐུགས་རྗེ་རིག་པ་ལ་སྤྲུལ་སྐུའི་སྙིང་པོ་ཅན། དེ་གསུམ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ལས་དོན་ལ་གསུམ་དུ་དབྱེ་བའང་མེད་ལ། དེའང་འདིར་ཐོད་རྒལ་ལྟར་ན་ངོ་བོ་སྐུར་གནས། རང་བཞིན་འོད་ཀྱི་ཐིག་ལེར་གནས། ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མར་གནས་སོ། །ངོ་བོ་སྐུར་གནས་པའང་། ནོར་བུ་ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་སོ། །རང་བཞིན་འོད་ཀྱི་ཐིག་ལེར་གནས་པའང་། དེ་ཉིད་ལས། ཐིག་ལེའི་བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས། །ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། །ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ། །གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །དེའང་གསལ་འཚེར་གཟི་བརྗིད་ལྡན། །འགྲོ་དང་འོང་དང་གནས་པའོ། །ཞེས་སོ། །ཐུགས་རྗེ་སྒྲོན་མར་གནས་པའང་། རང་ཤར་ལས། དེ་ཡང་སྒྲོན་མ་རྣམ་པ་བཞི། །འགགས་པ་མེད་པའི་ཚུལ་གྱིས་གནས། །ཞེས་དང་། དེ་གསུམ་ཀ་དཔེ་དང་བཅས་བསྟན་པའང་། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་སོ། །དེ་ལྟ་བུའི་སྐུ་གསུམ་བཞུགས་ཚུལ་གཞན་ནས་མ་བཙལ་ཞིང་རང་ཆས་ལྷུན་གྲུབ་ཆེན་པོ་བྲི་གང་འཕོ་འགྱུར་བསལ་བཞག་བྲལ་བ་རང་བྱུང་ལྷུན་རྫོགས་ཆེན་པོར་གདོད་ནས་བཞུགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཐམས་ཅད་ཆོས་ཉིད་ལས། བླང་བར་བྱ་བ་གང་མེད་ཅིང་། །བཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །ཞེས་ཡིད་དང་རྣམ་པར་ཤེས་པའི་དངོས་མཚན་ལས་འདས་ཏེ་གཞིར་གནས་ཡེ་ཤེས་གསུམ་ལྡན་ཀ་དག་སྟོང་པ་ཆེན་པོར་རང་བཞིན་ལྷུན་གྲུབ་དབྱེར་མི་ཕྱེད་པ་བསྟན་པ་དང་། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །ཞེས་དང་། རང་བྱུང་རང་ལ་རྫོགས་པ་ནི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་གཞི་འཛིན་པའི་རིག་པ་ནི། རྣམ་ཤེས་ཀྱི་རྟེན་གཞིར་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་རྟོག་པ་སྣ་ཚོགས་ཀྱི་འཕྲོ་གཞི་ནི་བྱེད་ལ། རྟོག་པར་ནི་མ་འགྱུས་ཤིང་། གསལ་ཙམ་རིག་ཙམ་པ་ངོ་བོ་མ་རིག་པའི་ཤེས་པ་ལུང་མ་བསྟན་མེ་ལོང་གི་ངོས་ལྟ་བུ་བག་ཆགས་ཀྱི་སྣོད་དམ་གཞིར་བྱེད་པ་སྟེ། མུ་ཏིག་ཕྲེང་བ་ལས། སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །ཞེས་སོ། །གསུམ་པ་མཚན་ཉིད་འཛིན་པའི་རིག་པ་ནི། མཚན་ཉིད་འཛིན་པའི་རིག་པ་ཞེས་བྱ་བ་དྲན་རྟོག་སྣ་ཚོགས་འགྱུ་བའི་གྱ་གྱུ་ཅན་གྱི་རྟོག་པ་འདི་ཡིན་ཏེ། འགྲོ་དྲུག་ཐ་དད་པའི་ཤེས་པ་རང་ག་མ་གཟུང་འཛིན་ཀུན་ཏུ་རྟོག་པའི་སྣང་བ་ལ་བདག་ཏུ་འཛིན་པ་དང་བཅས་པ་སྟེ། ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། ངོ་བོ་འཇུག་ཅིང་ཁྱབ་པ་ལ། དྲན་བསམ་རྣམས་ཀྱི་གཞི་མའོ། །ཞེས་འཁོར་བའི་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ་འགྲོ་བ་དྲུག་གི་སྣང་བ་ཐམས་ཅད་དེ་སྣང་མི་སྣང་དུ་སེམས་འཛིན་པས་སེམས་དུ་མིང་བཏགས་པའོ། །བཞི་པ་ལྷག་མཐོང་གི་རིག་པ་ནི། གཞིར་གནས་ཤེས་རབ་རང་བྱུང་གིས་ཤེས་རབ་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་བྱེད། སྣང་བ་ཅེར་འཛིན་གྱིས་ཤེས་རབ་ཀྱིས་དབྱིངས་རིག་ཐད་ཀར་རྟོགས། དྲན་པ་འགགས་མེད་ཀྱི་ཤེས་རབ་ཀྱིས་མཉམ་བཞག་གསལ་དྭངས་ཕྱེད། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་རང་དང་སྤྱིའི་མཚན་ཉིད་ཤེས། འཇུག་བྱེད་ཤེས་རབ་ཀྱིས་ཐོས་བསམ་སྒོམ་པའི་མཚམས་ཕྱེད་པ་སྟེ། དེ་ལྔ་ཀ་ཡང་ངོ་བོ་གཅིག་པས་ཆོས་ཉིད་རང་བཞིན་འོད་གསལ་གྱི་དོན་བླ་མའི་བྱིན་རླབས་དང་། རང་གི་མོས་དགེས་ཡིད་དཔྱོད་དང་གོ་མྱོང་ཙམ་ལ་རག་མ་ལས་པར་མངོན་སུམ་རིག་པ་རྗེན་ཅེར་ལྷག་གེར་སྒྲོ་སྐུར་ཐམས་ཅད་དང་བྲལ་བར་རྟོགས་པ་སྟེ། ཐལ་འགྱུར་ལས། ཤེས་རབ་རང་བྱུང་བརྟེན་པ་ནི། །ཚིག་དང་ཡིན་མིན་རྟོག་པ་དང་། །གྲུབ་པའི་མཐའ་དང་ལྟ་སྒོམ་དང་། །ཆོས་ཉིད་ལ་ནི་བརྟེན་པའོ། །ཞེས་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་མཐོང་བ་མེད་པའི་ཚུལ་དུ་མཐོང་བའོ། །དེ་ནི་སྤྱི་ཙམ་ཡིན་ལ། ཐོད་རྒལ་རང་ལུགས་ནི། ཁྲིད་རྩ་ལས། དེ་ནས་ལྟག་མཐོང་རིག་པ་ལུ་གུ་རྒྱུད༔ ལས་སྐལ་ལྡན་པ་རྣམས་ཀྱི་མིག་གི་ཡུལ༔ སྣང་ཡང་ཐིག་ལེ་སྙིང་པོ་ཅན་ཞེས་བྱ༔ དེ་ཡི་ཆ་ཤས་སྐུ་དང་ཐིག་ལེར་སྣང་༔ སྣ་ཚོགས་སྣང་སྟེ་འཁོར་བའི་འཁྲུལ་པ་འཇོམས༔ ཞེས་གསུངས་སོ། །གསུམ་པ་སྒོ་རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡང་རྩ་ཚིག་འདིས་བསྟན་པ་ཡིན་ཏེ། རྒྱང་ཞགས་ཀྱི་ལམ་འདི་སྒྲོན་མ་གཞན་རྣམས་ཀྱང་འཆར་བའི་སྒོར་གྱུར་ཏེ། མིག་གཡས་ནས་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། ཤེར་སྒྲོན་གཉིས་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་དུ་འཆར་ལ། མིག་གཡོན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་། དབྱིངས་སྒྲོན་གཉིས་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ལ། དབུས་ཚངས་བུག་ནས་རིག་པ་རྟོག་མེད་ལུ་གུ་རྒྱུད་ཐིག་ལེ་བརྩེགས་མར་སྣང་བ་སྟེ། མུ་ཏིག་ཕྲེང་བ་ལས། འགྲོ་བའི་ལམ་ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མཐོང་བྱེད་ཡུལ་ལ་སྣང་བའོ། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་སོ། །རྒྱང་ཞགས་ཆུ་སྒྲོན་གྱི་ངོ་བོས་སྣང་བ་འཁོར་འདས་གཉིས་ཀྱི་ཆ་མཐུན་པར་བལྟ་བ་སྟེ། སྒྲོན་མ་འབར་བ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །ངོ་བོ་སྣང་བ་གཉིས་ཀ་སྡུད། །མཐོང་བྱེད་འཛིན་ཆ་མ་འགགས་ཕྱིར། གཉིས་ཀའི་ཆ་འཛིན་ལྟ་བས་ན། །འཁོར་འདས་མཐུན་པའི་ལྟ་བའོ། །ཞེས་སོ། །དེའང་འབྱུང་བ་འདུས་པའི་རྒྱང་ཞགས་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་གཟུགས་འཛིན་ནུས་སུ་སྐྱེས་པའི་དབང་པོ། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དྭངས་པའོ། །དེ་དག་ཀྱང་སྣང་བ་འཛིན་བྱེད་དུ་རང་གསལ་འགགས་མེད་ཆེན་པོར་བཞུགས་པ་ཡིན་ལ། སྐལ་ལྡན་གྱི་གང་ཟག་ལ་དགོངས་བརྒྱུད་ལྡན་པའི་བླ་མས་ངོ་སྤྲོད་ཐེབས་པས་འོད་སྣང་ལ་གཏད་དུས་རིག་པ་དལ་བ། རླུང་དལ་བ། ཡུལ་དུ་མི་རྟོག་པ་གསུམ་དང་། གཙོ་བོ་མིག་མི་འགུལ་བ་ལྟ་སྟངས་དང་སྦྱར་ཏེ། ཐལ་འགྱུར་ལས། ཡུལ་དང་རིག་པ་རླུང་དག་གིས། །ཆོས་ཉིད་ལམ་དུ་གཟུང་པའི་ཕྱིར། །ཡེ་ཤེས་རྫོགས་པ་ཆོས་ཉིད་དག། འདི་ཡང་སྒྲོན་མའི་གནད་ཡིན་ནོ། །རྒྱང་ཞགས་འབྲལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་གསུངས་སོ། །ལྔ་པ་ཐོད་རྒལ་གྱི་རིག་པ་ནི། ལྷུན་གྲུབ་འོད་གསལ་ཡེ་ཤེས་ཀྱི་དབྱིངས་སྣང་སྐུ་དང་ཐིག་ལེ་ཚད་མེད་པ་འཆར་བ་དེ་དག་རང་སྟོང་རང་སྣང་རང་རིག་པ་ཉིད་དུ་ངོ་ཤེས་པ་ཙམ་གྱི་ཆ་ནས་བཞག་པ་སྟེ། རིག་པའི་དབྱེ་བ་ལྔ་པོ་ཐམས་ཅད་ཀྱང་གཞི་ཐུགས་རྗེ་རིག་པ་རང་བྱུང་གི་རྩལ་ཐོད་རྒལ་གྱི་རིག་པ་འདིས་དབྱེ་བ་ཙམ་དུ་ཟད་དོ། །བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མ་ནི། རང་གསལ་ཀ་དག་སྟོང་པའི་རང་གདངས་སུ་གནས་པ་ཏེ། སྒྲོན་མ་འབར་བ་ལས། ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པས། །འདི་ཉིད་སུ་ཡི་ཤེས་པ་དེ། །ཐིག་ལེའི་སྐུ་ལ་ལོངས་སྤྱོད་དེ། །གོམས་པ་རྣམས་ཀྱི་སྤྱོད་ཡུལ་ཐོབ། །དེ་ཕྱིར་དེ་ཡི་ངོ་བོ་ནི། །ཉག་གཅིག་ཆ་ཕྲ་སྤྲོས་དང་བྲལ། །སྟོང་པའི་མུ་བྲལ་རང་གསལ་ཆེ། །རང་བཞིན་རང་གསལ་མཉམ་པ་ཉིད། །མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས། །ཞེས་སོ། །གཞི་གནས་རིག་པའི་ཐིག་ལེ་སྟོང་པ་སྙིང་གར་གནས། ལུས་གནས་རྩ་ཡི་ཐིག་ལེ་སྟོང་པ་རྩ་རྣམས་སུ་གནས། ཀུན་རྫོབ་རྒྱུ་ཡི་ཐིག་ལེ་རོ་མར་གནས། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་སྟོང་པ་རྐྱང་མན་གནས། རང་བྱུང་འབྲས་བུའི་ཐིག་ལེ་སྟོང་པ་མིག་ན་གནས་པ་འདི་དག་ཀྱང་རང་ངོ་ཡེ་སྟོང་ཐིག་ལེ་སྟོང་པའི་སྒྲོན་མའི་ཁོངས་སུ་གཏོགས་ཤིང་། དོན་ལ་མིག་གཉིས་ལ་ལྟོས་ནས་གཉིས་སུ་འགྱུར་བ་ཁོ་ན་ཡིན་ཏེ། ངོ་བོ་འོད་རྩ་གཉིས་ལ་བརྟེན། སྣང་བ་ཡེ་ཤེས་ལྔ་ལ་བརྟེན། རྣམ་པ་ཐིག་ལེ་གསལ་བར་བརྟེན། འགྲོ་འོང་རང་གནས་རླུང་ལ་བརྟེན། ཡུལ་ནམ་མཁའ་སྟོང་པ་ལ་བརྟེན། གནས་མིག་གི་དབུས་ན་བརྟེན། སྐྱེ་མཆེད་ངེས་པ་མཐོང་བྱེད་ཀྱི་རྣམ་ཤེས་ལ་བརྟེན་པ་སྟེ། ཐལ་འགྱུར་ལས། །ཐིག་ལེ་སྟོང་པའི་བརྟེན་ས་ནི། །རྣམ་ཤེས་ཉིད་དང་བར་སྣང་དང་། །རྩ་དང་རླུང་དང་ཐིག་ལེ་དང་། །ཡེ་ཤེས་དག་ལ་བརྟེན་པའོ། །ཞེས་སོ། །ཡུལ་དུ་སྣང་བའི་ཐིག་ལེ་དང་སྐུ་ཞི་ཁྲོ་སྣ་ཚོགས་པར་སྣང་བ་དེ་དག་ཀྱང་ནམ་མཁའ་དག་པས་གསལ་བ་དང་། མེ་དག་པས་དྲོ་བ་དང་། ཆུ་དག་པས་བསིལ་བ་དང་། ས་དག་པས་ཡང་བ་དང་། རླུང་དག་པས་གཡོ་བའི་རང་བཞིན་ཅན་ནོ། །སྣང་བའི་སྒོ་ནི། སྒྲོན་མ་འབར་བ་ལས། རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག། ཙཀྵུ་ཞེས་པའི་སྒོ་ནས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང་། །རང་གི་འོད་དང་ཟེར་ཉིད་དུ། །རང་ཆས་རྣམས་སུ་རྣམ་པར་སྣང་། །ཞེས་གསུངས། རང་བཞིན་ཀ་དག་གི་རང་སྣང་སུས་ཀྱང་མ་བྱས་པར་རང་སྣང་བ་ཉིད་ལམ་དུས་སུ་ལྷག་མཐོང་གི་རིག་པ་དང་ཐོད་རྒལ་གྱི་རིག་པས་སྣང་བ་ཡིན་ནོ། །ཐོད་རྒལ་གྱི་རིག་པ་དངོས་ཚད་ཕེབས་ཆེན་པོ་ལ་སྒྲོན་བཞིའི་སྣང་བ་དེ་དག་རྩལ་རྫོགས་བའི་མཐར་ཐུག་པ་དེ་ལ་ནི། འདི་ཉིད་ལས། ཉམས་བླངས་ཚད་ཕྱིན་ཐོད་རྒལ་རིག་པ་སྟེ༔ ཞེས་གསུངས་སོ། །གཉིས་པ་སྒྲོན་མ་བཞིའི་དོན་དེ་ལ་གནད་དུ་བསྣུན་ཚུལ་ནི། གོང་དུ་བསྟན་པའི་བཞུགས་སྟངས་གསུམ་པོ་ལུས་ཀྱི་ཆུན་བཙལ་ཞིང་ཆ་ཆ་ནས་ལྷོད་ཆགས་པ་བླ་མའི་ཞལ་ཁྲིད་ལྟར་ལེགས་པར་འབྱངས་དགོས་ཤིང་། ཙཀྵུ་ཟིམ་བུས་སུཪྻ་བལྟ། ཤང་གི་རྒྱུ་སྐར་བཞིན་དུ་གསལ། ཞེས་གསུངས་པས་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་གཏད་པས་ཕྱི་ཡི་དབྱིངས་མཐོང་། གཡས་གཡོན་ཟུར་མིག་དང་། ཡང་ན་ཟིམ་བུས་ཉི་མའི་འོག་གྲུ་གང་ཙམ་དམའ་བར་བལྟས་པས་ནང་གི་དབྱིངས་རིག་མཐོང་། དེས་དབང་པོ་བར་སྣང་ལ་འཁྲིད་ཅིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་ཞིང་། གཟིགས་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་བ་བྱུང་ན་འབྱོངས་པའི་རྟགས་སུ་ཤེས་པར་བྱ་སྟེ། ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་བྲལ་ཆུ་ཡི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་ལ་དབེན་པ་དང་། དུས་ཀྱང་ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། ཞེས་པའི་དུས་དེར་བསིལ་དྲོད་སྙོམས་པ་དང་། བྱིངས་རྨུགས་ཀྱི་རྐྱེན་ཉུང་ཞིང་། བྱེ་བྲག་ཉི་མ་འཆར་ནུབ་ཀྱི་ཟེར་གཉིས་དང་སྦྱར་བས་འོད་གསལ་གྱི་སྣང་བ་འཆར་བའི་རྐྱེན་དུ་འགྲོ་བ་དང་། མཐོང་ཡུལ་དུ་གངས་རི་སོགས་མིག་ལ་གནོད་བྱེད་མེད་ཅིང་། ཤར་རི་དམའ་ཞིང་ཟེར་འཆར་སྔ་བ་དང་། སྡུད་ཕྱི་བ་གལ་ཆེའོ། །ནམ་མཁའ་སྒྲིབ་བྱེད་དང་བྲལ་བའི་དུས་སྔ་དྲོ་ཁ་ནུབ་དང་། ཕྱི་དྲོ་ཁ་ཤར་དུ་བལྟས་ཤིང་ཕྱི་ནང་གི་དབྱིངས་རིག་ཨ་ལ་གཏད་པས་ཀྱང་འོད་གསལ་འཆར་བར་འགྱུར་ཞིང་བོགས་འདོན་བླ་ན་མེད་པ་དང་། ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་དུ་ཨ་ལོ་ཀེ་སྟེ། ཉི་མའི་འོག་ནས་ཟེར་རིན་གིས་མཐོང་ཡུལ་བདེ་བར་ཁྲིད་པ་དང་། ཟླ་བའི་དཀྱིལ་དང་། མར་མེའི་འོད་ལས་ཁྲིད་པ་དང་། ཉིན་བར་གྱི་ཉི་མའི་ཚ་བ། མཚན་ཟླ་དཀྱིལ་ལ་བལྟས་པས་སེལ་ཞིང་ཚ་གྲང་སྙོམས་པའོ། དང་པོའི་ལས་ཅན་ལ་ཉི་ཟླ་རྣམས་ལྷན་ཅིག་བྱེད་རྐྱེན་གྱི་ཐབས་ཙམ་དུ་ཟད་ཀྱི། ཅུང་ཟད་འབྱོངས་ནས་དེ་རྣམས་ལ་ལྟོས་མི་དགོས་ཤིང་། སྒོ་ཡང་མིག་རྐྱང་པ་ནས་འཆར་མི་དགོས་པར་གསུངས་སོ། །བལྟ་བའི་དུས་སེང་གེའི་བཞུགས་སྟངས་སྔ་དྲོ་ཉིན་གུང་། ཕྱི་དྲོ་གླང་ཆེན་དང་། རྒྱུན་དུ་དྲང་སྲོང་ཙོག་པུ་བདེ་ཞིང་། རིག་པ་མིག་ལ་གཏད། མིག་འབྱེད་འཛུམ་མེད་པ་དབྱིངས་ལ་གཟིར། མིག་མི་འགུལ་བས་རྩ་མི་འགུལ། དེ་མི་འགུལ་བས་རླུང་རིག་དལ་བར་འགྲོ་ཞིང་། རླུང་ཁ་ནས་ཕྱིར་བཏད་ཡུད་ཙམ་མནན་པ་ལྟ་བུས་འོད་སྣང་ལ་ཞེན་འཛིན་དང་། སྤུ་རིས་མི་ཕྱེད། འགུལ་འཕྲིག་བྱེད་བའི་རྗེས་སུ་རྟོག་པ་འབྲང་ན་ལུག་རྒྱུད་དངོས་པོར་ཞེན་པའི་གོལ་ས་ལྡང་བས་རིག་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ལས་མ་གཡོས་པར་འོད་སྣང་ཕར་ཀ་ན་མ་ལུས། རིག་པ་ཚུར་ཀ་ན་མ་ལུས་པར་དབྱིངས་སྣང་རིག་པ་དབྱེར་མེད་དུ་བསྐྱངས་ཤིང་། མིག་བཙུམས་རྡེབ་བྱེད་ན་མཐེབ་མཛུབ་ཀྱིས་མིག་མཐའ་མནན་ཏེ་བལྟ་བ་དང་། འོད་སྣང་འཆར་བདེ་ཆེད་དུ་སེང་རས་སྨུག་པོ་བཀབ་པ་དང་། ལག་སོར་དང་། དྭངས་ཤེལ་མིག་ལ་བཀབ་པ་དང་། འཁར་གཞོང་དུ་ཆུ་ལ་བལྟ་བ་སོགས་ཐབས་སྣ་ཚོགས་གསུངས་པ་རྣམས་ཀྱང་ཉམས་འོག་ཏུ་ཆུབ་པར་བྱ། དེ་ལྟར་བསྒོམས་པས་ཕྱི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་འདྲ་བས་སྣང་བའི་སྒོ་འབྱེད་ནས། ནང་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་མཐིང་ག་ཁྱབ་པ་ཆེན་པོ་ལས་རིམ་གྱིས་མཆེད་དེ་དབྱིངས་སྣང་འཇའ་ཚོན་ནམ་རྨ་བྱའི་མདོངས་བཀྲ་ལྟར་འཆར་ཏེ། སྒྲོན་མ་འབར་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་བར་འགྱུར། །ཞེས་སོ། །དེའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་དམར་ཟླུམ་ལ་འོད་ལྔའི་མུ་ཁྱུད་ཡོད་པ་གསལ་མདངས་ཅན་འཆར། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་བྱད་དང་འདྲ་བ། ཕྲ་བ་རྟ་རྔ་ལ་མདུད་པ་རྒྱབ་པ་ལྟ་བུ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། ལྕགས་ཚག། མེ་ཏོག་གི་ཆུན་པོ་ལྟ་བུ་འལ་འོལ་འགུལ་འཕྲིག་འཆར་བས་དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཐིག་གི་ར་བར་བཙོན་དུ་བཟུང་བ་ནི་གནད་དམ་པ་སྟེ། ཐལ་འགྱུར་ལས། རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལ་འགྲོ། །ཞེས་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པ་དང་། །ཞེས་དང་། སེང་གེ་རྩལ་རྫོགས་ལས། རང་བྱུང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་གསུངས་སོ། །དེ་ལྟར་འཆར་གཞི་ཡུལ་གྱི་གནད། འཆར་བྱེད་སྒོ་ཡི་གནད། འཆར་བྱ་རིག་པའི་གནད་གསུམ་མ་འཁྲུལ་བ་དང་། བློས་བྱས་ཀྱི་ཆོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས། ཕྱི་ཡི་འོད་ཀྱི་སྣང་བ་མ་འགགས་ཤིང་འཛིན་པས་མ་བསླད་པ་བརྗོད་མེད་སྤྲོས་བྲལ་གྱི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་ནད་གདངས་ཀྱི་རྩལ་རྣམས་ཕྱིར་གསལ་དུ་འཆར་བ་དེ་དག་ཡལ་ཡོལ་བྱེད་ན་དེ་རྗེས་རྟོག་པ་མི་འབྲང་བར་ལྟ་སྟངས་ཀྱིས་རིམ་གྱིས་ཁྲིད་ནས་སོར་གཞུག་པར་བྱའོ། །དེ་ལྟར་གནད་དུ་བསྣུན་པའི་ཡོན་ཏན་ནི། ཁྲིད་རྩ་ལས། འཁྲུལ་པ་རང་དག་འབྲས་བུའི་གནས་ལུགས་ཉིད༔ ཆོས་ཟད་བློ་འདས་དབྱིངས་སུ་གྲོལ་བ་ལ༔ རྫུ་འཕྲུལ་ཆེན་པོ་མིག་འཕྲུལ་ལྟ་བུ་ལ༔ སྣང་གྲག་ཀུན་ལྟར་སྣང་ཡང་གྲུབ་པ་མེད༔ འགྱུ་ཡང་འགྱུ་བའི་རྟོག་པ་དང་བྲལ་ལ༔ བསམ་གཏན་ལྡན་ཡང་ཤེས་རབ་ཟབ་མོའི་དོན༔ ཤེས་རབ་ཡིན་ཀྱང་ཐོས་བསམ་བྲལ་བ་ལ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་ཆེན་པོ༔ ཞེས་གསུངས་ཏེ། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྣུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་འཆར༔ ཞེས་མ་དག་འཁོར་བའི་འཁྲུལ་སྣང་ཕྱི་ནང་གི་བག་ཆགས་གདོས་བཅས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་དང་རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་རང་བྱུང་ཡེ་ཤེས་སྐུ་གསུམ་གྱི་སྣང་བ་རང་ཤར་འགགས་པ་མེད་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་འཆར་ཞིང་། རིག་པའི་སྐུ་མངོན་སུམ་དུ་སྣང་ཞིང་མངོན་སུམ་ལ་རབ་ཏུ་གནས་པ་ཤ་ཡི་སྤྱན་དང་། ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་པ་ཤེས་རབ་ཀྱི་སྤྱན་དང་། ཆོས་ཐམས་ཅད་སྡུད་པ་ཆོས་ཀྱི་སྤྱན་དང་། དེ་བཞིན་ཉིད་ཤེས་པ་ཐམས་ཅད་མཁྱེན་པའི་སྤྱན་དང་། རིག་པའི་སྐུ་ལས་གཞན་དུ་མི་ཡེངས་པ་རྣམ་གྲོལ་ཡེ་ཤེས་མཐོང་བའི་སྤྱན་ཏེ། སྤྱན་ལྔ་རྣམ་པར་དག་པ་རང་གསལ་སྒྲིབ་པ་དང་བྲལ་བ། ཤེས་བྱའི་རྣམ་པ་ཐམས་ཅད་པ་ཀུན་གྱི་མཆོག་དང་ལྡན་ཡང་ངོ་བོ་ལ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་རྡུལ་ཙམ་མི་དམིགས་ཤིང་། སྤྲོས་པའི་ཟུག་རྔུས་མ་གཙེས་ཤིང་། མཐའ་གང་ལའང་མ་རེག་པ། ལྷག་མཐོང་གི་ཤེས་རབ་ཟབ་མོ་མེ་ལྟར་འབར་ཡང་། དཔེ་དང་ལུང་རིག་གཏན་ཚིག་ལས་མ་བྱུང་ཞིང་། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་མན་ངག། སེམས་ལས་མ་བྱུང་བའི་སངས་རྒྱས་སྲིད་ཞིའི་ཁྱབ་བདག་ཡེ་ཤེས་ཆེན་པོའི་སྐུ་དངོས་མཚན་དང་བྲལ་བ་སྟེ། སྒྱུ་དྲྭ་ལས། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པ་ལྟར་ད་ལྟ་ལམ་དུས་སུ་བླ་མས་ངོ་སྤྲོད་པའི་རིག་པ་མ་བཅོས་གཉུག་མ་ཟང་ཀ་མ་བསྒྱུར་བཀོད་སྤུ་ཙམ་མ་བྱས་པའི་ཐ་མལ་ཤེས་པ་འདི་སྐུ་གསུམ་དབྱེར་མེད་རིགས་ལྔ། སྐུ་ལྔ། ཡེ་ཤེས་ལྔ་སོགས་ལྔ་ཚན་བདུན་གྱིས་ངོ་སྤྲོད་པའི་རིག་རྩལ་ལྷུན་གྲུབ་ཆེན་པོར་བཞུགས་པས་འཁོར་འདས་ཀྱི་སྣང་གྲགས་ཀྱི་ཆོས་ཇི་སྙེད་ཤར་ཡང་རང་གཤིས་ལ་ཞལ་ཕྱག་མཚན་མ་རིས་ཅན་དུ་གང་ཡང་གྲུབ་པ་མེད་པ་དང་། གདངས་ཀྱི་འགྱུ་ཆ་འགྱུ་བ་ལྟར་སྣང་ཡང་དེ་དེར་འཛིན་པའི་རྟོག་དཔྱོད་ཀྱི་ཞེན་པ་དང་བྲལ་ལ། རིག་པའི་རང་ངོ་གང་དུ་གཡོ་བ་མེད་པའི་རང་བབས་ཀྱི་བསམ་གཏན་དང་ལྡན་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩལ་མི་འགགས་པ། གནས་ལུགས་ཟབ་མོའི་ཤེས་རབ་ཡིན་ཀྱང་ཐོས་བསམ་གྱི་གོ་མྱོང་ཡིད་དཔྱོད་དང་བྲལ་བའི་རང་བཞིན་ཟབ་མོར་ཉིན་མཚན་ཁ་སྦྱོར་དུ་དགོངས་པ་ཆུ་བོའི་རྒྱུན་ལྟར་ཆད་པ་མེད་ཅིང་། ནམ་མཁའི་རྣལ་འབྱོར་འོད་གསལ་ཡེ་ཤེས་ཀྱི་ཀློང་ཆེན་པོ་ལས་ནམ་ཡང་འདའ་བ་མེད་པ་མངོན་དུ་འགྱུར་བ་ནི་མཐར་ཐུག་གི་དགོས་པ་དང་། གནས་སྐབས་སུ་རིག་པའི་ཡེ་ཤེས་དབང་པོའི་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ་ཏེ། རྡོ་རྗེ་ལུ་གུ་རྒྱུད་དང་པོར་མཐོང་ནས་ཚེའི་དུས་བྱས་ཀྱང་བདེན་པ་མཐོང་བའི་གནད་ཀྱིས་རང་བཞིན་སྤྲུལ་སྐུར་གྲོལ་བའི་དགོས་པ་ཡོད་དོ། །མདོར་ན་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཡིན་ལ། ཀ་དག་རྣམ་པར་དག་པས་རིག་པའི་རང་བཞིན་འོད་གསལ་བ་ཐོབ་སྟེ། ལྷུན་གྲུབ་ཀྱི་ངོ་བོ་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོ། །དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་དེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ལ་སངས་རྒྱས་སོ། །མངོན་སུམ་བསྟན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །དེའང་སྙིང་གའི་འོད་གསལ་ལ་འོད་རྩའི་སྒོ་བཞི་ཡོད་དེ། ཀ་ཏི་གསེར་གྱི་རྩ་ཆེན། ཤེལ་བུག་ཅན། དར་དཀར་སྣལ་མའམ་ཕྲ་ལ་འཁྲིལ་གྱེས། སྟོང་པ་རང་གྲོལ་བ་དང་བཞིའི་བྱེད་ལས་གོ་རིམ་བཞིན་ནང་དུ་འོད་གསལ་འཆར་བ་དང་། ནུབ་པ་དང་། །ཕྱིར་ཡུལ་དུ་འཆར་བ་དང་། རིག་པ་རྟོག་མེད་ཀྱི་སྐུ་དབྱིངས་སུ་ཐིམ་པའི་ལས་བྱེད་པའོ། །དེ་ལྟར་སྣང་བའི་འོད་གསལ་དེ་དག་འཇིག་རྟེན་གྱི་མིག་འཕྲུལ་རྣམ་པར་སྣང་བ་ལྟ་བུ་མ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞིར་གནས་པའོ། །དེ་ལྟར་གདིང་ཚུད་རྣལ་འབྱོར་དེ། །ཤར་བས་དགའ་བའི་སེམས་མེད་དེ། །འདུག་ཚུལ་དེ་ལྟར་ཡེ་ནས་ཡིན། །རིག་དང་སྒྲོན་མའི་སྣང་བ་ལ། །ས་ཆུ་མེ་རླུང་འབྱུང་བའི་དགྲས། །དེ་ཉིད་བཤིག་པར་ནུས་མ་ཡིན། །ཅེས་སོགས་ཡེ་ནས་མ་བྱས་ཤིང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས་པའི་རང་གདངས་ལམ་དུས་སུ་འཆར་བ་ཡིན་ནོ། །ཐུན་མོང་གི་ཐེག་པར་ཡང་། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟགས་པར་གྱིས། ཞེས་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འདོད་པས་ནམ་མཁའ་རྣལ་འབྱོར་དུ་བྱའོ། །ཞེས་དང་། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་སྒྲོན་མའི་ཏིང་ངེ་འཛིན་དང་། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བ་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་ལྟ་ན་སྡུག། ཅེས་དང་། སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེས་འོད་རབ་གསལ། ཅེས་དང་། དུས་འཁོར་ལས། མཁའ་ལ་ཆགས་པའི་སེམས་ཀྱིས་མིག་དག་མི་འཛུམ་པས་ནི་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །སྟོང་ལས་དུ་བ་སྨིག་སྒྱུ་རབ་གསལ་དྲི་མེད་སྲིན་བུ་མེ་ཁྱེར་ཉིད་དང་སྒྲོན་མེ་དང་། །འབར་བ་ཟླ་བ་རྡོ་རྗེ་དང་ཡང་མཆོག་གི་ཆ་དང་ཐིག་ལེ་ཡང་ནི་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་སྐུ་ནི་ཡུལ་དང་རྣམ་བྲལ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ཞེས་དང་། ས་ར་ཧས། རྨོངས་པ་ནམ་མཁའི་ཚད་མ་སྟེ། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོ་རྣམ་དག་ནམ་མཁའ་ལ། །བལྟ་ཞིང་བལྟ་བར་མིག་ནི་འགགས། །ཅེས་དང་། ཆོས་ཀྱི་ཚད་ནི་འདི་ཅི་ཅོག། མང་པོ་སྨྲས་པས་ཅི་ཞིག་བྱ། །མིག་ནི་ཕྱེད་མིག་གྱེན་ལྡོག་ལ། །མིག་ནི་བརྟན་པ་ཉིད་ཀྱིས་ཤེས། །ཞེས་སོགས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་བསྟན་ཅིང་། དེའང་རང་སྣང་ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད། ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་དང་པོ་ལ་རྟོག་པའི་བྱེ་བྲག་ཕྱེད། གཉིས་པ་ལ་མཚན་ཉིད་རྟོགས། གསུམ་པ་ལ་འཚང་རྒྱ། ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བཞི་མཐར་ཕྱིན་དགོས་ལ། གཟིགས་སྟངས་གསུམ་རིམ་བཞིན། ཆོས་ཉིད་ཀྱི་སྤྱན་གྱིས་དངོས་སུ་མཐོང་བས་ཐག་ཆོད། །ཡེ་ཤེས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། ཤེས་རབ་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པའི་ཕྱིར་བྱིན་རླབས་འདི་ཉིད་ལས་འབྱུང་། ཆོས་ཉིད་ཀྱིས་གྱེན་ལ་ལྡོག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་སྐུ་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་ཕེབས་པའི་གནད་ཡོད་པར་གསུངས། འོད་སྣང་རྣམས་ཤེས་རབ་ཀྱི་མིག་གིས་མཐོང་བའི་སྣང་ཉམས་ཡིན་ན་འདུས་མ་བྱས། རླུང་སེམས་ཀྱིས་བསླད་ཅིང་ཆུ་བུར་མིག་གིས་མཐོང་བ་ཡིན་ན་འདུས་བྱས་ཤས་ཆེ་བ་ཡིན་ནོ། །སྐུ་གསུམ་རང་གདངས་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་བ་ནང་དུ་ཐིམ་པས་འདུས་བྱས་སོ་སྙམ་ན། ལོངས་སྐུ་ཆེན་པོ་ཆོས་སྐུའི་དབྱིངས་སུ་ཐིམ་ན་དེ་མི་རྟག་པ་དང་འདུས་བྱས་སུ་མི་འགྱུར་བ་བཞིན། སྐུ་གསུམ་ངོ་བོའི་གདངས་ཀྱི་འོད་སྣང་རང་ཤར་རང་ཐིམ་པ་ཙམ་མོ། །དེ་ལྟར་མཐའ་གཅིག་ཏུ་ལམ་སྣང་འདི་དག་འདུས་བྱས་དང་འདུས་མ་བྱས་སུ་ཁས་ལེན་ཕྱོགས་གཅིག་པར་མི་བྱ་ཞིང་རྣལ་འབྱོར་པའི་རང་ཉམས་དང་བསྟུན་པ་གལ་ཆེའོ། །གསུམ་པ་རྗེས་སྣང་བ་བཞི་ཡི་འཆར་ཚུལ་བསྟན་པ་ནི། རྩ་ཁྲིད་ལས། དང་པོའི་དུས་ན་སྨྲིག་སྒྱུ་ལྟ་བུར་འཆར༔ བར་དུ་གོང་འཕེལ་ཡེ་ཤེས་སྣང་བ་ཡིས༔ ལམ་སྟོན་འཁྲུལ་པའི་དྲི་མ་སེལ་བས་ཏེ༔ ཐ་མའི་ཚེ་ན་རིག་པ་ཚད་ཕེབས་དུས༔ རིགས་ལྔའི་ཞིང་དུ་ཐམས་ཅད་ལམ་མེར་སྣང་༔ ཆོས་ཀུན་ཟད་པས་ཡུལ་དང་ཡུལ་ཅན་བྲལ༔ རང་ཉིད་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ༔ སྒྲ་ཚིག་ཀུན་གྱིས་གཏན་ལ་ཕེབས་མི་འགྱུར༔ ཞེས་གསུངས་ཏེ། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མི་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་པ་མཚམས་ཤེས་པའི་ཕྱིར་བཞིར་ངེས་པ་སྟེ། ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཆོས་ལས་འདས། །ཉམས་སྣང་གོང་འཕེལ་སྣང་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སྣང་བ་བཞི་ལས་དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་མཐོང་བ་འཆར་ཏེ། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུ་ཡི་རྟགས་སུ་ལུ་གུ་རྒྱུད་འཆར་ཏེ། དབྱིངས་སྣང་སྨིན་མཚམས་ཀྱི་ཡར་སྣེ་སོར་བཞི་ནས་དྲལ་ཏེ། དབང་པོའི་མངོན་སུམ་གྱི་མཐོང་བར། ཕྲ་བཀོད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལ་རིག་པ་ལུ་གུ་རྒྱུད་ཀྱི་སྐུར་ཡོངས་སུ་གསལ་ལོ། །ཞེས་རྒྱལ་བ་རྣམས་ཀྱི་ཐུགས་རྡོ་རྗེ་ཡེ་ཤེས་ཆོས་ཀྱི་སྐུ། དང་པོར་གོམས་པའི་དུས་ན་སྨྲིག་སྒྱུ་ལྟ་བུ་ཕྲ་ལ་འཁྲིལ་བ་འགུལ་ཁྱུག་གི་རྣམ་པ་ཅན་ཏེ་རྩ་ཡི་གནད་ལ་བརྟེན་པའི་རྟགས་སུ་བྲེང་ཆགས། རླུང་གི་གནད་ལ་བརྟེན་པའི་རྟགས་སུ་འགུལ་འཕྲིག་ཅན། ཐིག་ལེའི་གནད་ལ་བརྟེན་པའི་རྟགས་སུ་བར་མཚམས་ཐིག་ལེས་བརྒྱན་པ་འོད་འཚེར་ཞིང་བཀྲག་མདངས་ཅན་དེར་གོམས་པས། དབྱིངས་སྣང་གྲུ་གང་པ་དང་། ཐིག་ཟླུམ་སུམ་འབྲེལ་དང་། ལུག་རྒྱུད་ཕྲ་ལ་འགུལ་བ་སྣང་བ་ནི་དང་པོར་གོམས་པའི་ཚད་ཡིན་ཏེ། སྒྲོན་མ་རྣམ་བཀོད་ལས། ཟླུམ་འཁྲིགས་ལས་ནི་ཟ་འོག་རིས། །རང་གི་སྣ་རྩེ་ལ་ཤར་ན། །དང་པོར་གོམས་པའི་ཚད་ཡིན་ནོ། །ཞེས་ཕྱིའི་རྟགས་སྣང་དང་ནང་དུ། རིག་པ་འདབ་ཆགས་ལྡིང་བ་ཙམ། །དང་པོར་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་མཐོང་བའི་ཡོན་ཏན་ནི། ཀློང་གསལ་ལས། རིག་བ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས། དེ་མཐོང་བས་གནས་སྐབས་སུ་ཡིད་དཔྱོད་ཀྱི་ལྟ་བ་དང་བྲལ་ཏེ་ཡིད་དཔྱོད་འཛིན་པའི་ལྟ་བ་དེ་ཚིག་དང་། བློ་དང་ཤེས་རབ། རྟོག་ཚོགས་ཀྱིས་ཕོ་ཚོད་བྱེད་པ་བསྣུབས་པ་སྟེ་མཚན་ཉིད་དེ་ལྡན་གྱི་ལུག་རྒྱུད་མཐོང་བས། མཐར་ཐུག་དགེ་སྡིག་གིས་མ་གོས་ཤིང་ཁམས་གསུམ་དུ་ཕྱིར་མི་ལྡོག། མ་མཐོང་ན་ལྡོག་པའོ། །གཉིས་པ་ནི། ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། གོང་དུ་འཕེལ་བའི་སྣང་བ་ཡིས། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། ཞེས་པས་ཤེས་ཉམས་དང་། སྣང་ཉམས་གཉིས་ལས། བདེ་གསལ་མི་རྟོག་སོགས་དང་། བདེན་པ་མ་མཐོང་ཡང་སེམས་གནས་ཁྱད་པར་ཅན་དང་། རླུང་གིས་བྱེད་བཅིངས་ལས་དུ་བ་སྨྲིག་སྒྱུ་སོགས་ཤེས་ཉམས་ནི་བློ་ཡི་འཛིན་སྟངས་ཅན་མི་བརྟན་ལ་སེམས་ཀྱི་མཐོ་དམན་གྱི་བྱེད་པས་མི་བདེན་པ་སྣ་ཚོགས་སུ་འགྱུར་བ་དང་། སྣང་ཉམས་ནི་ཡེ་ཤེས་ཀྱི་འོད་གདངས་ཕྱིར་ངོ་བོ་མི་འགྱུར་བར་འཕེལ་བ་དང་། ནང་དུ་འོད་རྩ་དྭངས་པ་དང་། གསང་བ་ཉོན་མོངས་པ་གྲོལ་བ་གསུམ་མཉམ་པོར་སྟོན་ཏེ། ཀློང་གསལ་ལས། ཉམས་སྣང་གོང་དུ་འཕེལ་བ་ནི། །འོད་ནི་སྣ་ཚོགས་འགྱུར་འཕེལ་དང་། ཐིག་ལེ་འཕེལ་ཞིང་རིགས་བརྟན་ཚད། །ས་བོན་འབྲས་བུ་བར་བཞིན་འབྱུང་། །ཞེས་ལམ་གྱི་སྣང་ཉམས་གོང་འཕེལ་གྱིས་སྐུ་གསུམ་ལམ་དུས་སུ་རྩལ་རྫོགས་ཤིང་སྟོན་པ་ལམ་མཁན་ལྟ་བུའི་ཕྱི་ནང་འཁྲུལ་རྟོག་གི་དྲི་མ་སེལ་བར་བྱེད་པ་སྟེ། དབྱིངས་རིག་རེས་གསལ། རེས་མི་གསལ། གོམས་པས་ཐིག་ལེ་སྟོང་སྒྲོན་སྲན་མ་ཙམ་དུ་སོང་བའི་བར་དུ་གོམས་པ་དང་། དབྱིངས་སྣང་དུམ་བུ་དང་། གྱེན་འགྲེང་ལ་མིག་ཐུར་དུ་གཅུན། གྲུ་བཞིར་གཡས། ཟླུམ་པོར་གཡོན། ཟླ་གམ་ལ་སྟེང་། གྲུ་གསུམ་ལ་ཐུར་དུ་དབབ། དེ་ནས་རྩིབ་རྒྱུག། མདུང་རྩེ་དང་། རེ་ལྡེ་ཙམ་དང་། ཐིག་ལེ་མེ་ལོང་ཙམ། རིག་པ་འདབ་ཆགས་འཕུར་སྐྱེན་པ་ཙམ་པ་དང་། དེ་ལས་ཅུང་ཟད་འགུལ་བར་སྣང་སྟེ། སྒྲོན་སྣང་ལས། དེ་ནས་དེ་ལ་རབ་འདྲིས་ནས། རེ་ལྡེའི་རྣམ་པ་ཙམ་འཆར་བས། དེ་ནས་གོང་དུ་སྨིན་པའི་མཚམས། །མེ་ལོང་ཙམ་དུ་གསལ་གྱུར་ན། །བར་དུ་གོམས་པའི་ཚད་ཡིན་ནོ། །དེ་ནས་རབ་ཏུ་ཉམས་བླངས་ན། །རི་དྭགས་བང་དང་མཉམ་པ་ནི། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ནས་ཡང་ཉམས་ལེན་ལ་བརྩོན་པས། དབྱིངས་སྣང་རིན་པོ་ཆེ་འདྲ་བ། དྲྭ་བ། དྲྭ་ཕྱེད། པདྨ། མཆོད་རྟེན། རྡོ་རྗེ། འཁོར་ལོ་སོགས་ཕྱག་མཚན། མིག་མང་རིས། མིག་ཚགས། པདྨ་སྟོང་ལྡན། ཉི་ཟླ། མཁར་ཐབས། མེ་ལྕེ། ཉ་མིག་ལྟ་བུ་སོགས་དང་། ཐིག་སྒྲོན་ཁམ་ཕོར་ཙམ་དུ་འགྲོ། རིག་པ་རི་དྭགས་སྤང་རྩིབ་ལ་རྒྱུ་བའི་ཚོད་དུ་དལ། ཡང་བརྩོན་པས་འོད་ཡུལ་ཁམས་ཙམ། ཐིག་ལེ་བསེ་ཕུབ་ཙམ། རིག་པ་བུང་བ་བཅུད་འཁོར་ཙམ། དེ་ནས་སྟོང་གསུམ་ཙམ། སྒྲོན་ཐིག་གི་ནང་ན་རིགས་ལྔའི་སྐུ་ཕྲ་མོའི་དབུ། ཕྱེད་ཞལ། རྫོགས་པ་དང་། རིག་པའི་ནང་དུའང་སྐུ་ཕྲ་མོར་འཆར་ཏེ། སྒྲོན་སྣང་ལས། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་བས་ཀྲིག་གེར་གནས་པ་ལ། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལྟར་སྣང་བས་ཕྱིས་བར་དོ་མེད་དོ། །ཡོན་ཏན་ནི། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་འབྱུང་འདིས་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང་། །ཞེས་སོ། །སྐྱོན་ནི་དེ་ལས་ལྡོག་ཅིང་། གནས་སྐབས་སུ་ཉམས་སྣང་གོང་འཕེལ་གྱི་ཡོན་ཏན་ཐོབ་པས་མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའོ། །གསུམ་པ་ནི། ཀློང་གསལ་ལས། རིག་པ་ཚད་ལ་མ་ཕེབས་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། ཞེས་པས་རིག་པ་ཚད་ལ་ཕེབས་པ་ནི། ལུས་ཚད་ལ་ཕེབས་པ་དང་། སེམས་ཚད་ལ་ཕེབས་པས་དབྱིངས་ཀྱི་སྣང་བས་འབྱུང་བཞིའི་སྣང་བ་མེད་ཅིང་། འོད་གསལ་ཆེན་པོའི་སྣང་བ་རྣམ་པར་དག་པའི་ཞིང་ཁམས་ན་སྒྲོན་ཐིག་རེ་རེའི་ནང་དུ་རིགས་ལྔའི་སྐུ་ཡབ་ཡུམ་དུ་འབྲེལ་བ་དང་། རེ་རེའི་ནང་སྐུ་ལྔ་ཡབ་ཡུམ་དུ་སྣང་བ་དང་། རིག་པའི་མཚམས་སུའང་སྐུར་སྣང་ཞིང་། ལུས་འོད་དུ་སྣང་བའི་སྤྱི་བོ་ནས་ཐིག་ལེ་དགུ་བརྩེགས་དང་། རང་ལུས་འོད་ཀྱི་འཁོར་ལོར་འཁྱིལ་བ་དང་། སྐུ་རྣམས་ཀྱི་ཐུགས་ཀ་དང་། རང་གི་སྙིང་གའི་བར་འོད་ཀྱི་ཚོན་སྙེས་སྦྲེལ་བ་དེ་ལྟར་བྱུང་ན་དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་དོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུ་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ནས་ལྔ་ལྔ་ཟུང་དང་བཅས། །རབ་ཏུ་གསལ་བའི་ཐིག་ལེར་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་སོ། །དེ་ཚེ་ཕྱི་སྣང་བ་འོད་གསལ་དུ་གྲོལ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་སེམས་ཀྱི་ཟེར་གདངས་སྙིང་གར་ཐིམ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་རང་ནུབ། ལས་དང་བག་ཆགས་ཀྱི་འབྲེལ་ཆད་པའོ། །དེའི་ཡོན་ཏན་ནི། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། སྐྱོན་ནི། དེ་ལྟར་ཚད་ལ་མ་ཕེབས་ན། །ཕུང་པོའི་སྣང་འཛིན་དག་མི་འགྱུར། །ཞེས་སོ། །དེ་ལྟར་ལུས་སེམས་ཚད་ལ་ཕེབས་པ་ཆེན་པོར་ཕྱིན་པས། གནས་སྐབས་སུ་མ་བསྒོམ་ཀྱང་ཆོག་ལ་མཐར་ཐུག་ལོངས་སྤྱོད་རྫོགས་སྐུར་ངོས་ཟིན་པས། ལོངས་སྐུའི་ཞིང་ན་བདེ་ཆེན་འདུ་འབྲལ་མེད་དོ། །དེ་ལྟར་མ་ཡིན་ན་དེ་ལས་ལྡོག་པའོ། །བཞི་པ་ནི། ཉམས་སྣང་དེ་དག་གི་འཕེལ་ཟད་དེ་སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་ཡེ་ཤེས་ཀྱི་རླུང་གི་འཕེལ་ཆའི་སྣང་ཉམས་དང་། ལུས་དང་། དབང་པོ། རྟོག་ཚོགས། འཁྲུལ་པ། ཡུལ་དང་ཡུལ་ཅན་ཐམས་ཅད་ཟད་དེ། རང་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་བཅུད་དུ་སྨིན་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུར་སྨིན། དེ་ཡང་བསམ་བློ་སྒྲ་ཚིག་གིས་གཏན་ལ་ཕེབས་པའི་ཡུལ་ལས་འདས་པའི་ཡེ་ཤེས་ཟག་པ་མེད་པའི་སྐུ་རྣམ་པ་ཐམས་ཅད་པའི་ངོ་བོར་འཚང་རྒྱའོ། །འདི་དུས་འོད་ཀྱི་ནང་ན་ལག་སོར་འོད་ཀྱི་དཀྲིས་པ་ཙམ་ལས་མི་སྣང་། འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ། འབྱུང་བའི་དགྲས་མི་ཚུགས། དྲན་པ་རྗེས་མེད་དུ་འགྲོ། ཉི་ཟླ་དང་འགྲོ་འདུག་གི་སྣང་བ་མེད། འཁྲུལ་སྣང་ཐམས་ཅད་དབྱིངས་སུ་ནུབ། སྣང་བ་རང་ཡལ་དུ་གྲོལ་ནས་ཆོས་སྐུ་རང་དག་ཆོས་ཐམས་ཅད་ཀྱི་ཟད་པར་ཐུག་པ་དང་། རིག་པའི་ངོ་བོ་ཆེ་ཆུང་བཟང་ངན་གང་ཡང་མ་གྲུབ། ཐུགས་རྗེའི་ཆ་ལས་གསལ་ཙམ་དང་། མངོན་ཤེས་ཐོགས་པ་མེད། བསམ་པ་རང་ཡལ་ཏེ་ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱ་བ་དང་། འདི་དུས་འཕོ་ཆེན་དུ་བཞེངས་ན་ལག་སོར་ལ་བལྟས་པས་སྣང་བ་དེ་ལས་རང་ལོག་སྟེ། དེའང་ལྷུན་གྲུབ་ཀྱི་སྒོ་ལས་སྣང་ཆ་གཉིས་རིག་པ་ལ་ཕྲ་བའི་རླུང་མེ་སྟག་ལྟར་འཕྲོ་བ་དེས་རིག་པའི་རྟ་བྱས་ནས་འཁོར་འདས་ཀྱི་སྣང་ཆ་གཉིས་འཛིན་པ་སྟེ། སྣང་བྱེད་ཆུ་ཡི་ཟླ་བ་ལྟ་བུའི་ལུས་སྐྱེ་ཤི་བྲལ་བ། རྡོ་རྗེའི་སྐུས་སེམས་ཅན་གྱི་དོན་བྱེད་པའོ། །རྟེན་འདི་སྒྲིབ་པ་ཐམས་ཅད་དག་པའི་མི་སློབ་པའི་སངས་རྒྱས། རྣམ་པ་རིག་འཛིན་གྱི་རྟེན་ཅན་དུ་བཞུགས་པ་ལས་སྒྲིབ་པའི་ལྷག་མ་ཡོད་པར་མི་སེམས་སོ། །འཕོ་སྐུར་བཞེངས་དུས་སྣང་བ་རང་ལོག་ཅེས་པའང་། མི་གསལ་བ་དབྱིངས་སུ་སྡུད་ཉེ་བ་རིག་པ་རྡོ་རྗེའི་འོད་སྐུར་གསལ་བར་གོ་འཕོས་པ་ཙམ་དུ་ཤེས་པར་བྱའོ། །དེ་ལྟར་ཐོབ་པའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་སངས་རྒྱའོ། །ཞེས་དང་། སྐྱོན་ནི། ཆོས་ཉིད་ཟད་པར་མ་གྱུར་ན། །ལྷག་མེད་ཉིད་དུ་འགྱུར་བ་མིན། །ཅེས་སོ། །གནས་སྐབས་སུ་སྣང་བཞིའི་ས་མཚམས་ཀྱི་ཚད་ཟིན། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་སངས་རྒྱ་བའི་དགོས་པ་ཡོད་དོ། །ཟད་པ་ལ་སྣང་བཞི་རིམ་གྱིས་ཟད་པ་དང་། ཆོས་ཉིད་མངོན་སུམ་དུ་མཐོང་ནས་གཅིག་ཅར་དུ་ཟད་དེ་ཆོས་ཟད་དུ་འགྲོ་བའང་ཡོད་དོ། །སྣང་བ་བཞི་པོ་འདི་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ་རྒྱང་ཞགས་ཆུ་ཡི་སྒྲོན་མས་རྟེན་བྱེད། ཉམས་གོང་འཕེལ་ཐིག་ལེ་སྟོང་སྒྲོན། ཚད་ཕེབས་ལ་དབྱིངས་སྒྲོན། ཆོས་ཟད་ལ་ཤེས་རབ་རང་བྱུང་གི་སྒྲོན་མས་རྟེན་བྱེད་པ་ཤས་ཆེ་ཞིང་། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་མིག། ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ། ཉེར་ཐོབ་དེ་ལ་གོམས་པ་རྙེད་པ། ཉམས་གོང་འཕེལ་སྣང་བ་མཆེད་པ་འོད། ཉེར་མཆེད་ཐིག་ལེ། ཐོབ་པ་ཁ་དོག་ལྔར་གསལ་བ། ཉེར་ཐོབ་འགུལ་འཕྲིག་སྣ་ཚོགས་སུ་འབར་བ། ཚད་ཕེབས་དུས་མཆེད་པ་སྐུ་རྐྱང་། ཉེར་མཆེད་ཡབ་ཡུམ་ཟུང་འབྲེལ། ཐོབ་པ་ཚོམ་བུ་ལྔ་ལྔར་སྣང་བ། ཉེར་ཐོབ་དཀྱིལ་འཁོར་རྫོགས་པ། ཆོས་ཟད་དུས་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེར་མཆེད་སྟོང་པ་གཏད་པ་མེད་པ། ཐོབ་པ་བརྗོད་དུ་མེད་པ། ཉེར་ཐོབ་བལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པའོ། །སྣང་བཞི་དབང་བཞིའི་རིམ་པ་དང་སྦྱོར་དུ་ཡོད་དོ། །ལམ་བཞི་དང་སྦྱར་ན་ཆོས་ཉིད་མངོན་སུམ་ཚོགས་ལམ། གོང་འཕེལ་སྦྱོར་ལམ། ཚད་ཕེབས་མཐོང་སྒོམ། ཆོས་ཟད་མི་སློབ་ལམ་དང་སྦྱར་རོ། །དེ་བཞིན་ས་བཅུ་དང་སྦྱར་བའང་ཡོད་དེ་ཀུན་མཁྱེན་བླ་མའི་གསུངས་ལས་ཤེས་པར་བྱའོ། །ཐོད་རྒལ་གྱི་སྣང་བ་དེ་དག་ཀྱང་སྣང་བའི་འཆར་ཆ་གཙོ་མི་ཆེ་ཞིང་མཐའ་བརྟེན་གྱི་མན་ངག་གིས་ཚད་བཟུང་བ་གལ་ཆེ་སྟེ། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་པས། ལུས་འདུག་སྟོང་གསུམ་ལས་མི་འགུལ་ཏེ། ལུས་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་རླུང་མི་འགུལ། རླུང་མི་འགུལ་བས་སེམས་མི་འགུལ། སེམས་མི་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་རང་མལ་དུ་གནས། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས་རིག་པའི་གནད་རྩ། རྩ་ཡི་གནད་སྒོ། སྒོ་ཡི་གནད་སྒྲོན་མ་སྟེ། རྩ་མི་འགུལ་བས་མིག་བརྟན། དེས་སྒྲོན་མ་བརྟན། དེས་སེམས་བརྟན། དེས་དབྱིངས་རིག་འདུ་འབྲལ་མེད་པ་སྟེ། ཆོས་ཉིད་མངོན་སུམ་གྱི་མཐའ་བརྟེན་ནོ། །ཉམས་གོང་འཕེལ་དུས། ཀློང་གསལ་ལས། སྡོད་པ་གསུམ་གྱི་ཚད་བཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །ཞེས་པས། ཕྱི་སྣང་བ་ཟད་པའི་རླུང་སྡོད་པས་རིག་པ་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་མི་འགུལ་བར་སྡོད། གསང་བ་རྟོག་པ་འགྱུ་བྱེད་ཀྱི་རླུང་ཟད་པས་སེམས་རྣམ་རྟོག་འགྱུ་འཕྲོ་མེད་པར་སྡོད། སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་སྟེ། རབ་ལ་རྒྱུན་ཆད། འབྲིང་ལ་འོད་གསལ་དུ་འཆར། ཐ་མ་བཟང་པོ་ཤ་སྟག་རྨི། རྟགས་སྒོ་གསུམ་ལ་འཆར་ཏེ། ཆོས་ཉིད་མངོན་སུམ་དུས། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་བསྒུལ་བསྐྱོད་མེད། ངག་ལྐུགས་པ་ལྟ་བུ་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟ་བུ་སྟེ་སེམས་འཕྲོ་བ་ལྟར་འདུག་ཀྱང་གཏད་དུ་ཟིན་པའོ། །གོང་འཕེལ་དུས། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟ་བུ་རྒྱན་དང་བྱི་དོར་བྲལ། ངག་སྨྱོན་པ་ལྟ་བུ་དོན་མེད་ཅལ་ཅོལ་དུ་འབྱུང་། སེམས་རྩི་དུག་གིས་ཟིན་པ་ལྟ་བུ་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །ཚད་ཕེབས་དུས། ལུས་གླང་ཆེན་འདམ་དུ་ཚུད་པ་རང་སྟོབས་ཀྱིས་ཐོན་པ་ལྟ་བུ་ལུས་འབྱུང་བ་ལྔ་ལ་ཐོགས་པ་མེད། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ་ཅི་སྨྲས་ཀྱིས་གཞན་དད་ཅིང་ཕན་ཐོགས། སེམས་འབྲུམ་ནད་བྱང་བ་ལྟ་བུ་ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་འབྱུང་བའོ། །ཆོས་ཟད་སྐབས། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་བག་ཚ་མེད། ངག་བྲག་ཅ་ལྟར་རང་ཚིག་ཟད་ནས་གཞན་གྱི་རྗེས་སུ་ཟློས། སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་ལ་རང་ཡལ་དུ་འགྲོ་ཞིང་བག་ཆགས་ཀྱི་ཕུང་པོ་མི་སྣང་བའོ། །ཚད་ཕེབས་ཆེན་པོ་མཐར་ཐུག་པའི་དུས། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་གདབ་པས། ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས་སྐྱེ་བ་ལ་རང་དབང་ཐོབ་པས་ཕུང་པོའི་སྣང་བ་འགགས་ནས་གཞན་དོན་བྱེད་ན་རྡོ་རྗེའི་སྐུར་བཞེངས། བེམ་པོ་ལ་རིག་པ་བཅུག་པས་འགུལ་ཞིང་སྒྲ་ཐོས་པ་དང་། ལས་ལ་བཟང་ངན་མེད་པའི་རང་དང་རིགས་མཐུན་གྱི་སེམས་ཅན་སུམ་སྟོང་གྲོལ་བར་མཛད་པ་དང་། འཇུག་པ་ལ་རང་དབང་ཐོབ་པས་སོར་མོ་ལ་རིག་པ་གཏད་པ་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་སངས་རྒྱའོ། །རླུང་སེམས་ལ་རང་དབང་ཐོབ་པས་རླུང་སེམས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་། མཚམས་མེད་ལྔ་བྱས་པ་ཞིག་ལའང་རིག་པ་བཅུག་པས་གྲོལ་བར་ནུས་ཤིང་རི་བྲག་ལ་ཟངས་ཐལ་ཞིང་མངོན་ཤེས་ཕྱོགས་མེད་དུ་འཆར་རོ། །ཐོབ་པ་འདི་ལ་འཆད་ཚུལ་གཞན་ཡང་། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་རང་འགགས་པའོ་ཞེས་བཤད་པ་ཤས་ཆེ་ཞིང་། འདི་གཉིས་འགལ་བ་མ་ཡིན་ཏེ་ཚད་ཕེབས་ཀྱི་མཐར་ཐུག་ནས་ཆོས་ཟད་ལ་སྦྱོར་ཞིང་སྐྱེ་འཇུག་ལ་དབང་ཐོབ་པ་ཆོས་ཟད་ཀྱི་སྐབས་སུ་འབྱུང་ཡང་དེ་གཉིས་ཕན་ཚུན་ལྟོས་འཇོག་དང་ཆོས་ཟད་ལ་ཡུན་མི་འགོར་བའི་ཕྱིར་རོ། །ཆོས་ཟད་ཀྱི་སྐབས་གདིང་བཞི་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། ཅེས་གསུངས་ཏེ། ཡར་མྱང་འདས་ཀྱི་ཡོན་ཏན་ལ་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ། མར་འཁོར་བར་མི་ལྟུང་བའི་རེ་བ་དང་། ལྟུང་གི་དོགས་པ་མེད་པའོ། །དེ་ལྟར་མཐའ་རྟེན་དེ་དག་དང་ལྡན་པའི་ཡོན་ཏན་ནི། ཀློང་གསལ་ལས། མཐའ་བརྟེན་དག་གི་མན་ངག་གིས། །གོང་མའི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་དང་། མེད་པའི་སྐྱོན་ནི། མཐའ་རྟེན་གནད་ཀྱི་རྒྱབ་མེད་ན། །རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན། །ཞེས་སོ། །མཐའ་བརྟེན་དེ་རྣམས་ཀྱིས་གནས་སྐབས་སྣང་བཞི་སོ་སོའི་དོན་མ་ནོར་བ་འགྲུབ་ལ། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །ཞར་བྱུང་མཚན་མེད་ཀྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་པའི་རྒྱུན་གྱི་རྣལ་འབྱོར་བཞི་ཡི། སྲོད་ལ་དབང་པོ་གནད་བསྡུ་ནི། དྲང་སྲོང་ཙོག་པུར་འདུག་ལ། རྩ་དབུ་མ་ཕྱི་དཀར་ནང་དམར་མདའ་སྙུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཏ་ལེ་བའི་ལྟེ་བར་པདྨ་དམར་པོ་འདབ་བཞིའི་དབུས་ཨ་ཐུང་དམར་པོ་ཆོས་བཞི་ལྡན་དུ་གསལ། དབུ་མའི་ཡར་སྣེ་ཧཾ་དཀར་པོ་མགོ་ཐུར་བལྟ་ཐིག་ལེ་འཛག་ལ་ཁད་དུ་བསྒོམ། རླུང་རོ་བསལ། འོག་རླུང་འཐེན། སྟེང་རླུང་རྔུབ་པ་ལས་ལྟེ་བའི་གཏུམ་མོ་སྦར་ལ་ཧཾ་ལ་རེག། བདུད་རྩི་ཐིག་པ་གཅིག་དྲངས། མེ་ཡི་གསོས་བྱས། དེ་ནས་མེ་ཆེར་འབར། སྡིག་སྒྲིབ་བག་ཆགས་བསྲེགས། ཧཾ་ལས་བདུད་རྩི་དྲངས་པས་འབར་འཛག་གིས་ལུས་ཀྱི་རྩ་ཐམས་ཅད་གང་། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པ་དང་། མི་རྟོག་རིག་པའི་ངང་ལ་འཇོག་པ་དང་། རླུང་བུམ་ཅན་ཅི་ནུས་བཟུང་། དེས་ངལ་ན་རླུང་རང་བབས་ཀྱིས་ཅི་ནུས་བསྒོམ། ནམ་གུང་ཤེས་པ་བུམ་གཞུགས་ནི། ལོངས་སྐུ་གླང་ཆེན་འདུག་སྟངས། ཡང་ན་སེང་གེའི་ཉལ་སྟབས་ཀྱིས་ཉལ་ཏེ། དབུ་མ་སྔར་བཞིན་གསལ་བཏབ། སྙིང་པདྨ་དམར་པོ་འདབ་བཞི་ཅུང་ཟད་ཁ་བྱེ་བའི་དབུས་ཨ་དཀར་པོ་འོད་འབར་བ་དང་། དེ་ནས་ཡར་སྤྱི་བོའི་བར་ཨ་དཀར་པོ་ཉེར་གཅིག་བསྒོམ་ལ་རླུང་ལ་བྱང་བ་བུམ་ཅན་དང་། དེ་མིན་བར་རླུང་བཟུང་བས་གསལ་སྟོང་གི་ཡེ་ཤེས་སྐྱེ། གཉིད་དུ་འགྲོ་ཁར་ཡས་ནས་མར་ཨ་རྣམས་གཅིག་ལ་གཅིག་ཐིམ་གྱིས་སྙིང་གའི་ཨ་ལ་ཐིམ། པདྨ་ཁ་ཟུམ་པའི་ནང་དུ་ཨ་དེ་བུམ་ནང་གི་མར་མེ་ལྟར་གནས་པར་བསམས་ལ་རྨི་ལམ་དང་འོད་གསལ་གང་བཟུང་ཡང་ཨ་ཡིག་འོད་འབར་བ་དང་རིག་པ་དབྱེར་མེད་དུ་བསྲེས་པའི་ངང་ལ་གཙོ་བོར་བཞག་གོ །དེའི་མན་ངག་རྣམས་ནི་ཁྲིད་གཞུང་གཞན་དུ་ཤེས་པར་བྱའོ། །ཐོ་རངས་རིག་པ་རང་གསལ་གདབ་པ་ནི། གཉིད་སད་པ་དང་ཧར་གྱིས་ལྡང་ལ། ཆོས་སྐུ་སེང་གེའི་བཞུགས་སྟངས་བཅས་ལ། སྙིང་གའི་ཨ་དེ་ཧ་གསུམ་བུས་པ་དང་། པདྨ་ཁ་བྱེ་ཚངས་བུག་ནས་གཞུ་གང་ཙམ་གྱི་མདུན་མཁར་གནས་པ་ལ་རིག་པ་དབྱེར་མེད་དུ་གཏད་པས་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ། རིག་པ་དྭངས་སྙིགས་ཕྱེད་ཅིང་གྲུང་ཐོན། ཡང་ཨ་དེ་སྙིང་ནང་འདུག་པར་གཏད་པས་བྱིངས་རྒོད་ཀྱི་སྐྱོན་ཡང་སེལ་བར་འགྱུར་རོ། །རྒྱུན་དུ་རིག་བ་ལམ་ཁྱེར་ནི། ཁྲེགས་ཆོད་སྐབས་རིག་པ་ཡེ་ཤེས་གསུམ་ལྡན་གྱི་རང་ཞལ་བསྐྱང་བ་དང་མཉམ་རྗེས་ཀུན་ཏུ་མི་འབྲལ། ཐོད་རྒལ་གཙོ་ཆེ་ན་དབྱིངས་སྣང་ལ་རིག་པ་ཨར་གཏད་ཀྱིས་ཉམས་ལེན་ལ་ཉིན་མཚན་ཆུ་བོའི་རྒྱུན་བཞིན་བརྩོན་པར་བྱའོ། །བཞི་པ་འབྲས་བུའི་ཡོན་ཏན་ཐོབ་ཚུལ་ནི། རྩ་ཁྲིད་ལས། འདི་དོན་མཐོང་ན་ཀུན་ཏུ་བཟང་དང་མཉམ༔ ཞེས་དང་། རྫུ་འཕྲུལ་ཡོན་ཏན་ཐམས་ཅད་རྫོགས་པའི་ཚེ༔ རང་ལུས་ཟད་པའི་མཐའ་རུ་ཕྱིན་པ་དང་༔ འཕོ་བ་ཆེན་པོའི་ལུས་ལ་དབང་ཐོབ་ནས༔ སེམས་ཅན་ཀུན་དོན་སྤྱོད་པ་འབྲས་བུ་མཆོག༔ ཅེས་གསུངས་ཏེ། དེ་ལྟར་སྣང་བཞིའི་ལམ་ལ་བརྩོན་པས་སོ་སོའི་སྐབས་ནས་བཤད་པའི་ལམ་རྟགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དང་། ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་དང་། རྗེས་དྲན་དྲུག་དང་། སྤྱན་དང་། མངོན་པར་ཤེས་པ་དྲུག་ཕྲག་དྲུག་སོགས་ཡོན་ཏན་དཔག་ཏུ་མེད་པ་ཐོབ་ཅིང་། ཁྱད་པར་དུའང་ཆོས་འདིའི་འབྲས་བུ་མཐར་ཐུག་རིག་པ་ཡེ་ཤེས་དྭངས་མའི་འོད་ཀྱི་སྐུ་སྤངས་རྟོགས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་འཕོ་བ་ཆེན་པོའི་སྐུར་བཞེངས་ནས། སྲིད་པ་ཇི་སྲིད་གནས་ཀྱི་བར་གཞན་དོན་རྒྱ་ཆེར་མཛད་པ་དང་། ཁྲེགས་ཐོད་གཉིས་གང་ལ་བརྩོན་ཀྱང་དབང་པོ་རབ་ཚེ་འདིར་ལྷག་མེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲོ་བ་དང་། འབྲིང་རྣམས་ཆོས་ཉིད་བར་དོར་སྒྲ་འོད་གདུང་དང་བཅས་ཏེ་མངོན་པར་རྫོགས་པར་སངས་རྒྱ་ཞིང་། ཐ་མ་རྣམས་རང་བཞིན་སྤྲུལ་པའི་ཞིང་དུ་འཚང་རྒྱ་བའམ་གྲོལ་བ་ནི་ཐོག་མའི་ཀ་དག་གི་གྲོལ་གཞིར་ཁྱད་ཆོས་དྲུག་གིས་འཚང་རྒྱ་བ་སྟེ། དེའང་མི་གཡོ་སྤྲོས་དང་བྲལ་བ་ཆོས་སྐུའི་གདིང་ཚད། རང་གསལ་མཚན་དཔེ་རྫོགས་པ་ལོངས་སྐུའི་གདིང་ཚད། དོན་གཉིས་ལྷུན་གྲུབ་བྱེད་པ་སྤྲུལ་སྐུའི་གདིང་ཚད་དེ། རྣམ་པ་མི་རྟོག་དོན་ཀུན་རྫོགས་པ་འཕོ་འགྱུར་མེད་པ་ཆོས་སྐུའི་དབྱིངས་ན་སྟག་པར་ལྷུན་གྲུབ་ཏུ་བཞུགས་པ་ནི། ཐལ་འགྱུར་ལས། མི་གཡོ་བ་དང་གསལ་བ་དང་། །རིག་ཅིང་མཁྱེན་པའི་ཆར་སྣང་དང་། །མཉམ་དང་ཕྱོགས་རིས་མི་འབྱེད་པའོ། །ཞེས་གདོད་མའི་གྲོལ་གཞིར་མངོན་བྱང་ཆུབ་པ་ལས་ཕྱིར་གསལ་གཟུགས་སྐུའི་དོན་མཛད་པའོ། །ཞེས་དང་། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པས་མྱང་འདས་དངོས་ལ་སྦྱོར། །ཞེས་དང་། ཨ་ཏི་ཟབ་དོན་ལས། དེ་ལྟར་ཁྱད་པར་མཐར་ཐུག་དོན། །བྱ་བ་ཐོངས་ལ་ཉམས་སུ་ལོངས། །བསོད་ནམས་ཚོགས་ཀྱི་ཕ་མཐའ་བསྐྱེད། །ས་ལམ་ཡོན་ཏན་མ་ལུས་པ། །སྐད་ཅིག་ལ་བགྲོད་སྐུ་ལྔ་དང་། །ཡེ་ཤེས་ལྔ་ནི་སངས་རྒྱས་པའོ། །ཞེས་གསུངས་སོ། །དེ་ལྟར་རྩེ་གཅིག་ཉམས་སུ་བླངས་པས་དབང་པོ་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་ལོ་བདུན་ཚུན་ལ་གྲོལ་བ་ནི་གདམས་པའི་ཟབ་ཁྱད་ཀྱི་རང་འབྲས་ཡང་དག་པའོ། །འབྲས་བུའི་ཁྲིད་ཀྱི་གོ་དོན་རྒྱས་པ་ལོ་ཆེན་རིན་པོ་ཆེའི་ཐུགས་ཏིག་ཀ་དག་གི་ཁྲིད་ཀྱི་ལེགས་བཤད་ཟབ་མོ་ལས་རྟོགས་པར་བྱ་བས་འདིར་རྒྱས་པར་མ་སྤྲོས་སོ། །སླར་ཡང་སྨྲས་པ། །རྒྱལ་བས་ཆོས་ཀྱི་ཕུང་པོ་ཇི་སྙེད་པ། །གདུལ་བྱའི་བློ་ཡི་རིམ་པ་དང་འཚམས་ཕྱིར། །ཀུན་ཏུ་བརྗོད་ཅིང་ཀུན་ཏུ་འཇུག་པའང་། །གསུང་གི་འདུལ་བའི་ཆོ་འཕྲུལ་ལས་བྱུང་ཞིང་། །ཐེག་པའི་རིམ་པ་ཀུན་གྱི་མཐར་ཐུག་པ། །མཆོག་གསང་ཨ་ཏི་རྫོགས་པ་ཆེན་པོ་ཡི། །ཡང་གསང་བླ་མེད་འོད་གསལ་སྙིང་པོ་འདི། །འབྲས་བུའི་ཐེག་པ་ཀུན་གྱི་རྩེ་མོར་འཕགས། །འོག་མ་ཐམས་ཅད་འདིར་འདུས་འདིར་གཞོལ་ཞིང་། །འདི་ནི་རྒྱུ་འབྲས་ཐེག་པའི་མཛོད་ཁང་ཆེ། །འདི་དོན་རྟོགས་ན་བསྟན་པའི་ཆོས་རྣམས་ཀུན། །མ་འདྲེས་ཡོངས་རྫོགས་བདེ་བླག་ཁོང་དུ་ཆུད། །ཇི་ལྟར་རི་རྒྱལ་ལྷུན་པོའི་རྩེར་ཕྱིན་ན། །དམའ་བའི་རི་གླིང་ཐམས་ཅད་ཆུད་པ་ལྟར། །རྡོ་རྗེ་རྩེ་མོའི་གཞལ་མེད་ཁང་བཟང་རྩེར། །བསྙེགས་པས་ཐེག་པ་གཞན་གྱི་དོན་ཀུན་ཆུབ། །སེམས་དང་རྣམ་ཤེས་ལས་འདས་རྫོགས་པ་ཆེ། །སངས་རྒྱས་ཆོས་ཀུན་ཡེ་ཤེས་ཇི་བཞིན་པ། །མངོན་སུམ་བྱེད་པའི་རྡོ་རྗེ་སྙིང་པོ་འདི། །དཔལ་ལྡན་བླ་མའི་དྲིན་གྱིས་རྙེད་པར་འགྱུར། །སྔོན་སྦྱངས་བསགས་པ་རབ་ཀྱི་ཕུལ་བྱུང་ཅིང་། །འདི་ཡི་ཕྱོགས་སུ་རིགས་མཆོག་སད་པ་རྣམས། །ནོར་བུ་རྙེད་ནས་མཆིང་བུ་མི་ཚོལ་བར། །གསང་མཆོག་ཟབ་མོའི་ལམ་འདིར་བརྩོན་པར་རིགས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །འདི་ཡི་རིགས་སུ་ངེས་ཤིང་རྟོགས་པས་གྲོལ། །ཐུགས་རྗེའི་གཞན་ཕན་མཛད་པ་མཐའ་ཡས་པས། །ནམ་མཁའ་མཉམ་པའི་འགྲོ་བའི་དོན་བྱེད་ཤོག། འདི་སྦྱར་དགེ་བ་རིན་ཆེན་ཀེ་ཏ་ཀ། ཟླ་གཞོན་པད་དཀར་ལྟ་བུའི་རྗེས་འགྲོ་བ། །འདིས་མཚོན་དུས་གསུམ་དགེ་ཚོགས་གཅིག་བསྡུས་ཏེ། །དཔལ་མགོན་བླ་མ་རྣམས་ཀྱི་སྤྱན་སྔར་མཆོད། །འགྲོ་ཀུན་མ་རིག་གཉིད་ཀྱིས་ཡུར་བ་རྣམས། །ཐེག་མཆོག་ཆོས་ཀྱི་དབྱར་རྔ་སྒྲོགས་པའི་མཐུས། །གཏི་མུག་གཉིད་དཀྲོགས་ཐར་པའི་མིག་རྙེད་དེ། །ཆོས་ཉིད་སྐུ་གསུམ་འོད་གསལ་མངོན་གྱུར་ཤོག། འདི་ལ་ནོངས་པའི་དྲི་མ་མེད་སྙམ་ཀྱང་། །སོ་སྐྱེའི་བློ་ཡི་སྒྲིབ་པས་ཉེས་པ་ཀུན། །བླ་མ་རིགས་ལྔ་ཌཱ་ཀིར་བཟོད་པར་གསོལ། །ཕྱིན་ཆད་ནམ་ཡང་སྒྲིབ་པར་མ་གྱུར་ཅིག། རྩ་གསུམ་བྱིན་རླབས་མཁའ་དབྱིངས་དྲངས་པ་ལ། །མཁྱེན་བརྩེའི་ཡེ་ཤེས་ཉི་མ་རྟག་འཆར་ཞིང་། །ངེས་གསང་བསྟན་པའི་པད་ཚལ་རྒྱས་པ་དང་། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག། །{{TibChung|ཅེས་སྔ་འགྱུར་བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་ཐོད་རྒལ་གྱི་ཁྲིད་ལ་ཟིན་བྲིས་ཉུང་ངུ་དགོས་ཞེས་ཞེ་ཆེན་དགོན་སྟོད་མཆོག་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་བ་བཞིན་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རིག་འཛིན་གོང་མ་རྣམས་ཀྱི་གསུང་ལས་བཏུས་ཏེ་བྲིས་པ་འདིས་ཀྱང་ངེས་གསང་རྡོ་རྗེ་རྩེ་མོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒ་ལཾ། ཤུ་བྷཾ།། །།}} }} | |||
ན་མོ་གུ་རུ་པདྨ་ཀཱ་ར་ཨཀྵ་ར་བཛྲ་ན་མོ། གང་གི་རང་བཞིན་ཐོག་མཐའ་དབུས་བྲལ་བ། །འགྱུར་མེད་བདེན་དོན་ཆོས་དབྱིངས་བདེ་བ་ཆེ། །རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །བརྟན་གཡོའི་ཁྱབ་བདག་བླ་མར་ཕྱག་བགྱིའོ། །དེ་ཡི་གནས་ལུགས་ཇི་བཞིན་མངོན་བྱེད་ཀྱི། །མྱུར་ལམ་རྡོ་རྗེ་ཐེག་པའི་ཟབ་དོན་སྙིང་། །ཀུན་གྱི་རྩེ་རྒྱལ་རྫོགས་པ་ཆེན་པོ་ཡི། །ཡང་གསང་བླ་མེད་ཁྲིད་རིམ་ཉུང་ངུར་བཀྲལ། །བརྒྱུད་གསུམ་བླ་མ་རིག་འཛིན་རྒྱ་མཚོ་དང་། །ཐུགས་ཐིག་ཟབ་མོའི་གཉེར་འཛིན་ཌཱ་ཀིའི་ཚོགས། །སྲུང་མར་བཅས་པས་བཀའ་ཡི་གནང་བ་དང་། །བྱིན་རླབས་བདེན་པའི་སྟོབས་ཀྱིས་ཤིས་པ་སྩོལ། །དེ་ལ་འདིར་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་ཟབ་གཏེར་དུ་སྦས་པ་ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་སྙིང་བླ་སྒྲུབ་རིག་འཛིན་ཐུགས་ཐིག་ཅེས་ས་གསུམ་ན་འགྲན་ཟླ་བྲལ་བའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གཏེར་བདག་གླིང་པས་བསམ་ཡས་གཡའ་མ་ལུང་གི་བྲག་རི་རིན་ཆེན་བརྩེགས་པའི་འདབ་རོལ་ནས་སྤྱན་དྲངས་པའི་ཤོག་སེར་ལས་གཏན་ལ་ཕབས་པར་མཛད་པ་འདི་ལ་བསྐྱེད་རྫོགས་ཀྱི་ཁྲིད་ཟབ་ཅིང་རྒྱ་ཆེ་བར་བཞུགས་པའི་ནང་གསེས་རྫོགས་རིམ་ཀ་དག་གི་ཁྲིད་ཡིག་གསལ་བྱེད་མ་ཧཱ་ལོ་ཙཱ་བ་ཆོས་དཔལ་རྒྱ་མཚོའི་ལེགས་གསུངས་འཁྲུལ་པའི་དྲི་མ་ཟད་པ་ལེ་ཚན་དང་། རྗེ་བཙུན་མི་འགྱུར་དཔལ་སྒྲོན་གྱི་ལྗགས་བཤད་གྲུབ་ཆེན་ཁྱུང་རས་པས་ཟིན་བྲིས་སུ་བཏབ་པ་ལས་རྟོགས་པར་བྱ་ཞིང་། འདིར་འཆད་བྱ་ཐོད་རྒལ་གྱི་ཁྲིད་འཇའ་ལུས་མཆོག་སྦྱིན་གྱི་གསལ་བྱེད་མདོར་བསྡུས་སུ་འཆད་པ་ལ། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོ་ཐུན་མོང་ཐུན་མིན་རྣམས་ནི་ཀ་དག་གི་ཁྲིད་སོགས་ལས་ཉམས་སུ་བླངས་ནས། དངོས་གཞི་ཀ་དག་ཁྲེགས་ཆོད་ཀྱི་ཁྲིད་དང་། ལམ་ལྷུན་གྲུབ་ཐོད་རྒལ་གྱི་ཁྲིད་གཉིས་ལས། འདིར་འཆད་བྱ་ཕྱི་མ་སྟེ། དེའང་བརྒྱུད་ལྡན་གྱི་བླ་མ་ལས་ངོ་སྤྲོད་ལེགས་པར་ཐོབ་ཅིང་ཁྲེགས་ཆོད་ལ་ཅུང་ཟད་བརྟན་པ་ཐོབ་པས་བོགས་འདོན་དུ་ཉམས་སུ་བླང་བར་བྱ་བ་སྟེ། དེའང་ཐོད་རྒལ་གྱི་གསེང་ལམ་ཟབ་མོ་འདི་ཉིད་ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་ཏེ། རང་བྱུང་རིག་པ་སྐུ་གསུམ་གྱི་སྣང་བ་ལམ་སྣང་ལ་རྫོགས་པ་དང་། སྒོ་ཡུལ་རླུང་རིག་གི་གནད་གཅུན་པས་ཉམས་ལེན་ལག་ལེན་དུ་འདྲིལ་བ་དང་། རང་གནད་དབང་པོའི་མངོན་སུམ་དུ་གཟིར་བས་ལམ་དུ་བྱེད་པ་དང་། ལུས་གནད་བཞུགས་སྟངས་གཟིགས་སྟངས་ཀྱིས་གཅུན་པས་དྭངས་མའི་འོད་རྩེ་ལས་འཆར་བ་དང་། སྒོ་རྒྱང་ཞགས་ཀྱི་ལམ་ནས་མངོན་སུམ་མཐོང་བ་དང་། རང་རིག་རྟོག་བྲལ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་རྩལ་ཡུལ་དུ་བྱས་པ་དང་། ཉམས་སྣང་ཤེས་ཉམས་ལས་འདས་པ་གོང་འཕེལ་དུ་འགྱུར་བའི་ཁྱད་པར་རྣམས་ཀྱིས་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཕགས་ཆོས་དེ་ལྡན་གྱི་གདམས་པ་ཉམས་སུ་བླང་བ་ལའང་སྔོན་འགྲོ་དང་། དངོས་གཞི་གཉིས་ལས། །དང་པོ་སྔོན་འགྲོ་ནི། འདས་རྗེས་ལས། གནས་བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། ཞེས་དང་། ཀློང་གསལ་ལས། མངོན་སུམ་གནད་ལ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུག་བཏང་། ཞེས་པ་ལྟར་བྱ་བ་དགུ་ཕྲུག་ཏུ་གཏོང་བར་བྱ་སྟེ། ལུས་ཀྱི་ཕྱི་ཡི་འཇིག་རྟེན་འཁྲུལ་པའི་བྱ་བྱེད། ནང་ཕྱག་བསྐོར་སོགས་འདུས་བྱས་དམན་པའི་དགེ་བ། གསང་བ་རྣམ་གཡེང་འདུ་འཛི་སྤངས་ཏེ་གཅིག་པུར་གནས་པར་བྱ་བའོ། །ངག་གི་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་ཏོན་བཟླས་བརྗོད། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་གནས་པར་བྱ། ཡིད་ཀྱི་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས། ནང་ཆོས་ཅན་བསམ་བློ་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་སྣ་ཚོགས་པ་བཀག་ནས་དྲན་བསམ་རྣམ་རྟོག་ཕྲ་རགས་ཐམས་ཅད་དང་བྲལ་བར་གནས་པ་སྟེ། དེ་ལྟར་བྱ་བ་དགུ་ཕྲུགས་སུ་བཏང་བའི་ཡོན་ཏན་ནི། ཀློང་གསལ་ལས། ལུས་ངག་འཁྲུལ་པ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། ཅེས་དང་། མ་བཏང་བའི་སྐྱོན་ནི། དེ་ཉིད་ལས། བྱར་མེད་རྒྱུད་ལ་མ་གནས་ན། །རིག་པའི་དོན་ལ་རེག་པ་མེད། ཅེས་གསུངས་སོ། །དེ་ལྟར་བགྱིས་པས་སྒོ་གསུམ་བྱར་མེད་ལྷུག་པར་ངང་གིས་དལ་ཞིང་གནས་པ་དང་། བརྟན་པ་དང་། གྲོལ་བར་འགྱུར་རོ། །གཉིས་པ་ཟག་མེད་ཡེ་ཤེས་འོད་གསལ་གསང་བ་ཆེན་པོ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་རྒྱུད་ལ་བསྟེན་པ་དངོས་ལ། ལུས་ངག་ཡིད་གསུམ་གྱི་གནད་གཟིར་ཚུལ་དང་། སྒྲོན་མ་བཞིའི་རང་བཞིན་བཤད་པ་དང་། དེ་ལ་གནད་དུ་བསྣུན་ཚུལ་དང་། རྗེས་སྣང་བཞིའི་ས་མཚམས་བཤད་པ་དང་། འབྲས་བུ་ཡོན་ཏན་ཐོབ་ཚུལ་དང་ལྔ་ལས། དང་པོ་བཞུགས་སྟངས་གསུམ་དང་། གཟིགས་སྟངས་གསུམ་གྱི་སྒོ་ནས་གནད་གཅུན་པ་སྟེ། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་ནི་ངེས་པར་བསྣུན། །དེ་ཡང་ལུས་འདི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། སྒྲོན་མ་སྣང་བྱེད་ལས། རིག་པ་བརྟེན་ས་ལུས་ཡིན་ཏེ། །ལུས་གཅིག་མེད་ན་མེད་པ་སྟེ། །ཡོད་ན་ཡེ་ཤེས་ཡོད་པར་ངེས། །དེ་ལྟར་ལུས་ལ་ཡོད་པ་དེ། །ཆོས་ཅན་སྤྱི་ཡི་མཚན་ཉིད་ཀྱིས། །སྤྱི་བོའི་གཙུག་ནས་རྐང་མཐིལ་བར། །བརྟག་དཔྱད་རྣམ་པ་སྣ་ཚོགས་ཀྱིས། །དཔྱད་པས་དེ་ཉིད་རྙེད་པ་མིན། །མོ་དང་པྲ་ལ་སོགས་པ་ཡི། །རྩིས་ནི་རྣམ་པ་སྣ་ཚོགས་ཀྱིས། །བལྟས་ཤིང་དཔྱད་ཀྱང་རྙེད་པ་མིན། །འོ་ན་གཏན་མེད་ཡིན་ཅེ་ན། །གཏན་དུ་མེད་པ་མ་ཡིན་ཏེ། །ལུས་ངག་གཏམས་ན་མངོན་དུ་སྣང་། །དཔེར་ན་ལུས་ལ་ཁྲག་ཁྱབ་སྟེ། །སྐྱེས་བུ་གླེན་པ་འགའ་ཞིག་གིས། །གང་གང་ལུས་ལ་ཁྲག་བཙལ་བས། །གཅིག་ཀྱང་བྱུང་བ་མ་ཡིན་ནོ། །འོ་ན་ལུས་ལ་ཁྲག་མེད་དམ། །ལུས་ལ་མེད་པ་མ་ཡིན་ཏེ། །ཐམས་ཅད་ཁྱབ་ཅིང་ཁྲག་ལ་བརྟེན། །སྐྱེས་བུ་ཐབས་དང་ལྡན་པ་ཡིས། །རྩ་ལ་གཏར་ན་ཁྲག་འབྱུང་ལྟར། །ལུས་གནས་ཡེ་ཤེས་དེ་བཞིན་ནོ། །ཞེས་པ་ལྟར་རྡོ་རྗེའི་ལུས་ཀྱི་གནད་གཅུན་དགོས། དེ་ལ་གནད་མང་ཡང་གསང་བ་བླ་ན་མེད་པའི་ལུས་ངག་ཡིད་ཀྱི་གནད་འདི་དག་ཟབ་པའི་མཐར་ཐུག་པ་སྟེ། དེའང་ལུས་གནད་བཞུགས་སྟངས་གསུམ་སྟེ། མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་གནས་པར་བྱེད། །ཞེས་གསུངས་པས། །དང་པོ་ཆོས་སྐུ་སེང་གེའི་འདུག་སྟངས་ནི། རྐང་པའི་མཐིལ་གཉིས་སྦྱར་བ། པུས་མོ་ཕྱིར་བགྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བར་མནན་པའི་རྡོ་རྗེ་ཁུ་ཚུར་བཅངས་པ་ཁ་སྦུབ་ཏུ་བྱས་ལ་རྟིང་པའི་ནང་ངོས་སུ་བཙུགས། ལག་ཡུ་དྲང་པོར་བསྲངས། རོ་སྟོད་གསེང་སྟེ་དཔུང་པ་གྱེན་དུ་འཐེན། མཇིངས་པ་ཡིད་ཙམ་གྱི། མིག་འབྲས་མི་འགུལ། རྫི་མ་འཐབ་བརྡེག་མི་བྱ་བར་སྨིན་དབྲག་གི་ནམ་མཁར་བལྟ། ལྕེ་ཅུང་ཟད་གྱེན་ལ་བསྒྲིལ། དེ་ལྟར་བྱས་པས་གནས་སྐབས་སུ་ནང་གི་འབྱུང་བ་ཆ་སྙོམས། མཐར་ཐུག་གནས་ལུགས་རྟོགས་པའི་དགོས་པ་ཡོད་དོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུག་སྟེ་ལག་མཐིལ་གྱིས་ཨོས་ཀོ་བརྟེན་པའི་སེར་མོ་རྣམས་འགྲམ་པ་ལ་སྦྱར། རྒལ་ཚིགས་ཐད་ཀར་དྲང་པོ་བསྲངས་ནས་མིག་ཐད་ཀའི་ནམ་མཁར་ཟུར་གྱིས་ཧྲིག་གེར་བལྟ། མགོ་དགྱེ་ཙམ་བྱ། དེ་ལྟར་བྱས་པས་གནས་སྐབས་སུ་གཡོ་བྱེད་ཀྱི་རླུང་ཟིན། མཐར་ཐུག་ལྷུན་གྲུབ་འོད་ལྔ་འཆར་བའི་དགོས་པ་ཡོད་དོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཉིས་གཤིབས། པུས་བྲང་སྦྱར་ཏེ་ཙོག་པུར་འདུག། ལག་གཉིས་ཀྱིས་དཔུང་པའམ། མཁལ་ཁུང་ངམ། པུས་མོ་ལ་བསྐོར། རྒལ་ཚིགས་དྲང་པོར་བསྲངས། མིག་ཟིམ་བུར་བར་སྣང་ལ་གཏོད་པའོ། །དེས་གནས་སྐབས་ལུས་ལ་དྲོད་སྐྱེ། མཐར་ཐུག་སྣང་སྲིད་ཞིང་ཁམས་སུ་འཆར་བའི་དགོས་པ་ཡོད་དོ། །བཞུགས་སྟངས་དེ་རྣམས་ཀྱིས་དང་པོས་འབྱུང་བ་རང་སར་དག། གཉིས་པས་གཡོ་བའི་རླུང་ཟིན། གསུམ་པས་དྲོད་སྐྱེད་ཅིང་། འབྱུང་བ་སྙོམས། མཐར་ཐུག་སྐུ་གསུམ་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་རོ། །དེའང་ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུས་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པའི་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་ལ་སྤྱོད་དེ། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་གསུངས་སོ། །ངག་གནད་ནི། འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་ལ། །གནས་པ་བརྟན་ཅིང་ལ་ཡང་བཟླ། །ཞེས་དང་། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བསྟན་པར་བྱ། །ཞེས་པས་འཁྲུལ་པའི་གཏམ་འགགས་ཤིང་། བརྗོད་མེད་ཀྱི་དོན་རྒྱུད་ལ་བསྐྱེད་པའི་ཕྱིར་དང་པོ་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། དེ་ནས་ཡུན་ཇེ་རིང་དུ་བཏང་། སྐབས་སུ་སྨྲ་ཡུལ་མེད་ཀྱང་སྨྲ། དེ་ནས་ངག་གནས་པའི་རིམ་པ་རང་གི་སྔགས་དང་མོད་འདོད་པ་སོགས་ཁ་བཏོན་ཆོས་སྤྱོད་དམ་པའི་ཆོས་ཀྱི་ཚིག་སྣ་ཚོགས་གང་དྲན་ཐོལ་བྱུང་གསལ་པོར་བརྗོད་ཅིང་། གཞན་དང་ཚིག་གཅིག་ཀྱང་མི་སྨྲ་མཐར་བརྡ་ཙམ་ཡང་མི་བྱ་བར་ལྐུགས་པ་ལྟར་གནས་པར་བྱ་ཞིང་། དེ་ལྟར་གྱི་ཡོན་ཏན་ནི་ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདའ། །ཞེས་དང་། དེ་དག་མ་བྱས་པའི་སྐྱོན། ངག་གི་གནད་ནི་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་པའི་གཏམ་གྱིས་དོན་ལ་སྒྲིབ། །ཅེས་སོ། །དགོས་པ་ནི། གནས་སྐབས་སུ་འཁྲུལ་གཏམ་དང་ཉོན་མོངས་པ་མི་འཕེལ། མཐར་ཐུག་རིག་པའི་དོན་ལ་མྱུར་དུ་རེག་ཅིང་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་འདའ་བའི་དགོས་པ་ཡོད་དོ། །གསུམ་པ་སེམས་ཀྱི་གནད་རླུང་རིག་གཉིས་ཏེ། རླུང་དལ་བར་བརྟེན་ནས་མཆུ་སོ་མ་རེག་ཙམ་གྱི་ཁ་ནས་རླུང་རང་བབས་སུ་བཏང་ཞིང་ཡུད་ཙམ་ཕྱིར་མནན་པས་རིག་པ་དལ་བར་འགྱུར་ཏེ། ཐལ་འགྱུར་ལས། རླུང་ནི་ཅི་ནས་དལ་བྱས་ཏེ། །རབ་ཏུ་འཕང་བ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་བཅད་དེ། །ཁམས་གསུམ་དུ་ཡང་ལྡོག་པ་མིན། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས། སྤྲིན་དང་ཁུ་རླངས་མེད་པའི་ནམ་མཁའ་སྟོང་སང་ངེ་བ་ལ་མིག་དང་། ནམ་མཁའ། རིག་པ་གསུམ་པོ་དབྱེར་མེད་དུ་བྱས་ནས་བལྟ་བ་སྟེ། ཐལ་འགྱུར་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། ཞེས་སོ། །དེ་སྐད་དུའང་། ཁྲིད་རྩ་ལས། ཉམས་སུ་ལེན་པར་འདོད་པའི་གང་ཟག་གིས༔ ལུས་ཀྱི་གནད་གསུམ་གཅུན་ལ་དལ་བ་བསྟེན༔ ངག་གི་སྨྲ་བཅད་ཆོས་ཀུན་ཚིག་ལ་སྦྱངས༔ ཡིད་ནི་རྟག་ཏུ་བསམ་རྒྱུན་བཅད་ནས་ཀྱང་༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད་གཅུན་པས༔ ལྟ་སྟངས་གསུམ་གྱི་གཏད་པའི་འབེམ་ལ་གཏད༔ སྣང་བའི་ཞེན་པ་བཅད་ཅིང་རྟག་ཏུ་གཟིར༔ ཞེས་གསུངས་ཏེ། སྔར་བཤད་མ་ཐག་པའི་བཞུགས་སྟངས་གཟིགས་སྟངས་ལ་བསླབ་ཅིང་། ཇི་སྐད་དུ། སེམས་ཀྱི་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་དང་། ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་པ་ལྟར། ཕྱི་དབྱིངས་ནམ་མཁའ་སྟོང་པར་ནང་དབྱིངས་རྣམ་དག་གི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་བའོ། །དེའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། ཞེས་སོ། །དབྱིངས་རིག་གནད་དུ་མ་གཟིར་བའི་སྐྱོན་ནི། སེམས་ཀྱི་གནད་ནི་མ་གཟིར་ན། །དབྱིངས་དང་རིག་པ་མི་མཐོང་བས། །ཞེས་དང་། དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པ་ཡུལ་ལ་ལྡོག་པར་འགྱུར། །ཞེས་སོ། །དགོས་པ་ནི། གནས་སྐབས་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བར་ནུས་ཤིང་། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བ་དང་། དེ་ལྟར་མ་བྱས་ན་ཡོན་ཏན་དེ་དག་ལས་ལྡོག་པའི་སྐྱོན་ཡོད་དོ། །གཉིས་པ་སྒྲོན་མ་བཞི་ཡི་རང་བཞིན་བཤད་པ་ལ་བཞི་ལས། །དང་པོ་དབྱིངས་རྣམ་དག་གི་སྒྲོན་མ་ནི། ཁྲིད་རྩ་ལས། དེ་ལས་ཉམས་ལེན་སྙིང་པོ་བསྟན་པ་ནི༔ ཚུལ་འདི་བཞིན་དུ་ཉམས་སུ་བླང་བྱ་སྟེ༔ དབྱིངས་ལས་ཕྱི་ནང་བྲལ་ཏེ་ཕྱི་ཡི་དབྱིངས༔ ནམ་མཁའ་སྟོང་པ་ཡིན་ཏེ་སྣང་བའི་ཡུལ༔ ནང་དབྱིངས་རྣམ་དག་སྒྲོན་མ་ཞེས་བྱ་བ༔ སྣ་ཚོགས་ནམ་མཁའི་འཇའ་འདྲ་འགྱུ་བ་ཡི༔ ཐིག་ལེ་འོད་ཟེར་དུ་མའི་བདག་ཉིད་ཅན༔ ཞིང་ཁམས་རྒྱལ་བའི་ཞིང་དུ་འཆར་བ་ཡིན༔ ཞེས་གསུངས་ཏེ། དབྱིངས་དེ་ལའང་གཞིའི་དབྱིངས་རང་གི་སྙིང་ག་ན་འོད་ལྔ་ལྷུན་གྲུབ། ལམ་གྱི་དབྱིངས་མིག་གི་འོད་རྩའི་རང་སྣང་། ཡུལ་ལ་སྣང་བའི་དབྱིངས་མཐིང་ག་དང་ལྔ་ལྡན་ཏེ། ཕྱི་མ་འདི་ལ་ཕྱི་ནང་གཉིས་ལས། ཕྱི་ཡི་དབྱིངས་ནམ་མཁའི་སྒྲོན་མ་འཆར་བའི་ཡུལ་བྱེད་པ་སྟེ། ནམ་མཁའ་སླད་བྱེད་ཀྱི་རྐྱེན་དང་བྲལ་བ་ལ་གཟིགས་སྟངས་ཀྱིས་གཏད་པས་དབྱིངས་མཐིང་ག་ཁྱབ་པ་ཆེན་པོ་ནི་ནང་གདངས་ཕྱིར་འཕོས་པ་ཡིན་ལ་རྒྱན་གྱི་ནམ་མཁའ་དང་སྐྱེས་བུ་འབྲེལ་བ་མ་གྲུབ་པས་ཕྱི་དབྱིངས་མཚན་ཉིད་པ་དབྱིངས་མཐིང་ག་ལ། ནང་དབྱིངས་རྣམ་དག་གི་སྒྲོན་མས་དྭངས་མ་རྣམས་སྡུད་ཅིང་སྐུ་འཛིན་པ་དང་། སྒོ་ཡུལ་རླུང་རིག་གི་གནད་གསུམ་གཅུད་དུ་སྨིན་པས་འཁྲུལ་སྣང་སྟོང་པ་བྱེད་ཅིང་། དེའི་གདངས་ནི་དབྱིངས་སྣང་ནཱ་རོ་ལྟ་བུ་སྨིན་མཚམས་ནས་དྲལ་ཏེ་དང་པོར་མཆེད་པ་ནས་རེ་ལྡེ་ཙམ་དང་། ཡུལ་གྲུ་ཙམ་དུ་ཁ་དོག་སྣ་ཚོགས་པ་འཇའ་ཚོན་འཁྱུགས་པ་འདྲ་བ་མཐའ་གཅིག་ཏུ་མ་ངེས་ཤིང་། ཐིག་ལེ་ཁ་དོག་སྣ་ཚོགས་པ་དང་། ཀོ་མོག་ཏུ་རྡོ་བོར་བ་ལྟ་བུས་སྐྱ་འོར་བ་དང་། ཉ་མིག་ལྟ་བུ་དེ་དག་ཀྱང་ཉིས་འབྲེལ་སུམ་འབྲེལ་ཅན་སོགས་སྣ་ཚོགས་མཐོང་བ་རྣམས་ཡིན་ཅིང་། དེ་རྣམས་བླ་མས་ངོ་སྤྲོད་པ་བཞིན་གནད་འཁྲུལ་པ་མེད་པར་ཡང་དག་བའི་ལམ་དུ་ཉམས་སུ་བླངས་པས་རང་སྣང་གི་འོག་མིན་གྱི་ཞིང་དང་། རང་བཞིན་སྤྲུལ་པའི་ཞིང་གི་སྨིན་བྱེད་དུ་འགྱུར་ཏེ་དོན་ཡེ་ཤེས་ཀྱི་འོད་རྩ་ལྔའི་རང་གདངས་ཕྱིར་འཆར་བ་ཡིན་ནོ། །ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། །གཉིས་པ་ཤེས་རབ་རང་བྱུང་གི་སྒྲོན་མ་ནི། ཁྲིད་རྩ་ལས། རིག་པ་ཞེས་བྱ་རྣམ་པ་ལྔ་ཡོད་དེ༔ གཞི་གནས་རིག་པ་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ གཞི་འཛིན་རིག་པ་རྟོག་པ་དུ་མས་སྦགས༔ སེམས་ཅན་རྒྱུ་སྟེ་ཀུན་གཞིའི་རྣམ་ཤེས་ཡིན༔ མཚན་ཉིད་འཛིན་པའི་རིག་པ་ཞེས་བྱ་བ༔ རྣམ་རྟོག་རིག་རིག་འགྱུ་འགྱུ་བྱེད་པ་སྟེ༔ རྟོག་པ་ཞེས་བྱ་རབ་ཏུ་གྲགས་པ་ཡིན༔ ཞེས་གསུངས་ཏེ། ཐུགས་རྗེ་རིག་པའི་སྒྲོན་མ་ལའང་གཞི་གནས་པའི་རིག་པ་དང་། གཞི་འཛིན་པའི་རིག་པ་དང་། མཚན་ཉིད་འཛིན་པའི་རིག་པ་དང་། ལྷག་མཐོང་གི་རིག་པ་དང་། ཐོད་རྒལ་གྱི་རིག་པ་དང་ལྔ་ལས། །དང་པོ་གཞི་གནས་པའི་རིག་པ་ནི། སེམས་ཅན་གྱི་རང་བཞིན་གྱི་གདོད་ནས་རྣམ་པར་དག་པའི་ཀུན་ཁྱབ་བདེ་གཤེགས་སྙིང་པོ། དེའང་ངོ་བོ་སྟོང་པ་ལ་ཆོས་སྐུའི་སྙིང་པོ་ཅན། རང་བཞིན་གསལ་བ་ལ་ལོངས་སྐུའི་སྙིང་པོ་ཅན། ཐུགས་རྗེ་རིག་པ་ལ་སྤྲུལ་སྐུའི་སྙིང་པོ་ཅན། དེ་གསུམ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ལས་དོན་ལ་གསུམ་དུ་དབྱེ་བའང་མེད་ལ། དེའང་འདིར་ཐོད་རྒལ་ལྟར་ན་ངོ་བོ་སྐུར་གནས། རང་བཞིན་འོད་ཀྱི་ཐིག་ལེར་གནས། ཐུགས་རྗེ་ཡེ་ཤེས་ཀྱི་སྒྲོན་མར་གནས་སོ། །ངོ་བོ་སྐུར་གནས་པའང་། ནོར་བུ་ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ཞེས་སོ། །རང་བཞིན་འོད་ཀྱི་ཐིག་ལེར་གནས་པའང་། དེ་ཉིད་ལས། ཐིག་ལེའི་བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས། །ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། །ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ། །གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །དེའང་གསལ་འཚེར་གཟི་བརྗིད་ལྡན། །འགྲོ་དང་འོང་དང་གནས་པའོ། །ཞེས་སོ། །ཐུགས་རྗེ་སྒྲོན་མར་གནས་པའང་། རང་ཤར་ལས། དེ་ཡང་སྒྲོན་མ་རྣམ་པ་བཞི། །འགགས་པ་མེད་པའི་ཚུལ་གྱིས་གནས། །ཞེས་དང་། དེ་གསུམ་ཀ་དཔེ་དང་བཅས་བསྟན་པའང་། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་སོ། །དེ་ལྟ་བུའི་སྐུ་གསུམ་བཞུགས་ཚུལ་གཞན་ནས་མ་བཙལ་ཞིང་རང་ཆས་ལྷུན་གྲུབ་ཆེན་པོ་བྲི་གང་འཕོ་འགྱུར་བསལ་བཞག་བྲལ་བ་རང་བྱུང་ལྷུན་རྫོགས་ཆེན་པོར་གདོད་ནས་བཞུགས་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ཐམས་ཅད་ཆོས་ཉིད་ལས། བླང་བར་བྱ་བ་གང་མེད་ཅིང་། །བཞག་པར་བྱ་བ་ཅུང་ཟད་མེད། །གང་དུ་མེད་པའི་ཆོས་ཉིད་དོ། །ཞེས་ཡིད་དང་རྣམ་པར་ཤེས་པའི་དངོས་མཚན་ལས་འདས་ཏེ་གཞིར་གནས་ཡེ་ཤེས་གསུམ་ལྡན་ཀ་དག་སྟོང་པ་ཆེན་པོར་རང་བཞིན་ལྷུན་གྲུབ་དབྱེར་མི་ཕྱེད་པ་བསྟན་པ་དང་། གཞན་ཡང་ཁམས་གསུམ་སེམས་ཅན་ཀུན། །ལུས་ངག་ཡིད་ལས་མ་འདས་པས། །སྐུ་གསུམ་གཞན་དུ་བཙལ་མི་དགོས། །བཙལ་ཀྱང་རྙེད་པའི་གནས་མེད་དོ། །ཞེས་དང་། རང་བྱུང་རང་ལ་རྫོགས་པ་ནི། །ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །གཉིས་པ་གཞི་འཛིན་པའི་རིག་པ་ནི། རྣམ་ཤེས་ཀྱི་རྟེན་གཞིར་གྱུར་པ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་རྟོག་པ་སྣ་ཚོགས་ཀྱི་འཕྲོ་གཞི་ནི་བྱེད་ལ། རྟོག་པར་ནི་མ་འགྱུས་ཤིང་། གསལ་ཙམ་རིག་ཙམ་པ་ངོ་བོ་མ་རིག་པའི་ཤེས་པ་ལུང་མ་བསྟན་མེ་ལོང་གི་ངོས་ལྟ་བུ་བག་ཆགས་ཀྱི་སྣོད་དམ་གཞིར་བྱེད་པ་སྟེ། མུ་ཏིག་ཕྲེང་བ་ལས། སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །ཞེས་སོ། །གསུམ་པ་མཚན་ཉིད་འཛིན་པའི་རིག་པ་ནི། མཚན་ཉིད་འཛིན་པའི་རིག་པ་ཞེས་བྱ་བ་དྲན་རྟོག་སྣ་ཚོགས་འགྱུ་བའི་གྱ་གྱུ་ཅན་གྱི་རྟོག་པ་འདི་ཡིན་ཏེ། འགྲོ་དྲུག་ཐ་དད་པའི་ཤེས་པ་རང་ག་མ་གཟུང་འཛིན་ཀུན་ཏུ་རྟོག་པའི་སྣང་བ་ལ་བདག་ཏུ་འཛིན་པ་དང་བཅས་པ་སྟེ། ཐལ་འགྱུར་ལས། སེམས་ཞེས་བྱ་བ་འཁྲུལ་རྟོག་ལ། ངོ་བོ་འཇུག་ཅིང་ཁྱབ་པ་ལ། དྲན་བསམ་རྣམས་ཀྱི་གཞི་མའོ། །ཞེས་འཁོར་བའི་ཆོས་ཐམས་ཅད་ནི་རང་གི་མཚན་ཉིད་འཛིན་པའི་སེམས་ཏེ་འགྲོ་བ་དྲུག་གི་སྣང་བ་ཐམས་ཅད་དེ་སྣང་མི་སྣང་དུ་སེམས་འཛིན་པས་སེམས་དུ་མིང་བཏགས་པའོ། །བཞི་པ་ལྷག་མཐོང་གི་རིག་པ་ནི། གཞིར་གནས་ཤེས་རབ་རང་བྱུང་གིས་ཤེས་རབ་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་བྱེད། སྣང་བ་ཅེར་འཛིན་གྱིས་ཤེས་རབ་ཀྱིས་དབྱིངས་རིག་ཐད་ཀར་རྟོགས། དྲན་པ་འགགས་མེད་ཀྱི་ཤེས་རབ་ཀྱིས་མཉམ་བཞག་གསལ་དྭངས་ཕྱེད། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་རང་དང་སྤྱིའི་མཚན་ཉིད་ཤེས། འཇུག་བྱེད་ཤེས་རབ་ཀྱིས་ཐོས་བསམ་སྒོམ་པའི་མཚམས་ཕྱེད་པ་སྟེ། དེ་ལྔ་ཀ་ཡང་ངོ་བོ་གཅིག་པས་ཆོས་ཉིད་རང་བཞིན་འོད་གསལ་གྱི་དོན་བླ་མའི་བྱིན་རླབས་དང་། རང་གི་མོས་དགེས་ཡིད་དཔྱོད་དང་གོ་མྱོང་ཙམ་ལ་རག་མ་ལས་པར་མངོན་སུམ་རིག་པ་རྗེན་ཅེར་ལྷག་གེར་སྒྲོ་སྐུར་ཐམས་ཅད་དང་བྲལ་བར་རྟོགས་པ་སྟེ། ཐལ་འགྱུར་ལས། ཤེས་རབ་རང་བྱུང་བརྟེན་པ་ནི། །ཚིག་དང་ཡིན་མིན་རྟོག་པ་དང་། །གྲུབ་པའི་མཐའ་དང་ལྟ་སྒོམ་དང་། །ཆོས་ཉིད་ལ་ནི་བརྟེན་པའོ། །ཞེས་སོ་སོར་རང་རིག་པའི་ཡེ་ཤེས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་མཐོང་བ་མེད་པའི་ཚུལ་དུ་མཐོང་བའོ། །དེ་ནི་སྤྱི་ཙམ་ཡིན་ལ། ཐོད་རྒལ་རང་ལུགས་ནི། ཁྲིད་རྩ་ལས། དེ་ནས་ལྟག་མཐོང་རིག་པ་ལུ་གུ་རྒྱུད༔ ལས་སྐལ་ལྡན་པ་རྣམས་ཀྱི་མིག་གི་ཡུལ༔ སྣང་ཡང་ཐིག་ལེ་སྙིང་པོ་ཅན་ཞེས་བྱ༔ དེ་ཡི་ཆ་ཤས་སྐུ་དང་ཐིག་ལེར་སྣང་༔ སྣ་ཚོགས་སྣང་སྟེ་འཁོར་བའི་འཁྲུལ་པ་འཇོམས༔ ཞེས་གསུངས་སོ། །གསུམ་པ་སྒོ་རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡང་རྩ་ཚིག་འདིས་བསྟན་པ་ཡིན་ཏེ། རྒྱང་ཞགས་ཀྱི་ལམ་འདི་སྒྲོན་མ་གཞན་རྣམས་ཀྱང་འཆར་བའི་སྒོར་གྱུར་ཏེ། མིག་གཡས་ནས་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། ཤེར་སྒྲོན་གཉིས་ནི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་དུ་འཆར་ལ། མིག་གཡོན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་། དབྱིངས་སྒྲོན་གཉིས་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ལ། དབུས་ཚངས་བུག་ནས་རིག་པ་རྟོག་མེད་ལུ་གུ་རྒྱུད་ཐིག་ལེ་བརྩེགས་མར་སྣང་བ་སྟེ། མུ་ཏིག་ཕྲེང་བ་ལས། འགྲོ་བའི་ལམ་ནི་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་འབར་བའི་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །ཤེས་རབ་རང་བྱུང་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མཐོང་བྱེད་ཡུལ་ལ་སྣང་བའོ། །རིག་པ་རྟོག་མེད་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྣང་། །ཞེས་སོ། །རྒྱང་ཞགས་ཆུ་སྒྲོན་གྱི་ངོ་བོས་སྣང་བ་འཁོར་འདས་གཉིས་ཀྱི་ཆ་མཐུན་པར་བལྟ་བ་སྟེ། སྒྲོན་མ་འབར་བ་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །ངོ་བོ་སྣང་བ་གཉིས་ཀ་སྡུད། །མཐོང་བྱེད་འཛིན་ཆ་མ་འགགས་ཕྱིར། གཉིས་ཀའི་ཆ་འཛིན་ལྟ་བས་ན། །འཁོར་འདས་མཐུན་པའི་ལྟ་བའོ། །ཞེས་སོ། །དེའང་འབྱུང་བ་འདུས་པའི་རྒྱང་ཞགས་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་གཟུགས་འཛིན་ནུས་སུ་སྐྱེས་པའི་དབང་པོ། ཡེ་ཤེས་འདུས་པའི་རྒྱང་ཞགས་འོད་རྩ་དྭངས་པའོ། །དེ་དག་ཀྱང་སྣང་བ་འཛིན་བྱེད་དུ་རང་གསལ་འགགས་མེད་ཆེན་པོར་བཞུགས་པ་ཡིན་ལ། སྐལ་ལྡན་གྱི་གང་ཟག་ལ་དགོངས་བརྒྱུད་ལྡན་པའི་བླ་མས་ངོ་སྤྲོད་ཐེབས་པས་འོད་སྣང་ལ་གཏད་དུས་རིག་པ་དལ་བ། རླུང་དལ་བ། ཡུལ་དུ་མི་རྟོག་པ་གསུམ་དང་། གཙོ་བོ་མིག་མི་འགུལ་བ་ལྟ་སྟངས་དང་སྦྱར་ཏེ། ཐལ་འགྱུར་ལས། ཡུལ་དང་རིག་པ་རླུང་དག་གིས། །ཆོས་ཉིད་ལམ་དུ་གཟུང་པའི་ཕྱིར། །ཡེ་ཤེས་རྫོགས་པ་ཆོས་ཉིད་དག། འདི་ཡང་སྒྲོན་མའི་གནད་ཡིན་ནོ། །རྒྱང་ཞགས་འབྲལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཅེས་གསུངས་སོ། །ལྔ་པ་ཐོད་རྒལ་གྱི་རིག་པ་ནི། ལྷུན་གྲུབ་འོད་གསལ་ཡེ་ཤེས་ཀྱི་དབྱིངས་སྣང་སྐུ་དང་ཐིག་ལེ་ཚད་མེད་པ་འཆར་བ་དེ་དག་རང་སྟོང་རང་སྣང་རང་རིག་པ་ཉིད་དུ་ངོ་ཤེས་པ་ཙམ་གྱི་ཆ་ནས་བཞག་པ་སྟེ། རིག་པའི་དབྱེ་བ་ལྔ་པོ་ཐམས་ཅད་ཀྱང་གཞི་ཐུགས་རྗེ་རིག་པ་རང་བྱུང་གི་རྩལ་ཐོད་རྒལ་གྱི་རིག་པ་འདིས་དབྱེ་བ་ཙམ་དུ་ཟད་དོ། །བཞི་པ་ཐིག་ལེ་སྟོང་པའི་སྒྲོན་མ་ནི། རང་གསལ་ཀ་དག་སྟོང་པའི་རང་གདངས་སུ་གནས་པ་ཏེ། སྒྲོན་མ་འབར་བ་ལས། ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་པས། །འདི་ཉིད་སུ་ཡི་ཤེས་པ་དེ། །ཐིག་ལེའི་སྐུ་ལ་ལོངས་སྤྱོད་དེ། །གོམས་པ་རྣམས་ཀྱི་སྤྱོད་ཡུལ་ཐོབ། །དེ་ཕྱིར་དེ་ཡི་ངོ་བོ་ནི། །ཉག་གཅིག་ཆ་ཕྲ་སྤྲོས་དང་བྲལ། །སྟོང་པའི་མུ་བྲལ་རང་གསལ་ཆེ། །རང་བཞིན་རང་གསལ་མཉམ་པ་ཉིད། །མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས། །ཞེས་སོ། །གཞི་གནས་རིག་པའི་ཐིག་ལེ་སྟོང་པ་སྙིང་གར་གནས། ལུས་གནས་རྩ་ཡི་ཐིག་ལེ་སྟོང་པ་རྩ་རྣམས་སུ་གནས། ཀུན་རྫོབ་རྒྱུ་ཡི་ཐིག་ལེ་རོ་མར་གནས། དོན་དམ་སྤྲོས་མེད་ཀྱི་ཐིག་ལེ་སྟོང་པ་རྐྱང་མན་གནས། རང་བྱུང་འབྲས་བུའི་ཐིག་ལེ་སྟོང་པ་མིག་ན་གནས་པ་འདི་དག་ཀྱང་རང་ངོ་ཡེ་སྟོང་ཐིག་ལེ་སྟོང་པའི་སྒྲོན་མའི་ཁོངས་སུ་གཏོགས་ཤིང་། དོན་ལ་མིག་གཉིས་ལ་ལྟོས་ནས་གཉིས་སུ་འགྱུར་བ་ཁོ་ན་ཡིན་ཏེ། ངོ་བོ་འོད་རྩ་གཉིས་ལ་བརྟེན། སྣང་བ་ཡེ་ཤེས་ལྔ་ལ་བརྟེན། རྣམ་པ་ཐིག་ལེ་གསལ་བར་བརྟེན། འགྲོ་འོང་རང་གནས་རླུང་ལ་བརྟེན། ཡུལ་ནམ་མཁའ་སྟོང་པ་ལ་བརྟེན། གནས་མིག་གི་དབུས་ན་བརྟེན། སྐྱེ་མཆེད་ངེས་པ་མཐོང་བྱེད་ཀྱི་རྣམ་ཤེས་ལ་བརྟེན་པ་སྟེ། ཐལ་འགྱུར་ལས། །ཐིག་ལེ་སྟོང་པའི་བརྟེན་ས་ནི། །རྣམ་ཤེས་ཉིད་དང་བར་སྣང་དང་། །རྩ་དང་རླུང་དང་ཐིག་ལེ་དང་། །ཡེ་ཤེས་དག་ལ་བརྟེན་པའོ། །ཞེས་སོ། །ཡུལ་དུ་སྣང་བའི་ཐིག་ལེ་དང་སྐུ་ཞི་ཁྲོ་སྣ་ཚོགས་པར་སྣང་བ་དེ་དག་ཀྱང་ནམ་མཁའ་དག་པས་གསལ་བ་དང་། མེ་དག་པས་དྲོ་བ་དང་། ཆུ་དག་པས་བསིལ་བ་དང་། ས་དག་པས་ཡང་བ་དང་། རླུང་དག་པས་གཡོ་བའི་རང་བཞིན་ཅན་ནོ། །སྣང་བའི་སྒོ་ནི། སྒྲོན་མ་འབར་བ་ལས། རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག། ཙཀྵུ་ཞེས་པའི་སྒོ་ནས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང་། །རང་གི་འོད་དང་ཟེར་ཉིད་དུ། །རང་ཆས་རྣམས་སུ་རྣམ་པར་སྣང་། །ཞེས་གསུངས། རང་བཞིན་ཀ་དག་གི་རང་སྣང་སུས་ཀྱང་མ་བྱས་པར་རང་སྣང་བ་ཉིད་ལམ་དུས་སུ་ལྷག་མཐོང་གི་རིག་པ་དང་ཐོད་རྒལ་གྱི་རིག་པས་སྣང་བ་ཡིན་ནོ། །ཐོད་རྒལ་གྱི་རིག་པ་དངོས་ཚད་ཕེབས་ཆེན་པོ་ལ་སྒྲོན་བཞིའི་སྣང་བ་དེ་དག་རྩལ་རྫོགས་བའི་མཐར་ཐུག་པ་དེ་ལ་ནི། འདི་ཉིད་ལས། ཉམས་བླངས་ཚད་ཕྱིན་ཐོད་རྒལ་རིག་པ་སྟེ༔ ཞེས་གསུངས་སོ། །གཉིས་པ་སྒྲོན་མ་བཞིའི་དོན་དེ་ལ་གནད་དུ་བསྣུན་ཚུལ་ནི། གོང་དུ་བསྟན་པའི་བཞུགས་སྟངས་གསུམ་པོ་ལུས་ཀྱི་ཆུན་བཙལ་ཞིང་ཆ་ཆ་ནས་ལྷོད་ཆགས་པ་བླ་མའི་ཞལ་ཁྲིད་ལྟར་ལེགས་པར་འབྱངས་དགོས་ཤིང་། ཙཀྵུ་ཟིམ་བུས་སུཪྻ་བལྟ། ཤང་གི་རྒྱུ་སྐར་བཞིན་དུ་གསལ། ཞེས་གསུངས་པས་ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་གཏད་པས་ཕྱི་ཡི་དབྱིངས་མཐོང་། གཡས་གཡོན་ཟུར་མིག་དང་། ཡང་ན་ཟིམ་བུས་ཉི་མའི་འོག་གྲུ་གང་ཙམ་དམའ་བར་བལྟས་པས་ནང་གི་དབྱིངས་རིག་མཐོང་། དེས་དབང་པོ་བར་སྣང་ལ་འཁྲིད་ཅིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་ཞིང་། གཟིགས་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབས་པས། མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་བ་བྱུང་ན་འབྱོངས་པའི་རྟགས་སུ་ཤེས་པར་བྱ་སྟེ། ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་བྲལ་ཆུ་ཡི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་ལ་དབེན་པ་དང་། དུས་ཀྱང་ཀློང་གསལ་ལས། དབྱར་མ་སྟོན་དང་དགུན་ཆུང་དཔྱིད་ཀྱི་དུས། །ཟེར་གཉིས་དུས་ནི་མཆོག་ཏུ་བཤད་པ་ཡིན། ཞེས་པའི་དུས་དེར་བསིལ་དྲོད་སྙོམས་པ་དང་། བྱིངས་རྨུགས་ཀྱི་རྐྱེན་ཉུང་ཞིང་། བྱེ་བྲག་ཉི་མ་འཆར་ནུབ་ཀྱི་ཟེར་གཉིས་དང་སྦྱར་བས་འོད་གསལ་གྱི་སྣང་བ་འཆར་བའི་རྐྱེན་དུ་འགྲོ་བ་དང་། མཐོང་ཡུལ་དུ་གངས་རི་སོགས་མིག་ལ་གནོད་བྱེད་མེད་ཅིང་། ཤར་རི་དམའ་ཞིང་ཟེར་འཆར་སྔ་བ་དང་། སྡུད་ཕྱི་བ་གལ་ཆེའོ། །ནམ་མཁའ་སྒྲིབ་བྱེད་དང་བྲལ་བའི་དུས་སྔ་དྲོ་ཁ་ནུབ་དང་། ཕྱི་དྲོ་ཁ་ཤར་དུ་བལྟས་ཤིང་ཕྱི་ནང་གི་དབྱིངས་རིག་ཨ་ལ་གཏད་པས་ཀྱང་འོད་གསལ་འཆར་བར་འགྱུར་ཞིང་བོགས་འདོན་བླ་ན་མེད་པ་དང་། ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་དུ་ཨ་ལོ་ཀེ་སྟེ། ཉི་མའི་འོག་ནས་ཟེར་རིན་གིས་མཐོང་ཡུལ་བདེ་བར་ཁྲིད་པ་དང་། ཟླ་བའི་དཀྱིལ་དང་། མར་མེའི་འོད་ལས་ཁྲིད་པ་དང་། ཉིན་བར་གྱི་ཉི་མའི་ཚ་བ། མཚན་ཟླ་དཀྱིལ་ལ་བལྟས་པས་སེལ་ཞིང་ཚ་གྲང་སྙོམས་པའོ། དང་པོའི་ལས་ཅན་ལ་ཉི་ཟླ་རྣམས་ལྷན་ཅིག་བྱེད་རྐྱེན་གྱི་ཐབས་ཙམ་དུ་ཟད་ཀྱི། ཅུང་ཟད་འབྱོངས་ནས་དེ་རྣམས་ལ་ལྟོས་མི་དགོས་ཤིང་། སྒོ་ཡང་མིག་རྐྱང་པ་ནས་འཆར་མི་དགོས་པར་གསུངས་སོ། །བལྟ་བའི་དུས་སེང་གེའི་བཞུགས་སྟངས་སྔ་དྲོ་ཉིན་གུང་། ཕྱི་དྲོ་གླང་ཆེན་དང་། རྒྱུན་དུ་དྲང་སྲོང་ཙོག་པུ་བདེ་ཞིང་། རིག་པ་མིག་ལ་གཏད། མིག་འབྱེད་འཛུམ་མེད་པ་དབྱིངས་ལ་གཟིར། མིག་མི་འགུལ་བས་རྩ་མི་འགུལ། དེ་མི་འགུལ་བས་རླུང་རིག་དལ་བར་འགྲོ་ཞིང་། རླུང་ཁ་ནས་ཕྱིར་བཏད་ཡུད་ཙམ་མནན་པ་ལྟ་བུས་འོད་སྣང་ལ་ཞེན་འཛིན་དང་། སྤུ་རིས་མི་ཕྱེད། འགུལ་འཕྲིག་བྱེད་བའི་རྗེས་སུ་རྟོག་པ་འབྲང་ན་ལུག་རྒྱུད་དངོས་པོར་ཞེན་པའི་གོལ་ས་ལྡང་བས་རིག་པ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ལས་མ་གཡོས་པར་འོད་སྣང་ཕར་ཀ་ན་མ་ལུས། རིག་པ་ཚུར་ཀ་ན་མ་ལུས་པར་དབྱིངས་སྣང་རིག་པ་དབྱེར་མེད་དུ་བསྐྱངས་ཤིང་། མིག་བཙུམས་རྡེབ་བྱེད་ན་མཐེབ་མཛུབ་ཀྱིས་མིག་མཐའ་མནན་ཏེ་བལྟ་བ་དང་། འོད་སྣང་འཆར་བདེ་ཆེད་དུ་སེང་རས་སྨུག་པོ་བཀབ་པ་དང་། ལག་སོར་དང་། དྭངས་ཤེལ་མིག་ལ་བཀབ་པ་དང་། འཁར་གཞོང་དུ་ཆུ་ལ་བལྟ་བ་སོགས་ཐབས་སྣ་ཚོགས་གསུངས་པ་རྣམས་ཀྱང་ཉམས་འོག་ཏུ་ཆུབ་པར་བྱ། དེ་ལྟར་བསྒོམས་པས་ཕྱི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་འདྲ་བས་སྣང་བའི་སྒོ་འབྱེད་ནས། ནང་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་མཐིང་ག་ཁྱབ་པ་ཆེན་པོ་ལས་རིམ་གྱིས་མཆེད་དེ་དབྱིངས་སྣང་འཇའ་ཚོན་ནམ་རྨ་བྱའི་མདོངས་བཀྲ་ལྟར་འཆར་ཏེ། སྒྲོན་མ་འབར་བ་ལས། ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་བར་འགྱུར། །ཞེས་སོ། །དེའི་དབུས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་དམར་ཟླུམ་ལ་འོད་ལྔའི་མུ་ཁྱུད་ཡོད་པ་གསལ་མདངས་ཅན་འཆར། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་བྱད་དང་འདྲ་བ། ཕྲ་བ་རྟ་རྔ་ལ་མདུད་པ་རྒྱབ་པ་ལྟ་བུ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། ལྕགས་ཚག། མེ་ཏོག་གི་ཆུན་པོ་ལྟ་བུ་འལ་འོལ་འགུལ་འཕྲིག་འཆར་བས་དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཐིག་གི་ར་བར་བཙོན་དུ་བཟུང་བ་ནི་གནད་དམ་པ་སྟེ། ཐལ་འགྱུར་ལས། རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལ་འགྲོ། །ཞེས་དང་། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང་། །འགུལ་བ་དང་ནི་འཕྲིག་པ་དང་། །ཞེས་དང་། སེང་གེ་རྩལ་རྫོགས་ལས། རང་བྱུང་རིག་པའི་དངོས་པོ་འདི། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་གསུངས་སོ། །དེ་ལྟར་འཆར་གཞི་ཡུལ་གྱི་གནད། འཆར་བྱེད་སྒོ་ཡི་གནད། འཆར་བྱ་རིག་པའི་གནད་གསུམ་མ་འཁྲུལ་བ་དང་། བློས་བྱས་ཀྱི་ཆོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་ལ་བལྟས་པས། ཕྱི་ཡི་འོད་ཀྱི་སྣང་བ་མ་འགགས་ཤིང་འཛིན་པས་མ་བསླད་པ་བརྗོད་མེད་སྤྲོས་བྲལ་གྱི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས་པས་ནད་གདངས་ཀྱི་རྩལ་རྣམས་ཕྱིར་གསལ་དུ་འཆར་བ་དེ་དག་ཡལ་ཡོལ་བྱེད་ན་དེ་རྗེས་རྟོག་པ་མི་འབྲང་བར་ལྟ་སྟངས་ཀྱིས་རིམ་གྱིས་ཁྲིད་ནས་སོར་གཞུག་པར་བྱའོ། །དེ་ལྟར་གནད་དུ་བསྣུན་པའི་ཡོན་ཏན་ནི། ཁྲིད་རྩ་ལས། འཁྲུལ་པ་རང་དག་འབྲས་བུའི་གནས་ལུགས་ཉིད༔ ཆོས་ཟད་བློ་འདས་དབྱིངས་སུ་གྲོལ་བ་ལ༔ རྫུ་འཕྲུལ་ཆེན་པོ་མིག་འཕྲུལ་ལྟ་བུ་ལ༔ སྣང་གྲག་ཀུན་ལྟར་སྣང་ཡང་གྲུབ་པ་མེད༔ འགྱུ་ཡང་འགྱུ་བའི་རྟོག་པ་དང་བྲལ་ལ༔ བསམ་གཏན་ལྡན་ཡང་ཤེས་རབ་ཟབ་མོའི་དོན༔ ཤེས་རབ་ཡིན་ཀྱང་ཐོས་བསམ་བྲལ་བ་ལ༔ རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ་ཆེན་པོ༔ ཞེས་གསུངས་ཏེ། འདས་རྗེས་ལས། སྒོ་ཡུལ་རླུང་གི་གནད་བསྣུན་པས། །ཡུལ་ལ་ཡེ་ཤེས་མངོན་དུ་འཆར༔ ཞེས་མ་དག་འཁོར་བའི་འཁྲུལ་སྣང་ཕྱི་ནང་གི་བག་ཆགས་གདོས་བཅས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ཟད་ནས་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་དང་རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་རང་བྱུང་ཡེ་ཤེས་སྐུ་གསུམ་གྱི་སྣང་བ་རང་ཤར་འགགས་པ་མེད་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་འཆར་ཞིང་། རིག་པའི་སྐུ་མངོན་སུམ་དུ་སྣང་ཞིང་མངོན་སུམ་ལ་རབ་ཏུ་གནས་པ་ཤ་ཡི་སྤྱན་དང་། ཕྱི་ནང་གི་དངོས་པོ་ཐམས་ཅད་སྟོང་པ་ཤེས་རབ་ཀྱི་སྤྱན་དང་། ཆོས་ཐམས་ཅད་སྡུད་པ་ཆོས་ཀྱི་སྤྱན་དང་། དེ་བཞིན་ཉིད་ཤེས་པ་ཐམས་ཅད་མཁྱེན་པའི་སྤྱན་དང་། རིག་པའི་སྐུ་ལས་གཞན་དུ་མི་ཡེངས་པ་རྣམ་གྲོལ་ཡེ་ཤེས་མཐོང་བའི་སྤྱན་ཏེ། སྤྱན་ལྔ་རྣམ་པར་དག་པ་རང་གསལ་སྒྲིབ་པ་དང་བྲལ་བ། ཤེས་བྱའི་རྣམ་པ་ཐམས་ཅད་པ་ཀུན་གྱི་མཆོག་དང་ལྡན་ཡང་ངོ་བོ་ལ་རྣམ་པར་དབྱེ་བ་དང་བཅས་པའི་ཆོས་རྡུལ་ཙམ་མི་དམིགས་ཤིང་། སྤྲོས་པའི་ཟུག་རྔུས་མ་གཙེས་ཤིང་། མཐའ་གང་ལའང་མ་རེག་པ། ལྷག་མཐོང་གི་ཤེས་རབ་ཟབ་མོ་མེ་ལྟར་འབར་ཡང་། དཔེ་དང་ལུང་རིག་གཏན་ཚིག་ལས་མ་བྱུང་ཞིང་། རྒྱུ་ལས་མ་བྱུང་བའི་འབྲས་བུ། ལུང་ལས་མ་བྱུང་བའི་མན་ངག། སེམས་ལས་མ་བྱུང་བའི་སངས་རྒྱས་སྲིད་ཞིའི་ཁྱབ་བདག་ཡེ་ཤེས་ཆེན་པོའི་སྐུ་དངོས་མཚན་དང་བྲལ་བ་སྟེ། སྒྱུ་དྲྭ་ལས། ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཅེས་པ་ལྟར་ད་ལྟ་ལམ་དུས་སུ་བླ་མས་ངོ་སྤྲོད་པའི་རིག་པ་མ་བཅོས་གཉུག་མ་ཟང་ཀ་མ་བསྒྱུར་བཀོད་སྤུ་ཙམ་མ་བྱས་པའི་ཐ་མལ་ཤེས་པ་འདི་སྐུ་གསུམ་དབྱེར་མེད་རིགས་ལྔ། སྐུ་ལྔ། ཡེ་ཤེས་ལྔ་སོགས་ལྔ་ཚན་བདུན་གྱིས་ངོ་སྤྲོད་པའི་རིག་རྩལ་ལྷུན་གྲུབ་ཆེན་པོར་བཞུགས་པས་འཁོར་འདས་ཀྱི་སྣང་གྲགས་ཀྱི་ཆོས་ཇི་སྙེད་ཤར་ཡང་རང་གཤིས་ལ་ཞལ་ཕྱག་མཚན་མ་རིས་ཅན་དུ་གང་ཡང་གྲུབ་པ་མེད་པ་དང་། གདངས་ཀྱི་འགྱུ་ཆ་འགྱུ་བ་ལྟར་སྣང་ཡང་དེ་དེར་འཛིན་པའི་རྟོག་དཔྱོད་ཀྱི་ཞེན་པ་དང་བྲལ་ལ། རིག་པའི་རང་ངོ་གང་དུ་གཡོ་བ་མེད་པའི་རང་བབས་ཀྱི་བསམ་གཏན་དང་ལྡན་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱི་རྩལ་མི་འགགས་པ། གནས་ལུགས་ཟབ་མོའི་ཤེས་རབ་ཡིན་ཀྱང་ཐོས་བསམ་གྱི་གོ་མྱོང་ཡིད་དཔྱོད་དང་བྲལ་བའི་རང་བཞིན་ཟབ་མོར་ཉིན་མཚན་ཁ་སྦྱོར་དུ་དགོངས་པ་ཆུ་བོའི་རྒྱུན་ལྟར་ཆད་པ་མེད་ཅིང་། ནམ་མཁའི་རྣལ་འབྱོར་འོད་གསལ་ཡེ་ཤེས་ཀྱི་ཀློང་ཆེན་པོ་ལས་ནམ་ཡང་འདའ་བ་མེད་པ་མངོན་དུ་འགྱུར་བ་ནི་མཐར་ཐུག་གི་དགོས་པ་དང་། གནས་སྐབས་སུ་རིག་པའི་ཡེ་ཤེས་དབང་པོའི་མངོན་སུམ་དུ་གསལ་བས་མ་རིག་པ་དང་བྲལ་ཏེ། རྡོ་རྗེ་ལུ་གུ་རྒྱུད་དང་པོར་མཐོང་ནས་ཚེའི་དུས་བྱས་ཀྱང་བདེན་པ་མཐོང་བའི་གནད་ཀྱིས་རང་བཞིན་སྤྲུལ་སྐུར་གྲོལ་བའི་དགོས་པ་ཡོད་དོ། །མདོར་ན་དབྱིངས་སྟོང་གསལ་འདུས་མ་བྱས་པ་ནི་ཤེས་རབ་ཡིན་ལ། ཀ་དག་རྣམ་པར་དག་པས་རིག་པའི་རང་བཞིན་འོད་གསལ་བ་ཐོབ་སྟེ། ལྷུན་གྲུབ་ཀྱི་ངོ་བོ་སྣང་སྟོང་འདུ་འབྲལ་མེད་པ་ཡིན་ཏེ། ནོར་བུ་ཕྲ་བཀོད་ལས། དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །ཞེས་སོ། །དེ་ལྟར་སྣང་བ་དེ་ཡང་ཀུན་རྫོབ་འདུས་བྱས་འཇིག་པའི་ཆོས་སུ་མེད་དེ། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ལ་སངས་རྒྱས་སོ། །མངོན་སུམ་བསྟན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །དེའང་སྙིང་གའི་འོད་གསལ་ལ་འོད་རྩའི་སྒོ་བཞི་ཡོད་དེ། ཀ་ཏི་གསེར་གྱི་རྩ་ཆེན། ཤེལ་བུག་ཅན། དར་དཀར་སྣལ་མའམ་ཕྲ་ལ་འཁྲིལ་གྱེས། སྟོང་པ་རང་གྲོལ་བ་དང་བཞིའི་བྱེད་ལས་གོ་རིམ་བཞིན་ནང་དུ་འོད་གསལ་འཆར་བ་དང་། ནུབ་པ་དང་། །ཕྱིར་ཡུལ་དུ་འཆར་བ་དང་། རིག་པ་རྟོག་མེད་ཀྱི་སྐུ་དབྱིངས་སུ་ཐིམ་པའི་ལས་བྱེད་པའོ། །དེ་ལྟར་སྣང་བའི་འོད་གསལ་དེ་དག་འཇིག་རྟེན་གྱི་མིག་འཕྲུལ་རྣམ་པར་སྣང་བ་ལྟ་བུ་མ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། དེ་ལྟར་སྣ་ཚོགས་ཤར་བ་དེ། །བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་གཞིར་གནས་པའོ། །དེ་ལྟར་གདིང་ཚུད་རྣལ་འབྱོར་དེ། །ཤར་བས་དགའ་བའི་སེམས་མེད་དེ། །འདུག་ཚུལ་དེ་ལྟར་ཡེ་ནས་ཡིན། །རིག་དང་སྒྲོན་མའི་སྣང་བ་ལ། །ས་ཆུ་མེ་རླུང་འབྱུང་བའི་དགྲས། །དེ་ཉིད་བཤིག་པར་ནུས་མ་ཡིན། །ཅེས་སོགས་ཡེ་ནས་མ་བྱས་ཤིང་རང་ཤར་ཆེན་པོ་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་གྱི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས་པའི་རང་གདངས་ལམ་དུས་སུ་འཆར་བ་ཡིན་ནོ། །ཐུན་མོང་གི་ཐེག་པར་ཡང་། སྡུད་པ་ལས། དོན་འདི་གང་ཡིན་ནམ་མཁའ་དག་ལ་བརྟགས་པར་གྱིས། ཞེས་དང་། ཡུམ་བར་མ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་འདོད་པས་ནམ་མཁའ་རྣལ་འབྱོར་དུ་བྱའོ། །ཞེས་དང་། རིན་ཆེན་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རིན་ཆེན་སྒྲོན་མའི་ཏིང་ངེ་འཛིན་དང་། ཟླ་བ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བ་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་ལྟ་ན་སྡུག། ཅེས་དང་། སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེས་འོད་རབ་གསལ། ཅེས་དང་། དུས་འཁོར་ལས། མཁའ་ལ་ཆགས་པའི་སེམས་ཀྱིས་མིག་དག་མི་འཛུམ་པས་ནི་རྡོ་རྗེའི་ལམ་དུ་ཞུགས་པ་ཡིས། །སྟོང་ལས་དུ་བ་སྨིག་སྒྱུ་རབ་གསལ་དྲི་མེད་སྲིན་བུ་མེ་ཁྱེར་ཉིད་དང་སྒྲོན་མེ་དང་། །འབར་བ་ཟླ་བ་རྡོ་རྗེ་དང་ཡང་མཆོག་གི་ཆ་དང་ཐིག་ལེ་ཡང་ནི་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་སྐུ་ནི་ཡུལ་དང་རྣམ་བྲལ་ལོངས་སྤྱོད་རྫོགས་སྐུ་དུ་མའོ། །ཞེས་དང་། ས་ར་ཧས། རྨོངས་པ་ནམ་མཁའི་ཚད་མ་སྟེ། །གལ་ཏེ་ཤེས་ན་རྨོངས་ཚོགས་གཅོད། །དང་པོ་རྣམ་དག་ནམ་མཁའ་ལ། །བལྟ་ཞིང་བལྟ་བར་མིག་ནི་འགགས། །ཅེས་དང་། ཆོས་ཀྱི་ཚད་ནི་འདི་ཅི་ཅོག། མང་པོ་སྨྲས་པས་ཅི་ཞིག་བྱ། །མིག་ནི་ཕྱེད་མིག་གྱེན་ལྡོག་ལ། །མིག་ནི་བརྟན་པ་ཉིད་ཀྱིས་ཤེས། །ཞེས་སོགས་མདོ་རྒྱུད་ཀུན་ནས་རྒྱ་ཆེར་བསྟན་ཅིང་། དེའང་རང་སྣང་ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད། ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་དང་པོ་ལ་རྟོག་པའི་བྱེ་བྲག་ཕྱེད། གཉིས་པ་ལ་མཚན་ཉིད་རྟོགས། གསུམ་པ་ལ་འཚང་རྒྱ། ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བཞི་མཐར་ཕྱིན་དགོས་ལ། གཟིགས་སྟངས་གསུམ་རིམ་བཞིན། ཆོས་ཉིད་ཀྱི་སྤྱན་གྱིས་དངོས་སུ་མཐོང་བས་ཐག་ཆོད། །ཡེ་ཤེས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། ཤེས་རབ་ཀྱིས་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པའི་ཕྱིར་བྱིན་རླབས་འདི་ཉིད་ལས་འབྱུང་། ཆོས་ཉིད་ཀྱིས་གྱེན་ལ་ལྡོག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱི་སྐུ་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱིས་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་ཕེབས་པའི་གནད་ཡོད་པར་གསུངས། འོད་སྣང་རྣམས་ཤེས་རབ་ཀྱི་མིག་གིས་མཐོང་བའི་སྣང་ཉམས་ཡིན་ན་འདུས་མ་བྱས། རླུང་སེམས་ཀྱིས་བསླད་ཅིང་ཆུ་བུར་མིག་གིས་མཐོང་བ་ཡིན་ན་འདུས་བྱས་ཤས་ཆེ་བ་ཡིན་ནོ། །སྐུ་གསུམ་རང་གདངས་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་བ་ནང་དུ་ཐིམ་པས་འདུས་བྱས་སོ་སྙམ་ན། ལོངས་སྐུ་ཆེན་པོ་ཆོས་སྐུའི་དབྱིངས་སུ་ཐིམ་ན་དེ་མི་རྟག་པ་དང་འདུས་བྱས་སུ་མི་འགྱུར་བ་བཞིན། སྐུ་གསུམ་ངོ་བོའི་གདངས་ཀྱི་འོད་སྣང་རང་ཤར་རང་ཐིམ་པ་ཙམ་མོ། །དེ་ལྟར་མཐའ་གཅིག་ཏུ་ལམ་སྣང་འདི་དག་འདུས་བྱས་དང་འདུས་མ་བྱས་སུ་ཁས་ལེན་ཕྱོགས་གཅིག་པར་མི་བྱ་ཞིང་རྣལ་འབྱོར་པའི་རང་ཉམས་དང་བསྟུན་པ་གལ་ཆེའོ། །གསུམ་པ་རྗེས་སྣང་བ་བཞི་ཡི་འཆར་ཚུལ་བསྟན་པ་ནི། རྩ་ཁྲིད་ལས། དང་པོའི་དུས་ན་སྨྲིག་སྒྱུ་ལྟ་བུར་འཆར༔ བར་དུ་གོང་འཕེལ་ཡེ་ཤེས་སྣང་བ་ཡིས༔ ལམ་སྟོན་འཁྲུལ་པའི་དྲི་མ་སེལ་བས་ཏེ༔ ཐ་མའི་ཚེ་ན་རིག་པ་ཚད་ཕེབས་དུས༔ རིགས་ལྔའི་ཞིང་དུ་ཐམས་ཅད་ལམ་མེར་སྣང་༔ ཆོས་ཀུན་ཟད་པས་ཡུལ་དང་ཡུལ་ཅན་བྲལ༔ རང་ཉིད་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ༔ སྒྲ་ཚིག་ཀུན་གྱིས་གཏན་ལ་ཕེབས་མི་འགྱུར༔ ཞེས་གསུངས་ཏེ། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མི་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །ཞེས་པ་མཚམས་ཤེས་པའི་ཕྱིར་བཞིར་ངེས་པ་སྟེ། ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཆོས་ལས་འདས། །ཉམས་སྣང་གོང་འཕེལ་སྣང་བ་ཡིས། །འཁྲུལ་བའི་སྣང་བ་ནུབ་པ་དང་། །བར་དོའི་ཡེ་ཤེས་མངོན་དུ་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད། །ཅེས་སྣང་བ་བཞི་ལས་དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་མཐོང་བ་འཆར་ཏེ། དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུ་ཡི་རྟགས་སུ་ལུ་གུ་རྒྱུད་འཆར་ཏེ། དབྱིངས་སྣང་སྨིན་མཚམས་ཀྱི་ཡར་སྣེ་སོར་བཞི་ནས་དྲལ་ཏེ། དབང་པོའི་མངོན་སུམ་གྱི་མཐོང་བར། ཕྲ་བཀོད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་ལ་རིག་པ་ལུ་གུ་རྒྱུད་ཀྱི་སྐུར་ཡོངས་སུ་གསལ་ལོ། །ཞེས་རྒྱལ་བ་རྣམས་ཀྱི་ཐུགས་རྡོ་རྗེ་ཡེ་ཤེས་ཆོས་ཀྱི་སྐུ། དང་པོར་གོམས་པའི་དུས་ན་སྨྲིག་སྒྱུ་ལྟ་བུ་ཕྲ་ལ་འཁྲིལ་བ་འགུལ་ཁྱུག་གི་རྣམ་པ་ཅན་ཏེ་རྩ་ཡི་གནད་ལ་བརྟེན་པའི་རྟགས་སུ་བྲེང་ཆགས། རླུང་གི་གནད་ལ་བརྟེན་པའི་རྟགས་སུ་འགུལ་འཕྲིག་ཅན། ཐིག་ལེའི་གནད་ལ་བརྟེན་པའི་རྟགས་སུ་བར་མཚམས་ཐིག་ལེས་བརྒྱན་པ་འོད་འཚེར་ཞིང་བཀྲག་མདངས་ཅན་དེར་གོམས་པས། དབྱིངས་སྣང་གྲུ་གང་པ་དང་། ཐིག་ཟླུམ་སུམ་འབྲེལ་དང་། ལུག་རྒྱུད་ཕྲ་ལ་འགུལ་བ་སྣང་བ་ནི་དང་པོར་གོམས་པའི་ཚད་ཡིན་ཏེ། སྒྲོན་མ་རྣམ་བཀོད་ལས། ཟླུམ་འཁྲིགས་ལས་ནི་ཟ་འོག་རིས། །རང་གི་སྣ་རྩེ་ལ་ཤར་ན། །དང་པོར་གོམས་པའི་ཚད་ཡིན་ནོ། །ཞེས་ཕྱིའི་རྟགས་སྣང་དང་ནང་དུ། རིག་པ་འདབ་ཆགས་ལྡིང་བ་ཙམ། །དང་པོར་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་མཐོང་བའི་ཡོན་ཏན་ནི། ཀློང་གསལ་ལས། རིག་བ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས། དེ་མཐོང་བས་གནས་སྐབས་སུ་ཡིད་དཔྱོད་ཀྱི་ལྟ་བ་དང་བྲལ་ཏེ་ཡིད་དཔྱོད་འཛིན་པའི་ལྟ་བ་དེ་ཚིག་དང་། བློ་དང་ཤེས་རབ། རྟོག་ཚོགས་ཀྱིས་ཕོ་ཚོད་བྱེད་པ་བསྣུབས་པ་སྟེ་མཚན་ཉིད་དེ་ལྡན་གྱི་ལུག་རྒྱུད་མཐོང་བས། མཐར་ཐུག་དགེ་སྡིག་གིས་མ་གོས་ཤིང་ཁམས་གསུམ་དུ་ཕྱིར་མི་ལྡོག། མ་མཐོང་ན་ལྡོག་པའོ། །གཉིས་པ་ནི། ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། གོང་དུ་འཕེལ་བའི་སྣང་བ་ཡིས། །ཉམས་ཀྱི་འཕེལ་ཤན་དབྱེ་བ་གཅེས། ཞེས་པས་ཤེས་ཉམས་དང་། སྣང་ཉམས་གཉིས་ལས། བདེ་གསལ་མི་རྟོག་སོགས་དང་། བདེན་པ་མ་མཐོང་ཡང་སེམས་གནས་ཁྱད་པར་ཅན་དང་། རླུང་གིས་བྱེད་བཅིངས་ལས་དུ་བ་སྨྲིག་སྒྱུ་སོགས་ཤེས་ཉམས་ནི་བློ་ཡི་འཛིན་སྟངས་ཅན་མི་བརྟན་ལ་སེམས་ཀྱི་མཐོ་དམན་གྱི་བྱེད་པས་མི་བདེན་པ་སྣ་ཚོགས་སུ་འགྱུར་བ་དང་། སྣང་ཉམས་ནི་ཡེ་ཤེས་ཀྱི་འོད་གདངས་ཕྱིར་ངོ་བོ་མི་འགྱུར་བར་འཕེལ་བ་དང་། ནང་དུ་འོད་རྩ་དྭངས་པ་དང་། གསང་བ་ཉོན་མོངས་པ་གྲོལ་བ་གསུམ་མཉམ་པོར་སྟོན་ཏེ། ཀློང་གསལ་ལས། ཉམས་སྣང་གོང་དུ་འཕེལ་བ་ནི། །འོད་ནི་སྣ་ཚོགས་འགྱུར་འཕེལ་དང་། ཐིག་ལེ་འཕེལ་ཞིང་རིགས་བརྟན་ཚད། །ས་བོན་འབྲས་བུ་བར་བཞིན་འབྱུང་། །ཞེས་ལམ་གྱི་སྣང་ཉམས་གོང་འཕེལ་གྱིས་སྐུ་གསུམ་ལམ་དུས་སུ་རྩལ་རྫོགས་ཤིང་སྟོན་པ་ལམ་མཁན་ལྟ་བུའི་ཕྱི་ནང་འཁྲུལ་རྟོག་གི་དྲི་མ་སེལ་བར་བྱེད་པ་སྟེ། དབྱིངས་རིག་རེས་གསལ། རེས་མི་གསལ། གོམས་པས་ཐིག་ལེ་སྟོང་སྒྲོན་སྲན་མ་ཙམ་དུ་སོང་བའི་བར་དུ་གོམས་པ་དང་། དབྱིངས་སྣང་དུམ་བུ་དང་། གྱེན་འགྲེང་ལ་མིག་ཐུར་དུ་གཅུན། གྲུ་བཞིར་གཡས། ཟླུམ་པོར་གཡོན། ཟླ་གམ་ལ་སྟེང་། གྲུ་གསུམ་ལ་ཐུར་དུ་དབབ། དེ་ནས་རྩིབ་རྒྱུག། མདུང་རྩེ་དང་། རེ་ལྡེ་ཙམ་དང་། ཐིག་ལེ་མེ་ལོང་ཙམ། རིག་པ་འདབ་ཆགས་འཕུར་སྐྱེན་པ་ཙམ་པ་དང་། དེ་ལས་ཅུང་ཟད་འགུལ་བར་སྣང་སྟེ། སྒྲོན་སྣང་ལས། དེ་ནས་དེ་ལ་རབ་འདྲིས་ནས། རེ་ལྡེའི་རྣམ་པ་ཙམ་འཆར་བས། དེ་ནས་གོང་དུ་སྨིན་པའི་མཚམས། །མེ་ལོང་ཙམ་དུ་གསལ་གྱུར་ན། །བར་དུ་གོམས་པའི་ཚད་ཡིན་ནོ། །དེ་ནས་རབ་ཏུ་ཉམས་བླངས་ན། །རི་དྭགས་བང་དང་མཉམ་པ་ནི། །བར་དུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ནས་ཡང་ཉམས་ལེན་ལ་བརྩོན་པས། དབྱིངས་སྣང་རིན་པོ་ཆེ་འདྲ་བ། དྲྭ་བ། དྲྭ་ཕྱེད། པདྨ། མཆོད་རྟེན། རྡོ་རྗེ། འཁོར་ལོ་སོགས་ཕྱག་མཚན། མིག་མང་རིས། མིག་ཚགས། པདྨ་སྟོང་ལྡན། ཉི་ཟླ། མཁར་ཐབས། མེ་ལྕེ། ཉ་མིག་ལྟ་བུ་སོགས་དང་། ཐིག་སྒྲོན་ཁམ་ཕོར་ཙམ་དུ་འགྲོ། རིག་པ་རི་དྭགས་སྤང་རྩིབ་ལ་རྒྱུ་བའི་ཚོད་དུ་དལ། ཡང་བརྩོན་པས་འོད་ཡུལ་ཁམས་ཙམ། ཐིག་ལེ་བསེ་ཕུབ་ཙམ། རིག་པ་བུང་བ་བཅུད་འཁོར་ཙམ། དེ་ནས་སྟོང་གསུམ་ཙམ། སྒྲོན་ཐིག་གི་ནང་ན་རིགས་ལྔའི་སྐུ་ཕྲ་མོའི་དབུ། ཕྱེད་ཞལ། རྫོགས་པ་དང་། རིག་པའི་ནང་དུའང་སྐུ་ཕྲ་མོར་འཆར་ཏེ། སྒྲོན་སྣང་ལས། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་བས་ཀྲིག་གེར་གནས་པ་ལ། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །དེ་ལྟར་སྣང་བས་ཕྱིས་བར་དོ་མེད་དོ། །ཡོན་ཏན་ནི། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་འབྱུང་འདིས་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང་། །ཞེས་སོ། །སྐྱོན་ནི་དེ་ལས་ལྡོག་ཅིང་། གནས་སྐབས་སུ་ཉམས་སྣང་གོང་འཕེལ་གྱི་ཡོན་ཏན་ཐོབ་པས་མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བའོ། །གསུམ་པ་ནི། ཀློང་གསལ་ལས། རིག་པ་ཚད་ལ་མ་ཕེབས་ན། །རྣལ་འབྱོར་དྲོད་ཚད་རྙེད་མི་འགྱུར། ཞེས་པས་རིག་པ་ཚད་ལ་ཕེབས་པ་ནི། ལུས་ཚད་ལ་ཕེབས་པ་དང་། སེམས་ཚད་ལ་ཕེབས་པས་དབྱིངས་ཀྱི་སྣང་བས་འབྱུང་བཞིའི་སྣང་བ་མེད་ཅིང་། འོད་གསལ་ཆེན་པོའི་སྣང་བ་རྣམ་པར་དག་པའི་ཞིང་ཁམས་ན་སྒྲོན་ཐིག་རེ་རེའི་ནང་དུ་རིགས་ལྔའི་སྐུ་ཡབ་ཡུམ་དུ་འབྲེལ་བ་དང་། རེ་རེའི་ནང་སྐུ་ལྔ་ཡབ་ཡུམ་དུ་སྣང་བ་དང་། རིག་པའི་མཚམས་སུའང་སྐུར་སྣང་ཞིང་། ལུས་འོད་དུ་སྣང་བའི་སྤྱི་བོ་ནས་ཐིག་ལེ་དགུ་བརྩེགས་དང་། རང་ལུས་འོད་ཀྱི་འཁོར་ལོར་འཁྱིལ་བ་དང་། སྐུ་རྣམས་ཀྱི་ཐུགས་ཀ་དང་། རང་གི་སྙིང་གའི་བར་འོད་ཀྱི་ཚོན་སྙེས་སྦྲེལ་བ་དེ་ལྟར་བྱུང་ན་དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་དོ། །ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུ་མཚན་དཔེར་གསལ་བ་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང་། །དེ་ནས་ལྔ་ལྔ་ཟུང་དང་བཅས། །རབ་ཏུ་གསལ་བའི་ཐིག་ལེར་འབྲེལ། །ཡབ་ཡུམ་སྐུ་ཡི་རྣམ་པ་ཅན། །འཁྲུལ་སྣང་ཟད་ནས་ཞིང་ཁམས་སོ། །ཞེས་སོ། །དེ་ཚེ་ཕྱི་སྣང་བ་འོད་གསལ་དུ་གྲོལ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་སེམས་ཀྱི་ཟེར་གདངས་སྙིང་གར་ཐིམ་པས་གཟུང་འཛིན་འཁྲུལ་པའི་སྣང་བ་རང་ནུབ། ལས་དང་བག་ཆགས་ཀྱི་འབྲེལ་ཆད་པའོ། །དེའི་ཡོན་ཏན་ནི། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། སྐྱོན་ནི། དེ་ལྟར་ཚད་ལ་མ་ཕེབས་ན། །ཕུང་པོའི་སྣང་འཛིན་དག་མི་འགྱུར། །ཞེས་སོ། །དེ་ལྟར་ལུས་སེམས་ཚད་ལ་ཕེབས་པ་ཆེན་པོར་ཕྱིན་པས། གནས་སྐབས་སུ་མ་བསྒོམ་ཀྱང་ཆོག་ལ་མཐར་ཐུག་ལོངས་སྤྱོད་རྫོགས་སྐུར་ངོས་ཟིན་པས། ལོངས་སྐུའི་ཞིང་ན་བདེ་ཆེན་འདུ་འབྲལ་མེད་དོ། །དེ་ལྟར་མ་ཡིན་ན་དེ་ལས་ལྡོག་པའོ། །བཞི་པ་ནི། ཉམས་སྣང་དེ་དག་གི་འཕེལ་ཟད་དེ་སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་པ་ནི་ཆོས་ཉིད་ཟད་པའི་སྣང་བ་ཞེས་བྱ་སྟེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་ཡེ་ཤེས་ཀྱི་རླུང་གི་འཕེལ་ཆའི་སྣང་ཉམས་དང་། ལུས་དང་། དབང་པོ། རྟོག་ཚོགས། འཁྲུལ་པ། ཡུལ་དང་ཡུལ་ཅན་ཐམས་ཅད་ཟད་དེ། རང་ཉིད་ཤེས་རབ་རང་བྱུང་གི་སྒྲོན་མ་བཅུད་དུ་སྨིན་པའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུར་སྨིན། དེ་ཡང་བསམ་བློ་སྒྲ་ཚིག་གིས་གཏན་ལ་ཕེབས་པའི་ཡུལ་ལས་འདས་པའི་ཡེ་ཤེས་ཟག་པ་མེད་པའི་སྐུ་རྣམ་པ་ཐམས་ཅད་པའི་ངོ་བོར་འཚང་རྒྱའོ། །འདི་དུས་འོད་ཀྱི་ནང་ན་ལག་སོར་འོད་ཀྱི་དཀྲིས་པ་ཙམ་ལས་མི་སྣང་། འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ། འབྱུང་བའི་དགྲས་མི་ཚུགས། དྲན་པ་རྗེས་མེད་དུ་འགྲོ། ཉི་ཟླ་དང་འགྲོ་འདུག་གི་སྣང་བ་མེད། འཁྲུལ་སྣང་ཐམས་ཅད་དབྱིངས་སུ་ནུབ། སྣང་བ་རང་ཡལ་དུ་གྲོལ་ནས་ཆོས་སྐུ་རང་དག་ཆོས་ཐམས་ཅད་ཀྱི་ཟད་པར་ཐུག་པ་དང་། རིག་པའི་ངོ་བོ་ཆེ་ཆུང་བཟང་ངན་གང་ཡང་མ་གྲུབ། ཐུགས་རྗེའི་ཆ་ལས་གསལ་ཙམ་དང་། མངོན་ཤེས་ཐོགས་པ་མེད། བསམ་པ་རང་ཡལ་ཏེ་ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱ་བ་དང་། འདི་དུས་འཕོ་ཆེན་དུ་བཞེངས་ན་ལག་སོར་ལ་བལྟས་པས་སྣང་བ་དེ་ལས་རང་ལོག་སྟེ། དེའང་ལྷུན་གྲུབ་ཀྱི་སྒོ་ལས་སྣང་ཆ་གཉིས་རིག་པ་ལ་ཕྲ་བའི་རླུང་མེ་སྟག་ལྟར་འཕྲོ་བ་དེས་རིག་པའི་རྟ་བྱས་ནས་འཁོར་འདས་ཀྱི་སྣང་ཆ་གཉིས་འཛིན་པ་སྟེ། སྣང་བྱེད་ཆུ་ཡི་ཟླ་བ་ལྟ་བུའི་ལུས་སྐྱེ་ཤི་བྲལ་བ། རྡོ་རྗེའི་སྐུས་སེམས་ཅན་གྱི་དོན་བྱེད་པའོ། །རྟེན་འདི་སྒྲིབ་པ་ཐམས་ཅད་དག་པའི་མི་སློབ་པའི་སངས་རྒྱས། རྣམ་པ་རིག་འཛིན་གྱི་རྟེན་ཅན་དུ་བཞུགས་པ་ལས་སྒྲིབ་པའི་ལྷག་མ་ཡོད་པར་མི་སེམས་སོ། །འཕོ་སྐུར་བཞེངས་དུས་སྣང་བ་རང་ལོག་ཅེས་པའང་། མི་གསལ་བ་དབྱིངས་སུ་སྡུད་ཉེ་བ་རིག་པ་རྡོ་རྗེའི་འོད་སྐུར་གསལ་བར་གོ་འཕོས་པ་ཙམ་དུ་ཤེས་པར་བྱའོ། །དེ་ལྟར་ཐོབ་པའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་སངས་རྒྱའོ། །ཞེས་དང་། སྐྱོན་ནི། ཆོས་ཉིད་ཟད་པར་མ་གྱུར་ན། །ལྷག་མེད་ཉིད་དུ་འགྱུར་བ་མིན། །ཅེས་སོ། །གནས་སྐབས་སུ་སྣང་བཞིའི་ས་མཚམས་ཀྱི་ཚད་ཟིན། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་སངས་རྒྱ་བའི་དགོས་པ་ཡོད་དོ། །ཟད་པ་ལ་སྣང་བཞི་རིམ་གྱིས་ཟད་པ་དང་། ཆོས་ཉིད་མངོན་སུམ་དུ་མཐོང་ནས་གཅིག་ཅར་དུ་ཟད་དེ་ཆོས་ཟད་དུ་འགྲོ་བའང་ཡོད་དོ། །སྣང་བ་བཞི་པོ་འདི་ལ་ཆོས་ཉིད་མངོན་སུམ་གྱི་སྣང་བ་རྒྱང་ཞགས་ཆུ་ཡི་སྒྲོན་མས་རྟེན་བྱེད། ཉམས་གོང་འཕེལ་ཐིག་ལེ་སྟོང་སྒྲོན། ཚད་ཕེབས་ལ་དབྱིངས་སྒྲོན། ཆོས་ཟད་ལ་ཤེས་རབ་རང་བྱུང་གི་སྒྲོན་མས་རྟེན་བྱེད་པ་ཤས་ཆེ་ཞིང་། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་མིག། ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ། ཉེར་ཐོབ་དེ་ལ་གོམས་པ་རྙེད་པ། ཉམས་གོང་འཕེལ་སྣང་བ་མཆེད་པ་འོད། ཉེར་མཆེད་ཐིག་ལེ། ཐོབ་པ་ཁ་དོག་ལྔར་གསལ་བ། ཉེར་ཐོབ་འགུལ་འཕྲིག་སྣ་ཚོགས་སུ་འབར་བ། ཚད་ཕེབས་དུས་མཆེད་པ་སྐུ་རྐྱང་། ཉེར་མཆེད་ཡབ་ཡུམ་ཟུང་འབྲེལ། ཐོབ་པ་ཚོམ་བུ་ལྔ་ལྔར་སྣང་བ། ཉེར་ཐོབ་དཀྱིལ་འཁོར་རྫོགས་པ། ཆོས་ཟད་དུས་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེར་མཆེད་སྟོང་པ་གཏད་པ་མེད་པ། ཐོབ་པ་བརྗོད་དུ་མེད་པ། ཉེར་ཐོབ་བལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པའོ། །སྣང་བཞི་དབང་བཞིའི་རིམ་པ་དང་སྦྱོར་དུ་ཡོད་དོ། །ལམ་བཞི་དང་སྦྱར་ན་ཆོས་ཉིད་མངོན་སུམ་ཚོགས་ལམ། གོང་འཕེལ་སྦྱོར་ལམ། ཚད་ཕེབས་མཐོང་སྒོམ། ཆོས་ཟད་མི་སློབ་ལམ་དང་སྦྱར་རོ། །དེ་བཞིན་ས་བཅུ་དང་སྦྱར་བའང་ཡོད་དེ་ཀུན་མཁྱེན་བླ་མའི་གསུངས་ལས་ཤེས་པར་བྱའོ། །ཐོད་རྒལ་གྱི་སྣང་བ་དེ་དག་ཀྱང་སྣང་བའི་འཆར་ཆ་གཙོ་མི་ཆེ་ཞིང་མཐའ་བརྟེན་གྱི་མན་ངག་གིས་ཚད་བཟུང་བ་གལ་ཆེ་སྟེ། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་པས། ལུས་འདུག་སྟོང་གསུམ་ལས་མི་འགུལ་ཏེ། ལུས་མི་འགུལ་བས་རྩ་མི་འགུལ། རྩ་མི་འགུལ་བས་མིག་མི་འགུལ། མིག་མི་འགུལ་བས་རླུང་མི་འགུལ། རླུང་མི་འགུལ་བས་སེམས་མི་འགུལ། སེམས་མི་འགུལ་བས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་རང་མལ་དུ་གནས། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས་རིག་པའི་གནད་རྩ། རྩ་ཡི་གནད་སྒོ། སྒོ་ཡི་གནད་སྒྲོན་མ་སྟེ། རྩ་མི་འགུལ་བས་མིག་བརྟན། དེས་སྒྲོན་མ་བརྟན། དེས་སེམས་བརྟན། དེས་དབྱིངས་རིག་འདུ་འབྲལ་མེད་པ་སྟེ། ཆོས་ཉིད་མངོན་སུམ་གྱི་མཐའ་བརྟེན་ནོ། །ཉམས་གོང་འཕེལ་དུས། ཀློང་གསལ་ལས། སྡོད་པ་གསུམ་གྱི་ཚད་བཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །ཞེས་པས། ཕྱི་སྣང་བ་ཟད་པའི་རླུང་སྡོད་པས་རིག་པ་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་མི་འགུལ་བར་སྡོད། གསང་བ་རྟོག་པ་འགྱུ་བྱེད་ཀྱི་རླུང་ཟད་པས་སེམས་རྣམ་རྟོག་འགྱུ་འཕྲོ་མེད་པར་སྡོད། སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་སྟེ། རབ་ལ་རྒྱུན་ཆད། འབྲིང་ལ་འོད་གསལ་དུ་འཆར། ཐ་མ་བཟང་པོ་ཤ་སྟག་རྨི། རྟགས་སྒོ་གསུམ་ལ་འཆར་ཏེ། ཆོས་ཉིད་མངོན་སུམ་དུས། ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་བསྒུལ་བསྐྱོད་མེད། ངག་ལྐུགས་པ་ལྟ་བུ་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟ་བུ་སྟེ་སེམས་འཕྲོ་བ་ལྟར་འདུག་ཀྱང་གཏད་དུ་ཟིན་པའོ། །གོང་འཕེལ་དུས། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟ་བུ་རྒྱན་དང་བྱི་དོར་བྲལ། ངག་སྨྱོན་པ་ལྟ་བུ་དོན་མེད་ཅལ་ཅོལ་དུ་འབྱུང་། སེམས་རྩི་དུག་གིས་ཟིན་པ་ལྟ་བུ་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །ཚད་ཕེབས་དུས། ལུས་གླང་ཆེན་འདམ་དུ་ཚུད་པ་རང་སྟོབས་ཀྱིས་ཐོན་པ་ལྟ་བུ་ལུས་འབྱུང་བ་ལྔ་ལ་ཐོགས་པ་མེད། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ་ཅི་སྨྲས་ཀྱིས་གཞན་དད་ཅིང་ཕན་ཐོགས། སེམས་འབྲུམ་ནད་བྱང་བ་ལྟ་བུ་ཁམས་གསུམ་དུ་མི་ལྡོག་པར་ཡིད་ཆེས་འབྱུང་བའོ། །ཆོས་ཟད་སྐབས། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་བག་ཚ་མེད། ངག་བྲག་ཅ་ལྟར་རང་ཚིག་ཟད་ནས་གཞན་གྱི་རྗེས་སུ་ཟློས། སེམས་བར་སྣང་གི་ན་བུན་ལྟར་སྐད་ཅིག་ལ་རང་ཡལ་དུ་འགྲོ་ཞིང་བག་ཆགས་ཀྱི་ཕུང་པོ་མི་སྣང་བའོ། །ཚད་ཕེབས་ཆེན་པོ་མཐར་ཐུག་པའི་དུས། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་གདབ་པས། ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས་སྐྱེ་བ་ལ་རང་དབང་ཐོབ་པས་ཕུང་པོའི་སྣང་བ་འགགས་ནས་གཞན་དོན་བྱེད་ན་རྡོ་རྗེའི་སྐུར་བཞེངས། བེམ་པོ་ལ་རིག་པ་བཅུག་པས་འགུལ་ཞིང་སྒྲ་ཐོས་པ་དང་། ལས་ལ་བཟང་ངན་མེད་པའི་རང་དང་རིགས་མཐུན་གྱི་སེམས་ཅན་སུམ་སྟོང་གྲོལ་བར་མཛད་པ་དང་། འཇུག་པ་ལ་རང་དབང་ཐོབ་པས་སོར་མོ་ལ་རིག་པ་གཏད་པ་རང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་སངས་རྒྱའོ། །རླུང་སེམས་ལ་རང་དབང་ཐོབ་པས་རླུང་སེམས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་། མཚམས་མེད་ལྔ་བྱས་པ་ཞིག་ལའང་རིག་པ་བཅུག་པས་གྲོལ་བར་ནུས་ཤིང་རི་བྲག་ལ་ཟངས་ཐལ་ཞིང་མངོན་ཤེས་ཕྱོགས་མེད་དུ་འཆར་རོ། །ཐོབ་པ་འདི་ལ་འཆད་ཚུལ་གཞན་ཡང་། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་སྒྱུ་ལུས་འོད་གསལ་དུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་རང་འགགས་པའོ་ཞེས་བཤད་པ་ཤས་ཆེ་ཞིང་། འདི་གཉིས་འགལ་བ་མ་ཡིན་ཏེ་ཚད་ཕེབས་ཀྱི་མཐར་ཐུག་ནས་ཆོས་ཟད་ལ་སྦྱོར་ཞིང་སྐྱེ་འཇུག་ལ་དབང་ཐོབ་པ་ཆོས་ཟད་ཀྱི་སྐབས་སུ་འབྱུང་ཡང་དེ་གཉིས་ཕན་ཚུན་ལྟོས་འཇོག་དང་ཆོས་ཟད་ལ་ཡུན་མི་འགོར་བའི་ཕྱིར་རོ། །ཆོས་ཟད་ཀྱི་སྐབས་གདིང་བཞི་ནི། མུ་ཏིག་ཕྲེང་བ་ལས། ཚད་ནི་གདིང་བཞིའི་རྣལ་འབྱོར་ཉིད། ཅེས་གསུངས་ཏེ། ཡར་མྱང་འདས་ཀྱི་ཡོན་ཏན་ལ་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ། མར་འཁོར་བར་མི་ལྟུང་བའི་རེ་བ་དང་། ལྟུང་གི་དོགས་པ་མེད་པའོ། །དེ་ལྟར་མཐའ་རྟེན་དེ་དག་དང་ལྡན་པའི་ཡོན་ཏན་ནི། ཀློང་གསལ་ལས། མཐའ་བརྟེན་དག་གི་མན་ངག་གིས། །གོང་མའི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་དང་། མེད་པའི་སྐྱོན་ནི། མཐའ་རྟེན་གནད་ཀྱི་རྒྱབ་མེད་ན། །རྫོགས་ཆེན་ཉམས་ལེན་མཐར་མི་ཕྱིན། །ཞེས་སོ། །མཐའ་བརྟེན་དེ་རྣམས་ཀྱིས་གནས་སྐབས་སྣང་བཞི་སོ་སོའི་དོན་མ་ནོར་བ་འགྲུབ་ལ། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པའི་དགོས་པ་ཡོད་དོ། །ཞར་བྱུང་མཚན་མེད་ཀྱི་རྣལ་འབྱོར་ཟབ་མོ་ལ་བརྩོན་པའི་རྒྱུན་གྱི་རྣལ་འབྱོར་བཞི་ཡི། སྲོད་ལ་དབང་པོ་གནད་བསྡུ་ནི། དྲང་སྲོང་ཙོག་པུར་འདུག་ལ། རྩ་དབུ་མ་ཕྱི་དཀར་ནང་དམར་མདའ་སྙུག་ཙམ་པ་སྤྱི་བོ་ནས་གསང་གནས་བར་དྲང་ཏ་ལེ་བའི་ལྟེ་བར་པདྨ་དམར་པོ་འདབ་བཞིའི་དབུས་ཨ་ཐུང་དམར་པོ་ཆོས་བཞི་ལྡན་དུ་གསལ། དབུ་མའི་ཡར་སྣེ་ཧཾ་དཀར་པོ་མགོ་ཐུར་བལྟ་ཐིག་ལེ་འཛག་ལ་ཁད་དུ་བསྒོམ། རླུང་རོ་བསལ། འོག་རླུང་འཐེན། སྟེང་རླུང་རྔུབ་པ་ལས་ལྟེ་བའི་གཏུམ་མོ་སྦར་ལ་ཧཾ་ལ་རེག། བདུད་རྩི་ཐིག་པ་གཅིག་དྲངས། མེ་ཡི་གསོས་བྱས། དེ་ནས་མེ་ཆེར་འབར། སྡིག་སྒྲིབ་བག་ཆགས་བསྲེགས། ཧཾ་ལས་བདུད་རྩི་དྲངས་པས་འབར་འཛག་གིས་ལུས་ཀྱི་རྩ་ཐམས་ཅད་གང་། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེས་པ་དང་། མི་རྟོག་རིག་པའི་ངང་ལ་འཇོག་པ་དང་། རླུང་བུམ་ཅན་ཅི་ནུས་བཟུང་། དེས་ངལ་ན་རླུང་རང་བབས་ཀྱིས་ཅི་ནུས་བསྒོམ། ནམ་གུང་ཤེས་པ་བུམ་གཞུགས་ནི། ལོངས་སྐུ་གླང་ཆེན་འདུག་སྟངས། ཡང་ན་སེང་གེའི་ཉལ་སྟབས་ཀྱིས་ཉལ་ཏེ། དབུ་མ་སྔར་བཞིན་གསལ་བཏབ། སྙིང་པདྨ་དམར་པོ་འདབ་བཞི་ཅུང་ཟད་ཁ་བྱེ་བའི་དབུས་ཨ་དཀར་པོ་འོད་འབར་བ་དང་། དེ་ནས་ཡར་སྤྱི་བོའི་བར་ཨ་དཀར་པོ་ཉེར་གཅིག་བསྒོམ་ལ་རླུང་ལ་བྱང་བ་བུམ་ཅན་དང་། དེ་མིན་བར་རླུང་བཟུང་བས་གསལ་སྟོང་གི་ཡེ་ཤེས་སྐྱེ། གཉིད་དུ་འགྲོ་ཁར་ཡས་ནས་མར་ཨ་རྣམས་གཅིག་ལ་གཅིག་ཐིམ་གྱིས་སྙིང་གའི་ཨ་ལ་ཐིམ། པདྨ་ཁ་ཟུམ་པའི་ནང་དུ་ཨ་དེ་བུམ་ནང་གི་མར་མེ་ལྟར་གནས་པར་བསམས་ལ་རྨི་ལམ་དང་འོད་གསལ་གང་བཟུང་ཡང་ཨ་ཡིག་འོད་འབར་བ་དང་རིག་པ་དབྱེར་མེད་དུ་བསྲེས་པའི་ངང་ལ་གཙོ་བོར་བཞག་གོ །དེའི་མན་ངག་རྣམས་ནི་ཁྲིད་གཞུང་གཞན་དུ་ཤེས་པར་བྱའོ། །ཐོ་རངས་རིག་པ་རང་གསལ་གདབ་པ་ནི། གཉིད་སད་པ་དང་ཧར་གྱིས་ལྡང་ལ། ཆོས་སྐུ་སེང་གེའི་བཞུགས་སྟངས་བཅས་ལ། སྙིང་གའི་ཨ་དེ་ཧ་གསུམ་བུས་པ་དང་། པདྨ་ཁ་བྱེ་ཚངས་བུག་ནས་གཞུ་གང་ཙམ་གྱི་མདུན་མཁར་གནས་པ་ལ་རིག་པ་དབྱེར་མེད་དུ་གཏད་པས་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ། རིག་པ་དྭངས་སྙིགས་ཕྱེད་ཅིང་གྲུང་ཐོན། ཡང་ཨ་དེ་སྙིང་ནང་འདུག་པར་གཏད་པས་བྱིངས་རྒོད་ཀྱི་སྐྱོན་ཡང་སེལ་བར་འགྱུར་རོ། །རྒྱུན་དུ་རིག་བ་ལམ་ཁྱེར་ནི། ཁྲེགས་ཆོད་སྐབས་རིག་པ་ཡེ་ཤེས་གསུམ་ལྡན་གྱི་རང་ཞལ་བསྐྱང་བ་དང་མཉམ་རྗེས་ཀུན་ཏུ་མི་འབྲལ། ཐོད་རྒལ་གཙོ་ཆེ་ན་དབྱིངས་སྣང་ལ་རིག་པ་ཨར་གཏད་ཀྱིས་ཉམས་ལེན་ལ་ཉིན་མཚན་ཆུ་བོའི་རྒྱུན་བཞིན་བརྩོན་པར་བྱའོ། །བཞི་པ་འབྲས་བུའི་ཡོན་ཏན་ཐོབ་ཚུལ་ནི། རྩ་ཁྲིད་ལས། འདི་དོན་མཐོང་ན་ཀུན་ཏུ་བཟང་དང་མཉམ༔ ཞེས་དང་། རྫུ་འཕྲུལ་ཡོན་ཏན་ཐམས་ཅད་རྫོགས་པའི་ཚེ༔ རང་ལུས་ཟད་པའི་མཐའ་རུ་ཕྱིན་པ་དང་༔ འཕོ་བ་ཆེན་པོའི་ལུས་ལ་དབང་ཐོབ་ནས༔ སེམས་ཅན་ཀུན་དོན་སྤྱོད་པ་འབྲས་བུ་མཆོག༔ ཅེས་གསུངས་ཏེ། དེ་ལྟར་སྣང་བཞིའི་ལམ་ལ་བརྩོན་པས་སོ་སོའི་སྐབས་ནས་བཤད་པའི་ལམ་རྟགས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་། རྫུ་འཕྲུལ་དང་། ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་དང་། རྗེས་དྲན་དྲུག་དང་། སྤྱན་དང་། མངོན་པར་ཤེས་པ་དྲུག་ཕྲག་དྲུག་སོགས་ཡོན་ཏན་དཔག་ཏུ་མེད་པ་ཐོབ་ཅིང་། ཁྱད་པར་དུའང་ཆོས་འདིའི་འབྲས་བུ་མཐར་ཐུག་རིག་པ་ཡེ་ཤེས་དྭངས་མའི་འོད་ཀྱི་སྐུ་སྤངས་རྟོགས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཅན་འཕོ་བ་ཆེན་པོའི་སྐུར་བཞེངས་ནས། སྲིད་པ་ཇི་སྲིད་གནས་ཀྱི་བར་གཞན་དོན་རྒྱ་ཆེར་མཛད་པ་དང་། ཁྲེགས་ཐོད་གཉིས་གང་ལ་བརྩོན་ཀྱང་དབང་པོ་རབ་ཚེ་འདིར་ལྷག་མེད་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྲོ་བ་དང་། འབྲིང་རྣམས་ཆོས་ཉིད་བར་དོར་སྒྲ་འོད་གདུང་དང་བཅས་ཏེ་མངོན་པར་རྫོགས་པར་སངས་རྒྱ་ཞིང་། ཐ་མ་རྣམས་རང་བཞིན་སྤྲུལ་པའི་ཞིང་དུ་འཚང་རྒྱ་བའམ་གྲོལ་བ་ནི་ཐོག་མའི་ཀ་དག་གི་གྲོལ་གཞིར་ཁྱད་ཆོས་དྲུག་གིས་འཚང་རྒྱ་བ་སྟེ། དེའང་མི་གཡོ་སྤྲོས་དང་བྲལ་བ་ཆོས་སྐུའི་གདིང་ཚད། རང་གསལ་མཚན་དཔེ་རྫོགས་པ་ལོངས་སྐུའི་གདིང་ཚད། དོན་གཉིས་ལྷུན་གྲུབ་བྱེད་པ་སྤྲུལ་སྐུའི་གདིང་ཚད་དེ། རྣམ་པ་མི་རྟོག་དོན་ཀུན་རྫོགས་པ་འཕོ་འགྱུར་མེད་པ་ཆོས་སྐུའི་དབྱིངས་ན་སྟག་པར་ལྷུན་གྲུབ་ཏུ་བཞུགས་པ་ནི། ཐལ་འགྱུར་ལས། མི་གཡོ་བ་དང་གསལ་བ་དང་། །རིག་ཅིང་མཁྱེན་པའི་ཆར་སྣང་དང་། །མཉམ་དང་ཕྱོགས་རིས་མི་འབྱེད་པའོ། །ཞེས་གདོད་མའི་གྲོལ་གཞིར་མངོན་བྱང་ཆུབ་པ་ལས་ཕྱིར་གསལ་གཟུགས་སྐུའི་དོན་མཛད་པའོ། །ཞེས་དང་། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པས་མྱང་འདས་དངོས་ལ་སྦྱོར། །ཞེས་དང་། ཨ་ཏི་ཟབ་དོན་ལས། དེ་ལྟར་ཁྱད་པར་མཐར་ཐུག་དོན། །བྱ་བ་ཐོངས་ལ་ཉམས་སུ་ལོངས། །བསོད་ནམས་ཚོགས་ཀྱི་ཕ་མཐའ་བསྐྱེད། །ས་ལམ་ཡོན་ཏན་མ་ལུས་པ། །སྐད་ཅིག་ལ་བགྲོད་སྐུ་ལྔ་དང་། །ཡེ་ཤེས་ལྔ་ནི་སངས་རྒྱས་པའོ། །ཞེས་གསུངས་སོ། །དེ་ལྟར་རྩེ་གཅིག་ཉམས་སུ་བླངས་པས་དབང་པོ་རབ་ལོ་གསུམ། འབྲིང་ལོ་ལྔ། ཐ་མས་ལོ་བདུན་ཚུན་ལ་གྲོལ་བ་ནི་གདམས་པའི་ཟབ་ཁྱད་ཀྱི་རང་འབྲས་ཡང་དག་པའོ། །འབྲས་བུའི་ཁྲིད་ཀྱི་གོ་དོན་རྒྱས་པ་ལོ་ཆེན་རིན་པོ་ཆེའི་ཐུགས་ཏིག་ཀ་དག་གི་ཁྲིད་ཀྱི་ལེགས་བཤད་ཟབ་མོ་ལས་རྟོགས་པར་བྱ་བས་འདིར་རྒྱས་པར་མ་སྤྲོས་སོ། །སླར་ཡང་སྨྲས་པ། །རྒྱལ་བས་ཆོས་ཀྱི་ཕུང་པོ་ཇི་སྙེད་པ། །གདུལ་བྱའི་བློ་ཡི་རིམ་པ་དང་འཚམས་ཕྱིར། །ཀུན་ཏུ་བརྗོད་ཅིང་ཀུན་ཏུ་འཇུག་པའང་། །གསུང་གི་འདུལ་བའི་ཆོ་འཕྲུལ་ལས་བྱུང་ཞིང་། །ཐེག་པའི་རིམ་པ་ཀུན་གྱི་མཐར་ཐུག་པ། །མཆོག་གསང་ཨ་ཏི་རྫོགས་པ་ཆེན་པོ་ཡི། །ཡང་གསང་བླ་མེད་འོད་གསལ་སྙིང་པོ་འདི། །འབྲས་བུའི་ཐེག་པ་ཀུན་གྱི་རྩེ་མོར་འཕགས། །འོག་མ་ཐམས་ཅད་འདིར་འདུས་འདིར་གཞོལ་ཞིང་། །འདི་ནི་རྒྱུ་འབྲས་ཐེག་པའི་མཛོད་ཁང་ཆེ། །འདི་དོན་རྟོགས་ན་བསྟན་པའི་ཆོས་རྣམས་ཀུན། །མ་འདྲེས་ཡོངས་རྫོགས་བདེ་བླག་ཁོང་དུ་ཆུད། །ཇི་ལྟར་རི་རྒྱལ་ལྷུན་པོའི་རྩེར་ཕྱིན་ན། །དམའ་བའི་རི་གླིང་ཐམས་ཅད་ཆུད་པ་ལྟར། །རྡོ་རྗེ་རྩེ་མོའི་གཞལ་མེད་ཁང་བཟང་རྩེར། །བསྙེགས་པས་ཐེག་པ་གཞན་གྱི་དོན་ཀུན་ཆུབ། །སེམས་དང་རྣམ་ཤེས་ལས་འདས་རྫོགས་པ་ཆེ། །སངས་རྒྱས་ཆོས་ཀུན་ཡེ་ཤེས་ཇི་བཞིན་པ། །མངོན་སུམ་བྱེད་པའི་རྡོ་རྗེ་སྙིང་པོ་འདི། །དཔལ་ལྡན་བླ་མའི་དྲིན་གྱིས་རྙེད་པར་འགྱུར། །སྔོན་སྦྱངས་བསགས་པ་རབ་ཀྱི་ཕུལ་བྱུང་ཅིང་། །འདི་ཡི་ཕྱོགས་སུ་རིགས་མཆོག་སད་པ་རྣམས། །ནོར་བུ་རྙེད་ནས་མཆིང་བུ་མི་ཚོལ་བར། །གསང་མཆོག་ཟབ་མོའི་ལམ་འདིར་བརྩོན་པར་རིགས། །བདག་ཀྱང་དེང་ནས་སྐྱེ་བ་ཐམས་ཅད་དུ། །འདི་ཡི་རིགས་སུ་ངེས་ཤིང་རྟོགས་པས་གྲོལ། །ཐུགས་རྗེའི་གཞན་ཕན་མཛད་པ་མཐའ་ཡས་པས། །ནམ་མཁའ་མཉམ་པའི་འགྲོ་བའི་དོན་བྱེད་ཤོག། འདི་སྦྱར་དགེ་བ་རིན་ཆེན་ཀེ་ཏ་ཀ། ཟླ་གཞོན་པད་དཀར་ལྟ་བུའི་རྗེས་འགྲོ་བ། །འདིས་མཚོན་དུས་གསུམ་དགེ་ཚོགས་གཅིག་བསྡུས་ཏེ། །དཔལ་མགོན་བླ་མ་རྣམས་ཀྱི་སྤྱན་སྔར་མཆོད། །འགྲོ་ཀུན་མ་རིག་གཉིད་ཀྱིས་ཡུར་བ་རྣམས། །ཐེག་མཆོག་ཆོས་ཀྱི་དབྱར་རྔ་སྒྲོགས་པའི་མཐུས། །གཏི་མུག་གཉིད་དཀྲོགས་ཐར་པའི་མིག་རྙེད་དེ། །ཆོས་ཉིད་སྐུ་གསུམ་འོད་གསལ་མངོན་གྱུར་ཤོག། འདི་ལ་ནོངས་པའི་དྲི་མ་མེད་སྙམ་ཀྱང་། །སོ་སྐྱེའི་བློ་ཡི་སྒྲིབ་པས་ཉེས་པ་ཀུན། །བླ་མ་རིགས་ལྔ་ཌཱ་ཀིར་བཟོད་པར་གསོལ། །ཕྱིན་ཆད་ནམ་ཡང་སྒྲིབ་པར་མ་གྱུར་ཅིག། རྩ་གསུམ་བྱིན་རླབས་མཁའ་དབྱིངས་དྲངས་པ་ལ། །མཁྱེན་བརྩེའི་ཡེ་ཤེས་ཉི་མ་རྟག་འཆར་ཞིང་། །ངེས་གསང་བསྟན་པའི་པད་ཚལ་རྒྱས་པ་དང་། །ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག། | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 08:35, 1 June 2024
Wylie title | zab chos rig 'dzin thugs thig gi thod rgal gyi khrid yig 'ja' lus mchog sbyin gyi gsal byed nyung ngu dri med 'od snang | |
---|---|---|
Location | chos kyi blo gros bka' 'bum Volume 8, Text 4, Pages 77-128 (Folios 1a1 to 26b1) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Tertön | གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje) | |
Citation | 'jam dbyangs mkhyen brtse chos kyi blo gros. zab chos rig 'dzin thugs thig gi thod rgal gyi khrid yig 'ja' lus mchog sbyin gyi gsal byed nyung ngu dri med 'od snang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 77-128. Bir, H.P.: Khyentse Labrang, 2012. | |
Genre | Contemplative Guide Books and Instructional Manuals - khrid yig · Dzogchen - rdzogs pa chen po · Notes - zin bris | |
Cycle | ཟབ་ཆོས་རིག་འཛིན་ཐུགས་ཐིག་ (zab chos rig 'dzin thugs thig) | |
Colophon |
།ཅེས་སྔ་འགྱུར་བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་འགྱུར་མེད་རྡོ་རྗེའི་ཟབ་གཏེར་རིག་འཛིན་ཐུགས་ཐིག་གི་ཐོད་རྒལ་གྱི་ཁྲིད་ལ་ཟིན་བྲིས་ཉུང་ངུ་དགོས་ཞེས་ཞེ་ཆེན་དགོན་སྟོད་མཆོག་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་བ་བཞིན་མཁྱེན་བརྩེའི་དབང་པོའི་མཚན་གྱི་བྱིན་རླབས་ཐོབ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རིག་འཛིན་གོང་མ་རྣམས་ཀྱི་གསུང་ལས་བཏུས་ཏེ་བྲིས་པ་འདིས་ཀྱང་ངེས་གསང་རྡོ་རྗེ་རྩེ་མོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒ་ལཾ། ཤུ་བྷཾ།། | |
/ces snga 'gyur bstan pa'i mnga' bdag gter chen bla ma 'gyur med rdo rje'i zab gter rig 'dzin thugs thig gi thod rgal gyi khrid la zin bris nyung ngu dgos zhes zhe chen dgon stod mchog sprul rin po che'i gsung gis bskul ba bzhin mkhyen brtse'i dbang po'i mtshan gyi byin rlabs thob pa 'jam dbyangs chos kyi blo gros pas rig 'dzin gong ma rnams kyi gsung las btus te bris pa 'dis kyang nges gsang rdo rje rtse mo'i bstan pa rin po che phyogs dus kun tu dar zhing rgyas pa'i rgyur gyur cig/__sarba dA mang+ga laM/__shu b+haM// |
1 Texts in this Section (sde tshan or chos tshan)
Footnotes
Other Information
- JKCL-KABUM-08-NYA-004
- Tibetan Publications
- Tibetan Texts
- chos kyi blo gros bka' 'bum
- zab chos rig 'dzin thugs thig
- Contemplative Guide Books and Instructional Manuals - khrid yig
- Dzogchen - rdzogs pa chen po
- Notes - zin bris
- 'jam dbyangs mkhyen brtse chos kyi blo gros
- Gter bdag gling pa 'gyur med rdo rje
- JKCL Section (chos tshan) pages
- JKCL-KABUM-Volume-08-NYA
- Khyentse Lineage Project