DKR-KABUM-15-BA-004: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(3 intermediate revisions by one other user not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཁྲིད་ཡིག་འདུས་གསལ་ཀུན་བཟང་དགོངས་པའི་མཛེས་རྒྱན་འོད་གསལ་གདོད་མའི་མྱུར་ལམ། | |||
|fulltitle=dam chos rdzogs pa chen po sde gsum gyi khrid yig 'dus gsal kun bzang dgongs pa'i mdzes rgyan 'od gsal gdod ma'i myur lam | |||
|citation=[[Khyentse, Dilgo]]. ''Dam chos rdzogs pa chen po sde gsum gyi khrid yig 'dus gsal kun bzang dgongs pa'i mdzes rgyan 'od gsal gdod ma'i myur lam''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 15: 175-244. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=mchog gyur gling pa | |||
|sourcerevealertib=མཆོག་གྱུར་གླིང་པ་ | |||
|tibgenre=Contemplative Guide Books and Instructional Manuals - khrid yig | |||
|terma=No | |||
|dkroutline=Five | |||
|cycle=dam chos rdzogs pa chen po sde gsum | |||
|cycletib=དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ | |||
|language=Tibetan | |language=Tibetan | ||
| | |volumenumber=015 | ||
| | |volnumtib=༡༥ | ||
|volyigtib=བ་ | |||
|totalvolumes=25 | |||
|textnuminvol=004 | |textnuminvol=004 | ||
|pagenumbers=175-244 | |||
|totalpages=140 | |||
|beginfolioline=1a | |||
|endfolioline=70b2 | |||
|totalfolios=70 | |||
|multivolumework=No | |||
|rectonotes=khrid yig | |||
|versonotes=rdzogs chen sde gsum | |||
|colophontib=།ཅེས་གདོད་ནས་ཀུན་བཟང་རྡོ་རྗེའི་དགོངས་ཀློང་ལ་མངའ་དབང་འབྱོར་བས་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་ཆེན་པོའི་སྲས་བཅས་རྒྱལ་བའི་རྣམ་ཐར་ལ་སྤྱོད་པའི་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འཇིགས་མེད་ནམ་མཁའི་རྡོ་རྗེ་ཀུན་བཟང་འོད་གསལ་སྙིང་པོའི་ཞལ་སྔ་ནས་སྨིན་གྲོལ་གདམས་པ་ཡོངས་སུ་རྫོགས་པར་བསྩལ་ཅིང་དགོངས་པའི་གཏད་རྒྱ་ཐུན་མིན་དང་བཅས་ཏེ་ཁྲིད་ཡིག་ཞིག་ཞབས་ཏོག་ཏུ་སྤེལ་བར་འོས་པའི་བཀའ་ཡི་གནང་བ་བསྩལ་ཀྱང༌། རང་ཉིད་ལྟ་སྒོམ་གྱི་དྲོད་ཚད་ཆུང་ཞིང་ཉམས་ལེན་ཇི་བཞིན་མ་ནུས་པ་དང༌། དུས་ཀྱི་རྒུད་པས་ཡིད་སྐྱོ་བས་སྙོམས་ལས་སུ་ཐལ་བ་ན། སླར་ཡང་ཟབ་གསང་འདི་ཉིད་ཀྱི་བདག་པོར་གདོད་ནས་གྲུབ་པ་འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་ཆེན་པོ་བཅུ་དྲུག་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས་དགྱེས་པ་ཆེན་པོས་ངེས་པར་འབྲི་བར་འོས་པའི་བཀའ་ལན་དུ་མར་བསྩལ་བ་དང༌། སྙིགས་དུས་ཀྱི་བསྟན་འགྲོའི་དཔལ་མགོན་མཚུངས་མེད་སྐྱབས་རྗེ་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མ་དང༌། གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་ཀྱང་ཕྲིན་ལས་ཀྱི་གསོས་སུ་འདི་ལྟར་འབྲི་བར་འོས་ཞེས་བཀས་བསྐུལ་བ་དང༌། མཆོག་གཏེར་རིགས་ཆོས་བརྒྱུད་འཛིན་མཁྱེན་རྟོགས་ཡོན་ཏན་རྨད་བྱུང་མཆེད་གྲོགས་མཆོག་སྤྲུལ་ཀརྨ་ཨོ་རྒྱན་ཐུགས་ཀྱི་བསྟན་འཛིན་ནས་མྱུར་དུ་གྲུབ་པར་དགོས་ཞེས་དམ་པ་དུ་མས་བཀའ་ལུང་ལྡོག་ཏུ་མ་སྤོབས་པས། སྡེ་གསུམ་རྫོགས་པ་ཆེན་པོའི་བཀའ་གཏེར་ཡོངས་རྫོགས་ཐོབ་པའི་སྐལ་པ་མི་དམན་ཞིང་འོད་གསལ་ཡེ་ཤེས་ཀྱི་དགོངས་ཀློང་ཚད་ལ་ཕེབས་པའི་རིགས་ཀྱི་བདག་པོ་ཁྱབ་བདག་ཞེ་ཆེན་པ་གཙོ་བོར་གྱུར་པའི་མཁས་གྲུབ་དུ་མའི་ཞབས་རྡུལ་ཚངས་གནས་སུ་མཆོད་པའི་མདོ་ཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་འོད་གསལ་ཐུགས་མཆོག་རྡོ་རྗེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་སྤྱི་དང་ལམ་འདིའི་བཀའ་བབས་མཁན་ཆེན་རཏྣའི་ཟིན་ཐུན་རྣམས་གུང་སྤྲོས་ཏེ་གཏེར་གཞུང་དངོས་བསྟན་གྱི་དགོངས་པ་ཇི་ལྟར་དཔོག་པ་བཞིན་དཀྱུས་གཅིག་ཏུ་ལྷོ་འབྲུག་གི་སྨན་ལྗོངས་ཉུལ་པའི་སྐབས་ཐུན་མཚམས་ཅི་རིགས་པར་བྲིས་ཏེ་ལྕགས་གླང་སྣྲོན་ཟླའི་ཚེས་སྐྱབས་རྗེ་པདྨ་དགྱེས་པའི་དུས་ཀྱི་མཆོད་པའི་ཉིན་རྫོགས་པར་བྱས་པ་དཀྱུས་གཅིག་ཏུ་སྤེལ་བའི་ཡི་གེ་པ་ནི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེས་གུས་པ་ལྷུར་ལེན་གྱིས་བགྱིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། | |||
|colophonwylie=/ces gdod nas kun bzang rdo rje'i dgongs klong la mnga' dbang 'byor bas grol ba drug ldan gyi phrin las chen po'i sras bcas rgyal ba'i rnam thar la spyod pa'i kun mkhyen bla ma 'jam dbyangs chos kyi blo gros 'jigs med nam mkha'i rdo rje kun bzang 'od gsal snying po'i zhal snga nas smin grol gdams pa yongs su rdzogs par bstsal cing dgongs pa'i gtad rgya thun min dang bcas te khrid yig zhig zhabs tog tu spel bar 'os pa'i bka' yi gnang ba bstsal kyang*/_rang nyid lta sgom gyi drod tshad chung zhing nyams len ji bzhin ma nus pa dang*/_dus kyi rgud pas yid skyo bas snyoms las su thal ba na/_slar yang zab gsang 'di nyid kyi bdag por gdod nas grub pa 'jig rten dbang phyug rgyal dbang karma pa chen po bcu drug pa rang byung khyab bdag rig pa'i rdo rjes dgyes pa chen pos nges par 'bri bar 'os pa'i bka' lan du mar bstsal ba dang*/_snyigs dus kyi bstan 'gro'i dpal mgon mtshungs med skyabs rje mdo khams pa skal bzang don brgyud nyi ma dang*/_gter chen mchog gi sprul pa'i sku pad+ma 'gyur med theg mchog bstan 'dzin nas kyang phrin las kyi gsos su 'di ltar 'bri bar 'os zhes bkas bskul ba dang*/_mchog gter rigs chos brgyud 'dzin mkhyen rtogs yon tan rmad byung mched grogs mchog sprul karma o rgyan thugs kyi bstan 'dzin nas myur du grub par dgos zhes dam pa du mas bka' lung ldog tu ma spobs pas/_sde gsum rdzogs pa chen po'i bka' gter yongs rdzogs thob pa'i skal pa mi dman zhing 'od gsal ye shes kyi dgongs klong tshad la phebs pa'i rigs kyi bdag po khyab bdag zhe chen pa gtso bor gyur pa'i mkhas grub du ma'i zhabs rdul tshangs gnas su mchod pa'i mdo khams kyi ku sA li 'jigs med mkhyen brtse'i 'od zer 'od gsal thugs mchog rdo rje theg mchog bstan pa'i rgyal mtshan gyis snga 'gyur rig 'dzin brgyud pa'i man ngag spyi dang lam 'di'i bka' babs mkhan chen rat+na'i zin thun rnams gung spros te gter gzhung dngos bstan gyi dgongs pa ji ltar dpog pa bzhin dkyus gcig tu lho 'brug gi sman ljongs nyul pa'i skabs thun mtshams ci rigs par bris te lcags glang snron zla'i tshes skyabs rje pad+ma dgyes pa'i dus kyi mchod pa'i nyin rdzogs par byas pa dkyus gcig tu spel ba'i yi ge pa ni sngags ban 'jigs med skal bzang rdo rjes gus pa lhur len gyis bgyis pa 'dis kyang kun bzang thugs kyi bstan pa la bya ba mchog tu byed pa'i rgyur smon pa bzhin 'grub par gyur cig/ | |||
|pdflink=File:DKR-KABUM-15-BA-004.pdf | |pdflink=File:DKR-KABUM-15-BA-004.pdf | ||
}} | }} | ||
Line 17: | Line 39: | ||
<onlyinclude> | <onlyinclude> | ||
{{TibP|༄༅། དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཁྲིད་ཡིག་འདུས་གསལ་ཀུན་བཟང་དགོངས་པའི་མཛེས་རྒྱན་འོད་གསལ་གདོད་མའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཁྲིད་ཡིག་འདུས་གསལ་ཀུན་བཟང་དགོངས་པའི་མཛེས་རྒྱན་འོད་གསལ་གདོད་མའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །ཀ་དག་དབྱིངས་ཀྱི་སྟོན་མཆོག་ཀུན་ཏུ་བཟང༌། །ལྷུན་གྲུབ་འོད་གསལ་རང་གདངས་རྡོ་རྗེ་སེམས། །ཟུང་འཇུག་སྒྱུ་འཕྲུལ་བརྒྱུད་གསུམ་བླ་མའི་གར། །ཐེག་མཆོག་ཤིང་རྟའི་སྲོལ་འབྱེད་ཇི་སྙེད་རྒྱལ། །ཁྱད་པར་ཀུན་བཟང་རྡོ་རྗེའི་ནང་དབྱིངས་སུ། །སྲིད་ཞིའི་ཟག་པ་ཟད་པའི་ཡེ་ཤེས་གདངས། །རབ་འབྱམས་སྐུ་དང་ཞིང་ཁམས་སྒྱུ་འཕྲུལ་གྱི། །ཁྱབ་བདག་རྒྱལ་དབང་པདྨ་སཾ་བྷར་གུས། །འཕོ་ཆེན་ཡེ་ཤེས་སྐུ་ཅན་ཤྲཱི་སིངྷའི། །ཐུགས་བཅུད་རྫོགས་པ་ཆེན་པོ་སྡེ་གསུམ་གྱི། །ཟབ་ཏིག་སྲོལ་འབྱེད་བཻ་རོ་རྗེ་འབངས་གྲོགས། །ལྷ་སྲས་རྣམ་སྣང་ཡེ་ཤེས་སྡེ་ཀུན་འདུད། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེན་པོའི་སྲོལ། །རྒྱུད་ལུང་མན་ངག་འདོད་དགུའི་དབྱིག་རྒྱ་མཚོ། །འབྱེད་མཛད་བཀའ་གཏེར་བསྟན་པའི་མངའ་བདག་ཆེ། །གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པར་བསྔགས། །བི་མ་དངོས་སྣང་ཀུན་གཟིགས་མཁྱེན་བརྩེའི་དབང༌། །རྣམ་སྣང་ལོ་ཆེན་ཡོན་ཏན་རྒྱ་མཚོའི་སྡེ། །དགོངས་ཀློང་ཚད་ཕེབས་ཆོས་ཀྱི་བློ་གྲོས་གསུམ། །དབྱེར་མེད་རང་རིག་གཉུག་མའི་ཐིག་ལེར་མཆོད། །ཟབ་གསང་ཆོས་གཏེར་འཕགས་པའི་སྤྱོད་ཡུལ་ཅན། །མཁའ་འགྲོ་གསང་བའི་བཀའ་རྒྱས་གཙིགས་བསྡམས་སྲོག །འབྱེད་ནུས་མིན་ཡང་ཆོས་ཀྱི་བདག་པོའི་བཀའ། །རྗེས་སུ་གནང་བཞིན་ཆ་ཤས་དགྲོལ་ལ་ཕྱོགས། །ལྷ་དང་སྲུང་མས་བཀའ་ཆད་མི་འབྱུང་ཞིང༌། །སྨིན་གྲོལ་ཉིན་བྱེད་དུས་ཀྱི་མཐར་གསལ་ཏེ། །ཟབ་རྒྱས་ངོ་མཚར་རྣམ་བཀྲའི་པདྨའི་ཚལ། །སྐལ་བཟང་རྐང་དྲུག་ཀུན་དགའི་དཔལ་སྨིན་མཛོད། །དེ་ལ་འདིར་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་འགྲོ་འདུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་ལ་ཟབ་གཏེར་གྱི་གསང་མཛོད་བསམ་གྱི་མི་ཁྱབ་པ་བཞུགས་པ་ལས་རྒྱལ་མཚན་གྱི་ཏོག་བཞིན་ཁྱད་པར་དུ་འཕགས་ཤིང༌། །ངོ་མཚར་རྡོ་རྗེ་ཐེག་པའི་གསེང་ལམ་གྱི་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་སྨིན་གྲོལ་རྩ་བ་ཡན་ལག་མཐར་ཐུག་གི་ལམ་ཡོངས་སུ་རྫོགས་པ་ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག་ཆེན་པོའི་ཁྲིད་ཀྱི་རིམ་པ་འཆད་པ་ལ་ལོ་རྒྱུས་བརྗོད་པས་ཡིད་ཆེས་བསྐྱེད་པ་དང༌། །ཉམས་སུ་བླང་བྱའི་ལམ་དངོས་བཤད་པའོ། །དང་པོ་ལ་སྔོན་ཇི་ལྟར་བྱུང་བ་དང༌། ད་ལྟ་གདུལ་བྱའི་སྤྱོད་ཡུལ་དུ་སྣང་ཚུལ་ལོ། །དང་པོ་ནི། ཀློང་གསལ་ཉི་མའི་རྒྱུད་ལས། བརྒྱུད་པ་ཉེ་ཟབ་ཁུངས་བཙུན་ཞིང༌། ཀུན་ཏུ་བཟང་ནས་རིམ་པར་བཤད། །ཅེས་པ་ལྟར། དད་ལྡན་ངེས་ཤེས་བསྐྱེད་པའི་ལོ་རྒྱུས་ནི། གཏེར་གཞུང་ལོ་རྒྱུས་སྙིང་གི་ཏི་ཀ་ལས། ན་མོ་གུ་རུ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་དྲུག་ལས༔ ཐོག་མར་ལོ་རྒྱུས་ཀྱི་སྡེ་ལའང་སོགས་ནས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞེས་གསུངས་པ་ལྟར། སྐུ་འོད་གསལ་ཡེ་ཤེས་ཀྱི་ཕྱག་རྒྱ་འཕོ་ཆེན་རྡོ་རྗེའི་མཚན་དཔེར་སྨིན། གསུང་ཡེ་ཤེས་ཀྱི་ཆོ་འཕྲུལ་རྒྱུད་སྡེ་རྒྱ་མཚོ་སྟོན་པ་དང་སྡུད་པར་མཛད། ཐུགས་རིག་པ་རྩལ་གྱི་དབང་ཐོབ་པས་སྣང་སྲིད་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་དང་ཕྲིན་ལས་ལ་མངའ་དབང་འབྱོར་བའི་རིག་འཛིན་ཤྲཱི་སིངྷ། གུ་རུ་རིན་པོ་ཆེ། སློབ་དཔོན་བཻ་རོ་ཙ་ན་གསུམ་གྱི་ཐུགས་བཅུད་ཐེག་མཆོག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་མན་ངག་གི་སྙིང་པོ་མཐར་ཐུག་བསྟན་ཚུལ་གསུངས་པ་ལྟར་རོ། །གཉིས་པ་ནི། མདོ་བྱང་རབ་ཏུ་གསལ་བ་ལས། ལྟ་བ་དགོངས་ཀློང་མངོན་གྱུར་པའི༔ ཡེ་ཤེས་སྐུ་ཅན་དཔལ་སེང་ལ༔ གདམས་པའི་མཐར་ཐུག་ཞུས་པའི་ཚེ༔ མི་ཡུལ་ཀུན་ཏུ་མ་གྲགས་པའི༔ རིག་རྩལ་དབང་མཆོག་བདག་གིས་ཐོབ༔ དེ་ཉིད་བོད་དུ་སྤེལ་བའི་སྣོད༔ གཅིག་ཀྱང་མ་མཆིས་གསང་བའི་ཚེ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང༔ མཁས་པའི་དབང་པོ་བཻ་རོ་དང༔ ཀུན་ལས་ཁྱད་འཕགས་མཚོ་རྒྱལ་ཏེ༔ ལས་ཅན་སྐལ་ལྡན་གསུམ་གྱི་ངོར༔ ཤྲཱི་སིངྷའི་ཐུགས་ཀྱི་བཅུད༔ བླ་མ་དགོངས་པ་རྣམ་པ་བཞི༔ སྦྱིན་ཏེ་ཡང་ཏིག་དགོངས་ཉམས་བསྟན༔ གཞན་ཡང་རྗེ་འབངས་མཆེད་བདུན་ལ༔ དམ་ཆོས་རྫོགས་ཆེན་སྡེ་གསུམ་བཤད༔ ཅེས་གསུངས་པ་ལྟར། ཕྱི་སྐོར་སེམས་སྡེ་ནམ་མཁའི་ཞུན་མའམ་ནམ་མཁའ་ཀློང་ཡངས། ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ། ཤིན་ཏུ་གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་སྙིང་གི་བྱང་བུ་ཞེས་མཐར་ཐུག་ཆེ་བ་བརྗོད་པའི་མཚན་དང༌། ཟབ་པས་མདུང་ཚུགས་མ། གྲངས་ཀྱི་མཚན་གསོལ་མ་བུ་བཅོ་བརྒྱད་དུ་གསུངས་ལ། དེ་ལས་ཕྱི་སྐོར་ནམ་མཁའ་ཀློང་ཡངས་སྐོར་བརྒྱད་དང༌། ནང་སྐོར་ཉི་མ་ཀློང་ཆུབ་སྐོར་དགུ་རྣམས་རིག་འཛིན་ཤྲཱི་སིངྷ་ལས་གུ་རུ་རིན་པོ་ཆེ་དང༌། སློབ་དཔོན་བོ་རོ་ཙ་ན་གཉིས་ཀས་གསན་པ་གུ་རུ་ཉིད་ལ་སྤེལ་བར་བཀའ་མ་ཁྲོལ་ཀྱང་བཻ་རོ་ལ་སྤེལ་བར་བཀས་གནང་ནས་བོད་དུ་བསྒྱུར་བ་དང༌། མན་ངག་སྐོར་དགུ་འོད་ཟེར་མཐའ་ཡས་གུ་རུ་རིན་པོ་ཆེས་སྤེལ་བར་གསུངས་པས་ན། སློབ་དཔོན་རྣམ་པ་གཉིས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ་རིག་འཛིན་ཤྲཱི་སིངྷ་ལས་གསན་ཅིང་ཐུགས་ཀྱི་བཅུད་དུ་བཟུང་བ་ཉིད། བོད་ཀྱི་རྗེ་འབངས་རྣམས་ལ་བསྩལ་བའི་དུས་ལ་བབས་པ་ན། རྒྱུད་ལུང་མན་ངག་སྤྱི་དང་བྱེ་བྲག་གི་དགོངས་པ་གཅིག་ཏུ་དྲིལ་ནས། ལོ་པཎ་རྣམ་པ་གཉིས་ཀའི་ཐུགས་ཏིག་འདི་སྨར་ཆོས་སྨིན་གྲོལ་གྱི་རྒྱུན་བཅས་ཆུ་བོ་གཅིག་འདྲེས་སུ་སོང་ནས་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག་ཅེས་མཚན་དུ་གྲགས་པར་མངོན་ལ་ངོ་མཚར་གདམས་པ་ཁྱད་པར་ཅན་འདི་གུ་རུ་རིན་པོ་ཆེས་བསྩལ་བའི་རྗེ་འབངས་གྲོགས་གསུམ་དང༌། དེ་རྗེས་ནམ་མཁའི་སྙིང་པོ། ལྷ་སྲས་མུ་ཁྲི། ངན་ལམ་བནྡེ་ཡེ་ཤེས། གཉགས་ཛྙཱ་ན་ཀུ་མཱ་ར། ལང་གྲོ་དཀོན་མཆོག་འབྱུང་གནས། སྣ་ནམ་རྡོ་རྗེ་བདུད་འཇོམས་རྣམས་ལའང་བསྩལ་བར་གསུངས་ཤིང༌། མདོར་ན་རྨད་བྱུང་གསང་བ་ཆེན་པོ་འདི་ཉིད་ཕྱི་མའི་གདུལ་བྱ་ལ་དགོངས་ཏེ་རིན་ཆེན་ས་ཡི་གཏེར་དུ་རྒྱས་བཏབ་པ་གང་ས་ཡི་སྟེང་དུ་འདོན་པའི་དུས་སུ་བབ་པ་ན་ལུང་བསྟན་གཅེས་པའི་ལྡེའུ་མིག་ལས། དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟག་གམ་གླང༔ མཆོག་གི་མིང་གྱུར་སྐྱེས་བུ་ཞིག༔ དེ་ནི་སྔོན་དུ་ལྷ་སྲས་འབྲིང༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་དང༌། ཁྲི་སྲོང་ལྡེའུ་བཙན་དབང་པོའི་མིང༔ དེ་ལ་རྫོགས་པར་འཐོབ་པར་གྱུར༔ ཞེས་སོགས་ཀྱི་མཚོན། གཏེར་གནས། འདོན་པ་པོ། གཏེར་སྒོ་འབྱེད་ཚུལ། ཆོས་འཁོར་བསྐོར་ཚུལ། ལས་ཅན་ཆོས་བདག་དུས་རྟགས། བོད་ཁམས་ཕན་བྱེད་ཀྱི་ཕྲིན་ལས་རྒྱས་པར་བསྟན་པ་བཞིན་དཔལ་ཨོ་རྒྱན་ཆེན་པོ་ཡབ་སྲས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་བབ་པ་ན། དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུའི་ཐུགས་ཀྱི་སྲས་མཆོག །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི་ལྷ་སྲས་བར་པ་ས་བཅུ་དབང་ཕྱུག་མུ་རུབ་བཙན་པོའམ་ལྷ་སྲས་ལོ་ཙ་བ་ཞེས་མཁས་གྲུབ་ཀྱི་མཛད་པ་རྨད་དུ་བྱུང་བ་དེས། བློན་པོ་འུ་རིང་གི་བུ་བསད་པས་རྒྱལ་ཁྲིམས་ལ་སྙད་བཏགས་ནས་ཁམས་ཀྱི་ཕྱོགས་སུ་སྤྱུགས་སྐབས་ཡེ་རྒྱལ་ནམ་མཁའ་མཛོད་དུ་ཨོ་རྒྱན་སྤྲུལ་པའི་རྗེ་འབངས་དང་བཅས་པ་སྤྱན་དྲངས་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་བརྒྱུད་ལུང་མན་ངག་དང་བཅས་པའི་གསང་མཛོད་གཏད་ཅིང༌། མདོ་ཁམས་སྨད་ཀྱི་ས་གཞི་ཐམས་ཅད་ལ་ཞབས་ཀྱིས་བཅགས་ཤིང༌། སྒྲུབ་གནས་མཛད་ནས་སྣོད་བཅུད་བྱིན་གྱིས་བརླབས་ཤིང་ཟབ་གཏེར་མང་པོའི་རྒྱས་བཏབ་པའི་རྟེན་འབྱུང་གིས་མདོ་ཁམས་སྨད་ཀྱི་ལྗོངས་སུ་སྙིགས་མ་ལྔ་ཡི་མུན་རུམ་ཆེ་ཆེར་བདོ་བའི་སྐབས་སུ་ཡང་མཁན་སློབ་ཆོས་གསུམ་རྗེ་འབངས་དང་བཅས་ལས་ཅན་སྨོན་ལམ་དག་པའི་ལོ་པཎ་མཁས་གྲུབ་ཐམས་ཅད་ཀྱི་སྐྱེ་བ་སྐྱེས་བུ་དམ་པ་དུ་མ་ཚོགས་པས་བཀའ་བབས་བདུན་གྱི་ཤིང་རྟ་དྲངས་ཏེ་ཐུབ་བསྟན་རྫོགས་ལྡན་དང་པོའི་དགའ་སྟོན་ལ་སྦྱར་བའི་མཛད་པ་མཐའ་ཀླས་པའི་སྒོ་འབྱེད་པདྨའི་ཕོ་ཉ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་གཞི་ལམ་འབྲས་བུའི་རྒྱུད་དོན་རྒྱ་མཚོ་དང་འབྲེལ་བའི་མཚན་གྱི་རྔ་གསང་འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་གང་ཉིད་ལ་ཟབ་མོའི་གཏེར་ཁ་སུམ་ཅུ་རྩ་བརྒྱད་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་སྨིན་པའི་དགུ་པ། རྫོགས་པ་ཆེན་པོ་སྡེ་གསུམ་ཀློང་དགུའི་མན་ངག་གི་བཅུད་དྲིལ། སྙིང་ཐིག་སྐོར་བདུན་ལས། རྣམ་སྣང་ལོ་ཙ་ཆེན་པོའི་ཐུགས་ཀྱི་ཐིག་ལེ། མདོར་ན་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་ཤྲཱི་སིངྷ། གསུང་རྡོ་རྗེ་པདྨ་སཾ་བྷ་ཝ། ལོ་ཆེན་བཻ་རོ་ཙ་ན་གསུམ་གྱི་དགོངས་བཅུད་གཅིག་དྲིལ་དབང་དང་སྒྲུབ་ཐབས་མན་ངག་ནང་རྒྱུད་ཡོ་ག་གསུམ་གྱི་མཐར་ཐུག་ཆོས་སྡེ་གཅིག་ཏུ་དྲིལ་ཏེ་གཏན་ལ་དབབ་བྱའི་དགོངས་པའི་སྐྱེལ་སོ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གྲུབ་མཐའ་རྐང་ཚུགས་སུ་བསྟན་པས་ཤིན་ཏུ་གསང་བའི་དམ་ཆོས་རྫོགས་ཆེན་སྡེ་གསུམ་ཞེས་ཡོངས་སུ་གྲགས་པའི་རྡོ་རྗེའི་གསེང་ལམ་ཆེན་པོ་གང༌། རིན་ཆེན་ས་ཡི་སྟེང་དུ་སྣང་བའི་དུས་ལ་བབས་པ་ན། ཡབ་གཅིག་ཆོས་རྒྱལ་ཁྲི་སྲོང་གི་རྣམ་འཕྲུལ་གངས་ཅན་མཁས་གྲུབ་རྒྱ་མཚོའི་ཚོགས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་ཡབ་སྲས་གསེར་ཞལ་ལྷན་རྒྱས་པས། བོད་ཆེན་པོའི་ས་ཡི་ཐིག་ལེ། སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་སྨད་ཤོད་ཛམ་ནང་ཕུ། གངས་རི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བའི་སྒྲུབ་གནས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་མཐོང་ནས་ལས་ཅན་རྡོ་རྗེའི་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་སྤྱན་དྲངས་ཏེ་མཆོང་ཤོག་སྨུག་པོའི་ངོས་ལས་གཏན་ལ་ཕབ་པའི་ཡི་གེ་པ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་མཁྱེན་བརྩེའི་དབང་པོས་མཛད་དེ་མཁས་གྲུབ་ཆེན་པོ་དེ་གཉིས་ཀྱི་ཐུགས་ཀྱི་དཔལ་བེའུ་ཟབ་གསང་སྙིང་པོའི་ཏི་ལ་ཀར་བཞུགས་པ་ཉིད་མདོ་བྱང་ལས། དེ་ལ་དབང་བས་འདི་ཉིད་འཐོན་པའི་ཚེ༔ ལོ་གཅིག་གམ་ནི་ཡང་ནི་ལོ་གསུམ་ཁོང༔ སྐྱེས་བུ་དཔྲལ་བར་སྨེ་བ་དམར་པོའི་མཚན༔ བྱིས་པའི་ཚུལ་ཅན་དེ་ལ་མཐའ་ནས་སྟེར༔ གནས་ཀྱི་ཉེ་འདབས་འདི་རུ་ཤིན་ཏུ་འབྱུང༔ ཞེས་རྡོ་རྗེའི་ལུང་གི་གདམས་ཤིང་གཏད་པ་བཞིན་ངེས་པའི་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཡེ་ཤེས་ཀྱི་དབྱིངས་དང་གཉིས་སུ་མེད་པ་ལ། རྣམ་པ་ཙམ་དུ་སྣང་བཞི་མཐར་ཕྱིན་གྱི་གྲུབ་བརྙེས་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་དུ་བསྔགས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་སྲས་ཀུན་བཟང་འགྱུར་མེད་ཚེ་དབང་ནོར་བུ་ཞེས་མཁས་གྲུབ་ཕྲིན་ལས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པས་ཟབ་གཏེར་སྙིང་པོའི་རིང་ལུགས་ཀྱི་བསྟན་པའི་སྲོལ་ཟིན་པའི་བཀའ་དྲིན་རྨད་བྱུང་རིག་པ་འཛིན་པ་མཆོག་ལ་སྒྲུབ་གནས་དེ་ཉིད་ཀྱི་གཟིམ་ཆུང་རྡོ་རྗེ་བཀོད་པར་མེ་སྟག་ཁྲུམ་གྱི་ཉ་བའི་ཟླ་བར་འཇམ་མགོན་རྣམ་གསུམ་ལྷན་རྒྱས་པས་ཟབ་ཆོས་འདི་ཉིད་ཀྱི་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་སྒོ་ནས་སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། བོད་ཁམས་ཕན་བདེའི་དགའ་སྟོན་སྤེལ་བའི་སྐབས་ཚིག་བརྒྱུད་དུ་བསྩལ། རིགས་ཀྱི་སྲས་མཆོག་དེའི་གཏེར་ཆེན་བླ་མའི་རྣམ་འཕྲུལ་ངེས་དོན་གྲུབ་པའི་རྡོ་རྗེ། དེས་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེ་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་གསན་ནས། ཟབ་གཏེར་བཞེས་པའི་གནས་མཆོག་ཁམ་གྱི་མཆིམས་ཕུ་གཉིས་པ་དང་འདབས་འབྲེལ་བ། བཀའ་གཏེར་ཆོས་ཀྱི་ཆུ་ཀླུང་འབུམ་ཕྲག་འཁྱིལ་བ་གཞལ་མེད་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཞེས་རྩ་གསུམ་སྤྲིན་ལྟར་གཏིབས་པའི་དྲི་གཙང་ཁང་ནས་བདག་ཅག་ལས་ཅན་འདུས་པའི་ཚོགས་སྨིན་གྲོལ་ཆིག་རྫོགས་དགྱེས་པས་བསྩལ་ཞིང་ཁོ་བོ་ལ་གཏད་རྒྱ་བཅས་མཛད་པའི་སྐལ་བཟང་ཐོབ་པའི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བའི་གནས་སུ་གྱུར་པའོ། །གཉིས་པ་ཉམས་ལེན་གྱི་ལམ་དངོས་ལ། འཇུག་སྒོ་སྨིན་བྱེད་ཀྱི་དབང༌། ཞུགས་ནས་སྒོམ་གྱི་ལམ་ཡོངས་རྫོགས་འཆད་པའོ། །དང་པོ་ནི། ལོ་རྒྱུས་སྙིང་གི་ཏི་ཀ་ལས། སྤྱི་ལ་གཅེས་པ་ཤྲཱི་སིངྷའི་དབང་བསྐུར་གསུམ༔ ཕྱི་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་དགོངས་པ་གཅིག་ཏུ་དྲིལ་བའི་དབང་བསྐུར་བ༔ ཡི་དམ་རྡོ་རྗེའི་དབྱིངས་ཀྱི་དབང་བཞི་སྤྱི་བླུགས་སུ་བསྐུར་བ༔ མན་ངག་ཨ་ཡིག་མདའ་འཕེན་ཏེ་ཕྱི་ཐུན་མོང་གི་དབང་བསྐུར་གསུམ༔ ནང་ཀློང་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ སྟོན་པ་བཅུ་གཉིས་བརྡ་དབང༔ མངོན་རྫོགས་རྒྱལ་པོའི་དོན་དབང༔ རྩ་བ་དགུ་བསྒྲིལ་ འདི་ལ་རྗེས་འབྲེལ་ཚེ་དབང་དང༌། མཁའ་འགྲོའི་དབང་བཅས་བཞུགས། མཆན། ཏེ་ནང་སྐོར་གྱི་དབང་གསུམ་བསྐུར༔ གསང་བ་མན་ངག་གི་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ ཞི་ཁྲོའི་དོན་དབང༔ སྒྲུབ་དབང་བརྒྱད་དུ་དྲིལ་བའི་དབང་སྟེ་གསང་སྐོར་གྱི་དབང་གསུམ་བསྐུར༔ དེ་རྗེས་སྒྲུབ་ཐབས་དགུ་ཕྲུགས་སུ་གནང༔ རྫོགས་རིམ་སྔོན་འགྲོའི་བརྡ་དབང་གསུམ་གྱི་སྨིན་པར་མཛད༔ དངོས་གཞི་ཁྲིད་གསུམ་གྱིས་གྲོལ་ཞིང༔ རྗེས་ཀྱི་མན་ངག་གསུམ་གྱིས་གྲོལ་བ་མཐར་ཕྱིན་པར་མཛད་དོ༔ ཞེས་གསུངས་པ་ལྟར་གཏེར་གཞུང་གི་དངོས་བསྟན་ནས། བཀའ་སྲུང་ཡེ་ཤེས་པ། དྲེགས་པ་ཕོ་མོ། གཏེར་སྲུང་རྣམ་གསུམ་གྱི་སྲོག་གཏད་བཅས་རྗེས་འབྲེལ་དུ་འབྱུང་བ་སྟེ། སྤྱིར་གསང་སྔགས་ཀྱི་ལམ་ལ་དབང་སྔོན་དུ་མ་སོང་ན་དངོས་གཞིའི་ལམ་ཉན་སྒོམ་ལྟ་ཅི། རྒྱུད་དང་མན་ངག་གི་དཔེ་ཙམ་ལྟ་བ་ལ་མི་དབང་ཞིང༌། བལྟས་ཀྱང་དོན་དུ་མི་འགྱུར་བ་དང༌། དབང་གིས་རྒྱུད་སྨིན་པར་བྱས་ཕྱིན་ཆད་ཟབ་ལམ་གྱི་གནད་ཀུན་ཉན་སྒོམ་སྣོད་དུ་རུང་ཞིང༌། རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པས་དྲོད་རྟགས་མྱུར་དུ་འབྱུང་བ་དང༌། དེར་མ་ཟད་སློབ་དཔོན་ལྟ་དགོངས་ཅན་དང༌། སློབ་མ་སྣོད་ལྡན་ནང་འཛོམས་ན་དབང་གི་སྨིན་གྲོལ་ཅིག་ཆར་དུ་འགྱུར་བར་ངེས་པ་དང༌། སྐབས་འདིའི་རིག་པ་རྩལ་དབང་ཐོབ་པས་ནང་གི་ཡེ་ཤེས་ཀྱི་མྱོང་བ་རྒྱུད་ལ་ངེས་པར་སད་ནུས་པ་དང༌། དབང་ཐོབ་དམ་ཚིག་ལ་གནས་པས་ལམ་སྒོམ་མ་ནུས་ཀྱང་སྐྱེ་བ་བརྒྱུད་ནས་གྲོལ་བར་ངེས་པ་དང༌། དཀྱིལ་འཁོར་ཙམ་མཐོང་བས་ཀྱང་ངན་སོང་གི་སྒོ་ཁེགས་པ་སོགས་དགོས་པ་དང་ཕན་ཡོན་ཆེ་ཞིང༌། དེ་ཡང་སྤྱིར་གསང་སྔགས་ཀྱི་ལམ་ཐམས་ཅད་དབང་བཞིའི་དོན་ལས་མི་འདའ་བས་བསྐྱེད་རྫོགས་ཀྱི་མན་ངག་ཀྱང་དབང་ལས་མ་འདས་ཤིང༌། དབང་གི་དག་བྱ་སྒྲིབ་པ་བཞི་གཏོར་ཞིང༌། དག་བྱེད་སྐུ་བཞིའི་ནུས་པ་རྒྱུད་ལ་སད་པར་བྱེད་པ་མཐར་ཐུག་གི་སྐུ་བཞི་ཡང་དབང་གི་གྲུབ་དོན་ལས་མ་འདས་ལ། དེས་ན་སྐབས་འདིའི་དབང་གི་རྣམ་གྲངས་བཅུ་གསུམ་དུ་གསུངས་ཀྱང༌། དེ་ཐམས་ཅད་རྩ་བ་དབང་བཞིའི་དགོངས་པ་ལས་མ་འདས་ཞིང༌། དབང་བཞི་པོའི་མཐར་ཐུག་གི་དབང་བཞི་པ་སྟེ་བཞི་པའི་དོན་གྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་ལ་བླ་མའི་བྱིན་རླབས་འབའ་ཞིག་གཅེས་པས་ན། སྐབས་འདིར་ཡང་སྤྱི་ལ་གཅེས་པའི་ཤྲཱི་སིངྷའི་དབང་བསྐུར་དང༌། ཕྱི་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག །ནང་ཀློང་སྡེའི་རིག་འཛིན་བཅོ་ལྔ། གསང་བ་རིག་འཛིན་བཅོ་ལྔ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། རྟོག་པ་ཆོས་སྐུའི་འདྲ་འབག་རྡོ་རྗེའི་དོ་ཧ་གླུ་རུ་གདམས་པས་ངོ་སྤྲོད་པའང་དེ་ཡིན་ཏེ། ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ལས། རིགས་ཀྱི་བུ་དབང་བསྐུར་བའི་ཚུལ་ནི་འདི་ལྟ་སྟེ། བསྐུར་བྱ་སྐུར་བྱེད་བསྐུར་ཐོབ་དང་བྲལ་བའོ༔ ཞེས་གསུངས། དབང་བཞི་པ་དེ་ཐོབ་པས་གནད་དོན་ཆེ་བའི་རྒྱུ་མཚན་འདིའི་ལོ་རྒྱུས་སུ། ཁྲི་སྲོང་ལྡེའུ་བཙན་གྱིས་གསུངས་པ། བདག་ཅག་རྣམས་ལ་བཀའ་དྲིན་ཆེ་བ་ནི་གུ་རུ་རིན་པོ་ཆེ་ཉིད་ལགས་ཤིང༔ དེང་སང་མོན་དུ་བཞུགས༔ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་སོགས་མོན་མི་འགའ་ལ༔ སྐུ་ཡི་བཀོད་པ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་སུ་བསྟན་ཅིང་སྔར་མ་གྲགས་པའི་རྫུ་འཕྲུལ་གྱི་བཀོད་པ་དུ་མ་ཞིག་བསྟན་པར་ཐོས༔ ལོ་པཎ་མཁས་གྲུབ་གཞན་རྣམས་ཀྱིས་ཀྱང་རྫུ་འཕྲུལ་ཡ་མ་ཟུང་ཅི་གནང་ནའང༔ ཨོ་རྒྱན་ཆེན་པོ་ལ་ནི་འགྲན་ཟླ་མ་མཆིས་སོ༔ འདིའི་དོན་མི་ཡུལ་དུ་རིག་པའི་རྩལ་དབང་ཐོབ་པ་ཨོ་རྒྱན་ཁོ་ན་ལས་མེད་པར་གྲགས༔ དེ་རིག་པའི་རྩལ་དབང་བསྐུར་བའི་སློབ་དཔོན་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྒྱ་གར་འཕགས་ཡུལ་དུ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་ཚུལ་སངས་རྒྱས་གསང་བའི་ཞལ་ནས་ཐོས༔ གཞན་ངེས་པ་མ་རྙེད་པས་དེང་ཤར་བའི་ལོ་འདིར་གུ་རུ་ཉིད་ཀྱི་རྩ་བའི་སློབ་དཔོན་དེ་ཉིད༔ རབ་གདམས་ངག་ཐོབ་པ༔ འབྲིང་རྣམ་ཐར་ཐོས་པ༔ ཐ་མའང་མཚན་ཐོས་པ་ཞིག་གི་བདག་ཅག་རྣམས་ལ་ངལ་བ་མེད་པར་དོན་དུ་གཉེར་བ་ནི་གལ་ཆེའོ༔ ཞེས་དང༌། མདོ་བྱང་དུ། ལྟ་བ་དགོངས་ཀློང་མངོན་གྱུར་པའི༔ ཡེ་ཤེས་སྐུ་ཅན་དཔལ་སེང་ལ༔ གདམས་པའི་མཐར་ཐུག་ཞུས་པའི་ཚེ༔ མི་ཡུལ་ཀུན་ཏུ་མ་གྲགས་པའི༔ རིག་རྩལ་དབང་མཆོག་བདག་གིས་ཐོབ༔ ཅེས་གསུངས་པ་ལྟར་ཟག་མེད་ཡེ་ཤེས་ཀྱི་སྐུ་བརྙེས་པའི་རིག་འཛིན་ཤྲཱི་སིངྷས་འཇིགས་མེད་རྡོ་རྗེའི་བརྟུལ་ཞུགས་གྲུབ་པས་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་ལ་ཡེ་ཤེས་ཆེན་པོ་དོན་གྱི་དགོངས་ཉམས་སད་པའི་ཕྱིར་རིག་པ་རྩལ་གྱི་དབང་བསྐུར་ཞིང་སྨིན་པའི་ཚུལ་མཛད་པས་སྲིད་ཞི་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་དང་ཡེ་ཤེས་ལ་མངའ་བརྙེས་པའི་ཚུལ་བསྟན་པས། གུ་རུ་རིན་པོ་ཆེའི་འགྲོ་འདུལ་གྱི་བླ་མ་སུམ་བརྒྱ་དང་དྲུག་ཅུའི་གཙོ་བོ་རིགས་ཀྱི་བདག་པོ་ཤྲཱི་སིངྷ་ཡིན་པར་གསུངས་པས་ཤེས་ལ། དབང་གི་ཡེ་ཤེས་དེའི་སྲོག་རྒྱུད་ལ་འཛིན་པ་ནི་དམ་ཚིག་འབའ་ཞིག་ལ་རག་ལས་པས་དབང་ཐོབ་ནས་དམ་ཚིག་གི་རྣམ་གྲངས་ཤེས་པས་སྲུང་བར་གཅེས་ཤིང༌། དེ་ལའང་དབྱེ་བསྡུའི་ཚུལ་དུ་མ་གསུངས་ཀྱང༌། ཅུང་ཟད་ཉམས་ཆག་བྱུང་ནའང་བཤགས་པས་སོར་ཆུད་པ་ཤིན་ཏུ་གལ་ཆེ་བ་འཕྲོས་སུ་གདམས་པའོ། །གཉིས་པ་ཉམས་སུ་བླང་བྱའི་ལམ་དངོས་བཤད་པ་ལ། མདོ་བྱང་ལས། འདི་བརྒྱད་ཀུན་ལ་རྩ་བའི་ཆོས་བཞི་ནི༔ ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་དང༔ ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ་དང༔ གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་ཏེ༔ ཕྱི་སྐོར་ནམ་མཁའ་ཀློང་ཡངས་སྐོར་བརྒྱད་དང༔ ནང་སྐོར་ཉི་མ་ཀློང་ཆུབ་སྐོར་དགུ་རྣམས༔ སློབ་དཔོན་བཻ་རོ་ཙ་ནས་བོད་དུ་བསྒྱུར༔ འདི་ནི་ཤྲཱི་སིངྷའི་ཐུགས་བཅུད་དེ༔ ཟབ་ལ་འདྲིལ་ཞིང་གཞན་ལ་མ་བསྟན་པ༔ སློབ་དཔོན་བདག་ལ་སྤེལ་བར་བཀའ་གནང་མེད༔ བཻ་རོ་ལ་ནི་གནང་བ་བསྩལ་འདུག་པས༔ མ་བུར་བསྡེབས་ཏེ་འདི་རུ་བཞག་པའོ༔ མན་ངག་སྐོར་དགུ་འོད་ཟེར་མཐའ་ཡས་ནི༔ པདྨ་བདག་གི་དཔལ་སེང་ཉིད་ལ་ཞུས༔ ཟབ་པའི་མཐར་ཐུག་འདི་རུ་གདམས་པ་ནི༔ མན་ངག་ཉི་ཤུ་རྩ་དྲུག་བསྟན་པའོ༔ ཞེས་གསུངས་པ་ལྟར་ཕྱི་སྐོར་སེམས་སྡེ། ནང་སྐོར་ཀློང་སྡེ། གསང་སྐོར་མན་ངག་སྡེའི་ཟབ་ཏིག་དབང་དང༌། བསྐྱེད་རྫོགས་ཀྱི་གདམས་པ་རྒྱ་ཆེར་བཞུགས་པའི་དང་པོ་ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་ཀྱི་མན་ངག་ལ་བསྐྱེད་རྫོགས་ཀྱི་དོན་གཉིས་ལས། དང་པོ་བསྐྱེད་རིམ་ལའང༌། བླ་མའི་བྱིན་རླབས་ལམ་དུ་བྱ་བ་རིག་འཛིན་གྱི་སྲོག་སྒྲུབ་དང༌། དེ་ཉིད་ཡི་དམ་གནས་བསྒྱུར་གྱི་བསྒྲུབ་པའོ། །དང་པོ་ལ་གཉིས། ཀུན་ལ་གཅེས་པ་སྔོན་འགྲོའི་ཉམས་ལེན་དང༌། དངོས་གཞི་རིག་འཛིན་བླ་མའི་བྱིན་རླབས་ལམ་བྱེད་ཀྱི་བསྐྱེད་རིམ་བསྒོམ་ཚུལ་ལོ། །དང་པོ་ལའང༌། ཐུན་མོང་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། དེ་ཡང་ངོ་བོ་མི་ཁོམ་པ་བརྒྱད་ཀྱི་ལྡོག་ཆ་དལ་བ་བརྒྱད་དང༌། དེའི་ཁྱད་པར་གྱི་ཆོས་རང་གཞན་གྱི་འབྱོར་བ་བཅུ་དང་ལྡན་པ་སྟེ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཙམ་པོ་བ་དང༌། ཁྱད་པར་ཅན། མི་ལུས་རིན་པོ་ཆེ་རྣམས་ཀྱི་རྒྱུ་དང༌། དཔེ་དང༌། གྲངས་སོགས་གང་གི་སྒོ་ནས་བསམ་ཀྱང་ཤིན་ཏུ་རྙེད་དཀའ་ཞིང་ཕན་འདོགས་བསམ་གྱི་མི་ཁྱབ་པ་དང་ལྡན་པ་འདི་ལྟ་བུ་རྙེད་དུ་ཟིན་ཡང༌། ནམ་མཁའ་རིན་པོ་ཆེའི་མདོ་ལས། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་བལྟ་བར་བྱ། བཀའ་བསྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་བཅོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །འབྱོར་བ་ནི་སེམས་ཀྱི་རང་བཞིན་ཤེས་པ། བློ་ཡང་དག་པའི་དོན་ལ་འབྱོར་བས་ན་འབྱོར་བ་ཞེས་བྱའོ། །ཞེས་གསུངས་པ་ལྟར། མི་ཡི་ལུས་སུ་གྱུར་ན་ཡང་སེམས་རྣམ་རྟོག་གི་དབྱེན་བཅོས་པའི་ཚེ་འདིའི་སྣང་བ་འབའ་ཞིག་ལ་སྤྱོད་དེ་འཇིག་རྟེན་ཕྱི་མ་མི་ཤེས་པའི་མི་ཁོམ་པའི་གནས་ལས་མ་ཐར་ན་དལ་བ་དོན་ལྡན་སྙིང་པོར་ལེན་པའི་ཆོས་བྱར་མི་བཏུབ་པས། སེམས་རྣལ་དུ་གནས་ཏེ་སེམས་ཀྱི་རང་བཞིན་ཤེས་པས་བློ་ཡང་དག་པའི་དོན་ལ་འབྱོར་བའི་ཕྱིར་མྱུར་དུ་ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་གྱི་རྣལ་འབྱོར་མཐར་སོན་པར་མ་བྱས་ན། ཕྱི་སྣོད་ཀྱི་འཇིག་རྟེན་སྲ་ཞིང་འཐས་པ་ལྟར་སྣང་བ་རྣམས་ཀྱང་མཐར་མེ་བདུན་ཆུས་གཅིག་གིས་འཇིག་པའི་ཚེ་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར། ནང་བཅུད་ཀྱི་སེམས་ཐམས་ཅད་ཀྱང་སྐྱེས་ནས་ཚེ་ཐར་དུ་སོང་བ་གཅིག་ཀྱང་མེད་པས་རང་ཉིད་ཀྱང་ངེས་པར་འཆི་བ་མ་ཟད། དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་ནི་མེད། འཆི་བའི་ཚེ་ཆོས་རྣམ་པར་དག་པ་ཁོ་ན་མ་གཏོགས་གཞན་ཅི་ཡང་མི་ཕན། དེར་མ་ཟད་ད་ལྟའི་སེམས་ཀྱི་ཀུན་རྟོག་རེ་ལའང་འཁྲུལ་པའི་འཇིག་རྟེན་གྲངས་མེད་པ་བཀོད་ཀྱང་སྐད་ཅིག་རེ་རེས་ཀྱང་སྐྱེ་འགགས་སུ་གྱུར་བའི་ནང་གི་མི་རྟག་མངོན་སུམ་ཚད་མའི་མ་ཚང་ཤེས་པས་གཟུང་འཛིན་འཁྲུལ་པའི་རྣམ་རྟོག་རྒྱུན་མཐུད་ལ་ངན་ཤོར་དུ་མི་གཏོང་བར་རིག་པ་གཉུག་མའི་གཏན་སྲིད་འཛིན་ཅི་ནུས་ཀྱི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པ་གཅེས་པ་ལས། ཤི་ནས་ཅང་མེད་དུ་མི་འགྲོ་བར་ལས་འབའ་ཞིག་གི་རྗེས་སུ་འབྲང་དགོས་པ་རྟེན་འབྱུང་བསླུ་མེད་ཀྱི་དོན་ཤེས་པས། རྟེན་འབྱུང་གི་མཐར་ཐུག་སྟོང་ཉིད། སྟོང་ཉིད་ཀྱི་གཤིས་ལུགས་ཡེ་ཤེས་རང་རིག་ལ་ཐུག་པས་ཆོས་ཕུང་བརྒྱད་ཁྲིའི་མན་ངག་གི་ཐུས་ཀ་འོད་གསལ་རིག་པའི་ཡེ་ཤེས་ཀྱི་ཡིན་ལུགས་མངོན་སུམ་རྟོགས་ན་ཀུན་རྫོབ་རྒྱུ་རྐྱེན་གྱི་བྱས་ཆོས་འཁྲུལ་པ་ཐམས་ཅད་བྱར་མེད་ཀྱི་ཀློང་དུ་ངེས་པར་དག་པའི་ཐབས་ཁོ་ན་ལ་མ་བརྩོན་ན། སྡིག་པའི་ལས་ཀྱི་ངན་སོང་གསུམ་དུ་སྐྱེས་ན། སྡུག་བསྔལ་བཟོད་པའི་གླགས་མེད། ཟག་བཅས་ཀྱི་དགེ་བས་མཐོ་རིས་གསུམ་དུ་སྐྱེས་ཀྱང༌། འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ན་ལས་མ་འདས་པས། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་པ་ཞིག་བྱ་དགོས། འཁོར་བའི་འཁྲུལ་སྣང་དེའི་རྩ་བ་ཡང༌། ཕྱོགས་ཀྱི་གླང་པོས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། འཁྲུལ་བའི་རྣམ་རྟོག་རང་ག་མའི་མཚང་བརྟོལ་ནས། འཁྲུལ་མེད་ཡེ་ཤེས་རྗེན་པའི་ཡིན་ལུགས་མངོན་གྱུར་གྱི་ཏིང་འཛིན་ལ་ངལ་འཚོ་བའི་ཐབས་ཀྱི་གསེང་ལམ་ཟླ་མེད་པ་འོད་གསལ་ཐེག་པའི་རྩེ་རྒྱལ་གྱི་ལམ་མ་ནོར་བ་སྟོན་པའི་ཆེད་དུ། ཐེག་པ་མཆོག་གི་དགོངས་སྤྱོད་ལ་མངའ་བརྙེས་པ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཉེས་པ་གསུམ་གྱིས་བསྟེན་ནས། འོད་གསལ་རྡོ་རྗེ་སྙིང་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གནས་ཇི་སྐད་བསྟན་པ་རྣམས་བྱིས་པ་དང་སྡིག་གྲོགས་རྟོག་གེའི་བློ་ངན་གྱི་རྗེས་སུ་འབྲང་བའི་གཞན་དབང་དུ་མ་སོང་བར་ལག་ལེན་ཐེབ་ངེས་པས་སྐྱེ་འཆིའི་འཁྲུལ་སྣང་དག་པའི་ཟབ་ལམ་ལ་གདེང་དུ་ཁེལ་བ་ཞིག་ཅིས་ཀྱང་དགོས་པས་ཉིན་ཞག་རེ་རེའི་ཁོངས་སུ་ཡང་ཅི་ནུས་སུ་ཆོས་ཀྱི་དོན་རྒྱུད་ལ་སྦྱོར་བར་བྱ། དེ་ལྟར་ནུས་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་མཁྱེན་སྙམ་པའི་དད་པ་དང༌། ངེས་འབྱུང་གི་རྒྱུད་སྦྱངས་ཞིང་བློ་འཁུལ་བའི་ཐབས་གལ་ཆེ་བས་འདིར་མདོར་བསྡུས་སུ་བསྟན་པ་བཞིན་ཁྲིད་གཞུང་གཞན་དག་ལས་རྒྱས་པར་འབྱུང་བ་ལྟར་དམིགས་རྐང་ཐུན་དུ་བཅད་ཅིང༌། མྱོང་བ་ཐོན་ཐོན་གྱིས་སེམས་རྒྱུད་ལས་སུ་རུང་བ་མ་བྱས་ན་དངོས་གཞིའི་ལམ་གྱི་ཉམས་རྟོགས་ཡང་དག་པ་རྒྱུད་ལ་མི་སྐྱེ། སྐྱེས་ཀྱང་མཐར་ཕྱིན་པ་མི་འབྱུང་བས་ཐོག་མ་ཉིད་ནས་དངོས་གཞི་ལ་འཇུག་སྔ་མི་བྱ་བར་སྔོན་འགྲོའི་རྣལ་འབྱོར་ལ་འབད་པ་རྩལ་འདོན་ཤིན་ཏུའང་གལ་ཆེའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་དྲུག་ལས། ཐོག་མར་སྐྱབས་འགྲོ་ནི། དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོ་རང་རིག་བདེ་གཤེགས་སྙིང་པོ་མཆོག་གསུམ་གཞིར་གནས་ཀྱི་ཡེ་ཤེས་གསུམ་རྫོགས་སུ་བཞུགས་པ་སོ་སོ་རང་རིག་པས་མངོན་དུ་བྱེད་པ་དང༌། ཀུན་རྫོབ་ཀྱི་སྐྱབས་འགྲོའི་དམིགས་རྣམ་རིག་འཛིན་ཆེན་པོ་ཤྲཱི་སིངྷ་ལ་མཆོག་གསུམ་རྩ་གསུམ་སྐུ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བ་མདུན་མཁར་གསལ་བའི་སྤྱན་སྔར་རང་གཞན་མཁའ་ཁྱབ་ཡིད་ཅན་འཁོད་པས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བར་བསམ་པས། ཀུན་གཞིའི་དག་པའི་སངས་རྒྱས་དང༔ སོགས་ནས་གྲངས་བསགས། གཉིས་པ་སེམས་བསྐྱེད་ནི། བདག་གཞན་གཉིས་མེད་ཁྱབ་གདལ་ཡེ་ཤེས་ཀྱི་རང་གདངས་རང་བྱུང་ཐུགས་རྗེའི་འཇུག་པ་རྒྱུན་མི་ཆད་དུ་བརྡལ་བ་དོན་དམ་དང༌། མཁའ་མཉམ་གྱི་ཡིད་ཅན་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོ་ལས་གཞན་དུ་མ་གྱུར་ཀྱང་གནས་ལུགས་མ་རྟོགས་འཁྲུལ་པའི་གཞན་དབང་ཅན་ཀུན་གདོད་མའི་གཞི་ཐོག་ཏུ་བསྒྲལ་བའི་བློས་སྙིང་རྗེ་དྲག་ཏུ་བསྐྱེད་པ་ཀུན་རྫོབ་ཀྱི་སེམས་བསྐྱེད་པ་ཟུང་འཇུག་གིས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ སོགས་བརྗོད། གསུམ་པ་ཡན་ལག་བདུན་པ་ནི། དོན་དམ་བསགས་སྦྱངས་ཀྱི་སྤྲོས་པ་ཐམས་ཅད་ཀ་ནས་དག་པའི་ཆོས་ཉིད་ཀྱི་གཤིས་ལུགས་ལ་འཁོར་གསུམ་གྱི་མཚན་འཛིན་ཅན་ལ་མི་ལྟོས་པར་ཚོགས་ཆེན་ཡེ་རྫོགས་སུ་བཞུགས་པའི་དོན་ལ་གསལ་འདེབས་པས། ཀུན་རྫོབ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རོལ་མོ་ཕྱག་འཚལ་མཆོད་འབུལ་སོགས་ཡན་ལག་བདུན་གྱི་ཏིང་འཛིན་ཅིར་ཡང་སྤྲུལ་པས་ཚོགས་བསགས་ཀྱི་དམིགས་པ་དང་མ་བྲལ་བས། སྣང་བ་རྣམ་དག་བདེ་གཤེགས་ལ༔ སོགས་བརྗོད། བཞི་པ་སྒྲིབ་སྦྱོང་རྡོར་སེམས་ནི། ཀུན་རྟོག་འཁྲུལ་པའི་ལས་ཉོན་ཐམས་ཅད་ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པས་བྱེད་པ་ལྟར་སྣང་ཡང་དོན་བཅིངས་གྲོལ་མེད་པའི་དབྱིངས་ལ་ཕན་གནོད་ཀྱི་ཡུལ་རང་མཚན་དུ་མ་གྲུབ་པ་ཀ་ནས་དག་པའི་དབྱིངས་སུ་མཉམ་པར་བཞག་པས། རིག་སྟོང་རྡོ་རྗེ་སེམས་དཔའི་ཡེ་ཤེས་གཅིག་ཏུ་རྟོགས་པ་དོན་གྱི་བསགས་སྦྱངས་དང༌། རྣམ་པ་ཙམ་དུ་རྡོར་སེམས་བསྒོམ་བཟླས་འོད་ཟེར་སྤྲོ་བསྡུ་དོན་གཉིས་སྒྲུབ་པའི་དམིགས་པ་སྤྱི་ལྟར་བྱ་བས། ཡུལ་དུ་འཁྲུལ་པའི་ཐ་མལ་ལུས༔ སོགས་ནས་མཐར་སྙིང་པོ་ཡིག་དྲུག་དང་ཡིག་བརྒྱའང་བཟླས་པས་ལེགས་ཆེ་ཤིང་མཐོལ་བཤགས་དང༌། དམིགས་མེད་ཀྱི་ལྟ་བས་རྒྱས་འདེབས་བྱ། ལྔ་པ་ཚོགས་བསགས་ནི། སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བཀོད་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་ལྡན་གྱི་གནས་ལུགས་སུ་རྟོགས་པ་དོན་དམ་གྱི་ཚོགས་བསགས་དང༌། རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བཀོད་པའི་ཆོ་འཕྲུལ་སྒྲོན་མ་བསམ་གྱི་མི་ཁྱབ་པའི་སྤྲིན་ཕུང་མཁའ་ཁྱབ་ཀྱི་ཚོགས་ཞིང་ལ་འབུལ་བའི་བློས་མཎྜལ་ཚོམ་བུའི་བརྒྱན་པ་འབུལ་ཏེ། ངོ་བོའི་ཞིང་ཁམས་རྒྱ་ཆེར་བར༔ སོགས་གྲངས་བསགས། དྲུག་པ་བླ་མའི་བྱིན་རླབས་ནི། དོན་དམ་ཆོས་ཉིད་དོན་གྱི་བླ་མའི་རང་ཞལ་སོ་སོ་རང་རིག་པའི་ཡེ་ཤེས་མཆོག་གི་རང་བྱུང་རིག་པའི་གཤིས་ལུགས་མངོན་སུམ་མཇལ་བའི་མོས་གུས་ཀྱིས་འཁྲུལ་རྟོག་གཞི་གྲོལ་དག་པའི་བྱིན་རླབས་སྩོལ་བར་གསོལ་བ་གདབ་པ་དང༌། ཀུན་རྫོབ་འོད་གསལ་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་འཇིགས་པ་མེད་པ་ཤྲཱི་སིངྷ་དཀར་སྨུག་རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན་ཕྱག་གཡས་སྡིག་མཛུབ་ནམ་མཁར་གཏོད་པ། གཡོན་བྷཉྫ་བདུད་རྩིས་བཅུད་བཀང་དཀུར་བསྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་ཉི་ཟླའི་སྟེང་དུ་བཞུགས་པའི་འཁོར་དུ་སེམས་སྡེའི་རིག་འཛིན་སུམ་ཅུ་རྩ་གཅིག་གིས་མཚོན་པའི་བརྒྱུད་གསུམ་རིག་འཛིན་བླ་མས་བསྐོར་བ་གསལ་ཏེ་མོས་གུས་ཀྱི་འཇུག་པ་རྩེ་གཅིག་པས་རྒྱས་པར་སྤྲོ་ན་བྱང་གཏེར་བླ་མ་སྐུ་གསུམ་དང༌། བརྒྱུད་འདེབས་རྒྱས་པ་སྔོན་དུ་འགྲོ་བས། ཀུན་གཞི་དག་པའི་བླ་མ་ལ༔ སོགས་གསོལ་འདེབས་གྲངས་བཟུང༌། ཐུན་མཐར་དབང་གཞི་ལེན་པའི་དམིགས་གནད་སྤྱི་ལྟར་བྱའོ། །སྐབས་འདིར་སྤྱི་ལ་གཅེས་པའི་རིག་འཛིན་བླ་མའི་ཟབ་དབང་གི་ནང་གསེས་ཐུན་མོང་གི་བྱིན་རླབས་ཀྱི་ཕྲིན་ལས་ཉིད་བླ་མའི་རྣལ་འབྱོར་གྱི་སྒྲུབ་པའི་ཚུལ་དུ་སྦྱར་བ་འགལ་བ་མེད་སྙམ་གྱི་སྔོན་འགྲོའི་ངག་འདོན་ཁྲིགས་བསྡེབས་སུ་གསལ་བ་ལྟར་རོ། །སྤྱིར་དངོས་གཞི་ཉམས་རྟོགས་སྐྱེ་བ་ལ་སྔོན་འགྲོ་གནད་དུ་སྨིན་པ་གཅེས་པས་ཉམས་ལེན་སྨིན་ཁྲིད་དུ་བྱེད་ན་ཕྱི་ནང་གསང་བའི་སྔོན་འགྲོ་འདི་དག་འབུམ་ཕྲག་རེ་རེ་མ་མཐའ་བྱས་པ་བསགས་དགོས་པས་ན། དེ་དག་གི་སྐབས་སུ་སོ་སོའི་གོ་དོན་དང༌། རྣམ་བཞག །བསླབ་བྱ་སོགས་ཤེས་ན་ཆེས་ལེགས་ཀྱང་ཆོས་སྐོར་འདི་ཤིན་ཏུ་རྒྱ་ཆེ་བས་ཡིག་ཚོགས་ཆེས་ཐལ་བ་ལ་འཇིགས་ཏེ་མ་སྤྲོས་པས། སློབ་དཔོན་གྱིས་བཤད་ནུས་དགོས་ལ། ངག་འདོན་རིགས་ཀྱང་ཟབ་ཏིག་སྙིང་པོ་རྡོ་རྗེའི་ཚིག་རྐང་ཙམ་ལས་མ་མཆིས་པས་དང་པོའི་ལས་ཅན་གྱི་བློས་མ་ཆུད་ན་དམིགས་པ་གསལ་འདེབས་ལྟ་བུར་ཅུང་ཟད་རྒྱས་ན་ལེགས་སྙམ་གྱིས་ཟུར་བཀོད་དུ་བྲིས་པ་ལྟར་རོ། །གཉིས་པ་རིག་འཛིན་བླ་མའི་བྱིན་རླབས་ལམ་བྱེད་ཀྱི་ཕྱི་སྐོར་བླ་མའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལ་དངོས་དང་ཞར་བྱུང་ངོ༌། །དང་པོ་ནི། སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པའི་སྔགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ལ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ནི། ཡིད་དང་མཐུན་ཞིང་རྣམ་གཡེང་མེད་པའི་གནས་ཁང་བྱི་དོར་བྱ། སྔོན་འགྲོའི་སྐབས་མཚམས་མ་བསྡམས་ན་སྐབས་འདིར་ཕྱི་ནང་གི་རྒྱུ་འགྲུལ་བསྡམས། སྤྲོ་ན་སྒྲུབ་པའི་རྟེན་རིག་འཛིན་བླ་མའི་གཙོ་འཁོར་གྱི་སྐུ་འབག་བྲིས་འབུར་གང་རུང་གི་མདུན་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་བཅས་བཤམས། བསྙེན་སྒྲུབ་ཀྱི་ཐོག་མཐའ་དང་ཡར་མར་གྱིས་ཚེས་བཅུ་ལ་ཚོགས་མཆོད་རྒྱས་པ་དང༌། བཀའ་གཏེར་སྲུང་མའི་གཏོར་འབུལ། རྒྱལ་ཆེན་བཞི་དང༌། དཀར་བགེགས་ཀྱི་གཏོར་མ་བཅས་འདུ་བྱས་ལ། ཡར་ངོའི་ཚེས་བཅུ་སོགས་གཟའ་སྐར་ལེགས་པ་ནས་བརྩམས་ཏེ། བསྙེན་པའི་དབུ་བརྩམས་པའི་སྐབས་གནས་གཞིའི་བདག་པོ་ལ་དཀར་གཏོར་དང་གསེར་སྐྱེམས། བགེགས་གཏོར་བསྔོས་ལ་གནས་ཁང་གུ་གུལ་གྱི་བདུག །ཡུངས་ཀར་བྲབ། སྒོ་དྲུང་གི་ཐོ་མདུན་རྒྱལ་ཆེན་གཏོར་མ་བཤམས་ལ་མཆོད་དེ་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་བྱ། སྲུང་འཁོར་གྱི་རྒྱས་བཏབ་ནས། དངོས་གཞིའི་སྒོམ་བཟླས་ལ་འཇུག་པ་འོག་མ་རྣམས་ལའང་རིགས་འགྲེ་ཤེས་པར་བྱའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ལ། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཏིང་འཛིན་ནི། རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་པའི་རྣམ་བཞག་སྤྱི་ལྟར་ངེས་པས་གསལ་བཏབ་སྟེ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པའི་གཞལ་མེད་ཁང་རྟ་བབ་སྣམ་བཞི་མ་སྤྱི་ལྟར་གྱི་དབུས་སུ་ཨིནྡྲ་ནི་ལའི་གྲུ་ཆད་སྟེང་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ཟེའུ་དམར་སེར་མཐོ་བའི་སྟེང་ཁམས་གསུམ་གྱི་འདོད་ཆགས་དག་པའི་བརྡར་པདྨ་དམར་པོ་སུམ་བརྩེགས་ཀྱི་སྟེང༌། ཞེ་སྡང་དག་པའི་ཉི་དཀྱིལ་གཏི་མུག་དག་པའི་ཟླ་དཀྱིལ་སྟེང་དུ་རང་རིག་བྱང་ཆུབ་ཀྱི་སེམས་བདེ་གཤེགས་སྙིང་པོ་དང་ངོ་བོ་དབྱེར་མེད་པའི་བདག་ཉིད་ལ་ཐེག་མཆོག་དོན་གྱི་དགོངས་པ་སྟོན་པའི་བླ་མ་ཉིད་རྣམ་པའི་སྣང་ཆ་ཕྱོགས་དུས་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་གཅིག་ཏུ་འདུས་པའི་ཡེ་ཤེས་རྡོ་རྗེའི་སྐུ་ཅན། རིགས་རྣམས་ཀུན་གྱི་ཁྱབ་བདག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་དཔལ་མགོན་རིག་འཛིན་བླ་མ་འཇིགས་མེད་ཧེ་རུ་ཀ་ཤྲཱི་སིངྷ་འཕོ་མེད་འཇའ་ལུས་དྭངས་མའི་སྐུ་ཅན་སྐུའི་གཡོན་ཕྱོགས་རང་འོད་སྦས་པའི་ཡུམ་ཌཱ་ཀིའི་ཆས་ཅན་དཀར་མོ་ཡབ་ལ་བདུད་རྩི་སྟོབ་པ་ཅན་དུ་གསལ་ཏེ། མདོ་བྱང་ལས། སློབ་དཔོན་རྣམས་ཀྱི་བསྒོམ་ཚུལ་ཁྱད་པར་ཡང༔ རིམ་པའི་ཚུལ་དུ་བསྒྲིགས་པར་མ་བྱས་ཏེ༔ རྩ་བའི་བླ་མ་དབུས་སུ་སྒོམ་པ་ཡིན༔ ཞེས་གསུངས་པ་ལྟར། མངོན་དུ་བྱ་བའི་ལམ་མཐར་ཐུག་ནང་གི་ཡེ་ཤེས་ཆེན་པོ་སྟེ། དེ་རྟོགས་པ་མོས་གུས་འབའ་ཞིག་ལ་རག་ལས་ཤིང༌། མོས་གུས་ཀྱང་རང་གི་རྩ་བའི་བླ་མ་ཉིད་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་དྲན་དགོས་པ་དང༌། ཆོས་འདིའི་སྟོན་པ་གཙོ་བོ་ཤྲཱི་སིངྷ་ཡིན་པས་རྣམ་པ་དེ་ལྟར་སྒོམ་པས་བྱིན་རླབས་ཚན་ཆེ་ཞིང༌། ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒོམ་པས་ཐུགས་རྗེ་མྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་ལ། གཙོ་བོའི་སྐུ་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་ཁྱད་པར་བཞི་ལྡན། གཡས་རོ་མ་དམར་མོ། གཡོན་རྐྱང་མ་དཀར་མོ་འཁོར་ལོ་བཞིར་གཅིག་ཏུ་འདྲེས་པ། དབུ་མའི་ཡར་སྣེར་རྡོ་རྗེར་ཕྱེད་པས་མཚན་པ། མར་སྣེར་གསང་གནས་སུ་ཟུག་ཅིང་རོ་རྐྱང་ཡང་དེར་འདུ་བ་ཅན་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་སྒོམ་པའི་ཡར་སྣེར་རྡོ་རྗེའི་ལྟེ་བར་རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས་ཅན་རྡོར་དྲིལ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་དང་སྤྱི་བོ་བདེ་ཆེན་འཁོར་ལོའི་རྣམ་ཤེས་འཇུག་ཡུལ་གྱི་རྩ་འདབ་བཞིའི་རྩ་སྣེ་ཟླུམ་པོ་བམ་གྱི་དབྱིབས་ཅན་གྱི་ཤར་དུ་རྒྱལ་པོ་ཛ་འམ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་རྒྱལ་པོའི་ཆས་ཅན་གཡས་ཆོས་འཆད། གཡོན་གླེགས་བམ། ལྷོར་ལྷ་དབང་བརྒྱ་བྱིན་དཀར་པོ་ལྷ་ཡི་ཆས། གཡས་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་དཀར་པོ། གཡོན་སྡིག་མཛུབ། ནུབ་ཏུ་གནོད་སྦྱིན་སྐར་མདའ་གདོང་གསེར་མདོག་རིན་ཆེན་རྒྱན་དང་དར་ཤམ་ཤ་རྒྱས་གསུས་ཁྱིམ་ཆེ་བ་གཡས་སྐྱབས་སྦྱིན། གཡོན་ནོར་བུ། བྱང་དུ་སྲིན་པོ་བློ་གྲོས་ཐབས་ལྡན་དམར་སྨུག་ཞི་མ་ཁྲོ་རལ་པ་དམར་སེར་ཞོལ་པོ། སྟག་ཤམ་དར་འཕྱང་ཅན་ཕྱག་གཉིས་བཻཌཱུརྻའི་གླེགས་བམ་འཛིན་པ། བཞི་ཀ་ཞབས་སེམས་སྐྱིལ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཚོགས་བརྒྱད་རྣམ་དག་གི་རྩ་འདབ་བརྒྱད་ཀྱི་ཤར་དུ་དགའ་རབ་རྡོ་རྗེ་དཀར་པོ་དབུ་ལ་གཙུག་ཏོར་ཆོས་གོས་རྣམ་གསུམ། ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ། ཞབས་རྡོར་སྐྱིལ། ལྷོར་པད་འབྱུང་ཐེག་དགུའི་ཆས་སྤྱི་ལྟར་རྡོ་རྗེ་ཐོད་པ་ཚེ་བུམ་ཁ་ཊྭཱྃ་བཅས། ནུབ་ཏུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་པཎ་ཞྭ་ཆོས་གོས་ཕྱག་གཉིས་པདྨ་ལ་གནས་པའི་རལ་པོད། ཞབས་ཕྱེད་སྐྱིལ། བྱང་དུ་བི་མ་མི་ཏྲ་དཀར་ལྗང་པཎ་ཞྭ་དམར་པོ་རྩེ་སྨྱུག །ཤ་འགག་སྔོན་པོ་ཆོས་གོས་རྣམ་གསུམ་གཡས་ཆོས་འཆད། གཡོན་མཉམ་བཞག་གི་བདུད་རྩིས་བཀང་བའི་ཐོད་པ། ཞབས་རྡོར་སྐྱིལ། ཤར་ལྷོར་རྒྱལ་པོ་ད་ན་ཧ་ཏེ་ལོ་རྒྱལ་པོའི་ཆས་ཕྱག་མཉམ་བཞག །ལྷོ་ནུབ་ཏུ་རྒྱལ་སྲས་རཱ་ཛ་ཧསྟི་རྒྱལ་སྲས་གཞོན་ནུའི་ཚུལ། དར་གོས་རིན་ཆེན་རྒྱན་ལྡན། ཕྱག་གཉིས་ཐལ་སྦྱར། ནུབ་བྱང་དུ་སྲས་མོ་གོ་མ་སཱ་ར། བཙུན་མའི་ཆས། ཕྱག་གཉིས་ཁྲུས་བུམ་སྟེ་སྤྱི་བླུགས། བྱང་ཤར་དུ་ཀླུ་རྒྱལ་བྱང་སེམས་དཀར་པོ་སྦྲུལ་གྱི་གདེང་ཀ་བདུན་ལྡན། འཕང་དུ་སྦྲུལ་མཇུག །དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་རོལ་སྟབས། ཕྱག་གཉིས་ཤེལ་གྱི་མཆོད་སྡོང༌། ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཡུལ་བརྒྱད་དག་པའི་རྩ་འདབ་བརྒྱད་ཀྱི་ཤར་དུ་རྒྱལ་པོ་ཀུ་ཀུ་རཱ་ཛ་རྒྱལ་པོའི་ཆས། ཕྱག་གཉིས་རིན་པོ་ཆེའི་བགྲང་ཕྲེང༌། ལྷོར་ཀླུ་སྒྲུབ་དབུ་ལ་གཙུག་ཏོར་ཅུང་ཟད་འབུར་བ། ཆོས་གོས་དམར་སེར། ཐང་ཤམ་སྔོན་པོ། ཕྱག་གཉིས་ཆོས་འཆད་མཉམ་བཞག །ནུབ་ཏུ་ཀུ་ཀུ་སིདྡྷི་ཕྱི་མ་གཅེར་བུ་ཨང་རག་སྒོམ་ཐག་ཅན། ཕྱག་མཉམ་བཞག་དབུ་སྐྲ་ཅོ་རེག་ ཐོར་ཅོག་ཟེར་བའང་སྣང༌། མཆན། བྱང་དུ་གནོད་སྦྱིན་བུ་མོ་བྱང་ཆུབ་མ་རིན་པོ་ཆེའི་གཙུག་ཕུད་ཅན་དར་དང་རིན་པོ་ཆེའི་རྒྱན་ལྡན་སྐུ་མདོག་སྔོ་སངས། ཕྱག་གཉིས་རིན་པོ་ཆེའི་སྒྲོམ་བུ། ཤར་ལྷོར་འཇམ་དཔལ་བཤེས་གཉེན་ཕྱི་མ་རྒྱ་གར་པཎ་ཆེན་ཆས་པཎ་ཞྭ། ཕྱག་གཉིས་གླེགས་བམ། ལྷོ་ནུབ་ཏུ་མཁའ་འགྲོ་མ་བུདྡྷ་མ་ཏི་དཀར་མོ་དར་དང་རིན་ཆེན་རྒྱན་ལྡན་མཛེས་ཤིང་སྒེག་པ་ཕྱག་གཉིས་གར་རྒྱ། ནུབ་བྱང་དུ་མཁས་པ་ཨརྻ་པཱ་ལོ་དགེ་སློང་ཆས་པཎ་ཞྭ་ལེབ་ཆགས་ཕྱག་གཉིས་མཉམ་བཞག །བྱང་ཤར་དུ་ཨོ་རྒྱན་མཁན་པོ་དྷཱ་ཧི་ཏ་དགེ་སློང་ཆས་ཕྱག་གཉིས་ས་གནོན། དབུ་ཞྭ་མེད་པ། ལྟེ་བ་སྤྲུལ་པའི་འཁོར་ལོའི་འཛིན་བྱེད་དག་པའི་རྩ་འདབ་བརྒྱད་ལ་ཤར་དུ་དྲང་སྲོང་རྒྱལ་པོ་བི་ཤྭ་ཏི། སྐུ་མདོག་སྔོ་སངས། དབུ་སྐྲ་ནག་པོ་ཐོར་ཚུགས་བཅིངས་པ། རས་ཟན་དཀར་པོ་ཅན། ཕྱག་གཡས་ཤིང་འབྲས་དང་གཡོན་བཅུད་ལེན་རིལ་བུ་བཀང་བའི་བྷནྡྷ། ལྷོར་སྲས་མོ་གོ་མ་དེ་ཝི་མཁའ་འགྲོའི་ཆ་ལུགས་ཐོར་ཚུགས་བཅིངས་པ། དར་ཤམ་ཕྱག་གཉིས་རྡོར་དྲིལ། ནུབ་ཏུ་མཁན་པོ་རབ་སྣང་མཛད། དགེ་སློང་བགྲེས་ཚུལ་ཨག་ཚོམ་ཅན་ཕྱག་གཉིས་མཉམ་བཞག་གི་ནོར་བུ། བྱང་དུ་རྒྱལ་པོ་དེ་ཝ་རཱ་ཛ་རྒྱལ་པོའི་ཆས་གཡས་སྐྱབས་སྦྱིན། གཡོན་གསེར་འཁོར། ཤར་ལྷོར་རྒྱལ་པོ་དྷརྨ་རཱ་ཛ་རྒྱལ་པོའི་ཆས་ཕྱག་གཉིས་པི་ཝང་བརྡུང་བ། ལྷོ་ནུབ་སངས་རྒྱས་སྦས་པ་རྣལ་འབྱོར་པའི་ཆ་ལུགས་གཅེར་བུ་སྒོམ་ཐག་རྣམ་སྣང་ཆོས་བདུན་ལྡན་པས་རླུང་བཟུང་བ། ནུབ་བྱང་དུ་བཻ་རོ་ཙ་ན་པཎ་ཞྭ་རྣ་རིང་བོད་ཀྱི་དགེ་སློང་ཆས་ཕྱག་གཉིས་མཉམ་བཞག །བྱང་ཤར་དུ་ཡེ་ཤེས་མཚོ་རྒྱལ་དབུ་སྐྲ་ལྟག་པར་བཅིངས་པ། ནང་གོས་དམར་པོ་སྟེང་དུ་རྔུལ་གཟན་ལྗང་གུ་ཅན། ཕྱག་གཡས་ཕུར་པ་འཕྱར་བ། གཡོན་བགྲང་ཕྲེང༌། གོང་དུ་མ་བཤད་པ་ཐམས་ཅད་ཞབས་ཕྱེད་སྐྱིལ། ཐམས་ཅད་པདྨ་ཉི་ཟླའི་གདན་ལ་བཞུགས་པའོ། །རྩ་འཁོར་བཞིའི་དབུས་ཀྱི་ལྟེ་བར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་རྡོར་སེམས་དཀར་དམར་མཐིང་སེར་གཡས་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་དང་གཡོན་རང་རྟགས་ཀྱི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན་རྩ་འདབ་ཀྱི་ལྷ་རྣམས་རྩ་འཁོར་གྱི་སྐེད་པ་ཙམ་དུ་ཞལ་རྡོར་སེམས་ལ་ཕྱོགས་པས་བཞུགས་པ། སྤྱི་བོ། མགྲིན་པ། སྙིང་ག་དང༌། ལྟེ་བའི་རྩ་འཁོར་གདུགས་ཀྱི་རྩིབས་མ་ལྟར་ཁ་ཡར་མར་དུ་ལྟ་བས་ཡོད་པར་བསྒོམ་པ་རྩ་འཁོར་གྱི་དབྱིབས་སོགས་ཞིབ་པར་དཔེ་རིས་བཞིན་ལ། མདོར་ན་རང་དང་ལུས་དཀྱིལ་གྱི་ལྷ་རྣམས་སྐུ་མདོག་ཕྱག་རྒྱ་བཞུགས་སྟངས་རྒྱན་ཆ་ལུགས་རེ་རེ་བཞིན་གསལ་བཏབ་ལ་སེམས་བཟུང༌། མཐར་སྤྱིའི་རྣམ་པ་བདེ་བླག་ཏུ་ཤར་བ་ན་གསལ་ལ་རྟོགས་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་པ་བསྐྱེད་ནས་སྣང་སྟོང་གཉིས་མེད་ཀྱི་ངང་དུ་ཡུན་རིང་དུ་མཉམ་པར་བཞག །དེ་ལྟར་གསལ་བཏབ་པ་དེ་ཡང་ཕྱི་སྐོར་བླ་མའི་སྒྲུབ་དབང་ལས། སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་གསུངས་པ་ལྟར་རང་རིག་གདོད་མའི་ཡེ་ཤེས་རིག་སྟོང་བླ་མའི་དཀྱིལ་འཁོར་དུ་རྫོགས་པ་ཡིན་ལུགས་གསལ་འདེབས་ཀྱི་དགོངས་པ་མངོན་སུམ་གྱུར་བའི་འོད་གསལ་ཡེ་ཤེས་ཀྱི་རང་གདངས་མ་འགག་ཅིར་ཡང་འཆར་བའི་ཆ། རྣམ་པ་རྫོགས་པ་ཆེན་པོ་སེམས་སྡེའི་རིག་འཛིན་གཙོ་འཁོར་གྱི་མཚན་དཔེར་ཤར་བའི་ཡེ་ཤེས་ཀྱི་ལྷ་རུ་བསྒོམས་པར་ཤེས་པ་ནི་ཤིན་ཏུ་གཅེས་པའི་སྲོག་ཏིག་གོ །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཏིང་འཛིན་ནི། སྐུ་ཡི་སྣང་ཆ་ལ་གསལ་བརྟན་གྱི་ཉམས་ཅི་རིགས་སྐྱེས་པའི་ཚེའམ། ལྷར་སྣང་གི་ཏིང་ངེ་འཛིན་གྱིས་དུབ་སྟེ་སྐྱོ་ན། བོགས་འབྱིན་བཟླས་པ་ནི། བླ་མའི་ཐུགས་དབུས་ཟླ་དཀྱིལ་སྟེང༌། རང་རིག་ངོ་བོ་ཧྲཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། འོད་ཟེར་འཕྲོ་འདུས་བྱིན་དབང་ཐོབ། ཞེས་པའི་དགོངས་པ་གསལ་འདེབས་ཕྱིར་རང་ཉིད་རིག་འཛིན་ཤྲཱི་སིངྷའི་ཐུགས་ཀ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་ཧྲཱིཿཡིག་མཐར་སྔགས་ཕྲེང་གི་བསྐོར་བ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་སྟོན་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་ཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་སྤྱན་དྲངས་ནས་ཐུགས་ཀར་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐོབ་ཅིང་ཁྱད་པར་རིག་སྟོང་དགོངས་པའི་ཡེ་ཤེས་རྩལ་རྫོགས། ཡང་འོད་ཟེར་འཕྲོས་པས་མ་དག་པའི་ཞིང་ཀུན་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་རབ་འབྱམས་སུ་སད་པས་སྣང་སྲིད་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པར་མོས་ལ། མཚན་སྔགས་ཉིད་རྩེ་གཅིག་ཏུ་བཟླ། བསྙེན་པའི་ཚད་ནི་འབུམ་ཕྲག་བཅུ་གཉིས་གྲངས་བསྙེན་ཁ་སྐོང་དང་བཅས་སྟེ་བཞི་འགྱུར་དུ་བཟླས་ནའང་ཤིན་ཏུ་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །ཐུན་གྱི་གཤམ་དུ། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང༌། །ཨ་ཡིག་མཐའ་མར་སྔགས་ཀྱིས་བསྐོར། །བདེ་ཆེན་ཡེ་ཤེས་སྣང་བ་ཡིས། །འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང༌། །གྲགས་སྟོང་རྡོ་རྗེའི་ཛཔ་འདི་བཟླ། ཨ་ཨ་ཨ། ཞེས་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའི་བུམ་ཅན་སྒྲགས་པའི་རྡོར་བཟླས་བྱས་ལ། སྣང་སྲིད་ཐམས་ཅད་རིག་འཛིན་བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཡེ་ཤེས་རྡོ་རྗེ་རང་བྱུང་གསང་བ་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་སད་པར་མོས་ལ། ཆོས་ཉིད་དོན་གྱི་དགོངས་པ་སྲོག་ཏུ་བཟུང་བས་རླུང་སྔགས་དབྱིངས་སུ་བསྐྱལ་བ་ལ་བསླབ་པར་བྱའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་འཛིན་ལ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། ཐུན་ལས་ལྡང་བ་ན། དབྱངས་གསལ་རྟེན་སྙིང་བཟླས་པས་ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་ལ། སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ཏེ་རང་ལ་ཐིམ། རང་ཡང་ཐུགས་སྲོག་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་གྱི་དབྱིངས་སུ་བསྡུས་ཏེ་དམིགས་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་སྟེ་རིག་པའི་ངང་བསྐྱངས། དེའི་ངང་ལས་སྣོད་བཅུད་དག་པ་བླ་མའི་སྐུ་གསུང་ཐུགས་ཀྱི་འཁོར་ལོར་ལྡང་བས་བསྔོ་སྨོན་བཅས་བྱའོ། །དེ་ཡང་བསྙེན་མཚམས་ལ་འཇུག་པའི་ཐོག་མཐའ་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་ཚོགས་མཆོད་དང་བཀའ་གཏེར་སྲུང་མའི་གཏོར་བསྔོ་རྟག་པར་མ་ཆད་པར་བྱ། གྲོལ་སྐབས་དངོས་གྲུབ་ལེན་པ་སོགས་སྤྱི་ལྟར་ཤེས་པར་བྱའོ། །ཕྱི་ནང་གསང་སྐོར་གྱི་རིག་འཛིན་བླ་མའི་བསྐྱེད་རིམ་འདི་དག་སྤྲོས་བཅས་གཞན་ལྟར་སྒྲུབ་རྟེན་མཆོད་པ་སོགས་མ་འབྱོར་ཀྱང་དུས་དང་རྒྱུན་གྱི་སྐབས་ཇི་ལྟར་རིགས་པར་མོས་གུས་རྩལ་དུ་འདོན་པ་ཉམས་ལེན་གྱི་གཙོ་བོར་བྱ་ཞིང༌། ཐུན་མཚམས་ཐམས་ཅད་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་རིག་འཛིན་བླ་མ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་དབྱངས་སྙན་པོས་སྒྲོགས་ཤིང་དོན་ལ་བསམ་གཞིག་གིས་ཉམས་མྱོང་གི་བོགས་འདོན་པ་ནི་ཤིན་ཏུ་གཅེས་ཏེ། མདོ་བྱང་ལས། ཁྱད་པར་དགོངས་པའི་རང་བཞིན་ཉམས་བསྐྱང་བ༔ གླུ་ཡི་སྡེ་ཚོགས་སྔ་ཕྱི་གཉིས་སུ་བརྗོད༔ ཅེས་གསུངས་སོ། །གཉིས་པ་ཞར་བྱུང་ནི། མདོ་བྱང་ལས། འགྲོ་འདུལ་བླ་མའི་སྒྲུབ་ཐབས་ཟབ་པ་ནི༔ ཡང་ཟབ་བསྟན་པའི་སྙིང་པོ་ཞེས་བྱའོ༔ འདི་ནི་སྤྱི་ཆོས་ཡིན་པས་སྤེལ་ཡང་རུང༔ ཞེས་དང༌། ད་ལྟ་ཤིན་ཏུ་སྤེལ་འཕོངས་བས༔ ཟབ་པ་ཐུགས་ཀྱི་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུར་འཕྲད་ནས༔ གདམས་པ་སྣ་རེས་གྲོལ་བར་འགྱུར༔ སྙན་ནས་སྙན་དུ་བརྒྱུད་པ་གཅེས༔ གང་ཞིག་འགྲོ་དོན་སྒོ་དབྱེ་ཙམ༔ སྒྲུབ་ཐབས་སྣ་རེ་སྦྱིན་པར་བྱ༔ ཡོངས་རྫོགས་སྤེལ་བའི་སྣོད་མེད་དོ༔ ཞེས་གསུངས་པ་ལྟར་ལམ་འདིར་དད་པས་རྗེས་སུ་འཛིན་པར་འོས་ཀྱང་གསང་བ་ཡོངས་རྫོགས་ཀྱི་སྣོད་དུ་མ་གྱུར་པའམ། ཐམས་ཅད་ཉམས་སུ་ལེན་པ་དབང་པོས་མི་ཆུན་པའི་རིགས་ལ་གོང་སྨོས་རིག་འཛིན་བླ་མའི་སྤྱི་དབང་གིས་སྨིན་པར་བྱས་ནས་ཀུན་བཟང་དོན་གྱི་ཕྲིན་ལས་ལ་བརྟེན་པས་གསལ་སྣང་རྩེ་གཅིག་ཏུ་སྒྲུབ་པ་རྟེན་བཅས་ཀྱི་ཞི་གནས་དང༌། དེའི་ཉེར་བསྡུས་ཏིང་ངེ་འཛིན་རྟེན་མེད་ཀྱི་ཞི་གནས་ལ་བརྟེན་ནས་རིག་པ་ངོ་སྤྲད་དེ་ཤྲཱི་སིངྷའི་རྡོ་རྗེའི་གླུ། ཇི་ལྟར་བསམ་ཀྱང་མི་རྟོག་ངང༔ སོགས་ཀྱི་དགོངས་དོན་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི་པོའི་དོན་ཉམས་ཁྲིད་དུ་གདབ་པས། བསྐྱེད་རྫོགས་རྐང་ཚང་གི་ལམ་ཡོངས་རྫོགས་སུ་འགྱུར་བའང་ཤེས་པར་བྱའོ། །གཉིས་པ་ཕྱི་སྐོར་ཡི་དམ་གྱི་སྒྲུབ་པའི་ལྷ་ཁྲིད་ནི། མདོ་བྱང་ལས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་སྒྲུབ་པ་ཡང༔ ཤྲཱི་སིངྷས་རྒྱུད་ལས་བཀྲལ་བའི་ཚུལ༔ རྡོར་དབྱིངས་རྡོ་རྗེ་རྩེ་མོ་འོད་གསལ་ཞིང༔ ཡི་དམ་ཁྲོ་བོའི་སྒྲུབ་པ་འདི་ལས་མེད༔ ཞེས་གསུངས་པ་ལྟར་རིག་འཛིན་ཆེན་པོ་ཤྲཱི་སིངྷས་རྒྱུད་ཀྱི་དགོངས་པ་བཀྲལ་བའི་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྙེན་སྒྲུབ་ཇི་ལྟར་བགྱི་བའི་ཚུལ་འཆད་པ་ནི། སྒྲུབ་པའི་གནས་སུ་སྨན་གཏོར་རཀྟ་ཉེར་སྤྱོད་ཙམ་ལ་བརྟེན་པའམ་སྤྲོ་ན་གཞུང་མཐུན་གྱི་དཀྱིལ་འཁོར་བཀྲམ་བའམ། ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་དུ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་ཙམ་ལ་བརྟེན་ཀྱང་ལེགས་པར་སེམས། གང་ལྟར་ཡང་བརྒྱུད་འདེབས་དང༌། སྐྱབས་སེམས་ནས་བརྩམས། དངོས་གཞི་ལྷ་བསྐྱེད་ཕྲིན་ལས། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ སོགས་ནས། ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་ཐབས་ཀྱི༔ སེམས་ཉིད་ཀ་ནས་དག་པའི་ངང༔ སོགས་ནས། ཞི་བའི་དབྱིངས་ཀྱི་དཀྱིལ་འཁོར་གསལ༔ ཞེས་པའི་བར་བཏང་རྗེས། ཕྱི་སྐོར་བླ་མའི་ཕྲིན་ལས་ཀྱི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས། བླ་མའི་ལས་བྱང་གི་དབང་བསྐུར་རྒྱས་གདབ། སྤྱན་འདྲེན། བཞུགས་ཕྱག །མཆོད་བསྟོད་བཅས་སྒྲུབ་པའི། རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ༔ དེ་རྣམས་ཐུགས་རྗེའི་འོད་ཟེར་རྣམས༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གི་བྱིན་རླབས་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུཾ་ལཱཾ་མཱཾ་པཱཾ་ཏཾ་ཛྙཱ་ན་སཏྭ་ཧཱུྃ༔ ཞེས་གཙོ་བོ་རྣམ་སྣང་དང༌། ཨོཾ་བཛྲ་སཏྭ་ཨ༔ རྡོར་སེམས། ཨོཾ་མཉྫུ་ཤྲཱི༔ འཇམ་དཔལ། ཨོཾ་ཨཱ་རྻ་ཨཱ་ཝ་ལོ་ཀི་ཤྭ་རི་ཧྲཱིཿ འཇིག་རྟེན་དབང་ཕྱུག །ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཕྱག་རྡོར། ཨོཾ་ས་མནྟ་བྷ་དྲ་ཧཱུྃ༔ ཀུན་བཟང༌། ཨོཾ་ཁགྷརྦྷ་ཏྲཱྃ༔ ནམ་སྙིང༌། ཨོཾ་ཀྵིཾ་ཧི་རཱ་ཛ་ཧཱུྃ༔ ས་སྙིང༌། ཨོཾ་མཻ་ཏྲི་དྷཱ་རི་ཨཱཿ བྱམས་པ་བཅས་ཀྱི་རྩ་སྔགས་རྣམས་སོ་སོར་བཟླ། དེ་ཡང་གཙོ་བོ་ལ་འབུམ་ཕྲག་བཞི་འཁོར་སྔགས་བརྒྱད་པོ་དེའི་བཅུ་ཆ་རེ་བཟླས་པ་སྤྱི་འགྲོའི་བསྙེན་ཚད་དོ། །རྩོད་དུས་དེ་ལས་བཞི་འགྱུར་བྱུང་ན་ལེགས་པ། སྐོར་གསུམ་གྱི་བསྐྱེད་བཟླས་ཀུན་ལ་ཤེས་པར་བྱ། བསྐྱེད་རིམ་གྱི་གསལ་སྣང་གྲུབ་ན་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་རྣམས་ཀྱི་ལྷ་ཁྲིད་ལམ་རིམ་ཡེ་ཤེས་སྙིང་པོ་དང་ཡོན་འགྲེལ་སོགས་ལས་འབྱུང་བ་ལྟར་སྦྱར། བསྙེན་སྒྲུབ་ཀྱི་ཐོག་མཐའ་དང་དུས་བཟང་རྣམས་སུ་ཚོགས་དང༌། དངོས་གྲུབ་བླངས་བ་བཅས་སྤྱི་ལྟར་རམ། སྒྲུབ་པ་བྱེ་བྲག་ཏུ་སྤྲོ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཚོམ་བུ་གཙོ་འཁོར་དགུ་པ་དེ་རྒྱབ་ཕྱོགས་མཚམས་བཞི་དང་ཤར་ནུབ་རེ་རེ་དྲུག །ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ། བུམ་པ། གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་གི་རྫས་རྣམས་བཀྲམ། མཆོད་པ་དང་ཚོགས་རྫས་བཟང་དུ་བཤམས་པས་ལས་བྱང་དཀྱུས་ལྟར་ཞག་བདུན ལྔ་སོགས་བྱ་ཞིང་གྲོལ་མཐར་དོན་དབང་གི་ཚུལ་དུ་བདག་འཇུག་ལེན་པ་བཅས་རིག་འཛིན་རྩལ་འཆང་རྣམ་གསུམ་ཟབ་གཏེར་གྱི་ཕྱག་བཞེས་སུ་གནང་བ་ལྟར་སྦྱར་ཀྱང་ལེགས་པར་སེམས་སོ། །གཉིས་པ་ཟབ་མོ་རྫོགས་པའི་རིམ་པ་བཤད་པ་ལ། ལོ་རྒྱུས་ལས་གསུངས་པ་ལྟར་སྔོན་འགྲོ་བརྡ་དབང་གསུམ་དབང་གིས་སྨིན་པར་བྱེད་པ། དངོས་གཞི་ཁྲིད་གསུམ་གྱིས་གྲོལ་བར་བྱེད་པ། རྗེས་མན་ངག་གསུམ་གྱིས་གྲོལ་བ་མཐར་ཕྱིན་པར་མཛད་པ་སྟེ་གསུམ་རེ་གསུངས་ལ། མདོ་བྱང་ལས། གྲོལ་བའི་ཁྲིད་ནི་དོན་བཞིའི་ཁོངས་སུ་རྫོགས༔ སེམས་ཀྱི་རང་བཞིན་རྟོགས་པར་བྱ་བ་ལས༔ སྟོང་ཉིད་ཆོས་དབྱིངས་བརྡལ་ཁྱབ་གདམས་པ་ལས༔ དེ་ཉིད་རྗེས་འབྲེལ་དགོངས་པ་མཐར་གསལ་བ༔ དགོངས་པ་རང་གསལ་ལྟ་བ་ཀློང་ཡངས་ཞེས༔ དེ་ཡི་སྐོར་ཚོ་ཆོས་ཚན་བརྒྱད་ཡིན་ལ༔ ཞེས་དང༌། ཕྱི་སྐོར་ཁྲིད་ཀྱི་དོན་བསྡུས་ལས། ལྟ་སྒོམ་སྤྱོད་གསུམ་འབྲས་བུ་ལས༔ ཞེས་གསུངས་པ་ལྟར་བཞི་ལས། དང་པོ་ལྟ་བ་ངོ་སྤྲོད་པ་ནི། ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི། ལྟ་བ་ཀུན་གཞི་སྟོང་པ་ཉིད༔ ཞེས་དང༌། སྦུབས་མཆུའི་སྐབས། བུམ་པ་ཁུངས་གཏོར་གྱི་དགོངས་པ་ལས། ཆོས་ཐམས་ཅད་ཡེ་ཤེས་སུ་ཤར༔ ཡེ་ཤེས་བཙལ་དུ་མེད་པའོ༔ ཞེས་དང༌། ཕྱི་སྐོར་དངོས་གཞིའི་ཁྲིད་ཀྱི་གཏེར་གཞུང་ལས། ན་མོ་གུ་རུ༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ནི༔ སོགས་ནས། ཀུན་གཞི་ཉིད་ལས་འབྱུང་བའོ༔ ཞེས་པའི་བར་ཏེ་སྤྱིར་མདོ་སྔགས་ཀྱི་ལམ་ཐམས་ཅད་བླ་མས་མ་བསྟན་པར་ཕོ་ཚོད་ཀྱིས་སུས་ཀྱང་རྟོགས་པར་མདོ་རྒྱུད་ཐམས་ཅད་ནས་མ་གསུངས། ཁྱད་པར་གསང་སྔགས་ཀྱི་ལམ་དང་དངོས་གྲུབ་ཐམས་ཅད་ནི་བྱིན་རླབས་ཁོ་ན་ལ་རག་ལས། ཡང་སྒོས་རྫོགས་པ་ཆེན་པོའི་དོན་གྱི་ཡེ་ཤེས་ནི་བླ་མའི་བྱིན་རླབས་འབའ་ཞིག་གིས་རྟོགས་ཤིང༌། གེགས་སེལ། བོགས་འབྱིན་ཐམས་ཅད་བླ་མའི་བྱིན་རླབས་ལ་བརྟེན་དགོས་ལ། བྱིན་རླབས་ཞུ་པའི་བླ་མ་ནི་མཚན་ཉིད་དང་ལྡན་པའི་བཤེས་གཉེན་ལ་མ་བརྟེན་ན་གཏན་གྱི་འདུན་མ་འཕྱུགས་པས་ཐོག་མ་ཉིད་ནས་བླ་མ་མཚན་ལྡན་བསྟེན་པ་གལ་ཆེ། བླ་མའི་མཚན་ཉིད་ཀྱང་རྒྱ་ཆེར་གསུངས་པ་ལས་ཁྱད་པར་རྫོགས་པ་ཆེན་པོའི་ལམ་བསྟན་གྱི་བླ་མའི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང༌། །ཆོས་ཉིད་དོན་ལ་ཚད་ཕེབས་དང༌། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་པ་ལྟར་སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དོན་ལ་མཁས་པས་གྲུབ་མཐའ་དབྱེ་བ་ཕྱེད་པ། བྱེ་བྲག་དེ་དག་གི་ཉམས་མྱོང་གི་དྲོད་ཚད་དང་ལྡན་པས་མན་ངག་གི་དོན་སྟོན་པ་ལ་མཁས་པ། རྙེད་བཀུར་སོགས་ཆོས་བརྒྱད་ཚེ་འདིའི་དོན་གཉེར་གྱི་འདུ་འཛིའི་རྣམ་གཡེང་གི་བྱ་བ་དང་བྲལ་བ། ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཉམས་ལེན་མཐར་སོན་པས་ཆོས་ཉིད་ཀྱི་དགོངས་པ་ཚད་དུ་ཕེབས་པའམ་གདེང་འབྱོར་བ། སློབ་མས་ཐེ་ཚོམ་གྱི་དོགས་གནས་དང་དྲིས་པའི་ལན་འདེབས་པ་ལ་མཁས་ཤིང་མ་རྨོངས་པའོ། །བླ་མ་མཚན་ལྡན་གྱིས་ཆོས་ཟབ་མོ་བསྟན་ཀྱང་དོན་དུ་འགྱུར་མིན་སློབ་མའི་ཉེར་ལེན་ལ་རག་ལས་པས་དེ་ཡང་བླ་མས་ཆོས་མ་བསྟན་པའི་སྔ་ལོགས་སུ་བརྟགས་དགོས་པའང་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུང་བཞིན་བྱེད། ཅེས་གསུངས་པ་ལྟར་བྱིན་རླབས་འཇུག་པའི་རྒྱུ་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ཆེ་བ། ཆོས་ལ་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཆེ་བ། ཟབ་རྒྱས་རྡོ་རྗེའི་གནས་ཐམས་ཅད་ཁོང་དུ་ཆུད་ནུས་པའི་ཤེས་རབ་ཆེ་བ། ཟས་གོས་སོགས་སྡིག་པའི་བདེ་འབྱོར་ལ་ཞེན་ཆགས་ཆུང་བ། བླ་མ་དང་ལྷ་གདམས་ངག་ལ་ཆེ་བ་ཤེས་པས་ཕུ་དུད་ཆེ་བ། ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་ལྟ་སྤྱོད་ལ་འཇུག་ཅིང་སྤྱོད་ནུས་པ། ཀོ་ལོང་གི་རྣམ་རྟོག་དང་རྣམ་གཡེང་ཆུང་བ་དམ་ཚིག་གཉེར་དུ་བླང་བ་ལས་མི་འདའ་བ་བརྟན་པ། མདོར་ན་བླ་མས་ཇི་ལྟར་བསྟན་པ་ལས་མི་འདའ་ཞིང་རྩེ་གཅིག་ཏུ་སྒྲུབ་ནུས་པ་ནི་སྣོད་དང་སྐལ་པ་ལྡན་པ་ཞིག་དགོས་ལ། དེ་ལྟར་བླ་སློབ་ཀྱི་རྟེན་འབྲེལ་ཚོགས་པས་གདམས་ངག་ཟབ་མོ་རྣམས་དབང་དང་ཁྲིད་རྒྱབ་བརྟེན་བཤད་ལུང་སྐོར་བཅས་རིག་འཛིན་གྲུབ་པའི་ཕྱག་བཞེས་ཀྱི་གོ་རིམ་མ་འཆོལ་ཞིང་ཐོས་བསམ་གྱི་སྒྲོ་འདོགས་ཀྱི་ཞུན་ཐར་ཆོད་པ་ནི། ཐོག་མ་ཉིད་ནས་མེད་དུ་མི་རུང་ཞིང༌། དངོས་གཞི་ཉམས་ལེན་གྱི་སྐབས་སུ་བབ་པ་ན། གནས་དུས་ཡོ་བྱད་གྲོགས་དང་བཅས་ཆོས་དང་མཐུན་ཞིང་སྒྲུབ་པའི་གྲོགས་སུ་འགྲོ་བའི་མཐུན་རྐྱེན་གྱི་གདམས་ངག་གི་སྒྲོམ་དུ་གཞུག་པར་བྱས་ཏེ། འདིར་དགོངས་པ་འཕྲོ་ལུས་ཡོད་འདྲ མཆན གཉིས་པ་ནི། མདོ་བྱང་ལས། ད་ནི་ནང་སྐོར་ཀློང་སྡེ་སྐོར་དགུ་ནི༔ ཞེས་པ་སྟེ། འདི་ལ་ཡང་གཉིས། བསྐྱེད་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། བྱིན་རླབས་ཀྱི་སྒོ་འབྱེད་པ་རིག་འཛིན་བླ་མའི་བསྐྱེད་རིམ། དངོས་གྲུབ་ཀྱི་བཅུད་འགུགས་པ་ཡི་དམ་ཞི་ཁྲོའི་བསྐྱེད་བཟླས་སོ། །དང་པོ་ལའང༌། སྔོན་འགྲོའི་རྒྱུད་ལས་རུང་དུ་སྒྲུབ་པ་དང༌། དངོས་གཞི་བསྐྱེད་རིམ་འཕྲོས་དོན་དང་བཅས་པའོ། །དང་པོ་ནི། བསམ་གཏན་ཚེར་མ་མེད་པའི་གནས་སུ། བདེ་བའི་སྟན་ལ་བག་ཕེབས་པར་འཁོད་དེ་རླུང་རོ་གསལ་ཞིང་ངལ་གསོ། ཐུན་གྱི་སྔོན་འགྲོ་དང་བཅས་བློ་ལྡོག་རྣམ་པ་བཞི་ཡི་ངེས་འབྱུང་བློ་བསྐྱེད། མི་རྟག་པས་བསྐུལ་མ་གདབ། རྒྱུ་འབྲས་ཡིད་ཆེས་ཀྱི་དྲན་ཤེས་བརྟན་པས། དལ་འབྱོར་དོན་ཡོད་པའི་ཐབས་ལ་བསླབ་ནས། ཐར་པའི་ཕན་ཡོན་ལ་བསམ་གཞིག་གིས་དད་པ་དང་བརྩོན་འགྲུས་བསྐུལ་ཏེ། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས། མཎྜལ། ཁྱད་པར་བླ་མའི་བྱིན་རླབས་ཐུན་མོང་དང༌། ཐུན་མིན་གྱི་ཉམས་ལེན་བློ་ཚོད་དང་བསྟུན་ཏེ་ཉམས་སུ་ལེན་ཞིང་གནད་དུ་འགྲོ་བར་བསླབ་པ་ནི་ངེས་པར་གཅེས་སོ། །ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གོང་དུ་བཤད་པ་ལྟར་ལ་སྐྱབས་འགྲོའི་ཚོགས་རྟེན་གྱི་གཙོ་བོ་དང༌། བླ་མའི་བྱིན་རླབས་སྐབས་རིག་འཛིན་དགའ་རབ་རྡོ་རྗེའམ་བཻ་རོ་གང་མོས་སྒོམ་པ་ཁྱད་པར་ཏེ། ཞིབ་པར་སྔོན་འགྲོའི་ངག་འདོན་ལྟར་རོ། །གཉིས་པ་བསྐྱེད་བཟླས་ནི། གཞུང་མཐུན་བླ་མའི་སྐུ་བརྙན་མདུན་ཕྱི་ནང་གི་མཆོད་པ་བསྐོར། མཚམས་བསྡམ་པ་སོགས་སྔར་ལྟར་ལ། དངོས་གཞིའི་ལས་བྱང་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་བཏང་རྗེས། ཨཿ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ སོགས་ནས་སྣང་ལ་རང་བཞིན་མེད་པར་གསལ༔ ཞེས་པའི་མཚམས་སུ། དུག་གསུམ་ཡེ་དག་སོགས་ནས ཐུགས་ལ་བསྟོད༔ བསྙེན་བཟླས་ཀྱི་དམིགས་པ་ནི། ཐུགས་ཀར་པདྨ་ཟླ་བའི་གདན༔ དེ་དབུས་ཨ་ལས་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཚུར་བསྡུས་དངོས་གྲུབ་བདག་ལ་ཐིམ༔ སླར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་སྐུ་དང་ཞིང་དུ་དག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ་བ་ནི་གཙོ་སྔགས་དང༌། རིག་འཛིན་ཡོངས་རྫོགས་ཀྱི་བཟླས་པ་སྤྲོ་ན། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ ཀུན་བཟང་ཡབ་ཡུམ། ཐོག་མཐའ་རིགས་འགྲེ་བས། བཛྲ་མ་ཧཱ་གུ་རུ་བཛྲ་སཏྭ། རྡོར་སེམས། བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་མི་ཏྲ། འཇམ་དཔལ་བཤེས་གཉེན། བཛྲ་མ་ཧཱ་གུ་རུ་ཤྲཱི་སིངྷ། ཤྲཱི་སེང༌། བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ། བི་མ་ལ། བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ། གུ་རུ་རིན་པོ་ཆེ་བཅས་སོ་སོར་བཟླ། བསྙེན་པའི་ཚད་ནི་འབྲུ་འབུམ་མམ་འབུམ་ཕྲག་བཞི། འཁོར་རྣམས་དེའི་བཅུ་ཆ་བཟླ། ཚེ་སྒྲུབ་ལ། ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོའི་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཕྱག་གཡོན་མཉམ་བཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱིས་གང་རྒྱར་བཏམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་ཡི་ཁ་བཀབ་སྟེ༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་སྤྲས༔ ཐུགས་ཀར་ཉི་ཟླའི་གྭའུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨས་མཚན༔ གྭའུ་སྟེང་དུ་ཧྲཱིཿཡིག་ལས༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ གྭའུ་ནང་དང་བུམ་པའི་ནང༔ ཡོངས་སུ་གང་ཞིང་འཕེལ་བ་ཡིས༔ རིག་འཛིན་བླ་མའི་སྐུ་ཡི་ནང༔ ཚེ་ཡི་བདུད་རྩིས་གང་བར་བསམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། ཐུན་མཐར་ཚེ་འགུགས་སྦྱར་ན། ཧྲཱིཿ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ༔ འཆི་མེད་རིག་འཛིན་བླ་མའི་ཚོགས༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང༔ ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་བསྟིམ༔ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཞེས་དང༌། ཚེ་ཛཔ་བཟླས་ལ། ཨཿ སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་བཏབ་པས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཛྙཱ་ན་བཛྲ་རཀྴ་ཨ༔ ཞེས་རྒྱས་གདབ་བྱ། ཐུན་མཐར་མཆོད་བསྟོད། ཚོགས་མཆོད་སོགས་རྗེས་རིམ་ཁྲོ་བོའི་ལས་བྱང་བཞིན་དང༌། བསྐྱེད་རྫོགས་ཀྱི་དམིགས་གནད་སྔ་མ་ལྟར་ལ། སྐབས་འདིའི་དཀྱིལ་འཁོར་གྱི་གཙོ་བོ་ནི། དགའ་རབ་རྡོ་རྗེ་སྟེ། ངེས་པའི་དོན་དུ་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་ཛམ་བུའི་གླིང་དུ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་ཕྱིར་མཆོག་གི་སྤྲུལ་སྐུ་རིག་པ་འཛིན་པའི་རྣམ་པར་བཞེངས་པ་དང་རྩ་བའི་བླ་མ་དབྱེར་མེད་ལ་གསོལ་འདེབས་དང་མོས་གུས་ལ་རྩལ་སྦྱངས་པ་ནི་གནད་དུ་ཆེས་ཟབ་པོ། །སྐབས་འདིར་མདོ་བྱང་ལས། རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་དོན་ཕྱིར་དུ་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབ་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་གླུ་རྣམས་བླངས༔ ཞེས་པའི་དགོངས་པ་གཙོ་བོར་བཏོན། ནང་སྐོར་རིག་འཛིན་བླ་མའི་སྒྲུབ་པ་བཻ་རོ་གཙོ་བོར་མཛད་པ་གཏེར་ཆེན་ཐུགས་སྲས་མཁན་ཆེན་རཏྣའི་ཕྱག་བཞེས་ལྟར་ན་ནང་སྐོར་རིག་འཛིན་བཅོ་ལྔའི་བསྐྱེད་རིམ་བྱང་བུ་ལྟར། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ སོགས་ནས། ལས་གཞུང་ལྟར་དང༌། གཙོ་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ ཞེས་གཙོ་བོ་དང༌། ཨོཾ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ འཁོར་སྔགས་དང༌། ཨོཾ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་ཚེ་ཛཔ་སྦྱར་བ་ཁྱད་པར་རོ། །དེ་ཡང་ལོ་ཆེན་བཻ་རོ་ཙ་ན་ནི། གུ་རུ་རིན་པོ་ཆེས་སློབ་དཔོན་ཉིད་དང་དགོངས་པ་མཉམ་པ་ཞེས་རྗེ་འབངས་ཀུན་ལས་དགོངས་ཉམས་ཁྱད་པར་འཕགས་པའི་བསྔགས་བརྗོད་བསྩལ་བ་དང༌། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་མཛད་པ་ལ་མཁན་སློབ་ཆོས་གསུམ་དང་བཀའ་དྲིན་མཉམ་པ་ལ་གཙོ་འཁོར་གྱི་རྣམ་པར་སྣང་བའི་རིག་འཛིན་རྣམས་ཀྱང༌། ནང་སྐོར་བླ་མ་རིག་འཛིན་དབང་ཆོག་ལས། སྤྱིར་ནི་འགྲོ་འདུལ་བླ་མ་བཅོ་ལྔ་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདི་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ཡང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་གསུངས་པའི་གནད་ཏིག་གི་དགོངས་དོན་ལ་ཡིད་ཆེས་ཀྱི་དད་པས་གསོལ་བ་གདབ་པར་བྱ་ཞིང་གཞན་རྣམས་སྔ་མ་ལྟར་རོ། །གཉིས་པ་ལ་གཉིས། ཞི་བ་སྟོན་པ་བཅུ་གཉིས་ཀྱི་བསྐྱེད་བཟླས་དང༌། ཁྲོ་བོ་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱི་སྒོམ་རིམ་མོ། །དང་པོ་ནི། མདོ་བྱང་ལས། ཞི་བ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི༔ སྒྲུབ་པ་ཟབ་གསལ་ཀློང་ཡངས་ཞེས་བྱ་དེ༔ གཙོ་བོ་ཆོས་ཉིད་ཀློང་ལས་བསྐྱེད་པ་མེད༔ སྐུ་གསུམ་དོན་གྱི་ཕྲིན་ལས་ཆེན་པོའོ༔ ཞེས་པའི་དགོངས་དོན་ཉམས་སུ་ལེན་པ་ལ། སྨན་རཀ་གཏོར་མ་མཆོད་པ་སོགས་སྤྱི་ལྟར་བཀྲམ་ལ། ནང་སྐོར་ཁྲོ་བོ་བྱང་བུ་ཁྲིགས་བསྡེབས་ཀྱི་ཐོག་མཐའི་ཆིངས་ལ། བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ ཞེས་རྟེན་བསྐྱེད་རྗེས་སུ། ནང་སྐོར་ཡི་དམ་ཞི་སྒྲུབ་ལྟར། ཆོས་དབྱིངས་ཀློང་ཡངས་ཆོས་ཐམས་ཅད༔ སོགས་ནས ཆགས་བྲལ་མཚན་དང་དཔེ་བྱད་རྫོགས༔ ཞེས་པའི་མཚམས་སུ། ནང་སྐོར་ཁྲོ་བོ་བྱང་བུ་ཁྲིགས་བསྡེབས་ལྟར། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་ནས བསྟོད་པའི་བར་དང༌། བཟླས་དམིགས་ནི། བདེ་གཤེགས་སྟོན་པ་བཅུ་གཉིས་རྣམས༔ སྣང་སྲིད་སྐུ་ཡི་རོལ་པས་གང༔ སྔགས་ནི་གྲགས་སྟོང་རང་སྒྲ་སྒྲོགས༔ འོད་གསལ་ངོ་བོའི་ཐུགས་ཀྱི་ངང༔ མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དགྱེས༔ འགྲོ་རྣམས་བླ་མེད་ས་ལ་བཀོད༔ སྣང་སྲིད་གཞིར་བཞེངས་བདེ་བ་ཆེ༔ དགོངས་པ་ཀློང་ཡངས་ངང་དུ་རྫོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ནཱ་མསྟྲཻ་ཡ་དྷཱི་ཀ་ནཾ་བུདྡྷ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། སྤྱིར་འདི་དག་ཀུན་བཟང་དོན་གྱི་ཕྲིན་ལས་ཞེས་རིག་སྟོང་ཡེ་ཤེས་ཀྱི་ཆོ་འཕྲུལ་ཆེན་པོའི་བཀོད་པ་ལས་གཞན་དུ་མ་དམིགས་པའི་ཡིན་ལུགས་ཀྱི་དགོངས་པ་གསལ་འདེབས་ཙམ་ལས། བསྐྱེད་རིམ་གཞན་ལྟར་ལམ་ངེས་རྫོགས་ཀྱི་གསལ་སྣང་སོགས་མ་བསྒྲུབས་ཀྱང་རུང་བར། མདོ་བྱང་གི་སྐབས་སུ་གསལ་བ་ལྟར་ལ། ལས་དང་པོ་པའི་བློ་ངོར་མཚན་དང་སྐུ་ཡི་རྣམ་འགྱུར་སོགས་མ་གསལ་ནའང་འགལ་བ་མེད་པས། འདིར་འཕྲོ་ལུས། ༈ གཉིས་པ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱི་སྒོམ་རིམ་ལ་གཉིས། ཡབ་བཀའ་དང༌། ཡུམ་བཀའོ། །དང་པོ་ནི། མདོ་བྱང་ལས། ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་ནི༔ མདོ་ལུང་ཆེན་པོའི་རྒྱུད་ལས་བཏུས་པ་སྟེ༔ དགའ་རབ་རྡོ་རྗེས་མཛད་པའི་ལུགས་བཞིན་དུ༔ ཤྲཱི་སིང་ཧའི་ཆོས་ཀྱི་ཁྱད་ཆོས་སོ༔ ཕྲིན་ལས་ཉི་མ་མཐའ་ཡས་ཞེས་བྱ་སྟེ༔ ཞེས་གསུངས་པ་ལྟར་རྩ་བ་མངོན་རྫོགས་རྒྱལ་པོ་དང༌། ཡན་ལག་ཐེག་པ་དགུ་བསྒྲིལ་དཀྱིལ་འཁོར་གཅིག་ཏུ་རྫོགས་པ་རིག་འཛིན་དགའ་རབ་རྡོ་རྗེས་རྒྱུད་ཀྱི་དགོངས་པའི་ལུགས་སུ་བསྡེབས་པའི་མན་ངག་གི་ཞལ་ཤེས་སློབ་དཔོན་ཤྲཱི་སིངྷའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལས། བསྙེན་སྒྲུབ་ལས་གསུམ་བྱ་བའི་ཚུལ་ལ། དཀྱིལ་འཁོར་སྒྲུབ་རྫས་སོགས་བསྙེན་པའི་སྐབས་འདིར་མ་འཛོམ་ཀྱང་རུང་མོད་ལག་ལེན་བདེ་བའི་ཆེད་ཐོག་མ་ཉིད་ནས་གཞུང་མཐུན་གྱི་དཀྱིལ་འཁོར་རས་བྲིས་ཡོད་ན་བཀྲམ། མ་འབྱོར་ན་ཚོམ་བུ་ལྷ་གནས་ལྟར་བཀོད་པའི་དབུས་སུ་ཐོད་སྐུ་ཡོད་ན་དང༌། སྨན་རཀ་གཏོར་མ་མཆོད་པས་བསྐོར། བསྙེན་པའི་དབུ་ཕྱི་ཐུན་ནས་འཛུགས། མཚམས་དམ་དུ་བཅད་ཅིང་རྒྱལ་ཆེན་ཐོ་འཛུགས་པ་སོགས་གོང་ལྟར་བྱ། དངོས་གཞི་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་སྡེབས་ལ་གཏེར་གཞུང་དགོངས་པ་ཕྱོགས་གཅིག་པ་ལྟར་བཏང་བ་ལེགས་ཤིང༌། ལས་བྱང་སྔོན་དངོས་རྗེས་གསུམ་གྱི་སྒོམ་དོན་སྤྱི་ལྟར་ཤེས་པར་བྱ་དགོས་ཤིང༌། སྐབས་དོན་དམིགས་པའི་གཙོ་བོ་ལྷ་ཁྲིད་མཁན་རཏྣའི་གསུང་སོར་བཞག་ཏུ་བཀོད་པ་འདི་ལྟར། དེ་ལ་འདིར་སྲུང་འཁོར་ཡེ་ཤེས་ལྔ་ཡི་འོད་ཟེར་སྒོ་ལྔའི་དབྱིབས་ཟླུམ་ཧྲིལ། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ་གྱི་གུར་ནང་ནས་རིམ་པར། མཐིང༌། དཀར། སེར། དམར། ལྗང་གུ་རྣམས་སྒོ་ང་ལ་རི་མོ་བྲིས་པ་ལྟར་བར་སེང་མེད་པ། ཡེ་ཤེས་ལྔའི་མེ་གཡོན་འཁོར་དུ་འབར་བའོ། །འདི་སྐབས་ནམ་མཁའ་ཆོས་འབྱུང་ཞེས་པ་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་ཟུར་གསུམ་མི་དགོས་ཏེ། འོག་ནས་རིམ་པ་དང་པོ་ནམ་མཁའ་མཐིང་ནག །དེ་སྟེང་རླུང་དཀྱིལ་ལྗང་ནག །དེ་སྟེང་མེ་དཀྱིལ་དམར་པོ། དེ་སྟེང་ཆུ་དཀྱིལ་དཀར་པོ། དེ་སྟེང་ས་དཀྱིལ་སེར་པོ་ཐམས་ཅད་ཟླུམ་པོ་སྟེ། འབྱུང་ལྔའི་དག་པ་ཡུམ་ལྔའི་མཁར༔ ཅེས་སོ། །དེ་སྟེང་རི་རབ་བང་རིམ་བཞི་སྟེང་གྲུ་བཞི་ཏི་ཚ་འདྲ་བ། བང་རིམ་རི་རབ་བཅས་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། གློ་འབུར་དང་བཅས་པའི་སྟེང་ཕྱོགས་མཚམས་དུར་ཁྲོད་བརྒྱད་ཕྱོགས་བཞི་པད་དབྱིབས། མཚམས་བཞི་གཞུ་དབྱིབས། བར་མཚམས་སུ་མཚོ་ཆེན་བརྒྱད་ལ་ཀླུ་ཆེན་བརྒྱད་དང་བཅས་པ་ནི། ཚོགས་བརྒྱད་དག་པའི་དུར་ཁྲོད་བརྒྱད༔ འགྱུར་མེད་སྲུང་འཁོར་ཀུན་ལ་ཁྱབ༔ ཞེས་སོ། །དུར་ཁྲོད་ཀྱི་ནང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་དབུས་སུ་རྡོ་རྗེ་རྒྱ་གྲམ་རྭ་བཅུ་གཉིས་པའི་ལྟེ་བར། དུག་ལྔ་རྣམ་དག་གཞལ་ཡས་ཁང༔ ཡེ་ཤེས་རྩལ་རྫོགས་རྒྱན་གྱིས་སྤྲས༔ ཞེས་པ་འདི་རྒྱས་པ་ལ་ལུགས་གཉིས། བསྡུས་པ་དང་གསུམ་ལས། དང་པོ་ནི། གཞལ་ཡས་རིམ་པ་སོ་སོ་ཐམས་ཅད་དུ༔ དཔལ་ཆེན་ཡེ་ཤེས སོགས་ནི ཟབ་བདུན་མ་མོ་རོལ་པ་ལྟར་ཡིན་པས་རང་རེས་ཟིན་བྲིས་བཀོད་ཡོད་པ་ལྟར་རོ། །ཡང་མངོན་རྫོགས་གཏེར་གཞུང་དགོངས་པ་ཕྱོགས་གཅིག་པ་ལྟར་ན། སྟེང་ཁང་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བཞི་ཅུ་རྩ་གཉིས་མ་འདྲེས་ཚོམ་བུར་རྫོགས༔ གཞལ་ཡས་བར་ཁྱམས་འཁོར་ཡུག །སོགས་ནི། སྟེང་ཁང་ཞི་བ་དང་འོག་ཁང་ཁྲོ་བོ། བཀའ་འདུས་རྩ་དཀྱིལ་ལྟར་ཡིན་པས་གསལ་བྱེད་ཐོ་ཡིག་མཆོག་གླིང་ཞལ་གསུང་ཟུར་དུ་བྲིས་པ་ཡོད་པས་དེར་བལྟའོ། །འདིར་བསྡུས་པའི་ལུགས་ནི། ཡེ་ཤེས་དང་འཇིག་རྟེན་གྱི་གཞལ་ཡས་ཁང་ཉིས་རིམ་ནང་མ་རྟ་བབ་བཞི་མ། ཕྱི་མ་བརྒྱད་ལྡན་གྱི་དབུས་སུ། རིན་ཆེན་ཨསྨ་གརྦྷའི་གྲུ་ཆད་གློ་འབུར་ལྡན་པའི་སྟེང་གསེར་གྱི་འཁོར་ལོ་དབྱིབས་དྲུག་པོ་ལྟར་ལྟེ་བ་མུ་ཁྱུད་དང་བཅས་པ་དེའི་མཐར་ལྷ་སྣམ་མམ། ཁྱམས་དྲུག་ལ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་སུམ་བརྒྱ་དྲུག་ཅུ་རེ་དགུ་འགོད་ཚུལ་ནི། དབུས་ཀྱི་གྲུ་ཆད་དང་གློ་འབུར་ལ་གནས་མ་བརྒྱད། དང་པོ་གསེར་ཁྱམས་ལ་ཡུལ་མ་བརྒྱད། སྒོ་སྐྱོང་བཞི། ཁྱམས་གཉིས་པ་ཕྱོགས་མདོག་དབང་མོ་ཉི་ཤུ་རྩ་བརྒྱད། ཁྱམས་གསུམ་པ་ལྗང་གུ་ལ་མཁའ་འགྲོ་སོ་གཉིས་ཕྱོགས་རེར་བརྒྱད་རེ། མ་མོ་བདུན་བྱང་ཤར་མ་གཏོགས་པའི་ཕྱོགས་མཚམས་བདུན། སྲིང་མོ་བཞི་ཕྱོགས་བཞིར་བཀོད། ཁྱམས་བཞི་པ་སྔོན་པོ་ལ་གིང་ཆེན་བཅོ་བརྒྱད་ཕྱོགས་མཚམས་བརྒྱད་རེ་དང༌། ཤར་ནུབ་གཉིས་སུ་རེ་རེ་ལྷག་པ་སྟེ་བཅོ་བརྒྱད། ཁྲོ་བོ་དྲུག་ཅུ་ཕྱོགས་རེར་བཅོ་ལྔ་རེ། ཁྱམས་ལྔ་པ་དམར་པོ་ལ་རིགས་བཞི་ཕོ་ཉ་བརྒྱ་དང་བཞི་བཅུ་ནི་ཕྱོགས་རེར་སུམ་ཅུ་སོ་ལྔ་རེའོ། །ཁྱམས་དྲུག་དཀར་པོ་ལ་མ་མོ་དྲུག་ཅུ་ནི་ཕྱོགས་རེར་བཅུ་བཞི་སྒོ་བཞིར་རེ་རེ་སྟེ་ཐམས་ཅད་ཡོངས་དྲིལ་བ་བསྡོམས་པས་སུམ་བརྒྱ་དྲུག་ཅུ་རེ་དགུའོ། །དེ་མཐར་ཡེ་ཤེས་སྙིང་པོའི་གཞལ་ཡས་ཁང་རྟ་བབས་བཞི་པ་པདྨ་འཁོར་ལོ་གདུགས་དང་རི་དྭགས་ཆོས་ཉན་དང་བཅས་པའོ། །ངེས་རྫོགས་ཞིབ་པར་སྐུ་མདོག་ཕྱག་མཚན་བཀའ་འདུས་ལྟར་རོ། །འདིར་མོས་སྒོམ་ཙམ་ལ་ཁྲོ་མོ་ལས་མདོག་ཅན་སོགས་མི་དགོས་ཏེ། གནས་མ་བརྒྱད་སྔོན་མོ་ཌཱ་རུ་ཐོད་ཆང༌། ཡུལ་མ་བརྒྱད་སྨུག་ནག་ཐོད་ཁྲག་ཕྱོགས་མདོག །སྒོ་སྐྱོང་ཕྱོགས་མདོག་ཕྱག་རྒྱ་བཞི་དབང་མོ་ཉེར་བརྒྱད་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཛིན་པ་དཀར་སེར་དམར་ལྗང༌། མཁའ་འགྲོ་སོ་གཉིས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་ཕྱོགས་མདོག །མ་མོ་བདུན་མཐིང་ནག་རལ་གྲི་ཐོད་ཁྲག །སྲིང་མོ་བཞི་དཀར་སེར་དམར་ལྗང་རང་མདོག་གི་རྒྱལ་མཚན་འཛིན་པ། གིང་ཆེན་བཅོ་བརྒྱད་དཀར་སེར་དམར་ལྗང་རྔེའུ་ཆུང་བརྡུང་བ། ཁྲོ་བོ་དྲུག་ཅུ་མཐིང་ནག་གྲི་ཐོད་འཛིན་པ། རིགས་བཞིའི་ཕོ་ཉ་བརྒྱ་དང་བཞི་བཅུ་དཀར་སེར་དམར་ལྗང༌། ཤར་ཕྱོགས་པ་རྣམས་ལྕགས་ཀྱུ། ལྷོ་ཕྱོགས་པ་རྣམས་ཞགས་པ། ནུབ་ཕྱོགས་པ་རྣམས་ལྕགས་སྒྲོག །བྱང་ཕྱོགས་པ་རྣམས་དྲིལ་བུ། གཡོན་ཐམས་ཅད་སྡིག་མཛུབ། མ་མོ་དྲུག་ཅུ་སྒོ་བཞིར་གནས་པ་ཕྱག་རྒྱ་བཞི་དང་ཐོད་ཁྲག །གཞན་ཐམས་ཅད་གཡས་བདུད་རྩིའི་བུམ་པ་དང་གཡོན་ནད་རྐྱལ་འཛིན་པ་ཕྱོགས་མདོག །གིང་ཆེན་བཅོ་བརྒྱད་མ་གཏོགས་ཐམས་ཅད་མི་ལྤགས་དང་སྟག་གཟིག་གི་ཤམ་ཐབས་རུས་རྒྱན། ཞབས་གར་སྟབས་མེ་རླུང་གི་དབུས་སུ་གནས་པའོ། ༈ འཇིག་རྟེན་གྱི་གཞལ་ཡས་ཁང་གཉིས་པའི་འོབས་སུ་ཁྲག་མཚོ་འཁྱིལ་བའི་ཁྱམས་ལ་འཇིག་རྟེན་མ་མོ་བདུན་བརྒྱ་ཉི་ཤུ་ནི། ཕྱོགས་རེར་བརྒྱ་དང་ཉི་ཤུ་རེ་ཕྱོགས་མདོག་ཁྲོ་མོའི་ཆས་ཅན་ཐམས་ཅད་ཀྱང་དཔལ་ཆེན་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གུས་པས་ཐལ་མོ་སྦྱར་བའོ། །དཀྱིལ་འཁོར་གྱི་ཕྱི་ཁྱམས་པདྨའི་ར་བའི་ནང་དུ་འཇིག་རྟེན་པའི་འཁོར་ཡུག་ལ། ཤར་དུ་ལྷ་དང་ལྷ་མིན། ལྷོར་མི། ནུབ་ཏུ་དམྱལ་བ་དང་ཡི་དྭགས། བྱང་དུ་བྱོལ་སོང་གི་འཇིག་རྟེན་གྱིས་ཡོངས་སུ་བསྐོར་བའི་སྟེང་གི་ནམ་མཁར། ཤར་དུ་བྱང་སེམས། ལྷོར་རང་རྒྱལ། ནུབ་ཏུ་ཉན་ཐོས། བྱང་དུ་དྲང་སྲོང་གྲུབ་པ་བདེན་ཚིག་གྲུབ་པའི་ཚོགས་དང་བཅས་པ། དཀྱིལ་འཁོར་ཕྱི་མའི་རྟ་བབས་ཐད་ཀྱི་བར་སྣང་ལ་རིག་འཛིན་བྱེ་བ་ས་ཡ་སྤྲིན་ལྟར་གཏིབས་པའོ། །སྟེང་ཁང་བུམ་པའི་ནང་གི་ནམ་མཁར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ནི་སྒྱུ་འཕྲུལ་ལྟར་རོ། ༈ དུར་ཁྲོད་བརྒྱད་ཀྱི་ཕྱི་རོལ་སྲུང་འཁོར་ནང་རི་རབ་ཀྱི་སྟེང་དེར། ཤར་དུ་མངོན་མཐོ་ལྷ་མིའི་ཐེག་པ་ལ་ཕྱག་རྡོར་ངན་སོང་ཀུན་འདྲེན་གྱི་དཀྱིལ་འཁོར། ལྷོར་བྱ་རྒྱུད་ལ་མི་འཁྲུགས་པ། ནུབ་ཏུ་སྤྱོད་རྒྱུད་ལ་ཤཱཀྱ་ཐུབ་པ་སྐུ་ཡི་དཀྱིལ་འཁོར། བྱང་དུ་རྣལ་འབྱོར་རྒྱུད་ལ་ཀུན་རིགས་རྩ་བའི་དཀྱིལ་འཁོར་རྣམས་མགྲོན་ཐབས་ཀྱི་ཚུལ་ལོ། །འདི་བསྡུས་པའི་ལུགས་ཡིན་གྱི། རྒྱས་པར་ནང་སྐོར་ཡི་དམ་ཁྲོ་བོའི་སྔགས་བྱང་གི་བསྙེན་དམིགས་སྐབས་ལྟར་བསྒོམས་པར་བྱའོ། ༈ སྙིང་པོའི་དཀྱིལ་འཁོར་གྱི་ལྟེ་བར་དཔལ་ཆེན་པོ་བསྒོམ་ཚུལ་ནི། གཡས་ནས་རིམ་པར། སེང་གེ །སྟག །གཟིག །དོམ གླང་ཆེན། མ་ཧེ། ཆུ་སྲིན། སྦྲུལ་ཏེ་བྱོལ་སོང་གཙོ་བོ་བརྒྱད་ཀྱི་ཁྲིར། པདྨ་ཟླ་བ་ཉི་མའི་གདན་ལ་དཔལ་ཆེན་མངོན་རྫོགས་རྒྱལ་པོ་སྐུ་ལུས་སྨུག་ནག་དབུས་ཞལ་བདུན་སྨུག་ནག་ཁྲོ་བོ། །གཡས་ཞལ་བདུན་དཀར་པོ་བཞད་པ། གཡོན་ཞལ་བདུན་དམར་པོ་ཆགས་ཉམས་ཅན། རྩ་བའི་ཕྱག་བརྒྱད་ཀྱི་དང་པོ་གཉིས་གྲི་ཐོད་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱི་གཡས་པས་དག་པའི་ཞིང་དང༌། མ་དག་པའི་འཇིག་རྟེན་འདེགས་པའི་ཚུལ། ཐ་མ་གཉིས་ཀྱིས་འདོད་ཁམས་དང་གཟུགས་ཁམས་ཐིག་ལེར་གནས་པ་འཛིན་པའོ། །ལྷག་མ་བར་ཕྱག་བཅུས་གཡས་པ་ལྔས་ས་དཀྱིལ་གྲུ་བཞི་སེར་པོ། ཆུ་དཀྱིལ་དཀར་པོ་ཟླུམ་པོ། མེ་དཀྱིལ་དམར་པོ་གྲུ་གསུམ། རླུང་དཀྱིལ་ཟླ་གམ་ལྗང་གུ །ནམ་མཁའ་མཐིང་ནག་གྲུ་གསུམ་འཛིན་པ། གཡོན་པ་ལྔས། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ་རྣམས་འཛིན་པ། ཡན་ལག་གི་ཕྱག་བརྒྱས་གཡས་པ་ལྔ་བཅུས་གྲི་གུག །གཡོན་ལྔ་བཅུས་ཐོད་ཁྲག་འཛིན་པ། དཔལ་དང་དུར་ཁྲོད་ཆས་རྫོགས་རྡོ་རྗེ་རིན་ཆེན་གྱི་གཤོག་པ་གཡས་གཡོན་དུ་བརྒྱངས་ཤིང་ཞབས་རྡོར་སྐྱིལ་གྱིས་བཞུགས་པའི་པང་དུ་ཡུམ་བཅོམ་ལྡན་འདས་རྡོ་རྗེ་བདེ་མ་སྐུ་མདོག་མཐིང་ནག་དབུས་ཞལ་སུམ་བརྩེགས་མཐིང་ག །གཡས་ཞལ་སུམ་བརྩེགས་དཀར་པོ། གཡོན་ཞལ་སུམ་བརྩེགས་དམར་པོ། ཕྱག་བཅོ་བརྒྱད་ཀྱི་གཡས་དགུས་རྡོ་རྗེ་དང༌། གཡོན་དགུས་དུང་ཁྲག་འཛིན་ཅིང་ཡབ་ལ་སྦྱོར་བ། ཞབས་གཉིས་ཡབ་ཀྱི་སྐེད་དུ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བའོ། །དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ་པདྨ་ཉི་མ་ཞིང་གི་གདན་ལ་རྒྱུད་ལུང་གི་ཁྲོ་བོ་བརྒྱད་ནི། ཤར་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དཀར་གསལ་ཞལ་གསུམ་ཕྱག་དྲུག་པ་གཡས་གསུམ་འཁོར་ལོ། ལྷོར་རཏྣ་ཧེ་རུ་ཀ་སེར་པོ་ཡབ་ཡུམ་གཡས་གསུམ་རིན་ཆེན། དེ་བཞིན་ནུབ་པདྨ། བྱང་དུ་རྒྱ་གྲམ། མཚམས་བཞིའི་ལུང་གི་ཁྲོ་བོ་བཀའ་འདུས་ལྟར་ན། ཤར་ལྷོར་རཀྴ། ལྷོ་ནུབ་ས་ནུ། ནུབ་བྱང་གུཧྱ། བྱང་ཤར་དུ་ཡཀྴ་ཧེ་རུ་ཀ་ཡིན་ཀྱང༌། འདིར་ནི། ཤར་ལྷོར་གུཧྱ་ཧེ་རུ་ཀ་གསང་བའི་ཁྲག་འཐུང༌། ལྷོ་ནུབ་ཏུ་ས་ནུ་ཧེ་རུ་ཀ་སྟེ་ཕྲ་བའི་ཁྲག་འཐུང༌། ནུབ་བྱང་ཡཀྴ་ཧེ་རུ་ཀ་སྟེ་གནོད་སྦྱིན་ཁྲག་འཐུང༌། བྱང་ཤར་དུ་རཀྴ་ཧེ་རུ་ཀ་སྟེ་སྲིན་པོ་ཁྲག་འཐུང༌། བཞི་ཀ་གཡས་གསུམ་རྡོ་རྗེ། རིན་ཆེན། པདྨ། རལ་གྲི། ཁྲོ་བོ་བརྒྱད་པོ་ཐམས་ཅད་ཀྱི་ཕྱག་གཡོན་ཐོད་ཁྲག །ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་རང་མདོག་རང་རྟགས་དང་ཐོད་ཁྲག་འཛིན་ཅིང་འཁྲིལ་སྦྱོར། རྒྱུད་ཀྱི་ཁྲོ་བོ་བཞི་ཡི་ཡབ་རྣམས་ཞབས་གཡས་བརྐྱང༌། ལུང་གི་ཁྲོ་བོ་བཞིས་ཞབས་གཡོན་བརྐྱང་དཔལ་དང་དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ། ཡུམ་ལ་གཟིག་ཤམ་སོགས་སྔ་འགྱུར་སྤྱི་ལྟར་རོ། ༈ ཞར་བྱུང་འཕྲོས་དོན་ཤིན་ཏུ་རྒྱས་སྐབས་རྡོ་རྗེའི་སྲུང་འཁོར་ནང་གི་ཚོམ་བུའི་དཀྱིལ་འཁོར་ལ། བྱང་ཤར་དུ་ངན་སོང་གནས་འདྲེན། ནུབ་བྱང་དུ་ལྷ་མིའི་དཀྱིལ་འཁོར། ལྷོ་ནུབ་ཏུ་ཉན་ཐོས། ཤར་ལྷོར་རང་རྒྱལ། བྱང་དུ་བྱང་སེམས། ནུབ་ཏུ་ཀྲི་ཡ། ལྷོ་རུ་ཨུ་པ། ཤར་དུ་རྣམ་སྣང་རྡོར་དབྱིངས་དཀྱིལ་འཁོར་ཏེ། འདི་རྒྱས་པའི་སྐབས་ཡིན། བསྡུས་པ་སྔར་བཤད་པ་བཞིན་ནོ། །སྤྱིར་དེ་དག་གི་དག་བྱ་དག་བྱེད་ཀྱི་གོ་དོན་གལ་ཆེ་བས་ འདིར་འཕྲོ་ལུས། ༈ ཛཔ་དམིགས་ལ་གཉིས་ལས། དང་པོ་རྒྱས་པ་ནི། བྱང་བུ་ཁྲིགས་བསྡེབས་སུ། བསྙེན་སྒྲུབ་ཆིག་དྲིལ་གྱི་ཏིང་ངེ་འཛིན་ལ། བཟླ་བྱའི་སྔགས་ཀྱང་སྤྱི་དྲིལ་ཆེན་པོ་དྲག་སྔགས་འདུས་པ་དང་རུ་ལུ་ཁོ་ན་ཡིན་ཀྱང༌། ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ལས། འཁོར་གྱི་ལྷ་སྔགས་སྤྲོས་འདོད་ན༔ གུད་དུ་གསལ་ལས་ཤེས་པར་བྱ༔ ཞེས་གསུངས་པ་བཞིན། བརྒྱུད་འཛིན་ཟབ་ཆོས་ཀྱི་མངའ་བདག་མཁན་ཆེན་རཏྣའི་གསུང་ལྟར་ཛཔ་དམིགས་འབྲིང་པོ་ལྟར་ངེས་པར་སྦྱོར་དགོས་པས་དེ་ལྟར་བཤད་པ་ལ་གསུམ། དང་པོ་ཞི་བར་བསྙེན་པ་ནི། ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་ཛཔ་དགོངས་གསལ་འདེབས། ཧཱུྃ་སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ སོགས་ནས། ལྷུན་གྲུབ་ཞི་བའི་རང་བཞིན་བསྒོམ༔ ཞེས་ཛཔ་བསྐུལ་བྱས་ཏེ། རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གི་བྱིན་རླབས་གྱུར༔ ཨོཾ་གུཧྱ་ཛྙཱ་ན་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་པའི་ཏིང་འཛིན་དང་མ་བྲལ་བས་བསྙེན་སྔགས་འབུམ་ཕྲག་བཞི་བཟླ། ཐུན་མཐར་ཁྲག་འཐུང་གཙོ་འཁོར་གྱི་བཟླས་པ་ཁྱུག་ཙམ་བྱས་ལ་གྲོལ། ཞི་བའི་བསྙེན་ཚད་ལོང་བ་དང༌། ཁྲག་འཐུང་གཙོ་བོའི་ཉེ་བསྙེན་གྱི་བཟླས་དམིགས་ནི། ཐོག་མར་ཞི་བསྙེན་ཁྱུག་ཙམ་སྔར་ལྟར་བཏང་རྗེས། རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཞེས་འབུམ་ཕྲག་གཅིག་བཟླ། གཞན་རྣམས་ཁྱུག་ཙམ་བཏང་བ་སོགས་སྔ་མ་དང་མཚུངས། གསུམ་པ་སྒྲུབ་པ་གཙོ་དགུའི་བཟླས་དམིགས་ནི། གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་སོགས་གོང་དང་འདྲ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཀརྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་གུཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སྤྱི་དྲིལ་ཆེན་པོ་གཙོ་བོར་བྱས་སྟེ་འབུམ་ཕྲག་གཅིག་བཟླ་གསུངས། བཞི་པ་སྒྲུབ་པ་ཆེན་པོ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བཟླས་པ་ལ། བདག་མདུན་ཛཔ་ཁང་ཕྱེས་ན་ལེགས་པས། བསྟོད་པའི་རྗེས། ཨོཾ་རུ་ལུ་རུ་ལུ་སོགས། ཕཊ྄་ཛཿས་བདག་མདུན་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པར་མོས་ལ། ཛཔ་བསྐུལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་སོགས་རྗེས། ཞི་ཁྲོ་གཙོ་དགུའི་བསྙེན་པ་ཁྱུག་ཙམ་སྔོན་དུ་བཏང་སྟེ། བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་བསྡུས་བདག་ལ་ཐིམ་པ་ཡི༔ དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར༔ ལྷ་སྔགས་སོ་སོ་ལ་སེམས་འཛིན་སྤྲོ་བསྡུ་དང་བཅས། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཞེས་གནས་མ་བརྒྱད་དང༌། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཡུལ་མ་བརྒྱད། ཛཿཧཱུྃ་བཾ་ཧོཿ སྒོ་མ་བཞི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ དབང་མོ་ཉེར་བརྒྱད་དང༌། ཨེ་ཨ་རལླི་ཧཱུྃ༔ མཁའ་འགྲོ་སོ་གཉིས། མ་མེ་དྷཱ་ཏུ་ཧཱུྃ༔ བཛྲ་དུནྟིཾ་བྷྱོ༔ མ་བདུན་སྲིང་བཞི། ཀིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གིང་ཆེན་བཅོ་བརྒྱད། ཀྲོ་དྷ་ཀྲོ་དྷཱི་ཧཱུྃ༔ ཁྲོ་བོ་དྲུག་ཅུ། བྷ་ན་ཧ་ན་གརྫ་པ་ཙ་ཛཿཧཱུྃ་བྃ་ཧོཿ མ་མོ་ཉིས་བརྒྱ་བཞི་བཅུ་དང་ཕོ་ཉ་རིགས་བཞི། མ་མ་ཤྭ་རི་ཧཱུྃ༔ མ་མོ་དྲུག་ཅུ། ཨོཾ་མ་ཧཱ་གུ་རུ་ཤཱ་རི་རམ་གི་ལི་ཧཱུྃ༔ རྒྱུ་ཡི་རྟ་བབ་ཁོར་ཡུག་ཏུ་བཞུགས་པའི་རིག་འཛིན་བྱེ་བ་ས་ཡ་བཅས་དང༌། རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡན་ལག་དཀྱིལ་འཁོར་ཐུགས་དམ་བསྐུལ༔ དེ་རྣམས་ཐུགས་ནས་ཡེ་ཤེས་ཀྱི༔ སྣང་བས་འཁོར་འདས་ཞིང་ཀུན་ཁྱབ༔ འཕགས་རྣམས་དགྱེས་ཤིང་དགྱེས་པ་བསྐྱེད༔ སེམས་ཅན་ཀུན་གྱི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ བདག་དང་འགྲོ་དྲུག་ཡིད་ཅན་ཀུན༔ ངན་སོང་འཁོར་བའི་སྡུག་བསྔལ་བསལ༔ མཐོ་རིས་ཐར་པའི་གོ་འཕང་བཀོད༔ བྱང་ཆུབ་གསུམ་གྱི་ས་བོན་དང༔ འབྲས་བུ་མངོན་དུ་གྱུར་ནས་ཀྱང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཞེས་སྤྱིའི་བཟླས་དམིགས་ལ། ཨོཾ་བཛྲ་པཱ་ཎི་སརྦ་ཀརྨ་ཨ་བ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ྄༔ བྱང་ཤར་ངན་སོང་ཀུན་འདྲེན་གྱི་དཀྱིལ་འཁོར་དང༌། ཨོཾ་མུ་ནེ་ཡེ་ཀྵྃ་བྲེཾ་ཏྲུྃ་སྭཱ་ཧཱ༔ ཨོཾ་མུ་ནེ་སྲུཾ་ཀྲིཾ་སྭཱ་ཧཱ༔ ནུབ་བྱང་ལྷ་མིའི་ཐེག་པའི་དཀྱིལ་འཁོར། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ༔ ལྷོ་ནུབ་ཉན་ཐོས་ཐེག་པའི་དཀྱིལ་འཁོར། ཨོཾ་ཡེ་དྷརྨ་སོགས་ཎཿསྭཱ་ཧཱ༔ ཤར་ལྷོར་རང་རྒྱལ་ཐེག་པའི་དཀྱིལ་འཁོར། ཨོཾ་མ་ཧཱ་ཀ་རུ་ཎི་ཀ་སརྦ་བྷོ་དྷི་སཏྭ་སྭ་ཧཱ༔ བྱང་ཕྱོགས་བྱང་སེམས་ཐེག་པའི་དཀྱིལ་འཁོར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱཧཱ༔ ཞེས་དཀྱིལ་འཁོར་སྤྱི་དང༌། ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་གཙོ་བོ་རིགས་གསུམ་སྔགས་བཅས་བཟླ། ཨོཾ་བཛྲ་བཻ་རོ་ཙ་ན་ཨཀྵོ་བྷྱ་རཏྣ་སཾ་བྷ་ཝ་པདྨ་དྷ་ར་ཧཱུྃ་སྭཱ་ཧཱ༔ ལྷོ་ཕྱོགས་སུ་ཨུ་བྷ་རིགས་བཞི་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་རི་ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང༌། ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ན་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏ་དྱ་ཐཱ༔ ཨོཾ་ཤོ་དྷ་ནི་ཤོ་དྷ་ནི༔ སརྦ་པཱ་པཾ་ཤོ་དྷ་ནི༔ ཤུདྡྷེ་ཤུདྡྷེ་སརྦ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱཧཱ༔ གཙོ་བོ་ངན་སོང་སྦྱོང་བ་རྣམ་སྣང་གི་གཟུངས་ཀྱང་བཟླ། སོ་སོའི་བཟླས་པ་འདི་དག་གྲངས་ཚད་ཁྲི་རེ་གསུངས། རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ ཞེས་པའི་དགོངས་པ་དང་མ་བྲལ་བས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཁྲག་འཐུང་རབ་འབྱམས་སྤྱི་དྲིལ་གྱི་སྔགས་འབུམ་ཕྲག་བཞི་བཟླ་བའམ། ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ ཞེས་གསུངས་པས་གཙོ་འཁོར་ལྷ་ཚོགས་ཐམས་ཅད་ཀུན་འདུས་ཀྱི་སྤྱི་སྔགས་སྙིང་པོ་མཐར་ཐུག་ཡིན་པས་བཟླས་གྲངས་ཇི་ཙམ་མང་བཞིན་ལེགས་པའང་ཤེས་པར་བྱའོ། །ཡན་ལག་གི་དཀྱིལ་འཁོར་སོ་སོའི་བཟླས་པ་མ་གྲུབ་ན། བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔སོགས་ཀྱི་དམིགས་བཟླས་མཐར་རུ་ལུ་ཁོ་ན་བཟླ་བ་མཁན་ཆེན་རཏྣའི་ཟིན་བྲིས་སུ་གསུངས་པ་དང་སྔ་འགྱུར་གྱི་རྒྱུད་རྣམས་སུའང༌། རུ་ལུ་འདི་ཉིད་སྤྱི་སྙིང་དུ་བསྔགས་པར་མཛད་པ་ལྟར་ལགས་ཀྱང༌། རྩ་བ་ཡན་ལག་གི་ཐེག་པ་དགུ་བསྒྲིལ་གྱི་ལྷ་སྔགས་སོ་སོའི་བཟླས་གྲངས་བསྐྱལ་ན་ཤིན་ཏུ་ལེགས་པར་སེམས་སོ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཚུལ་འདི་ནི་ཚིགས་ཚོགས་ཤིན་ཏུ་ཁྱེར་བདེ་བཅུད་དྲིལ་མཛད་པ་ལས་ལྷ་དང་དཀྱིལ་འཁོར་ཚོམ་བུའི་བཀོད་པ་ཤིན་ཏུ་རྒྱས་པས་བསྙེན་སྒྲུབ་ཀྱི་སྐབས་ཛཔ་དམིགས་འདི་བཞིན་ངེས་པར་སྦྱར་ཏེ་བསྙེན་སྒྲུབ་ཡན་ལག་བཞི་རུ་དབྱེ་བ་ངེས་པར་གལ་ཆེ་བའང་ཤེས་པར་བྱའོ། ༈ གཉིས་པ་ནི། ཡང་ན་བསྙེན་སྒྲུབ་ཀྱི་བཟླས་དམིགས་བསྡུས་པའི་ལུགས་སུ་བྱེད་པ་ལ། དང་པོའི་བསྙེན་པ་གཙོ་དགུའི་བཟླས་པ་ནི། ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཞེས་པའི་རྗེས། རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐར་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཞེས་གཞུང་དུ་བསྙེན་དམིགས་མ་གསུངས་ཀྱང་ཚུལ་འདི་སྦྱར་ན་ལེགས་སྙམ་གྱིས་བཀོད་པ་སྟེ། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཀྱིས་གཙོ་བོ་དང༌། དེ་བཞིན་དུ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཤར། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ལྷོ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ནུབ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ བྱང་སྟེ་རྒྱུད་ཀྱི་ཁྲོ་བོ་བཞིའོ། ཨོཾ་གུཧྱ་ཤྲཱི་ཧེ་རུ་ཀ་གུཧྱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཤར་ལྷོ། ཨོཾ་ས་ནུ་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ལྷོ་ནུབ། ཨོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཡཀྴ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ནུབ་བྱང༌། ཨོཾ་རཀྴ་ཤྲཱི་ཧེ་རུ་ཀ་རཀྴ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ བྱང་ཤར་ཏེ་ལུང་གི་ཁྲོ་བོ་བཞིའོ། །དེ་རྣམས་ཀྱི་དཔལ་ཆེན་པོ་གཙོ་དགུ་གསལ་བཏབ་ལ་གང་འོས་བཟླ་ཞིང༌། གཉིས་པ་འཁོར་ཁྲག་འཐུང་སྤྱི་དྲིལ་གྱི་བཟླས་པ་ནི། ཛཔ་ཁང་ཕྱེས་ཏེ་ཛཔ་བསྐུལ་རྗེས། གཏེར་གཞུང་ལས། ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ བདག་མདུན་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་འོད་གསལ་ལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་དུ་གྱུར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་ཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔ བསྡུས་པའི་སྐབས་འདིར་སྟེང་ཁང་གི་ཞི་བ་ཞེ་གཉིས་རྩ་བ་ཡན་ལག་གི་དཀྱིལ་འཁོར་བཅས་གསལ་འདེབས་ཤིང་རུ་ལུ་ཁོ་ན་བཟླ་བར་གསུངས། གཏེར་གཞུང་དུ་འབུམ་ཕྲག་བཞི་གསུངས་ཀྱང་ཁྲག་འཐུང་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་དྲིལ་ཆེན་པོ་ཡིན་པས་གྲངས་ཚད་ཀྱང་བྱེ་བ་གཅིག་ལས་མི་ཉུང་བ་བཟླ་བར་གཅེས་སོ། །དུས་གྲངས་ཀྱི་བསྙེན་པ་ཐེམས་པའི་རྗེས་ཚོགས་མཆོད་དང་གཏོར་མ་རྒྱས་སྤྲོས་བཅས་བདག་འཇུག་གི་དབང་ལེན་བཅས། ཞག་བདུན་ནམ་ལྔ། གསུམ་ཅི་རིགས་དང་དངོས་གྲུབ་ལེན་པའི་ཆོ་ག་བཅས་མཐའ་རྒྱས་དང༌། ཁ་སྐོང་ཞི་བའི་སྦྱིན་སྲེག་ཀྱང་བསྙེན་པའི་བཅུ་ཆ་འགྲོ་ངེས་དང༌། རྗེས་འབྲེལ་མྱོང་གྲོལ་བདུད་རྩིའི་སྒྲུབ་པའང་གྲུབ་ན་ངེས་པར་བྱ་ཞིང་མཐའ་རྟེན་བདུད་རྩིའི་ཆོས་སྨན་གྱི་ཚེ་ལུང་བཞིན་ཚེ་སྒྲུབ་ཀྱང་སྦྱར་ན་ལེགས་པའི་ཕྱིར། ཚེ་འབྲང༌། ཚེ་རིལ་ཆང༌། མདའ་དར་སོགས་བཤམས་པ་གཞུང་ལྟར་བྱ། རྩ་བའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བའམ། ལས་བྱང་གི་བསྟོད་པའི་རྗེས། གང་བདེར། ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོ་ལོངས་སྤྱོད་རྫོགས་པའི་ཆས༔ ཕྱག་གཡོན་མཉམ་བཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱི་གང་རྒྱར་གཏམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་བུམ་ཁ་བཀབ་སྟེ༔ རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱི་སྤྲས༔ ཐུགས་ཀར་ཉི་ཟླའི་གྭའུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨས་མཚན༔ གྭའུ་སྟེང་དུ་ཧྲཱིཿཡིག་ལས༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ གྭའུ་ནང་དང་བུམ་པའི་ནང༔ ཡོངས་སུ་གང་ཞིང་འཕེལ་བ་ཡིས༔ ཧེ་རུ་ཀ་དཔལ་སྐུ་ཡི་ནང༔ ཚེ་ཡི་བདུད་རྩིའི་གང་བར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་གུ་རུ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཞེས་རྩེ་གཅིག་ཏུ་བཟླ། ཐུན་མཐར་མདའ་དར་གཡབ་ལ། ཐུགས་ཀར་ཚེ་དཔག་མེད་པ་ཡི༔ ཐུགས་ལས་མགྱོགས་མའི་ཚོགས་སྤྲོས་ཏེ༔ ཕྱོགས་བཅུའི་ཚེ་བཅུད་འགུགས་པར་གྱུར༔ ཧཱུྃ༔ བདུད་རྩི་འི་གང་རྒྱ་སྨན་གྱི་ལུང༔ རཏྣ་པདྨ་ཚེ་ཡི་ལུང༔ བཛྲ་པདྨ་ཕོ་ཉ་སྤྲོས༔ འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི༔ ཚེ་དང་སྨན་གྱི་བཅུད་བསྡུས་ལ༔ གནས་འདིར་ད་ལྟ་ཉིད་དུ་ཁུག༔ མགྱོགས་མ་བཞི་དང་མཁའ་འགྲོ་བཞི༔ སྲོག་བདག་བཞི་དང་ཤུགས་འགྲོ་བཞི༔ སྲིད་གསུམ་ཚེ་ཡི་བདག་མོ་རྣམས༔ ཚེ་དང་སྨན་གྱི་བཅུད་འདིར་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཞེས་དང༌། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་བཏབ་པོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་རྒྱས་བཏབ་བྱ། བསྙེན་ཚད་འཁྱོལ་བའི་ཚེ་གཞུང་གི་དངོས་གྲུབ་ལེན་པ་དང་བཅས་ཆབས་ཅིག་གམ་ཡང་ན་ཚེ་དབང་ལྟར་སྒྲུབ་རྫས་ཀྱི་དངོས་གྲུབ་ལེན་པར་བྱའོ། །གཉིས་པ་ནང་སྐོར་མཁའ་འགྲོའི་བསྐྱེད་བཟླས་ཇི་ལྟར་བྱ་ཚུལ་ནི། ཚུལ་འདིའི་བསྙེན་སྒྲུབ་བྱེད་པའི་སྐབས་སྒྲུབ་པའི་རྟེན་དུ་ཕྱི་དཀྱིལ་ཕྱི་རུ་བཀོད་པ་ནི། མདུན་གྱི་སྟེགས་བུར་ཟངས་ཀྱི་མཎྜལ་སྟེང་སིནྡྷཱུ་རའི་རྡུལ་གྱིས་སྦགས་པར་ཆོས་འབྱུང་བསྣོལ་མ་བྲིས་པའི་ལྟེ་བར་མེ་ཏོག་དམར་པོའི་ཚོམ་བུའི་སྟེང་མཉྫའི་ཁར་བྷཉྫ་མཚན་ལྡན་བདུད་རྩིའི་གཏམ་པ། མཁར་བའི་མེ་ལོང་ལ་སིན་དྷཱུ་རའིཆོས་འབྱུང་གི་དབུས་སུ་བྃ། རྩིབས་དྲུག་ལ་བྃ་གྱི་མདུན་ནས། ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ། རྣམས་ཡིག་ངོ་ནང་བསྟན་གཡས་བསྐོར་དུ་བཀོད་པ་ལ་དར་དམར་གྱི་གུར་ཕུབ་མཐར་ཕྱི་ནང་གི་མཆོད་པས་བསྐོར་བ་དང༌། ནང་དཀྱིལ་ལུས་ལ་འགོད་པ་ནི། སྲོག་འཁོར་ཏེ་དར་རས་སམ་ཤོག་བུ་དམར་པོ་ལ་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། གནས་ཆེན་གྱི་རང་བྱུང་གི་ཅུ་གང་དང་སིནྡྷཱུ་ར་མཚལ་དང་སྦྱར་ནས་ཆོས་འབྱུང་ཟུར་དྲུག་མུ་ཁྱུད་དང་བཅས་པའི་ལྟེ་བ་དང་རྩིབས་ལ་ས་བོན་རྣམས་སྔ་མ་ལྟར་བཀོད། མུ་ཁྱུད་དང་པོར་བསྙེན་སྒྲུབ་ཀྱི་སྔགས་མཐར། སརྦ་བུདྡྷ་ཀྲོ་དྷཱི་ཤྭ་རི་ཀཱ་ཡ་ཝཱཀྐ་ཙིཏྟ་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཾཿཧྲཱིཾཿཕེཾ་ཕེཾ་ཛཿཧཱུྃ་བྃ་ཧོཿ མུ་ཁྱུད་གཉིས་པར། དབྱངས་གསལ་རྟེན་སྙིང༌། གསུམ་པར་རྡོ་ར་མེ་རིས་བསྐོར་བ་ལ་བྲིས་རྫས་ཀྱིས་བྱུག་ནས་རབ་ཏུ་གནས་ཏེ་མི་ལག་ཏུ་མི་བརྒྱུད་པར་ལུས་ཀྱི་དྲོད་དང་མ་བྲལ་བར་བཅངས་གསུངས། གསང་དཀྱིལ་སེམས་ལ་འགོད་པ་ནི། རྫོགས་རིམ་གྱི་ཚུལ་དུ་འོག་ནས་འཆད་པར་འགྱུར་རོ། །དེ་ལྟར་སྒྲུབ་པའི་རྫས་རྣམས་ཚོགས་པ་དང༌། མར་ངོའི་ཚེས་བཅུ་སོགས་ཁྱད་པར་གྱི་དུས་ཚེས་བཟང་པོའི་ཕྱི་ཐུན་ནམ། སྲོད་ཐུན་གང་བདེ་ནས་བསྙེན་སྒྲུབ་ལ་འཇུག །དེ་ཡང་གཏེར་གཞུང་ལས། སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་གྱི༔ ཏིང་འཛིན་གསལ་བརྟན་མཐར་ཕྱིན་བྱ༔ ཞེས་གསུངས་པ་ལྟར་སྐུ་བསྐྱེད་པ་དབྱིབས་ཀྱི་རྣལ་འབྱོར་གྱི་གསལ་སྣང་སྒྲུབ་པ་ནི། སྣོད་བཅུད་ཕྱི་ནང་གི་འབྱུང་བ་གང་ལྟར་སྣང་ཡང་འབྱུང་ལྔ་དག་པ་ཡུམ་གྱི་མཁའ་དབྱིངས་ལས་མ་འདས་པ་མཚོན་བྱེད་ས་གཞི་ལྗང་གུའི་སྟེང་དུ་གཞལ་ཡས་ཁང་རྟ་བབ་བཞི་པའམ་སྒོ་རྐྱང་གི་དབུས་སུ་ཆོས་འབྱུང་བསྣོལ་མ་གདན་ཐབས་མཐིང་ནག་ཁ་ཁྱེར་སྔོ་སྐྱ་ཅན་གྱི་མཐའ་བསྐོར་དུ་དུར་ཁྲོད་བརྒྱད་དང་པདྨ་རྭ་བ་སྲུང་འཁོར་མེ་རིས་བསྐོར་བའི་དབུས་སུ་སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བར་པད་ཉི་བཾ་རོའི་སྟེང་དུ། སྲིད་པའི་ཀུན་འབྱུང་ལས་ཉོན་སྡུག་བསྔལ་གྱི་རྟེན་ཚོགས་དྲུག་དག་པ་དོན་གྱི་བཞུགས་ཚུལ་ཡེ་ཤེས་མཁའ་འགྲོ་དྲུག་གི་དཀྱིལ་འཁོར་དུ་གདོད་ནས་གནས་པའི་སྣང་ཆ་འབུམ་ཕྲག་མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་སྟོབས་ལྡན་མའི་རྣམ་པར་བཞེངས་པའི་འཁོར་དུ་ཚོགས་དྲུག་དག་པའི་འཁོར་གྱི་ཌཱ་ཀི་དྲུག་དང་བཅས་པའི་ཞལ་ཞི་མ་ཁྲོ་ཕྱག་མཚན་རྒྱན་ཆས་ཡོངས་སུ་རྫོགས་པ་འཇའ་འོད་མེ་དཔུང་གི་དབུས་ན་བཞུགས་པ་བསྐྱེད་ཆོག་གཞུང་ལྟར་གསལ་བ། ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་དང༌། མཁའ་འགྲོའི་ལས་བྱང་ལྟོ་སྦྱར་བའི་ལས་རིམ་རྫོགས་པར་བཏང་ལ་སྤྱི་ལྟར་གསལ་སྣང་ལེགས་པར་བསྒྲུབ། དེས་སྐྱོ་བའམ། བོགས་འབྱིན་གྱི་སླད་དུ་གསུང་བཟླས་པའི་བསྙེན་སྒྲུབ་ལས་གསུམ་བྱ་བ་ནི། རང་ཉིད་བདེ་བའི་སྟོབས་ལྡན་མའི༔ ཐུགས་ཀར་ཙིཏྟ་རིན་པོ་ཆེ༔ ཟུར་དྲུག་མཆོང་གུར་ལྟ་བུའི་དབུས༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང༔ བཾ་ཡིག་མར་མེ་ལྟར་འབར་བའི༔ ནཱ་ད་ལས་ནི་སྔགས་ཀྱི་ཕྲེང༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་ཆེན་རྩོལ་མེད་སྐྱེ་བར་བསམ༔ ཞེས་པ་ལྟར། ཐུགས་རིན་པོ་ཆེ་ཟུར་དྲུག་སྨུག་པོའི་དབུས་སུ་ཉི་ཟླའི་གྭའུའི་ནང་བཾ་ཡིག་མཐིང་ནག་གི་ནཱ་ད་ལས་བྱུང་བའི་སྔགས་ཕྲེང་སྤྲོས་ཏེ་མདུན་ནས་ཞལ་ནང་བསྟན་གྱི་གཡས་སུ་འཁོད་པ་ལ་གཡོན་དུ་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་ལུས་ཀྱི་ནང་གང༌། མུན་ཁང་དུ་སྒྲོན་མེ་བཏེགས་པ་ལྟར་ལས་ཉོན་གྱི་སྒྲིབ་པ་སངས་ཀྱིས་བསལ། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་མོས་ལ་འགོག་བཟླས་བྱ་བར་གསུངས། གྲངས་བསྙེན་སྔགས་འབུམ་ཕྲག་བཞི་བཟླ། མཁའ་འགྲོའི་ཐུགས་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བའི་དབུས་སུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་བཾ་གྱིས་མཚན་པའི་ཆོས་འབྱུང་གི་ཟུར་དྲུག་ལ་ངོ་བོ་ལྷ་ལ་རྣམ་པ་ས་བོན། དོན་དམ་ཚོགས་དྲུག་དག་པའི་ཡེ་ཤེས་དྲུག་གི་བདག་ཉིད་ཅན་གྱི་སྔགས་ཀྱི་རང་སྒྲ་སྒྲོགས་པས་རབ་འབྱམས་ཕྱོགས་དུས་ཀྱི་ཞིང་གི་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཆོམ་བུ་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པས་མཉེས་ཤིང་ཐུགས་རྒྱུད་བསྐུལ་ཏེ་བདུད་རྩིའི་རྣམ་པར་ཞུ་བ་ཆར་དུ་བབ་པ་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ནས་སྒྲུབ་པའི་སྔགས་ཁྲི་ཕྲག་བཞི་བཟླ། སྒྲུབ་རྟེན་ཐོད་པའི་མདུན་དུ་བྷཉྫ་མཚན་ལྡན་བདུད་རྩིའི་རིལ་བུའམ་ཆོས་སྨན་དང༌། དར་སྣ་རིན་ཆེན་འབྲུ་སྨན་གྱིས་བཀང་བ་དར་དམར་གྱིས་བཀབ་པ་གསར་དུ་བཤམས་ལ། བསྙེན་སྒྲུབ་ཀྱི་བཟླས་པ་གྲུབ་པའི་རྗེས། རང་མདུན་དུར་ཁྲོད་འཇིགས་པའི་དབུས༔ ཀེང་རུས་བརྩེགས་པའི་སོགས་ནས། དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཨོཾ་བཛྲ་ཧཱ་ན་དྷ་ཧཱ་ན་ད་ཧ་ན་སིདྡྷི་ཧཱུྃ༔ ཞེས་ལས་སྦྱོར་གྱི་སྔགས་ཁྲི་གཅིག་གྲངས་ཚད་དུ་གསུངས། རྟག་མཚན་འགྱངས་ན། སརྦ་སིདྡྷི་ཧྲཱིཾཿཧྲཱིཾཿཕེཾ་ཕེཾ་སྡུས་སྡུས་ཝཱ་ཤཾ་ཀུ་རུ་ཛཿཧཱུྃ་བྃ་ཧོཿ ལས་སྦྱོར་གྱི་ཤམ་བུར་འདི་བཏགས་ཏེ་བཟླ་བར་བྱའོ། །གང་ལྟར་ཡང༌། བསྙེན་སྒྲུབ་གྲུབ་ནས་དངོས་གྲུབ་བླངས་བ་གཏང་རག་སོགས་སྤྱིར་ལྟར་དང༌། རྟེན་རྣམས་འབྲལ་མེད་དུ་འཆང་བར་བྱའོ། ༈ གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། གསང་དཀྱིལ་སེམས་ལ་འགོད་པ་ནི༔ མཚན་མེད་ཟབ་མོའི་རྫོགས་རིམ་སྟེ༔ ཐུན་དང་ཐུན་མཚམས་ཐམས་ཅད་དུ༔ སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ནས༔ ཞེས་གསུངས་པ་ལྟར། རྫོགས་རིམ་རླུང་སེམས་གཉིས་མེད་ནི། གསང་བ་ངེས་དོན་གྱི་མཁའ་འགྲོའི་དཀྱིལ་འཁོར་སེམས་ཀྱི་བདག་ཉིད་དུ་གདོད་ནས་བཞུགས་པའི་གནས་ལུགས་ཉམས་སུ་ལེན་པ་ལ་དངོས་གཞིའི་ཉམས་རྟོགས་སྐྱེ་བ་སྔོན་འགྲོ་མཐར་ཕྱིན་པ་གལ་ཆེ་བས་ན་སྔོན་འགྲོ་བསགས་སྦྱངས་རྣམས་ནང་སྐོར་གྱི་ཐོག་མའི་སྐབས་ལྟར་ཅི་ནུས་སུ་ཉམས་སུ་ལེན་པ་དང༌། ཁྱད་པར་ངེས་འབྱུང་དང་དད་མོས་བརྩོན་འགྲུས་དྲན་ཤེས་ཀྱི་གསལ་འདེབས་གཤའ་མ་རྣམས་དང༌། དངོས་གཞིའི་ཉམས་ལེན་གཉིས། གཅིག་གྲོགས་གཅིག་གིས་བྱ་བ་ནི། འདི་ཙམ་དུ་མ་ཟད་གོང་འོག་ཐམས་ཅད་དུ་ཤེས་པར་བྱ་དགོས་ཤིང༌། དངོས་གཞི་མཁའ་འགྲོའི་བསྐྱེད་བཟླས་ཁྱུག་ཙམ་སྔོན་དུ་བཏང་སྟེ། བདེ་བའི་སྟན་ལ་ལུས་གནད་བསྲང༔ རླུང་རོ་བསལ་ཞིང་འོག་གི་རླུང༔ ཡིད་ཙམ་འཐེན་ལ་ལྟེ་བར་བསྐྱིལ༔ ལུས་སེམས་བདེ་བས་ཁྱབ་པར་བསམ༔ ཞེས་གསུངས་པ་ལྟར། སྟན་བདེ་བ་ལ་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས་ལུས་གནད་དྲང་པོར་བསྲང་ལ་རླུང་རོ་སུམ་ཕྲུགས་སུ་བསལ། འོག་རླུང་ཡིད་ཙམ་འཐེན་ལ་ལྟེ་བར་བསྐྱིལ་བས་ལུས་སེམས་ཐམས་ཅད་བདེ་ཉམས་ཀྱིས་ཁྱབ་པར་དམིགས། དབང་པོའི་སྒོ་རྣམས་ནང་དུ་མི་བསྡུ་ཞིང་ཁྱད་པར་མིག་མི་འགུལ་བར། བར་སྣང་དུ་ཧ་རེར་གཏོད། རིག་པ་མིག་ལ་གཏད་པས་ངར་ཐོན་ཏེ་གསལ་སྟོང་བརྗོད་མེད་ཀྱི་ཉམས་སྐྱེས་པའི་ངང་བསྐྱངས། བདེ་གསལ་གྱི་ཉམས་དེས་དྲངས་པའི་རང་སེམས་གཉུག་མའི་གཤིས་ལུགས་རྣམ་རྟོག་གིས་མ་དཀྲུགས་པའི་ཆོས་ཉིད་རྗེན་པ་རྟོག་བྲལ་བསམ་འདས་ཆེན་པོའི་ཉམས་མྱོང་སྐྱེས་པའི་རང་ངོ་སྐྱོང༌། མདོར་ན་ཕྱི་གཙོ་འཁོར་གྱི་རྣམ་པར་སྣང་བའི་མཁའ་འགྲོའི་དཀྱིལ་འཁོར་རྣམས་ནང་རང་རིག་བདེ་གསལ་མི་རྟོག་པའི་ཡེ་ཤེས་གཅིག་གི་ཆོ་འཕྲུལ་ལས་གཞན་དུ་མེད་པར་ལ་བཟླས་པས་དོན་གྱི་ཡེ་ཤེས་རླུང་སེམས་རྩོལ་མེད་ཀྱི་བྱེད་པས་རྒྱུད་ལ་འདྲེན་པ་ཟབ་མྱུར་ཉམས་ལེན་བདེ་བའི་རྫོགས་རིམ་རྣོ་ཁྱད་ཅན་ཐུན་མིན་ཏེ་ཐུན་དངོས་གཞི་དང་ཐུན་མཚམས་ཐམས་ཅད་ཀྱི་སྐབས་སུ་ཉམས་ལེན་ཅི་ནུས་སུ་འབད་པ་གལ་ཆེ་ཞིང༌། དེར་མ་ཟད་ལྷན་སྐྱེས་དོན་གྱི་ཡེ་ཤེས་དངོས་རྒྱུད་ལ་འདྲེན་པ་ལ་སྔགས་ལམ་གྱི་ཐབས་ཐམས་ཅད་ལས་ཟབ་ཤོས་སྟོང་ཉིད་ཤེས་རབ་ཀྱི་ནུས་པ་ཡིན་ལ། རྟེན་འབྲེལ་དེའི་དབང་གིས་མཁའ་འགྲོའི་བསྐྱེད་རྫོགས་ཟབ་མོ་འདི་ལྟ་བུ་ནི། ལམ་འདི་ཉམས་སུ་ལེན་པའི་བོགས་འབྱིན་དུ་མེད་དུ་མི་རུང་བ་ཡིན་ཕྱིར་ལྷག་པར་ཉམས་སུ་ལེན་པ་གལ་ཆེའོ། །རྩ་བའི་གཉིས་པ་རྫོགས་པའི་རིམ་པ་ལ། སྔོན་འགྲོའི་ཁྲིད་ཀྱི་བྱིན་རླབས་བརྡ་བཞི་བསྟན་པ། དངོས་གཞི་བརྡ་བཞིའི་སྒོམ་ཚུལ་བསྟན་པ། རྗེས་འབྲེལ་ཤན་འབྱེད། ནམ་མཁའི་སྒོ་འབྱེད་དོ། །དང་པོ་ནི། མདོ་བྱང་ལས། ཁྲིད་ཀྱི་བྱིན་རླབས་བརྡ་བཞི་བསྟན་པ་དང༔ སོགས་ཀྱིས་གསལ་བ་ལྟར་ལོ་ཆེན་བཻ་རོས་སྤང་མི་ཕམ་མགོན་པོ་དང༌། གཡུ་སྒྲ་ལ་རུ་དམ་ཕ་བང་ནག་པོའི་སྟེང་ནས་གནང་བ་མཚོ་རྒྱལ་གྱི་གཏེར་རྒྱས་གདམས་པ་གསུངས་པ་ལོ་རྒྱུས་སྙིང་གི་ཏི་ཀ་རུའང་ཟུར་ཙམ་གསལ་བ་ལྟར། འཕྲོ་ལུས། ༈ གསུམ་པ་གསང་སྐོར་མན་ངག་སྡེའི་སྐོར་གྱི་ཁྲིད་ལ། ལོ་རྒྱུས་ལས། དངོས་གཞི་ཁྲིད་གསུམ་གྱིས་གྲོལ་ཞིང༔ ཞེས་གསུངས་པ་ལྟར་འཆད་པ་ལ། གསང་སྐོར་ཁྲིད་ཀྱི་རིམ་པ་ལས། གསང་སྐོར་ཁྲིད་ཀྱི་རིམ་པ་ནི༔ གཞི་ལམ་འབྲས་བུའི་བསྟན་པའོ༔ ཞེས་གསུངས་པ་ལྟར་གཞི་གདོད་མའི་གནས་ལུགས། དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ལམ། མཐར་ཕྱིན་འབྲས་བུའི་ས་བཤད་པའོ། །དང་པོ་ལའང་གཉིས། འཁྲུལ་གྲོལ་གྱི་གཞི་དང༌། གྲོལ་གཞི་དངོས་ཀྱི་དཔེ་དོན་བཤད་པའོ། །དང་པོ་ནི། དང་པོ་ནམ་མཁའ་ལྟ་བུའི་སེམས༔ རིག་དང་མ་རིག་འཁོར་འདས་ཀྱི༔ ས་མཚམས་གྲིབ་སོ་ཙམ་ལས་མེད༔ ཅེས་པ་སྟེ། །འཁོར་འདས་གང་དུ་ཡང་མ་ཕྱེ་པའི་དང་པོ་ཆོས་ཉིད་ཅིར་ཡང་མ་ཡིན་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་པ། རང་གདངས་གསལ་ལ་འགྲིབ་པ་མེད་པ། སྟོང་ལ་གོ་འབྱེད་པ། རིག་ལ་འཆར་བའི་གཞིར་གྱུར་པ། དབྱིངས་སུ་གནས་ལ་ཕྱིར་མ་འཕྲོས་པ། སྣང་བར་གསལ་ཡང་ངང་ལས་མི་གཡོ་བ། རིག་པར་གནས་ལ་རྟོག་པར་མ་འགྱུས་པ་ནི། གཞོན་ནུ་བུམ་པའི་སྐུ་ཀ་དག་ཆེན་པོ་ཞེས་བྱ་བ་ནམ་མཁའ་ལྟ་བུའི་ཆོས་ཉིད་དེ། དེའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་ཆོས་རྣམས་སོ་སོ་མ་ཡིན་ཐ་དད་དུ་མི་གནས་པ་ཆུའི་དབྱིངས་ན་གཟུགས་བརྙན་ལྟར་བཞུགས་ལ་དེ་ནི་ཆོས་ཉིད་དག་པའི་ཡེ་གདངས་ཞེས་བྱ་ཞིང༌། རྟོག་དཔྱོད་འཆར་བའི་འཁྲུལ་གཞི་དང༌། རང་རིག་པའི་གྲོལ་གཞི་གཉིས་འཆར་རུང་དུ་ཡོད་པ་ལ་ཡེ་ཤེས་ཀྱི་རྩལ་གཡོས་པས་ཕྱིར་གསལ་དུ་ཤར་ནས། འོད་ལྔ་ལྷུན་གྲུབ་ཀྱི་གདངས་འཇའ་ཚོན་ལྟ་བུ་དང༌། ལོངས་སྐུའི་ཞི་ཁྲོའི་དཀྱིལ་འཁོར། རང་བཞིན་སྤྲུལ་པའི་ཞིང་ལྔ། འགྲོ་དྲུག་གི་འཇིག་རྟེན། ཐུབ་པ་དྲུག་དང་བཅས་པ་སྟེ། འོད་སྐུ་ཟེར་དུ་ཤར་བ་འཁོར་འདས་ཕྱོགས་རིས་མེད། གང་ལའང་རྣམ་པར་མི་རྟོག་པའི་གཞི་སྣང་ཆེན་པོ་རིག་པའི་ཆོ་འཕྲུལ་དུ་ཤར་བའི་ཚེ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དབྱིངས་ནས་ཡེ་ཤེས་སྐད་ཅིག་དང་པོ་ཉུག་ཙམ་སྣང་བར་ཤར་དུས། རང་སྣང་དུ་ཧྲིག་གིས་རིག་པས་ལུས་དང་གྲིབ་མ་བཞིན་གྲོལ་འཁྲུལ་གྱི་བྱེ་བྲག་ཕྱེད་དེ་གཞི་སྣང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ནང་གསལ་དུ་ཐིམ་ནས། མ་རིག་པའི་སྒྲིབ་པ་ཝལ་གྱིས་བསལ་ནས། གདོད་མའི་དབྱིངས་སུ་འཕོ་འགྱུར་མེད་པར་ཁྱད་ཆོས་དྲུག་གིས་གྲོལ་བ་སྟེ། ལུང་སྟོན་བྱེད་ཀྱི་སློབ་དཔོན་མེད་པར་རང་བྱུང་གི་སངས་རྒྱས་ལ་ལུང་ལས་མ་བྱུང་བའི་མན་ངག་མངའ། གཟུང་འཛིན་ཀུན་བརྟགས་ཀྱི་ཡེ་ཤེས་ཟད་སར་འཁྱོལ་བས་ཡེ་ཤེས་ཉིད་རང་གསལ་བའི་རང་རིག་ཚོགས་གཉིས་ཀྱི་རྒྱུ་རྐྱེན་གཞན་གྱིས་བསྐྱེད་པ་མེད་པས་ཡེ་གྲོལ་གྱི་འབྲས་བུ་མཐར་ཕྱིན་པ། བཞིན་དང་མེ་ལོང་གི་གཟུགས་ལྟར་འོད་གསལ་རང་སྣང་རིག་པ་ཉིད་དེ་ལྟར་སྣང་བས་རང་ཤར། འཁྲུལ་མེད་ཡེ་ཡིན་ཆེན་པོ་རྟོགས་པས་རང་གྲོལ་དུ་གྱུར་མ་ཐག་དབྱིངས་ནས་ཤར་བའི་སྣང་བ་ལུང་མ་བསྟན་གྲོལ་འཁྲུལ་གྱི་གཞི་ཅན་ཉིད། རང་སྣང་རིག་གདངས་སུ་ཐག་ཆོད་དེ་ངོ་ཤེས་པའི་རིག་པས་ལྷན་སྐྱེས་ཀྱི་མ་རིག་པ་བཅོམ། རིག་པ་རྒྱུན་ཆད་མེད་པས་བདག་ཉིད་གཅིག་པའི་མ་རིག་པ་བཅོམ། རང་སྣང་ལ་གཟུང་འཛིན་མེད་པས་ཀུན་བརྟགས་ཀྱི་མ་རིག་པ་བཅོམ། དེའི་ཚེ་གདོད་མའི་ངང་ལས་ཡུད་ཙམ་སྣང་ཞིང་གཡོས་ཀྱང་དེ་མ་ཐག་རང་རིག་པས་བཙན་ས་ཟིན་ཏེ་རིག་མཁན་ཉིད་ཀྱང་གྲོལ་ནས་རིག་དང་རིག་གདངས་ཤན་ཕྱེ་ནས་འཕོ་འགྱུར་མེད་པའི་ངང་ནས། གཞན་དོན་ལྷུན་གྲུབ་ཏུ་ཐུགས་རྗེ་དང་ཕྲིན་ལས། བྱིན་རླབས་ཀྱི་ཆོ་འཕྲུལ། གདུལ་བྱ་མོས་པའི་རང་སྣང་དུ་འབད་རྩོལ་མེད་པར་རང་བྱུང་བའོ། །ཁམས་གསུམ་སེམས་ཅན་རྣམས་དབྱིངས་སྣང་སྐད་ཅིག་མ་རང་སྣང་དུ་ངོ་མ་ཤེས་པས་འཁྲུལ་པ་རྨི་ལམ་གྱི་འཇིགས་སྣང་ལྟར་ཇེ་རགས་སུ་སོང་སྟེ་རྒྱུའི་རྐྱེན་མི་རྟོག་པའི་ཆ་ངོ་མ་ཤེས་པ་བདག་ཉིད་གཅིག་པའི་མ་རིག་པ་གཞི་ལ་མེད་ཀྱང་ངེས་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་བ་ལ་ཡེ་ལྡན་གྱི་ཚུལ། རང་བཞིན་འོད་གསལ་རང་ངོ་མ་ཤེས་པའི་ལྷན་སྐྱེས་མ་རིག་པ་སྒོ་གཉིས་ཤར་བ་དང་དུས་མཉམ་གྱི་ཚུལ། ཐུགས་རྗེ་རང་རིག་ཏུ་ཤེས་པས་གཞན་དུ་བཟུང་བ་ཀུན་བརྟག་མ་རིག་གཟུང་འཛིན་རགས་པར་ཤར་བ་ཕྱིས་བྱུང་གི་ཚུལ་དུ་རྒྱས་པས། བདག་པོའི་རྐྱེན་རིག་པ། དམིགས་པའི་རྐྱེན་སྣང་བ། དེ་མ་ཐག་པའི་རྐྱེན་དེ་གསུམ་དུས་མཚུངས་སུ་ཚོགས་པ། འོད་ལྔ་ཡུལ་གྱི་འཁྲུལ་གཞི། རིག་པ་སེམས་ཀྱི་འཁྲུལ་གཞིར་གྱུར་ནས། གཟུགས་མེད། གཟུགས་ཁམས། འདོད་ཁམས་ཀྱི་གནས། འགྲོ་དྲུག་གི་གནས་དོན་ལུས་སུ་སྣང་བ་སྟེ་བདེ་སྡུག་གི་འཁྲུལ་སྣང་མཐའ་ཡས་པ་ལ་སྤྱོད་པ་སྟེ། དེས་ན་འཁོར་འདས་གཉིས་གཅིག་ཆར་རིག་པ་གཅིག་གི་ཆོས་ཉིད་དང་རང་གདངས་ལས་གཞན་དུ་མེད་ཀྱང་རང་ངོ་རིག་མ་རིག་གི་གནད་ལ་བརྟེན་ནས་གྲོལ་འཁྲུལ་གཉིས་བྱུང་བ་སྣང་མུན་གྱི་གྲིབ་སོ་ཙམ་ལས་མེད་པས་ལམ་ཁྲེགས་ཆོད་དང་ཐོད་རྒལ་གྱི་གནད་མངོན་དུ་བྱས་ཏེ་བསྣུན་པས། ཡིན་ལུགས་ཇི་བཞིན་མངོན་དུ་གྱུར་ནས་རིག་གདངས་གློ་བུར་གྱི་འཁྲུལ་པ་རང་སངས་ཏེ། དབང་རྣོན་ཚེ་འདིར་གྲོལ་ནུས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཉིས་པ་གྲོལ་གཞི་དངོས་ཀྱི་དཔེ་དོན་བཤད་པ་ལ། རྒྱལ་བུ་དམངས་སུ་བབས་པ་ན༔ བློན་པོས་ངོ་ཤེས་དབང་བསྐུར་ཚེ༔ རྒྱལ་པོས་ཁམས་གསུམ་དབང་དུ་སྡུད༔ དེ་བཞིན་རང་རིག་བྱང་ཆུབ་སེམས༔ དེ་ཡི་མཚན་ཉིད་བསྟན་པར་བྱ༔ ཞེས་པ་སྟེ་དཔེར་ན་འཁོར་ལོ་བསྒྱུར་བའི་རྒྱལ་རིགས་ཀྱི་ཁྱེའུ་དྭ་ཕྲུག་ཏུ་གྱུར་བས་རྐང་འཁྱམས་ནས་དམངས་བབས་ཏེ་ཡུལ་ཀུན་ཏུ་འཁྱར་བ་ན་བློན་པོ་ཆེན་པོ་ཞིག་གིས་དེའི་གནས་ཚུལ་ངོ་ཤེས་ཏེ་རྩད་བཅད་ནས་ཕ་ཡི་རྒྱལ་སར་དབང་བསྐུར་ཏེ་མངའ་གསོལ་བའི་ཚེ་དེས་ཀྱང་རིགས་དང་མཐུན་པའི་ལས་བརྩམས་ནས་རྒྱལ་སྲིད་བཟུང་ཞིང་བསྐྱངས་བས་ཐབས་དང་སྟོབས་ཀྱིས་ཁམས་གསུམ་གྱི་ཁྱོན་ན་གནས་པའི་ཆེ་རྒུ་འཁོར་དང་བཅས་པ་རང་གི་མངའ་འོག་ཏུ་བསྡུས་ནས་བྲན་བཞིན་བཀོལ་ཏེ་འབངས་ཀྱང་བདེ་ལ་བཀོད་ཅིང་རྒྱལ་པོའི་མངའ་ཐང་ཡང་རྒྱས་པར་གྱུར་བ་བཞིན། རང་ལ་ཡེ་ནས་གནས་པའི་རིག་སྟོང་འོད་གསལ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་རང་དང་འདུ་འབྲལ་མེད་པར་བཞུགས་ཀྱང་རང་གདངས་རང་སྣང་དུ་ངོ་མ་ཤེས་ཏེ་འཁྲུལ་སྣང་རང་རྒྱུད་དུ་སྤྱོད་པས་འཁོར་བར་ཁ་ཕྱིར་བལྟས་ཀྱིས་འཁྱམས་པའི་ཚེ་ཀུན་བྱེད་བྱང་ཆུབ་སེམས་དེ་ཡི་མཚན་ཉིད་དོན་གྱི་གནས་ལུགས་མ་ནོར་བའི་གནད་གསང་བླ་མའི་མན་ངག་གིས་མཐའ་བསྟན་ཏེ་ཉམས་སུ་བླང་བས་འཁྲུལ་པ་གཞི་ལ་དག་ནས་སྐུ་གསུམ་ཡེ་གནས་ཆེན་པོའི་དགོངས་པ་མངོན་དུ་གྱུར་པས་གྲོལ་ཏེ་ཕྱིར་མི་ལྡོག་པའི་བཙན་ས་ཟིན་པའི་ཐབས་ཀྱི་གསེང་ལམ་མཐར་ཐུག་ཏུ་ངེས་པས་ན་བསྐལ་བཟང་དག་གིས་ཉམས་ལེན་གྱི་སྙིང་པོར་བྱ་འོས་སོ། །སྤྱིར་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་ལམ་གནད་ཐམས་ཅད་གཞི་དང་གཞི་སྣང་གི་གྲོལ་འཁྲུལ་གྱི་ཤན་འབྱེད་འདི་ཤིན་ཏུ་གལ་ཆེ་ཞེས་ཡང་ཡང་གསུངས་བས་འདིར་ཡང་ཅུང་ཟད་སྤྲོས་ཏེ་བཤད་པའོ། །གཉིས་པ་དེ་ཉིད་མངོན་དུ་བྱེད་པའི་ལམ་བཤད་པ་ལ། ལྟ་བ། སྒོམ་པ། སྤྱོད་པ་ལམ་དུ་བྱེད་པའོ། །དང་པོ་ལྟ་བ་ལམ་དུ་བྱེད་ཚུལ་ནི། གསལ་ཞིང་རྙོགས་པ་མེད་པ་ལ༔ རིག་པ་རང་བྱུང་སྟོང་པའི་ངང༔ གསལ་སྟོང་དབྱེར་མེད་རྒྱུན་ཆད་བྲལ༔ འགྱུར་བ་མེད་ཅིང་ཀུན་ཏུ་རྟོག༔ འདི་ཡིན་མེད་པ་ངོས་བཟུང་བྲལ༔ འོན་ཀྱང་མྱོང་བ་ཅན་གྱི་གདངས༔ ངེས་པ་ཅན་དུ་གནས་པའོ༔ །ཞེས་པ་སྟེ། གཏན་ལ་དབབ་བྱ་རིག་པའི་རང་བཞིན་འོད་དུ་གསལ་བས་འཁོར་འདས་སྣ་ཚོགས་སུ་སྣང་བར་གྱུར་ཀྱང་གྲོལ་འཁྲུལ་གང་གི་སྐབས་སུ་ཡང་རང་གི་ངོ་བོ་ཀ་དག་ཡེ་གྲོལ་ཆེན་པོའི་གཤིས་ལུགས་ལ་ནི་ཉོན་མོངས་དང་འཁྲུལ་པས་རྙོགས་ཏེ་སྒྲིབ་པར་གྱུར་བ་མེད་ཅིང༌། ཐུགས་རྗེ་ཀུན་ཁྱབ་ཀྱི་རང་གདངས་འགག་མེད་ཅིར་ཡང་འཆར་བའི་ཕུག་དེད་ན་ཆོས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་ལས་མ་འདས་པའི་ཕྱིར། འཁྲུལ་རྟོག་སེམས་ཀྱི་བྱུང་ཚོད་ཐམས་ཅད་རྩད་བཅད་པས་རང་བྱུང་རིག་པའི་རྩལ་ལས་བྱུང་ཞིང་གནས་པ་ལྟར་སྣང་ཡང་དོན་ལ་བྱུང་གནས་ཀྱི་དུས་ཉིད་ནས་སྟོང་པའི་ངང་ལས་མ་འདས་པས། སྐྱེ་མེད་ཆོས་སྐུ། གནས་མེད་ལོངས་སྐུ། འགག་མེད་སྤྲུལ་སྐུ་སྟེ་ཡེ་ཤེས་གསུམ་ལྡན་གྱི་གནས་ལུགས་མྱོང་བས་གཏན་ལ་ཕབ་ནས། འོད་གསལ་ལྷུན་གྲུབ་དང་ཀ་དག་སྟོང་ཉིད་ཀྱི་དབྱིངས་ལས་ནམ་ཡང་འདུ་འབྲལ་མེད་པའམ། དབྱེར་མེད་པའི་ཡིན་ལུགས་ལ་རང་བཞིན་བབ་ཀྱི་དྲན་པས་ངོས་ཟིན་པར་བྱས་ཏེ་མྱོང་བས་འཕྲོ་གནས་གང་གི་སྐབས་སུ་ཐ་མལ་དུ་མ་འཁྲུལ་པས་རིག་པའི་ངོ་བོ་རྒྱུན་ཆད་མེད་པར་འཆར་ཞིང༌། རིག་རྩལ་སེམས་ཀྱི་འཕྲོ་འདུ་ཇི་ལྟར་བྱུང་ཡང་དགག་སྒྲུབ་མེད་པའི་གཤིས་ལ་བཞག་པས་རྩལ་རང་ཐིམ་སོང་ནས་ངོ་བོ་གཤིས་ལུགས་ལ་མཉམ་རྗེས་གང་གི་སྐབས་སུ་ཡང་འཕོ་འགྱུར་བྲི་གང་མེད་ཅིང་དུས་ཀུན་རྟག་པ་དམ་པའི་བདག་ཉིད་ཆེན་པོ་སྟེ་ཡིད་དཔྱོད་བློ་ཡི་སྤྱོད་ཡུལ་ལས་འདས་ཀྱང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བས་དངོས་པོ་དང༌། མཚན་མའི་ཆོས་ཀྱིས་འདི་ཡིན་གྱི་གཏད་སོ་མེད་པས་སྣང་སྟོང་ཕྱོགས་རེའི་མཚན་རྟོག་གི་ངོས་བཟུང་ཐམས་ཅད་བྲལ་ཞིང༌། འོན་ཀྱང་བེམ་ཆོས་དང་ཐ་མལ་དུ་ཡེངས་ལ་ཕྱལ་བར་ཤོར་བ། མི་རྟོག་ལུང་མ་བསྟན་མ་ཡིན་པ་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བའི་སྤྱོད་ཡུལ་ཅན་གྱི་བདག་ཉིད་ངོ་ཤེས་ནང་ནས་སྐྱེས་པས་ཐེ་ཚོམ་གྱི་སྨག་དང་བྲལ་བའི་ངེས་པ་ཅན་ཀུན་གཞི་ལུང་མ་བསྟན། ཀུན་གཞིའི་རྣམ་ཤེས་གསལ་རིག་གི་ཆ་ལས་འདས་པའི་ཚུལ་དུ་རྟོགས་པ་སྟེ། ཁ་ཕྱིར་བལྟས་ཐོས་བསམ་གྱི་རིགས་པས་དཔྱད་པའི་ལྟ་བ་གཏན་ལ་ཕབ་པ་ལྟ་བུ་མ་ཡིན་པ་དོན་གྱི་ཡིན་ལུགས་ནང་གི་ཉམས་མྱོང་གིས་ངོ་སྤྲད་པས་མིང་ལྟ་བར་བཏགས་ཀྱང་དོན་སྒོམ་པ་ཡིན་པས་འཁྲུལ་པའི་འཕྲུལ་འཁོར་བཤིག་པ་ལ་ཆེས་ཟབ་པའོ། །གཉིས་པ་སྒོམ་པ་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཉམས་ལེན་བཤད་པའོ། །དང་པོ་ནི། དེ་ཉིད་མཐོང་བར་བྱེད་པའི་ལམ༔ རྒྱུད་སྦྱང་ཚོགས་བསག་སྡོམ་པ་བླང༔ ཞེས་པ་སྟེ། དངོས་གཞི་ཉམས་ལེན་ཚུལ་བཞིན་རྒྱུད་ལ་སྐྱེ་བ་ལ་སྔོན་འགྲོའི་བསགས་སྦྱང་གིས་རྒྱུད་དུལ་བ་ཤིན་ཏུ་གཅེས་པའི་ཕྱིར་ངེས་འབྱུང་གི་བློ་བསྐྱེད་པས། ཐར་པའི་གནས་སུ་བློ་བཀོལ་བ་དང༌། ལམ་དེ་སྒྲུབ་པའི་རྟེན་རྙེད་པར་དཀའ་ཞིང༌། མི་རྟག་པས་བརྩོན་འགྲུས་བསྐུལ་ཏེ། རྒྱུ་འབྲས་ཡིད་ཆེས་ཀྱི་ལྟ་བས་གཞི་བཟུང་ནས། ལམ་གྱི་སྒོ་འབྱེད་སྐྱབས་འགྲོ། ལམ་གྱི་སྲོག་རྩ་སེམས་བསྐྱེད། ལམ་གྱི་གེགས་སེལ་རྡོར་སེམས། ལམ་གྱི་བོགས་འབྱིན་ཚོགས་བསགས། ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་རྣམས་ལ་བརྩོན་པས་མཐར་བསྐྱལ་ཞིང༌། རྒྱུད་དྲན་ཤེས་དང་མ་བྲལ་བའི་སྡོམ་ལྡན་དུ་སྒྲུབ་པར་བྱའོ། ༈ གཉིས་པ་དངོས་གཞིའི་ཉམས་ལེན་ལ། གཞི་དབང་གིས་བཟུང༌། ལམ་བསྐྱེད་རྫོགས་ལ་འབད། འབྲས་བུ་མཐར་ཐུག་ཏུ་ལ་བཟླའོ། །དང་པོ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ ཞེས་པའི་བར་ཏེ། སྦྱང་བྱ་དྲི་མ་རགས་པ་ལུས་ངག་ཡིད་གསུམ་ཆ་མཉམ། ཕྲ་བ་རླུང་ཐིག་ལེ་ཡེ་ཤེས་ཀྱི་ཁམས་ལ། སྦྱོང་བྱེད་ལམ་དབང་གི་རིམ་པ་སྤྲོས་བཅས་བུམ་དབང་རྡུལ་ཚོན་ལ་བརྟེན་པ། སྤྲོས་མེད་མཎྜལ་དང་བུམ་པ་ལ་བརྟེན་པ། ཤིན་ཏུ་སྤྲོས་མེད་བརྡ་ལ་བརྟེན་པ། རབ་ཏུ་སྤྲོས་མེད་སེམས་ལ་བརྟེན་ནས་བསྐུར་བས་དཀྱིལ་འཁོར་དང་དབང་བསྐུར་ཚུལ་བཅས་བཞི་རེར་ངེས་པ་དང༌། སྒོམ་པའི་ལམ་ཡང་འོག་ནས་འབྱུང་བ་བཞིན་བསྐྱེད་རྫོགས་རྫོགས་ཆེན་བཞིར་ངེས་པ་དང༌། འབྲས་བུ་ཡང་སྐུ་བཞིའི་གོ་འཕང་ཐོབ་བྱའི་དབང་གིས་བཞིར་ངེས་ཤིང༌། སྤྱིར་གསང་སྔགས་ཀྱི་དབང་ཐམས་ཅད་དོན་གནད་དབང་བཞི་ལས་མི་འདའ་མོད། འདི་ནི་བཞི་པ་ཚིག་གི་དབང་ལ་ནང་གསེས་བཞིར་དབྱེ་བར་གསུངས་པས་མཚན་ཉིད་དང་ལྡན་པའི་བླ་མ་ལས། སྣོད་དང་ལྡན་པའི་སློབ་མས་ཞུ་ཞིང་ལམ་སྦྱང་པ་ལས། དབང་གིས་མ་སྨིན་ན་ཉམས་སུ་ལེན་པ་ལྟ་ཅི། དཔེ་ཙམ་ཡང་བལྟ་བར་མི་དབང་བས་ཐོག་མར་གསང་སྔགས་ཆོས་ཀྱི་སྙིང་པོ་དབང་ལ་ནན་ཏན་དུ་བྱ་དགོས་སོ། ༈ གཉིས་པ་ལམ་བསྐྱེད་རྫོགས་ལ་འབད་པ་ལའང་གཞུང་ལས། སྤྲོས་བཅས་བསྐྱེད་རིམ་སྤྲོས་མེད་དུ༔ རྩ་རླུང་བསྒོམ་ཞིང་ལུས་གནད་བསྣུན༔ ཤིན་ཏུ་སྤྲོས་མེད་བདེ་བ་སྦྱང༔ རབ་ཏུ་སྤྲོས་མེད་དེ་ཉིད་བལྟ༔ ཞེས་པ་ལྟར་རྩ་རླུང་ཞི་ཁྲོ་བསྐྱེད་རིམ། བདེ་དྲོད་མི་རྟོག་པའི་རྫོགས་རིམ་གཉིས་ལས། དང་པོ་ལའང༌། བྱིན་རླབས་ལམ་བྱེད་རིག་འཛིན་བླ་མ་ཡོངས་རྫོགས་ཀྱི་བསྐྱེད་རིམ་དང༌། དངོས་གྲུབ་ལམ་བྱེད་ཡི་དམ་པདྨའི་སྙིང་ཐིག་ཞི་ཁྲོའི་བསྙེན་སྒྲུབ་བྱ་ཚུལ་ལོ། །དང་པོ་ནི། མདོ་བྱང་ལས། མན་ངག་སྐོར་ལ་ཐོག་མར་པདྨ་བདག༔ རྒྱ་གར་ཡུལ་ནས་དཀའ་བ་མང་པོ་ཡིས༔ མཉེས་པ་གསུམ་གྱིས་སློབ་དཔོན་བསྟེན་པ་རྣམས༔ ཐམས་ཅད་ཡེ་ཤེས་སྐུ་ཅན་ཤ་སྟག་སྟེ༔ དེ་དག་སྒྲུབ་པའི་ཚུལ་ནི་འདི་ལྟ་སྟེ༔ བླ་མ་ཡོངས་རྫོགས་སྒོམ་པའི་གསེང་ལམ་ཞེས༔ བྱིན་རླབས་སྤྱི་ལས་ཁྱད་པར་མཚན་དང་ནི༔ སྐུ་ཡི་རྣམ་པས་སྔོན་དུ་སྐུས་དབང་བསྐུར༔ གསུང་ལ་གདམས་པ་ཐུགས་ལ་རྡོ་རྗེའི་གླུ༔ དགོངས་པའི་ཉམས་སྐྱོང་བཞི་ཡིས་རྫོགས་པ་ལ༔ དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས་བྱའོ༔ ཞེས་པ་ལྟར། རིག་འཛིན་བླ་མའི་འོད་གསལ་ཡེ་ཤེས་ཀྱི་སྐུ་ཅན་བརྟན་གཡོ་སྲིད་ཞི་ཀུན་ཁྱབ་རྡུལ་དང་དངོས་པོའི་ཆོས་ལས་འདས་ཀྱང་སྣང་སྟོང་མཁའ་ཁྱབ་མཁའི་རྡོ་རྗེ་སྒྱུ་མ་དང་འཇའ་ཚོན་ལྟར་ཤར་བ་མཚོན་བྱེད་སྐུ་འབག་གི་རྣམ་པས་བསྐུར་བ་བུམ་དབང༌། དོན་གྱི་དགོངས་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་རང་བྱུང་རྡོ་རྗེ་གསང་བའི་ཚིག་ཏུ་ཤར་བ་གྲོལ་བ་དྲུག་གི་བདག་ཉིད་ཅན་གསུང་རྡོ་རྗེའི་ནཱ་དའི་གླུས་ངོ་སྤྲོད་པ་གསང་དབང༌། ཐུགས་ཟབ་ཞི་ཡེ་ཤེས་ཀྱི་དགོངས་པའི་རྩལ་རྡོ་རྗེའི་གླུ་དོན་ལ་སློབ་མས་ཀྱང་མཉམ་པར་བཞག་པས་བྱིན་རླབས་འཕོས་པ་ཤེར་དབང༌། སློབ་མའི་རྒྱུད་ལ་ཡེ་ཤེས་ཀྱི་དྲོད་སྐྱེས་ཏེ་དོན་གྱི་འོད་གསལ་མངོན་སུམ་ཉམས་མྱོང་གིས་ངོ་འཕྲོད་པས་དགོངས་པའི་ཉམས་སྐྱོང་བ་བཞི་པ་སྟེ། རྡུལ་ཚོན་སོགས་སྤྲོས་བཅས་མཚན་མའི་ཆོས་ལ་མི་ལྟོས་པར་ཁྱབ་བདག་བླ་མའི་ཟག་མེད་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་དོན་གྱི་དབང་བསྐུར་བ་སྟེ། དེས་ན་དབང་བཞི་པ་ལ་ནང་གསེས་བཞིར་དབྱེ་པའི་ཚུལ་ཡིན་ལ། སྤྱིར་ཕྱི་ནང་གསང་སྐོར་གསུམ་དུ་ལམ་གྱི་ཡན་ལག་རྫོགས་པའི་ཆེད་ཡི་དམ་དང་མཁའ་འགྲོའི་དབང་དང་སྒྲུབ་ཐབས་མང་དུ་འབྱུང་བ་རྣམས་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ཆོ་འཕྲུལ་ཅིར་ཡང་འཆར་བའི་མཐའ་གཅིག་ཏུ་རྩོལ་མེད་ཀྱི་ལམ་ལ་འགལ་འདུར་མི་གནས་ཏེ། གང་ཟག་དབང་རབ་ཅིག་ཆར་བ་རྣམས་ནི་ཅིར་སྣང་ཡེ་ཤེས་ཀྱི་རོལ་རྩལ་ལས་མ་འདས་པས་བསྐྱེད་བཟླས་རྫོགས་གསུམ་གང་ཉམས་སུ་བླངས་ཀྱང་ཨ་ཏིའི་ལམ་ལས་མ་འདས་ལ། དབང་བསྐུར་རིམ་ཅན་པ་དག་དད་པས་ཐེག་རྩེར་མོས་ཀྱང་རྩོལ་མེད་ཡེ་ཤེས་ཁོ་ན་ལམ་ཁྱེར་མི་ནུས་པས་ཇི་ལྟར་བསྟན་པ་བཞིན་ཉམས་སུ་བླངས་ནས་མཐར་ཐུག་རྩོལ་མེད་ཀྱི་ས་ལ་བསྐྱལ་བའི་གནད་ཀྱིས་བསྐྱེད་བཟླས་རྫོགས་པའི་རིམ་པ་ཐམས་ཅད་ཤིན་ཏུ་རྒྱས་པར་བསྟན་པ་ཡིན་ཅིང༌། ལམ་གྱི་ངོ་ཏི་མཐར་ཐུག་གི་དབང་དང་ཉམས་ལེན་བཅས་རིག་འཛིན་བླ་མའི་རྡོ་རྗེ་བཞིའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ཉིད་ཡིན་པར་མདོ་བྱང་རྡོ་རྗེའི་ཚིག་གིས་བསྟན་པ་ལྟར་གནད་ཆེ་བས་སྤྲོས་ཏེ་བཤད་པའི་གནད་སྡེ་གསུམ་ཆར་གྱི་སྐབས་ཤེས་པར་བྱ་དགོས་སོ། །དེ་ལྟར་དོན་དམ་ནང་གི་དབང་ཞེས་སྨིན་པའི་སློབ་མས་ལམ་དངོས་བསྐྱེད་བཟླས་ཇི་ལྟར་བྱ་ཚུལ་ནི། གཞུང་མཐུན་རིག་འཛིན་བླ་མའི་སྐུ་འབག་མདུན། ཕྱི་ནང་གི་མཆོད་པ་སོགས་སྤྲོས་པ་ཆེ་ཆུང་སྐབས་བསྟུན་ལས་མཐའ་གཅིག་ཏུ་སྤར་ཁབ་མི་དགོས་སྙམ། ལས་བྱང་གསང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་དང་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་གཉིས་གུང་བསྡེབས་ཀྱིས་བཏང་སྟེ། ཉམས་ལེན་དངོས་གཞུང་ལས། དག་པ་རབ་འབྱམས་བསྐྱེད་རིམ་ལ༔ གསལ་བརྟན་དག་པ་མཐར་ཕྱིན་བསླབ༔ ཅེས་གསུངས་པ་ལྟར་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཚད་ལ་ཕེབས་པའི་ཟག་མེད་ཡེ་ཤེས་ཀྱི་སྐུ་ཅན་ཚོམ་བུའི་ཚུལ་དུ་བཞུགས་བཞིན་གསལ་བཏབ། སྣང་ཆ་སྐུ་ཡི་བྱད་དབྱིབས། བཞུགས་སྟངས། ཕྱག་རྒྱ་སོགས་ཞིབ་པར་གསལ་ཞིང༌། སྟོང་ཆ་དེ་ཀུན་རིག་པ་ཀ་དག་གི་རང་རྩལ་ལས་གང་ལའང་མི་གནས། ཅིར་ཡང་མ་གྲུབ་བཞིན་ཅིར་ཡང་འཆར་བའི་གནས་ལུགས་དང་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་བཞག །སྣང་སྟོང་དེ་གཉིས་ཀྱང་འགལ་འདུར་མི་གནས་པ་ཟག་མེད་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་གདོད་ནས་འདུ་འབྲལ་མེད་པའི་དག་པ་དྲན་པས་ཐ་མལ་ཞལ་ཕྱག་གི་ཞེན་རྟོག་སྦྱང༌། གསལ་བརྟན་དག་གསུམ་གྱི་ཏིང་འཛིན་སྐྱེ་བ་འམ། བོགས་འབྱིན་སླད་བཟླས་པ་བྱ་སྟེ་དེ་ལའང་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཙིཏྟ་མཆོང་གུར་སྨུག་པོའི་ཀློང༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧྲཱི་དེ་མཐར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ རྩེ་གཅིག་སེམས་བཟུང་བཟླས་པ་ཡིས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ ཁྱད་པར་འོད་གསལ་རྫོགས་ཆེན་གྱི༔ རིག་འཛིན་བླ་མའི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབྱིག༔ ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི༔ རྣམ་པར་སྤྱན་དྲངས་ཧྲཱིཿལ་ཐིམ༔ བྱིན་རླབས་དབང་དང་དངོས་གྲུབ་ཐོབ༔ དབྱིངས་རིག་དབྱེར་མེད་ངང་ནས་བཟླ༔ ཞེས་དམིགས་པའི་ཏིང་འཛིན་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིངྷ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཅེས་བསྙེན་སྔགས་འབུམ་ཕྲག་བཞི་བཟླ། གཉིས་པ་སྒྲུབ་པ་ནི། སླར་ཡང་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་འཕྲོས་ལོངས་སྤྱོད་སྟོན་པ་དང༔ འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐུལ༔ དེ་རྣམས་གསང་གསུམ་འོད་ཟེར་གྱིས༔ སྣོད་བཅུད་ཐ་མལ་གཟུང་འཛིན་སྦྱངས༔ ལྷ་སྔགས་ཡེ་ཤེས་ཕྱག་རྒྱར་སད༔ ཚུར་འདུས་དངོས་གྲུབ་རྣམ་གཉིས་ཐོབ༔ བྱིན་རླབས་བརྟན་ཅིང་ནུས་ལྡན་བསམ༔ ཞེས་གསལ་བཏབ་སྟེ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཅེས་སྒྲུབ་སྔགས་འབུམ་ཕྲག་གསུམ་བཟླ། སྒྲུབ་པའི་སྔགས་རིག་འཛིན་སོ་སོའི་མཚན་སྔགས་བཟླ་བར་འདོད་ན་སྐབས་ཐོབ་གཙོ་འཁོར་སོ་སོར་སེམས་འཛིན་སྤྲོ་བསྡུ་བྱ་བས། ཨོཾ་གུ་རུ་ཨིནྡྲ་བྷཱུ་ཏི་ཧཱུྃ༔ ཨོཾ་གུ་རུ་པདྨ་སཾབྷ་ཝ་ཧཱུྃ༔ ཨོཾ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ༔ ཨོཾ་གུ་རུ་ཛྙཱ་ན་སཱུ་ཏྲ་ཧཱུྃ༔ ཨོཾ་གུ་རུ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་གུ་རུ་ཧེ་རུ་ཀ་ཧཱུྃ༔ ཨོཾ་གུ་རུ་ནཱ་གརྫུ་ན་ཧཱུྃ༔ ཨོཾ་གུ་རུ་པྲ་བྷ་ཧསྟི་ཧཱུྃ༔ ཨོཾ་གུ་རུ་དྷཱ་ན་སཾསྐྲྀ་ཏ་ཧཱུྃ༔ ཨོཾ་གུ་རུ་ཀརྨ་ཨིནྡྲ་ནཱི་ལ་ཧཱུྃ༔ ཨོཾ་གུ་རུ་རོམྦུ་གུ་ཧྱ་ཧཱུྃ༔ ཨོཾ་གུ་རུ་ཤནྟིཾ་གརྦྷ་ཧཱུྃ༔ ཞེས་མཚན་སྔགས་རེ་རེ་བཞིན་བཟླ། བསྙེན་སྒྲུབ་རྒྱས་པར་ལོངས་ན་མཚན་སྔགས་རེ་རེ་བཞིན་འབུམ་རེ་བཟླ། བསྙེན་སྒྲུབ་འབྲིང་པོའི་དབང་དུ་བྱས་ན་ཁྲི་ཚོ་རེ་བཟླས་ཀྱང་རུང་ངམ་སྙམ། གསུམ་པ་ལས་སྦྱོར་ནི། ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་ལྕགས་ཀྱུ་མཁའ་ཁྱབ་འཕྲོས༔ རང་གཞན་བླ་ཚེ་ཡར་ཉམས་དང༔ འཁོར་འདས་སྲོག་གི་དྭངས་མའི་བཅུད༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ ཐུགས་སྲོག་ལ་ཐིམ་གཟི་བྱིན་འབར༔ སྒྲིབ་དག་ཚེ་དང་བསོད་ནམས་རྒྱས༔ ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་ཚེ་ཛཔ྄་འབུམ་ཕྲག་གཅིག་གྲངས་ཚད་དུ་གསུངས། ཚེ་འགུགས་ཀྱང་ནང་སྒྲུབ་རིག་འཛིན་བླ་མའི་སྐབས་ལྟར་སྦྱར། མཆོག་གི་ལས་སྦྱོར་ཐུན་མོང་མ་ཡིན་པ་ནི། གཞུང་ལས། ཁྱད་པར་མཆོག་གི་ལས་སྦྱོར་ནི༔ དབྱིངས་ཀྱི་རང་ངོ་རྗེན་པར་བསྐྱང༔ རིག་གདངས་ལུ་གུ་རྒྱུད་ལ་གཟིར༔ ཉིན་མཚན་མུན་པའི་རྣལ་འབྱོར་གྱིས༔ སྣང་བཞི་མཐར་ཕྱིན་ཚེ་འདིར་འགྲུབ༔ ཅེས་གསུངས་པའི་དོན་རྒྱས་པར་དབང་བཞི་པའི་ལམ་གྱི་སྐབས་སུ་འཆད་འགྱུར་ལྟར་ཤེས་པར་བྱའོ། །བསྙེན་བཟླས་གྲུབ་ནས་སྨན་རཀ་གཏོར་མ་སོགས་སྤྲོས་བཅས་ཡིན་ན་དངོས་གྲུབ་ལེན་པ་སྤྱི་ལྟར་བྱ་ཞིང༌། བསྙེན་སྒྲུབ་རྫོགས་པ་དང་ཚོགས་རྒྱས་པར་འབུལ་ཞིང་དབང་ལེན་གྱི་དམིགས་པ་ཡང་ཡང་བགྱིས་པས་དོན་གྲུབ་བོ། ༈ གཉིས་པ་དངོས་གྲུབ་ལམ་བྱེད་ཡི་དམ་པདྨའི་སྙིང་ཐིག་ཇི་ལྟར་ཉམས་སུ་ལེན་ཚུལ། ཞི་ཁྲོ་སྦྲག་སྒྲུབ་དང་ཁྲོ་བོ་བཀའ་བརྒྱད་གཉིས། དང་པོ་ལ། བསྐྱེད་རྫོགས་གཉིས། བསྐྱེད་རིམ་ལ་ཡང༌། བསྙེན་སྒྲུབ་གཉིས་ལས། དང་པོ་ནི། སྒྲུབ་རྟེན་མན་ཤེལ་ཟུར་དྲུག་པ་དང་མཆོད་པ་སོགས་ཕྱི་སྐོར་ཡི་དམ་ཞི་བ་ལྟར་ལ། ཕྲིན་ལས་ཀྱི་ཆིངས་གསང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལ། དངོས་གཞི། ཨ༔ མ་བཅོས་གསལ་རྫོགས་ཀུན་ཏུ་བཟང༔ ཞལ་ཕྱག་མཚན་མ་སོགས་ནས་འགྱུར་མེད་ཡོང་གྲུབ་ངང་དུ་རྫོགས༔ བར་གྱི་གསལ་གདབ། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་བསྟོད་པའི་མཐར། སྤྲོ་ན་ལྷ་ལ་སེམས་བཟུང་ནས༔ ཞི་བའི་བསྙེན་སྔགས་བཟླ་བ་འམ༔ ཞི་བའི་སྤྱི་དྲིལ་ཛཔ྄་སྔགས་བཟླ༔ ཞེས་གསུངས་པའི། རིག་སྟོང་གཉུག་མའི་སྣང་ཆ་གཞིར་གནས་སུ་ཀུན་བཟང་ཡབ་ཡུམ་གྱི་རྣམ་པར་བཞེངས་པ་གདན་གསུམ་དཀྱིལ་འཁོར་རྒྱ་མཚོ་གཅིག་ཏུ་རྫོགས་པའི་རིགས་ཀུན་ཁྱབ་བདག་ཆེན་པོར་རྩེ་གཅིག་ཏུ་དམིགས་པའི་གསལ་སྣང་སྒྲུབ། དེ་ལ་གོམས་ན་ཞི་བ་བཞི་བཅུ་ཞེ་གཉིས་རང་བྱུང་ཡོངས་གྲུབ་ཀྱི་འཁོར་ལོ་གདོད་ནས་གནས་པ་སྣང་ཆ་འགག་མེད་ལུས་དཀྱིལ་གྱི་ཚུལ་དུ་གསལ་བཏབ་ལ་བསྒོམས། ཞར་བྱུང་བཟླས་པ་ལ། ཨ༔ བརྗོད་མེད་འབྲུ་གཅིག་ཡིད་ཀྱིས་བཟླ༔ ཞེས་གསུངས་པས་རླུང་རིག་ཨ་གསུམ་གཅིག་ཏུ་བསྲེས་ལ་བར་རླུང་དང་སྦྲགས་ཨ་ཤུབ་བུར་བྱེ་བ་སོགས་ཅི་ནུས་སུ་བཟླ། སྐབས་ཇི་ལྟར་རིགས་པར་ཞི་བ་ཡོངས་རྫོགས་སམ་ཀུན་བཟང་གི་ཐུགས་ཀར་ཉི་ཟླའི་གྭའུར་ཨ་ཡིག་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྤྲོ་བསྡུ་སྤྱི་ལྟར་བྱ་བས། ཨོཾ་བོདྷི་ཙིཏྟ་ས་མནྟ་བྷ་དྲ་ཨ༔ ཞེས་འབུམ་ཕྲག་བཞི་ཙམ་བཟླ་བ་ནི་ཕྱག་རྒྱ་གཅིག་པ་ལ་བརྟེན་པའི་བསྙེན་པའོ། །གཏེར་གཞུང་ལས། སྤྲོ་ན་ལྷ་ལ་སེམས་བཟུང་ནས༔ ཞི་བའི་བསྐྱེད་སྔགས་བཟླ་བའམ༔ ཞི་བ་སྤྱི་དྲིལ་ཛཔ྄་སྔགས་བཟླ༔ ཞེས་གསུངས་པ་ལྟར་སྤྲོ་ན་ལེགས་ཀྱང༌། འདིར་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་བསྒྱུར་དང་སྦྲགས་ཏེ་བཟླས་ན་འབྲེལ་ཆགས་སུ་འབྱུང་ཞིང་འགལ་བ་མེད་པར་བསམ་ནས་ཕྱི་མ་གཙོ་བོར་བྱས་པའོ། །ཕྲིན་ལས་ཀྱི་ཐོག་མཐའ་སྔར་ལྟར་ལ་དངོས་གཞི་ལྷ་བསྐྱེད་སྐབས། ཏིང་འཛིན་གསུམ་ནི། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱཿ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨོཾ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྒྱུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ལས་གཞུང་གི །ཡེ་ནས་རྣམ་པར་དག་པའི་ཞིང༔ སོགས་ནས། གཉིས་མེད་མཉམ་སྦྱོར་ཟུང་འཇུག་བསྒོམ༔ ཞེས་གསལ་བཏབ་ནས། བྱིན་རླབས་འགུགས་བསྟིམས་སོགས་བྱང་བུ་ལྟར་བསྟོད་པའི་བར་བཏང་རྗེས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཕཊ྄་ཛཿས་བདག་མདུན་སོ་སོར་ཛཔ྄་ཁང་ཕྱེས་ཏེ། ཧཱུྃ སྟོང་གསུམ་འཇིག་རྟེན་ཐམས་ཅད་སོགས་ནས། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ། ཞེས་ཛཔ྄་ཀྱི་དགོངས་པ་བསྐུལ་ཏེ། སྣང་བ་ཐམས་ཅད་ཞི་བའི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་དབྱངས༔ རིག་པ་རྟོག་མེད་འོད་གསལ་དབྱིངས༔ མཆོད་སྤྲིན་རྒྱ་མཚོའི་ཞིང་ཁམས་ཁེངས༔ ཕྲིན་ལས་དུ་མ་འགྲོ་བ་བསྒྲལ༔ མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་ཉིད༔ དུ་མ་རོ་གཅིག་ངང་དུ་རྫོགས༔ ཞེས་པའི་སྤྲོ་བསྡུ་དང་བཅས། ལྷ་སྔགས་རྒྱས་པ་བཏང་ན། རྒྱས་པར་རྒྱུད་བཞིན་སྙིང་པོ་བཟླ༔ ཞེས་གསུངས་པ་ལྟར་འགོད་པ་ལ། ཨོཾ་བཛྲ་སཏྭ་ཨཱ༔ གཙོ་བོ་རྡོར་སེམས། ཨོཾ་ཛི་ན་ཛྀཀ྄༔ རྣམ་སྣང༌། སྭ་རཏྣ་དྷྲྀཀ྄༔ རིན་འབྱུང༌། ཨྃ་ཨ་རོ་ལྀ་ཀ྄༔ སྣང་མཐའ། ཧཱ་པྲཛྙཱ་དྷྲྀཀ྄༔ དོན་གྲུབ། མཱུྃ་དྷཱ་ཏི་ཤྭ་རི༔ དབྱིངས་ཕྱུག༔ ལཱྃ་དེ་ཥ་རཱ་ཏི༔ སྤྱན་མ། མཱྃ་མོ་ཧ་ར་ཏི༔ མཱ་མ་ཀི །པཱྃ་རཱ་ག་ར་ཏི༔ གོས་དཀར། ཏཱྃ་བཛྲ་ར་ཏི༔ སྒྲོལ་མ། ཧཱུྃ་ཀྵིཾ་ཧི་རཱ་ཛ་ཡ༔ ས་སྙིང༌། ཏྲཱྃ་ཨ་གྷརྦྷ་ཡ༔ ནམ་སྙིང༌། ཧྲཱི་ཧ་ཧཱུྃ་པདྨ་པྲ་ད་མ༔ སྤྱན་རས་གཟིགས། ཛྲིཾ་ཀུ་རུ་པཱ་ཎི༔ ཕྱག་རྡོར། ཧཱུྃ་ལཱ་སྱེ་ས་མ་ཡ་ཧཱུྃ༔ སྒེག་མ། ཏྲཱྃ་མཱ་ལྱེ་ས་མ་ཡ་ཧོ༔ ཕྲེང་བ་མ། ཧྲཱི་གཱིརྟི་རཱ་གོ་ཧཾ༔ གླུ་མ། ཨཿནཱིརྟི་རཱ་ག་ཡ་མི༔ གར་མ། མཻ་ཏྲི་དྷཱ་ར་ནི་སྭཱ་ཧཱ༔ བྱམས་པ། ཐིཾལྷ་ནི་སྶ་རཾ་བྷ་ཡ་སྭཱ་ཧཱ༔ སྒྲིབ་སེལ། ཧཱུྃ་སྭཱ་རཱ་ཛ་ཡ་སྭཱ་ཧཱ༔ ཀུན་བཟང༌། མཱུྃ་ཤྲཱི་ཨ་རཱ་ག་ཡ་སྭ་ཧཱ༔ འཇམ་དཔལ། ཧཱུྃ་པུཥྤེ་ཨ་བེ་ཤ༔ མེ་ཏོག་མ། ཛ་དྷཱུ་པེ་པྲ་བེ་ཤ༔ བདུག་པ་མ༔ བྃ་དཱི་པཾ་སུ་གི་ནི༔ མར་མེ་མ། ཧོ་གནྡྷེ་ཙིཏྟ༔ དྲི་ཆབ་མ། ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ལྷ་ཡི་ཐུབ་པ། ཨོཾ་མུ་ནེ་ཏྲཱུྃ་སྭཱ་ཧཱ༔ ལྷ་མིན་ཐུབ། ཨོཾ་མུ་ནེ་སྲུྃ་སྭཱ་ཧཱ༔ མི་ཡི་ཐུབ་པ། ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ བྱོལ་སོང་ཐུབ་པ། ཨོཾ་མུ་ནེ་ཀྵྃ་སྭཱ་ཧཱ༔ ཡི་དྭགས་ཐུབ་པ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ དམྱལ་བའི་ཐུབ་པ། ཨོཾ་ཡ་མཱནྟ་ཀྲྀཏ་ཕཊ྄༔ སྒོ་བ་གཤིན་རྗེ། ཨོཾ་པྲཛྙཱ་ན་ཏ་ཀྲྀཏ་ཕཊ྄༔ སྟོབས་ཆེན། ཨོཾ་པདྨཱ་ནྟ་ཀྲྀཏ་ཕཊ྄༔ རྟ་མགྲིན། ཨོཾ་བིགྷྣཱནྟ་ཀྲྀཏ་ཕཊ྄༔ བདུད་རྩི་འཁྱིལ་བ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ༔ བྱེད་པ་ཀུན་བཟང༌། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨ༔ བྱ་བ་ཀུན་བཟང་མོ་རྣམས་སོ་སོར་ཇི་ལྟར་རིགས་པ་བཟླ། གཞུང་ལས། བསྡུ་ན་སྙིང་པོའི་ཡང་སྙིང་ནི། ཨོཾ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཞེས་བཟླ་བར་གསུངས་པས་རྡོ་རྗེ་དབྱིངས་གཅིག་དྲིལ་གྱི་རྩ་སྔགས་འབུམ་ཕྲག་བཞི་ཉུང་མཐའ་བྱས་པ་གཙོ་བོར་བཟླ། ཐུན་གཤམ་དུ་ཁྲོ་བོ་གནས་བསྒྱུར་བ་ནི། དེ་ཉིད་ཁྲོ་བོར་གནས་བསྒྱུར་ནི༔ སོགས་ནས་དཔལ་གྱི་དཀྱིལ་འཁོར་ཆེན་པོ་གསལ༔ ཞེས་པའི་བར་དང༌། གསང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་ནས་ཛཔ྄་བསྐུལ་བར་ཞི་བའི་སྐབས་ལྟར་དང༌། ཧཱུྃ༔ སྣང་བ་ཐམས་ཅད་ཁྲོ་བོའི་སྐུ༔ གྲགས་པ་ཐམས་ཅད་སོགས་ནས་ཞི་བའི་སྐབས་ཀྱི་བཟླས་དམིགས་སྦྱར་བ་ཁྲོ་བོའི་ལྷ་སྔགས་ཡོངས་རྫོགས་སྦྱར། བསྡུ་ན་ཁྲོ་བོ་སྤྱི་དྲིལ་གྲངས་ཚད་ཞི་བ་ལྟར་བཟླའོ། སྔོན་འགྲོ་རྒྱས་པར་སྤྲོ་ན་དེ་དག་གི་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ལས། བསྐྱེད་རིམ་རྒྱལ་བ་རིགས་ལྔ་འམ༔ ཡང་ན་ཞི་ཁྲོ་གསལ་རྫོགས་སྒོམ༔ ཡུལ་སྣང་ལྷ་རུ་འགྱུར་བར་བསླབ༔ ཅེས་གསུངས་པ་ཉིད་དེང་སང་མོས་སྒོམ་གཙོར་སྟོན་དང་མཐུན་པར་བསྙེན་སྒྲུབ་ཕྱག་རྒྱ་གཅིག་པའི་བསྙེན་པ། ཕྱག་རྒྱ་སྤྲོས་བཅས་ཞི་ཁྲོ་སྦྲག་སྒྲུབ་ཀྱི་སྒྲུབ་པ་བྱ་བའི་ཚུལ་སྨོས་པའོ། །དེ་ལྟར་ཞི་ཁྲོའི་བསྙེན་པ་ཚད་དུ་ལོངས་པའི་ཚེ་རྒྱས་པ་ལ་བདག་འཇུག་དང་བཅས་པའམ། བསྡུས་ན་དངོས་གྲུབ་ཀྱི་རྫས་ལ་བརྟེན་པས་དངོས་གྲུབ་བླང་པ་བཅས་སྤྱི་ལྟར་རོ། །གཉིས་པ་ཁྲོ་བོ་བཀའ་བརྒྱད་ནི། བསྙེན་སྒྲུབ་ཀྱི་རྟེན་ཕྱི་ནང་གི་མཆོད་པ་སྤྱི་ལྟར་ཚོགས་པར་བྱས་ལ་བསྙེན་སྒྲུབ་ལ་འཇུག་པས། བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་བཞིན་བཏང་སྟེ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གསལ་སྣང་སྒྲུབ་པ་སོགས་སྔ་མ་ལྟར་ལ། དངོས་གཞིའི་བཟླས་པ་ལ། ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། དེ་ཉིད་ལས་ལ་སྦྱོར་ཚུལ་བདེ་གླིང་བཀའ་བརྒྱད་དྲེགས་འདུལ་བཞིན་སྦྱོར་བར་མཛད་པས། ལས་བྱང་ནི། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ སོགས་ནས། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཐོག་མར་ཞི་བར་བསྙེན་པ་ནི། ཧཱུྃ༔ ཕྱག་མཚན་ཞི་བའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་སྔགས་ཕྲེང་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་དམིགས་པའི་གཟེར་དང་མ་བྲལ་བས་ཞི་བ་སྤྱི་སྙིང་གྲངས་ཚད་འབུམ་ཕྲག་གསུམ་དུ་གསུངས། གཉིས་པ་ཁྲོ་བོར་སྒྲུབ་པ་ལ་ཛཔ྄་ཁང་ཕྱེས་ཏེ། ཞི་བསྙེན་ཁྱུག་ཙམ་བཏང་རྗེས། ཧཱུྃ༔ ཆོམ་བུ་དགུ་ལྡན་གཙོ་མཆོག་གི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ སྣོད་བཅུད་སྣང་ཞེན་ཐམས་ཅད་སྦྱངས༔ སྣང་སྟོང་ལྷ་དང་གྲགས་སྟོང་སྔགས༔ རིག་སྟོང་འོད་གསལ་ཕྱག་རྒྱ་ཆེ༔ ཧེ་རུ་ཀ་དང་དབྱེར་མེད་གྱུར༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ ཁྲོ་བོ་ཀུན་འདུས་ཀྱི་སྒྲུབ་སྔགས་འབུམ་ཕྲག་བཞི་བཟླ། དེ་གྲུབ་པ་དང༌། ལས་སྦྱོར་ཐུན་མོང་བ་ནི། ཞི་ཁྲོའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བས། ཧཱུྃ༔ བདག་ཉིད་དཀྱིལ་འཁོར་ལྷ་ཚོགས་ལས༔ སྐུ་དང་སྔགས་ཕྲེང་འོད་ཟེར་འཕྲོས༔ ཕོ་ཉ་དྲེགས་པ་སྐར་ལྟར་འཁྲུགས༔ སྲིད་གསུམ་ཁྱབ་ཅིང་ཁམས་གསུམ་འཕྲོས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྫོགས༔ ཁྱད་པར་གདུག་ཅིང་གཏུམ་པའི་ཚོགས༔ འགུགས་བསྒྲལ་གནས་སྤར་ཆོས་དབྱིངས་བསྟིམ༔ མིང་གི་ལྷག་མ་མེད་པར་གྱུར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ ཅེས་ལས་སྦྱོར་ཁྲི་ཕྲག་བཞི་བཟླ་བར་གསུངས། གང་ལྟར་ཡང༌། སྐབས་འདིའི་བསྐྱེད་རྫོགས་ཀྱི་སྙིང་པོ། མདོ་བྱང་ལས། ལྟ་བ་ཀློང་ཡངས་དབྱིངས་ཀྱི་རྫོང་དང་ལྡན༔ རིག་པ་རང་བྱུང་འཕྲང་གི་སྒོ་ལྕགས་ཚུལ༔ རྫོང་འཕྲང་དབྱེར་མེད་བདེ་གཤེགས་འདུས་པ་ཞེས༔ དབང་གི་མདོ་བྱང་སྤྱི་བླུགས་ཞེས་བྱའོ༔ ཞི་ཁྲོ་དབང་ཆེན་རྡོ་རྗེའི་གནས་སྦྱང་ངོ༔ ཞེས་པ་ལྟར་བསླབ་པོ། །གཉིས་པ་རྫོགས་རིམ་ནི། གསང་སྐོར་ཁྲིད་ཀྱི་རིམ་པ་ལས། རྩ་རླུང་རང་ཉིད་ཀུན་བཟང་གི༔ སྐུ་ལ་རྩ་གསུམ་འཁོར་ལོ་དྲུག༔ ཐིག་ལེ་གཏུམ་མོ་འབར་འཛག་བསྒོམ༔ ལུས་གནད་བདུན་ལྡན་དྲུག་ཆིངས་དང༔ ཙོག་པུར་གནས་པ་རྣམ་གསུམ་གྱིས༔ བདེ་དྲོད་མི་རྟོག་གསུམ་ལྡན་གཅེས༔ ཞེས་པ་ལྟར། ལམ་དངོས་དང༌། བོགས་འབྱིན། འཕྲོས་དོན་གསུམ་ལས། དང་པོ་ལ། དྲོད་བདེ་བ་མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་དྲོད་ཀྱི་རྣལ་འབྱོར་ལ། ལུས་གནད་མེ་ཐབ་དྲུག་ལྡན་དུ་བཅས་པས་ལུས་ཀྱི་སྟོང་ར་གསལ་གདབ་པ་ནི། ཨ༔ མ་བཅོས་གསལ་རྫོགས་ཀུན་ཏུ་བཟང༔ ཞལ་ཕྱག་མཚན་མའི་སྐུ་རུ་བཞེངས༔ ཕུང་པོ་ལྔ་ཉིད་བདེ་གཤེགས་ལྔ༔ འབྱུང་བ་ལྔ་ནི་ཡུམ་ཆེན་ལྔ༔ ཚོགས་ཡུལ་སེམས་དཔའ་ལྕམ་དྲལ་བརྒྱད༔ རིགས་དྲུག་གནས་དག་ཐུབ་པ་དྲུག༔ ཕྲིན་ལས་ལྷུན་གྲུབ་སྒོ་མ་བཞི༔ བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྱིལ༔ གདོད་ནས་དམ་ཡེ་དབྱེར་མེད་པ༔ འགྱུར་མེད་ཡོངས་གྲུབ་ངང་དུ་རྫོགས༔ ཞེས་པའི་བར་ཀུན་བཟང་དོན་གྱི་ཕྲིན་ལས་རྡོ་རྗེའི་ཚིག་རྐང་གིས་གསལ་བཏབ་སྟེ་རང་ཉིད་ཀུན་ཏུ་བཟང་པོ་མཐིང་ནག་རྒྱན་མེད་གཅེར་བུ་གསལ་རྫོགས། ཡུམ་ཀུན་ཏུ་བཟང་མོ་དཀར་མོ་དང་སྦྱོར་བ་གསལ། སྐུ་དབུས་དྲང་པོར་རྩ་དབུ་མ། རོ་རྐྱང་གཉིས། གཙུག་ཏོར་ནམ་མཁའི་འཁོར་ལོ། སྤྱི་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས། ལྟེ་བ་སྤྲུལ་སྐུ། གསང་གནས་བདེ་སྐྱོང་བཅས་འཁོར་ལོ་དྲུག་བརྩེགས་སུ་གསལ་བ། ཡར་སྣེར་ཐིག་ལེར་ཧཾ་ཡིག་དཀར་པོ། སྨར་སྣེར་གཏུམ་མོ་ཨ་ཤད་དམར་པོ་གསལ་ཏེ། རླུང་རོ་བསལ་ཞིང་བུམ་ཅན་བཟུང་བས་གཏུམ་མོ་ལས་མེ་འབར། གསང་གནས་ནས་ཡས་རིམ་གྱིས་འཁོར་ལོ་དྲུག་ཏུ་འབར་བས་དྲོད་སྐྱེས་ཏེ་རིམ་གྱི་རྩ་གསུམ། འཁོར་ལོ་དྲུག །ལུས་ཀྱི་ནང་ཐམས་ཅད་ཁྱབ་ནས་བ་སྤུའི་བུ་ག་ཐམས་ཅད་ནས་མེ་ལྕེས་ཁྱབ་སྟེ་ལྕགས་གོང་མེར་བསྲེགས་པ་བཞིན་གྱུར་བར་བསམ་ལ་དྲག་རླུང་བུམ་པ་ཅན་ཅི་ནུས་སུ་བཟུང་བའོ། །གཉིས་པ་བདེ་བའི་རྣལ་འབྱོར་ནི། ལུས་གནད་རྣམ་སྣང་ཆོས་བདུན་བྱས་ལ། ཕྱི་ནང་སྟོང་ར་སྒོམ་པ་རླུང་རོ་བསལ་བ་སྔར་ལྟར་གྱིས་གཏུམ་མོ་སྦར་བའི་མེས་སྤྱི་བོའི་ཧཾ་ལ་རེག་པས་ཞུ་བདེ་འབར་འཛག་གི་ཉམས་རྒྱས། ཐིག་ལེ་དཀར་གསལ་གྱི་རྒྱུན་བྱུང་བ་གཙུག་ཏོར་ནས་མས་རིམ་དུ་བབ་པས་འཁོར་ལོ་སོ་སོར་སོན་ཏེ་ཁེངས། དགའ་བ་དང༌། མཆོག་དགའ། དགའ་བྲལ། ལྷན་སྐྱེས་ཀྱི་དགའ་བ་རྣམས་རྒྱུད་ལ་སྐྱེས། ལུས་ངག་ཡིད་ཆ་མཉམ་དང་བཅས་པའི་འཁྲུལ་རྟོག་སྦྱངས་ཤིང་བཀྲུས། མེ་དང་ཐིག་ལེ་གཉིས་མེད་དུ་འདྲེས་པས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ལ་བུམ་ཅན་ཅི་ནུས་སུ་བཟུང་བའོ། །གསུམ་པ་མི་རྟོག་པའི་རྣལ་འབྱོར་ནི། ལུས་གནད་དྲང་སྲོང་ཙོག་པུར་གནས་པས་སྟོང་ར་གསལ་ཞིང་འབར་འཛག་བསྒོམ། བདེ་སྟོང་གི་ཉམས་སྐྱེས་པས་རྟོག་པའི་གཡོ་འཁྲུལ་ཆད་པའི་རང་ངོ་ལ་བལྟས་ཏེ་བདེ་རླུང་སེམས་གསུམ་བསྲེས་པས་མཉམ་བཞག་གི་ངང་བསྐྱང་པའོ། །བཞི་པ་གཞན་ལུས་ནི། བདེ་བ་མི་མོ་གཞོན་ནུ་ལ༔ ཆོས་ཀྱིས་རབ་ཏུ་སྨིན་བྱས་ཏེ༔ ཡབ་ཡུམ་ཀུན་བཟང་ཀུན་བཟང་མོ༔ གནས་རྣམས་བྱིན་རླབས་མཉམ་པར་སྦྱར༔ དགའ་བ་དགའ་བ་ཆེན་པོ་དང༔ མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས༔ ཚོར་བ་བདེ་བའི་ངང་དུ་བསླབ༔ ཅེས་པ་སྟེ། བདེ་དྲོད་མི་རྟོག་པའི་ཏིང་འཛིན་རྩ་རླུང་ཐིག་ལེ་ལ་དབང་ཐོབ་པའི་རྣལ་འབྱོར་པས་རིགས་ཅན་ལྔ་ཡི་བུ་མོ་མཚན་དང་ལྡན་པ་བརྟགས་གཞུག་སྔོན་འགྲོའི་ཆོས་ཀྱི་རྒྱུད་སྦྱངས་པ་དང་བཅས་སྤྱི་ལྟར་བྱ་བས་རྒྱུད་གསང་སྔགས་ལམ་གྱི་སྣོད་ལྡན་དུ་སྒྲུབ་ལ། ཡབ་ཡུམ་ཀུན་བཟང་སྟངས་དཔྱལ་གནས་ལྔར་གཙུག་ཏོར་རྡོར་སེམས། སྤྱི་བོ་ནས་རྣམ་སྣང༌། སྣང་མཐའ། མི་བསྐྱོད། རིན་འབྱུང༌། དོན་གྲུབ་ཡབ་ཡུམ་རྣམས་སོ་སོར་གསལ། མཁའ་གསང་རྡོ་རྗེ་པདྨ་སྦྱོར་བའི་ཐབས་ཀྱིས་ལྷན་སྐྱེས་བདེ་བ་ཆེན་པོའི་གནས་ལུགས་མངོན་དུ་བྱ་སྙམ་པའི་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་འབར་འཛག་གི་དམིགས་པ་སྔར་ལྟར་ལ། ཐིག་ལེ་གནས་སོ་སོར་སོན་པས་རིགས་ལྔ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་ལ་བདེ་སྟོང་གི་ཉམས་རྒྱས། དེ་ཀུན་ཀྱང་ཡབ་ཡུམ་སོ་སོར་སྦྱོར་བས་འཁོར་ལོ་དྲུག་ཏུ་ཐིག་ལེ་དཀར་དམར་གྱི་བདུད་རྩིས་ཁེངས། ཐིག་ལེའི་རྒྱུན་གནས་སོ་སོར་སོན་པས། དགའ་བཞི་ལྷན་སྐྱེས་ཀྱི་ཉམས་སྐྱེས། འཁྲུལ་རྟོག་མི་རུང་བ་བཀག་པའི་བདེ་སྟོང་གི་རང་ངོ་སྐྱོང༌། མཐར་རིག་སྟོང་ནམ་མཁའ་ལྟ་བུའི་དབྱིངས་དང་བསྲེས་ཏེ་མཉམ་པར་བཞག་གོ །ལྔ་པ་གཉིས་ཀའི་ལམ་ཁྱེར་ནི། རྫོགས་པ་ཆེན་པོའི་དེ་ཉིད་ནི༔ ལུས་གནད་བདུན་ལྡན་ཞི་གནས་བསྒོམ༔ འཁྲུལ་འཁོར་སྣ་ཚོགས་ལྷག་མཐོང་བསྒོམ༔ ཞི་ལྷག་ཟུང་འཇུག་སྤྱོད་ལམ་ལ༔ དབྱེར་མེད་ཉིད་དུ་འདྲེས་པར་བྱ༔ ཞེས་པ་སྟེ། སྤྱིར་རྫོགས་པ་ཆེན་པོར་དབང་རབ་སྐལ་བ་ཅན་ལ་དགོངས་པའི་ཆོས་སུ་གསུངས་པས་གདུལ་བྱ་གཅིག་ཆར་བ་རྣམས་དབང་བཞི་པའི་ཡེ་ཤེས་ཁོ་ན་རྩལ་དུ་བཏོན་ནས་ཉམས་ལེན་མཐར་དབྱུང་བ་ཡིན་ཀྱང༌། དེང་སང་དེ་ལྟ་བུ་དཀོན་པ་ལ་དགོངས་ནས་བི་མ་དང་མཁའ་འགྲོའི་སྙིང་ཐིག་གཉིས་ཆར་སྔོན་འགྲོ་ལམ་སྟེགས་ཀྱི་ཚུལ་དུ་བདེ་སྟོང་གི་རྣལ་འབྱོར་དུ་གསུངས་པས་སྐབས་འདིར་ཡང་ལུས་གནད་ཆོས་བདུན་དང་ལྡན་པས་རང་ལུས་རྩ་རླུང་ཐིག་ལེའི་བདེ་དྲོད་མི་རྟོག་པའི་རྣལ་འབྱོར་དང༌། བོགས་འབྱིན་གཞན་ལུས་བཅས་གསུངས་པ་ཉིད་ལ་བརྟེན་ནས་རླུང་སེམས་ཀྱི་འགྱུ་ཆ་བཀག་སྟེ་བདེ་བའི་ངང་བསྐྱངས་པས་ཞི་གནས་དང༌། ཐུན་མཚམས་སུ་རླུང་རིག་བསྲེས་ཏེ་འཁྲུལ་འཁོར་ལ་འབད་པས་ལྷག་མཐོང་གི་དེ་ཉིད་མངོན་དུ་འགྱུར་བར་གསུངས་བ་ལྟར་བསླབ། འཁྲུལ་འཁོར་ནི་ཡན་ལག་ལྔ་སྦྱོང་སོགས་སྤྱི་ལྟར་བྱ་དགོས་སྙམ་མོ། །སྤྱིར་གང་ཟག་ལས་དང་པོ་བ་ཕལ་ཆེར་རྩོལ་མེད་ཉིན་མཚན་འོད་གསལ་གྱི་རྣལ་འབྱོར་ཁོ་ན་ལ་བཟླ་བ་དཀའ་ཞིང༌། རིག་པ་རྐྱང་དེད་ཀྱིས་དང་པོའི་རྣལ་འབྱོར་གྱི་བློར་ཆུད་དཀའ་བར་སྣང་བས་ལམ་འདི་ཀ་ངེས་པར་གལ་ཆེ་བར་གསུངས་སོ། །གསུམ་པ་འབྲས་བུ་མཐར་ཐུག་ཏུ་ལ་བཟླ་བ་ནི། འབྲས་བུ་བླ་ན་མེད་པའི་ས༔ ཡང་དག་པར་ནི་ཐོབ་པར་འགྱུར༔ སྐུ་ལྔའི་འབྲས་བུ་ཚེ་འདིར་ཐོབ༔ འབྲས་བུ་གཞི་ལ་སྨིན་པར་ངེས༔ གདམས་པ་མཐར་ཐུག་ཁོ་ནའོ༔ གསང་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཞེས་པའི་བར་ཏེ་འབྲས་བུ་མཐར་ཐུག་གི་གྲོལ་ས་བླ་ན་མེད་པ་ཡང༌། རང་རིག་དོན་གྱི་ཡིན་ལུགས་ཀྱི་གནས་སྣང་གཉིས་མངོན་སུམ་དུ་གྱུར་བས་ཀུན་འབྱུང་གི་འཁྲུལ་རྒྱུ་ས་བོན་དང་བཅས་པ་སྟོང་ཞིང་སངས་ནས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཁྱབ་བརྡལ་དུ་ཤར་བ་ལ་བྱ་སྟེ། ལམ་སྔར་བསྟན་པ་ལ། འབད་པ་རྩལ་དུ་བཏོན་པས་གེགས་དང་གོལ་ཤོར་མེད་པར་མངོན་སུམ་ཡང་དག་པར་ཐོབ་པར་འགྱུར་ཏེ། ཆོས་ཉིད་ཀ་དག་གི་གཤིས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་སྐུ། འོད་གསལ་རྒྱུན་ཆད་མེད་པའི་སྣང་བ་ལོངས་སྐུ། ཐུགས་རྗེའི་རིག་རྩལ་འཁོར་འདས་ཀུན་ལ་ཁྱབ་པ་སྤྲུལ་སྐུ། དེ་གསུམ་ལྡོག་ཆས་དབྱེ་བ་ཙམ་ལས་དོན་ལ་དབྱེར་མེད་པའི་ངོ་བོ་ཉིད་སྐུ། ལམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པར་མངའ་བ་མངོན་བྱང་གི་སྐུ་ཞེས་བྱ་སྟེ། འབྲས་བུའི་ཡོན་ཏན་དེ་དག་ཕྱི་དུས་ལ་མ་ལྟོས་པར་སྙིགས་མའི་ཚེ་ཐུང་གཅིག་གི་སྟེང་འདིར་མངོན་དུ་ཐོབ་པ་ལ་བསླུ་བ་མེད་པར་ངེས་པས་ན། ཐེག་པ་གཞན་རྣམས་ལྟར་འབྲས་བུ་དང་གཞི་གཉིས་བཟང་ངན་གྱི་རྣམ་དབྱེ་མེད་པ་ཆོས་ཉིད་ལྷུན་རྫོགས་ཀྱི་གོ་འཕང་མངོན་དུ་གྱུར་པའི་ཚེ། གཞི་འབྲས་གཉིས་མེད་དུ་ཤེས་པར་བྱ་དགོས་པས། དེ་མངོན་བྱེད་ཀྱི་ལམ་གྱི་མཐར་ཐུག་ཀྱང་ཡེ་ཤེས་ལམ་བྱེད་རྗེན་ཅེར་དུ་སྟོན་པས་མཐར་ཐུག་གི་གསང་བ་འདི་ཁོ་ན་ཞེས་གསུངས་སོ། །གསུམ་པ་རྗེས་ཀྱི་ཁྲིད་རིམ་ལ། རྟེན་སྒྲོན་མ་དྲུག་གནས་ཚུལ། བརྟེན་པ་གནད་བཞིའི་དོན་ཉམས་སུ་ལེན་ཚུལ་དང་གཉིས་ལས། དང་པོ་ནི། གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་དུ༔ གནས་ཐབས་འབྲས་བུ་རྣམ་གསུམ་ནི༔ གནས་ནི་སྙིང་གའི་སྒྲོན་མ་རུ༔ ཀུན་གཞི་རང་རིག་ཡེ་ཤེས་ཏེ༔ སྐུ་དང་ཡེ་ཤེས་འོད་ལྔར་བཞུགས༔ དཀར་འཇམ་རྩ་ཡི་སྒྲོན་མ་ལས༔ དབང་པོ་གསལ་བའི་སྒྲོན་མེར་སྣང༔ སྟོང་པའི་དབྱིངས་ནི་རྣམ་པར་དག༔ རིག་པ་ཐིག་ལེ་ལུ་གུ་རྒྱུད༔ གནས་ནི་ལུས་ཀྱི་ནང་ན་གསལ༔ ཤར་ནི་དབང་པོའི་ཕྱི་རུ་སྣང༔ དོན་དུ་ཕྱི་ནང་དབྱེར་མེད་ཤེས༔ ཞེས་པ་སྟེ་གཉིས་སྣང་གི་སྒྲིབ་ཚོགས་ཤིན་ཏུ་ཞི་བའི་དབྱིངས་ནང་གསལ་གསང་བ་ཆེན་པོའི་དེ་ཉིད་ཀ་དག་ཁྲེགས་ཆོད་ཀྱི་ལམ་གྱིས་མངོན་སུམ་རྟོགས་པར་ནུས་ཀྱང་ཡེ་ཤེས་ཀྱི་གདངས་དབང་པོའི་མངོན་སུམ་དུ་ཤར་བ་ལ་བརྟེན་ནས་ས་ལམ་ཐོད་རྒལ་དུ་བགྲོད་པ་རྫོགས་པ་ཆེན་པོ་མན་ངག་སྡེའི་གསང་བ་མཐར་ཐུག་ཏུ་ངེས་པའི་ཕྱིར། ལམ་ཉམས་སུ་ལེན་པ་ལ། སྒྲོན་མ་དྲུག་གི་གནས་ལུགས་ཤེས་དགོས་པས་དེ་ནི་རྡོ་རྗེ་ལུས་ལ་གནས་པ་སྟེ། གཞིའི་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱིས་ཡུལ་གྱི་འཁྲུལ་གཞི། འོད་ལྔའི་གཟུགས་སུ་སྣང་བས། ཕྱི་སྣོད་དང༌། གདོས་བཅས་ལུས། ཐུགས་རྗེའི་གདངས་རིག་པ་རིག་ཅིང་ཤེས་པས་སེམས་ཀྱི་འཁྲུལ་གཞི་བྱས་ནས་འཁོར་བར་ཁ་བརྒྱུད་པ་སྟེ་དེ་དག་ལྷན་ཅིག་ཏུ་འདུས་པས་སྲིད་པའི་ཀུན་སྣང་རྒྱ་ཆེན་པོ་འདི་གྲུབ་པའི་ཕྱིར། གང་དུ་སྐྱེས་ཀྱང༌། རླུང་སེམས་ལུས་གསུམ་ལྷན་ཅིག་ཏུ་འབྲེལ་པར་སྣང་ཞིང༌། རགས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྦུབས་སུ་དྭངས་མའི་རྩ་རླུང་ཐིག་ལེ། དེ་ལས་ཡེ་ཤེས་ཀྱི་རྒྱུན་བསྲེས་པར་གནས་པའི་ཚུལ་ཤེས་པས་སྒོ་ཡུལ་རླུང་རིག་གི་གནད་ཀྱིས་སྒོ་གསུམ་གཅུན་ནས་གཟིར་བས་འོད་གསལ་ཡེ་ཤེས་ཀྱི་སྣང་བའི་འཕེལ་རྫོགས་ཤིང་ཟད་སར་སྐྱེལ་དགོས་པས་ན། དྲི་ཟ་ཉེར་ལེན་གྱི་རླུང་སེམས་གཉིས་འདུས་ཀྱིས་སྲིད་པ་ཉིད་ཕ་མའི་ཁམས་དཀར་དམར་འདུས་པའི་དབུས་སུ་ཞུགས་ཏེ་ལུས་གྲུབ་པའི་ཚེ། གཡས་རོ་མ་བདེ་བའི་ཡེ་ཤེས། གཡོན་རྐྱང་མ་གསལ་བའི་ཡེ་ཤེས། དབུས་ཨ་ཝ་དྷཱུ་ཏི་མི་རྟོག་པའི་ཡེ་ཤེས་འཆར་བའི་རྟེན་དཀར་དམར་མཐིང་གའི་མདོག་ཅན་མ་དག་པའི་དུས་སྒོ་གསུམ་དང་དུག་གསུམ་དག་པའི་སྐབས་སྐུ་གསུམ་གྱི་རྟེན་ལ། གནས་བཞིར་འཁོར་ལོ་བཞི་སྐུ་བཞི་ཡེ་ཤེས་ལྔ་ཡི་རྟེན་ཅན་དུ་གསུངས། དེར་རྒྱུ་བའི་རླུང་ལ་རྙིང་དབུས་སུ་སྲོག་རླུང༌། ཤར་གྱི་རྩ་འདབ་ཏུ་ཁྱབ་བྱེད། ལྷོར་རྫོགས་བྱེད། ནུབ་ཏུ་མེ་མཉམ། བྱང་དུ་སྐྱེད་བྱེད་ཅེས་དུག་ལྔ་དང་ཡེ་ཤེས་ལྔ་ཡི་རླུང་རྩ་བའི་རླུང་ལྔ། གྱེན་རྒྱུ་སྟོད་ན་གནས་པས་དབུགས་འགྲོ་འོང་གི་རྟེན། ཐུར་སེལ་སྨད་ན་གནས་པས་ཟག་པ་འདོར་སྡོམ། མཉམ་གནས་བར་ན་གནས་པས་ཟས་ཀྱི་དྭངས་སྙིགས་འབྱེད་པའི་ལས་བྱེད་པ་ལ་འགྱུར་བ་ཆེན་པོ། ལེགས་བྱེད་ཚིགས་བཞི་ལ་གནས་པས་ཤ་རུས་ཀྱི་སྟོབས་སྐྱེད་པ་དང༌། འགྲོ་འདུག་བརྐྱང་གསུམ་གྱི་ལས་བྱེད། སྐྱོད་བྱེད་སྨིན་ཕྲག་ན་གནས་པས་ཁྲག་དང་ཆུ་སེར་གྱི་སྟོབས་བསྐྱེད་པ་ལ་ལས་བྱེད་ཀྱི་རླུང་ལྔ་དང༌། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ལ་འགྱུ་བ་ཆུང་བར་གསུངས། རྩ་དེ་དག་ན་གནས་པའི་ཁམས་བྱང་ཆུབ་ཀྱི་སེམས་རོ་མ་ནས་ཟླ་བ་ཧྃ་ཐུར་དུ་ལྟེ་བ་ལ་བབ་པས་ལུས་ཟུངས་བདུན་དང༌། ཀླད་པ་རྐང་ཚིལ་རུས་པ་བསྐྱེད། རྐྱང་མ་ལས་ཉི་མ་ཨ་ལས་གྱེན་དུ་འཕེལ་ནས་ཤ་ཁྲག་ཆུ་སེར་པགས་པ་སྐྲ་བ་སྤུ་བསྐྱེད། དབུ་མ་ནས་ཀུན་ཁྱབ་འོད་གསལ་གྱི་ཐིག་ལེ་འཆར་ཞིང་གནས་པར་གསུངས་ཤིང༌། དེ་ལས་ཀྱང་སྙིང་གི་ཤར་དུ་ཁྲག །ལྷོར་ཤ། ནུབ་ཏུ་དྲོད། བྱང་དུ་དབུགས། དབུས་ཀྱི་ལྟེ་བར་ནམ་མཁའ་དྭངས་མ་སྟེ་ལྔ་འདུས་པའི་ཐིག་ལེར་སྡོང་བུ་སྣུམ་ཅན་ལ་མེ་སྦར་བ་ལྟར་གནས་པའི་སྙིང་གི་འོད་གསལ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་བདག་ཉིད་དུ་བཞུགས་པའི་གནས་ཙིཏྟ་ཤ་ཡི་སྒྲོན་མ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་ཀུན་འཁོར་ལས། གཞི་དབྱིངས་ཀ་དག་གི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཏིང་གསལ་གྱི་བདག་ཉིད་ལ་གནས་ལུགས་གཞིའི་སྒྲོན་མ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། སྙིང་པོ་རིག་པའི་གདངས་མ་འགགས་པར་འཆར་བ་ནི་སྤྲུལ་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུ། རྟག་ཏུ་འཕེལ་འགྲིབ་མེད་པ་མི་འགྱུར་རྡོ་རྗེའི་སྐུ་དང༌། ཆོས་དབྱིངས། མེ་ལོང༌། མཉམ་ཉིད། སོར་རྟོག །བྱ་གྲུབ་ཀྱི་ཡེ་ཤེས་རྣམ་པ་ལྔ་རང་བཞིན་ལྷུན་གྱིས་གྲུབ་པ་དང༌། རིག་པ་ལ་དྲི་མ་མེད་པས་འོད་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། རིག་པར་འདུས་པས་དམར་པོ། མ་བཙལ་རྫོགས་པས་ལྗང་གུ། འགྱུར་བ་མེད་པས་མཐིང་ག་སྟེ་ལྔ་བཅས་ལྷུན་གྱིས་རྫོགས་པར་བཞུགས་པའོ། །ཆོས་ཉིད་དོན་གྱི་བཞུགས་ཚུལ་དེ་མངོན་དུ་བྱེད་པ་ལ་ཡེ་ཤེས་ཀྱི་གདངས་སྣང་ཞིང་འཆར་བའི་སྒོ་ནི་དཀར་འཇམ་རྩ་ཡི་སྒྲོན་མ་དར་དཀར་གྱི་སྐུད་པ་ལྟ་བུ་དེས་སྙིང་གི་རྩེ་ནས་སྒལ་ཚིགས་ལ་འཁྲིལ་ཏེ། མགྲིན་པའི་རྩེའུ་ཆུང་གཡས་གཡོན་གྱི་འདབ་ནས་རྣ་བ་གཉིས་ལ་བརྒྱུད་ཀླད་པ་ནས་མིག་གི་ཨ་འབྲས་ཆུའི་སྒྲོན་མ་གཉིས་ལ་ཟུག་པ་འོད་རྩ་དྭངས་མའི་སྒོ་ཡེ་ཤེས་འདུས་པའི་རྒྱང་ཞགས། འབྱུང་བ་འདུས་པའི་རྒྱང་ཞགས་མིག་གི་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་དབང་ཤེས་གསུམ་ལྡན་རྟེན་བརྟེན་པ་སྟེ་མིག་རྩའི་རྩ་བ་ལྟེ་བ་ནས་སྙིང་ག་དང་མགྲིན་པ་བརྒྱུད་དུང་ཁང་དུ་གཡས་སུ་འཁྱིལ་བའི་རྩ་འདབ་བཞིར་གྱེས་པའི་དབང་པོ་ཡུལ་ལ་འཆར་བའི་རྩ་འདབ་གཅིག་ལས་རྩེ་མོ་ལྔར་གྱེས་པས་སྒོ་ལྔ་སོ་སོའི་རྟེན་བྱེད་པ་ལས། སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་དཀར་ནག་ཕྱེད་མ་ཆུ་ཡི་རང་བཞིན་གྱི་མིག་གི་དབང་རྟེན་ཕྱི་ནང་དུ་ཕྲ་བ་བ་མན་གྱི་རྭ་ལྟ་བུའི་ཡལ་ག་གཉིས་མིག་གི་ཨ་འབྲས་ཀྱི་དྭངས་མ་གཉིས་ལ་ཟུག་ནས་འོད་རྩའི་རང་བཞིན་དྭངས་ལ་གསལ་བར་བྱུང༌། རྩ་དེ་སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་རླུང་རིག་གི་གནད་ཀྱིས་གཟིར་བས་ཕྱི་ནང་གི་དབྱིངས་སྣང་རྣམ་དག་གི་སྒྲོན་མ་ཀ་དག་གི་གདངས་དང༌། རིག་པའི་འོད་གསལ་ལྷུན་གྲུབ་ཀྱི་གདངས་རྡོ་རྗེ་ལུ་གུ་རྒྱུད་དང༌། ཐིག་ལེ་སྟོང་སྒྲོན་དང་ཤེས་རབ་རང་བྱུང་གི་སྒྲོན་མ་རྣམས་ལུས་ནང་ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་སུ་ད་ལྟ་གདོས་བཅས་ཤ་ཁྲག་གིས་བཅིངས་ཏེ་གནས་པ། མིག་ནས་འོད་སྣང༌། སྙིང་ག་ནས་དུང་ཁང་གི་ཁྲོ་བོ་དབུ་མ་དང་རྩ་བ་རྣམས་ལས་ཐིག་ལེ་ཕྲ་རགས། སྤྱི་བོ་ནས་ཐིག་ལེ་དགུ་བརྩེགས་བཅས་འཆར་བའི་སྒོ་ཡིན་ལ་སྣང་བའི་འཆར་ཚུལ་དང་གནས་ཚུལ་དེ་ལྟར་ཡང་གཟུང་ཡུལ་རགས་པ་ལྟར་ཕྱི་ནང་དུ་དབང་ཡུལ་ཤེས་པ་གཉིས་སུ་མེད་པ་དབྱིངས་རིག་ཟུང་འཇུག་གི་རིག་སྟོང་ཡེ་ཤེས་ཆེན་པོ་གཅིག་གི་འཆར་ཚུལ་ལོ། །དེ་ལྟར་ཙིཏྟ་ཀ་ཏི་ཤེལ་སྦུག །རྒྱང་ཞགས་གསུམ་དང༌། དབྱིངས་རིག་ཐིག་ལེ་གསུམ་ཕྱི་བར་དོ་དུས་ཀྱི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ། གནས་པ་གཞིའི་སྒྲོན་མ་དང་དགུར་དབྱེ་བའང་གསུངས། བསྡུ་ན་བཞིར་འདུ་བའང་གསུངས་སོ། །གཉིས་པ་བརྟེན་པ་གནད་བཞིས་ཉམས་སུ་ལེན་པ་ལ། དངོས་དང༌། རྟག་སྣང་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་བསྟན་པའོ། །དང་པོ་གནད་བཞི་དངོས་ནི། ཐབས་ནི་སྐུ་གསུམ་བཞུགས་སྟངས་ཀྱིས༔ དབྱིངས་རིག་ཐིག་ལེ་འདི་ལ་སྦྱངས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟར༔ ཉི་མ་འཆར་ཀར་དབྱིངས་ལ་བསླབ༔ ལོངས་སྐུའི་བཞུགས་སྟངས་གླང་ཆེན་གྱིས༔ ཤར་མ་ཁད་པར་རིམ་པར་བསླབ༔ སྤྲུལ་སྐུའི་བཞུགས་སྟངས་ཙོག་པུ་ཡིས༔ ཤར་བའི་དུས་ན་འོད་ལ་སྦྱངས༔ ཤིན་ཏུ་གོམ་པར་གྱུར་པའམ༔ མ་འདྲེས་སོ་སོར་སྣང་བ་ན༔ ལུས་གནད་བདུན་ལྡན་ཅི་བདེ་བས༔ དབྱིངས་རིག་ཐིག་ལེ་ཉེ་རྫོགས་སུ༔ སྣང་བ་རིག་པ་དབྱེར་མེད་བསྒོམ༔ ཞེས་གསུངས་ཏེ་སྒྲོན་མ་རྣམས་ཀྱི་རྟེན་རྩ་ནི་ལུས་ལ་གནས་ཤིང་ལུས་གནད་དུ་གཅུན་པས་ངག་ཡིད་ཀྱང་གནད་དུ་ཆུན་པའི་ཕྱིར་བཞུགས་སྟངས་བྱ་བར་གཅེས་པས་དེ་ནི། །ལག་བསྣོལ་རྐང་པའི་བར་དུ་བཞག །མིག་གཉིས་གཙུག་ཏོར་ཐད་དུ་བལྟ། །ཆོས་སྐུ་སེངྒེའི་ལྟ་སྟངས་ཀྱི། །སྟོང་ཉིད་དབྱིངས་ལ་རྣམ་པར་སྦྱངས། ཞེས་ཆོས་སྐུ་སེངྒེའི་འདུག་སྟངས། ཡན་ལག་བཞི་ནི་ས་ལ་ཕབ། །ལག་གཉིས་འགྲམ་སྐྱོར་ཨོག་མ་བཏེགས། །མིག་གཉིས་ཟུར་ལ་ཁྲིད་ནས་ཀྱང༌། ལོངས་སྐུ་གླང་པོའི་གཟིགས་སྟངས་ཀྱིས། །རང་རྩལ་ཐིག་ལེ་རྩལ་ལ་སྦྱངས། །ཞེས་ལོངས་སྐུ་གླང་པོ་ཆེའི་ཉལ་སྟངས། ལག་གཉིས་པུས་མོར་འཁྱུད་ནས་ནི། །ཙོག་པུར་པུས་བྲང་ཐད་དུ་བལྟ། །སྤྲུལ་སྐུ་དྲང་སྲོང་གཟིགས་སྟངས་ཀྱིས། །ཟུང་འཇུག་རིག་པའི་རྩལ་ལ་སྦྱང༌། །ཞེས་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་འདུག་སྟངས་གསུམ་གང་རུང་གི་ཚུལ་གྱིས་འཆར་བྱེད་སྒོ་ཡི་གནད། ཆོས་སྐུའི་གཟིགས་སྟངས་གཙུག་ཏོར་རྣམ་བར་བལྟ་བ། ལོངས་སྐུའི་གཟིགས་སྟངས་མདའ་མཁན་སྙུག་མ་བསྲང་བ། སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུའི་ཚུལ་གྱིས། ཡུལ་གྱི་གནད་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལ་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་ཟླ་བ། སྤྲུལ་སྐུ་རྟེན་ཨཱ་ལོ་ཀེ་སྟེ་གསུམ་དང༌། ཆོས་སྐུའི་བཞུགས་སྟངས་གཟིགས་སྟངས་ཀྱི་ཉི་མ་འཆར་ཀའི་ཟེར་ཐག་གི་དབྱིངས་སྣང་དང༌། ལོངས་སྐུའི་ཉི་མ་ཤར་ལ་ཁད་པ། སྤྲུལ་སྐུའི་ཉི་ཟླའི་འོད་ལ་བལྟ་བས་དབྱིངས་རིག་གི་སྣང་བ་ཚད་ལ་ཕེབས་དགོས་པར་གཞུང་འདི་རུ་གསུངས། རླུང་གནད་ཁ་སྣ་ནས་འབྱུང་འཇུག་ཤིན་ཏུ་དལ་བ་དང་ལས་དང་པོ་པའི་དུས་སུ་བར་རླུང་བཟུང་ན་ལེགས་པར་གསུངས། རིག་པས་མིག་དབྱིངས་རིག་གི་སྣང་བ་ལ་གཏད་པས་གནད་དུ་གཅུན་པ་དང༌། གོམས་པ་བརྟན་པའི་ཚེ་རྣམ་སྣང་ཆོས་བདུན་དང་ལྡན་པས་རྩལ་སྦྱང་པར་གསུངས་ཤིང༌། དེའི་ཚེ་དབྱིངས་གསུམ་བསྲེས་པའི་གདམས་ངག་ལ། ཕྱི་དབྱིངས་སྤྲིན་མེད་ནམ་མཁའི་དབྱིངས། །ནང་དབྱིངས་རང་བཞིན་སྟོང་པའི་བབ། །གསང་དབྱིངས་རིག་པ་ལུ་གུ་རྒྱུད། །ནམ་མཁའ་སུམ་ཕྲུག་གདམས་ངག་སྐབས། །ལུ་གུ་རྒྱུད་ལ་རིག་པ་གཏད། །རིམ་གྱིས་གཡོ་བ་བརྟན་ཅིང་དག །ཅེས་གསུངས་པ་ལྟར་ཕྱི་དབྱིངས་རིག་གི་སྣང་བ། ནང་རང་བྱུང་གི་རིག་པ་གཉིས་དངོས་དང༌། གདངས་ཀྱི་རྩལ་སྣང་ངོ་བོ་བདག་གཅིག་གི་འབྲེལ་བས་ཡུལ་དབང་ཤེས་གསུམ་ཐ་དད་དུ་མི་བལྟ་བར་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པར་བྱའོ། །གཉིས་པ་སྣང་བཞིའི་འཆར་ཚུལ་ནི། དེ་ལ་ཉམས་རྟགས་འཆར་ཚུལ་རྣམས༔ ཆེས་ཆེར་རིམ་པས་འཕེལ་བ་སྟེ༔ ཡུལ་ཁམས་གང་བར་མངོན་སུམ་སྣང༔ ཕྱག་མཚན་ཡིག་འབྲུ་སྟོང་དུ་འཕེལ༔ སྐུ་ནི་ཡོངས་རྫོགས་ཚད་ལ་ཕེབས༔ རིག་པ་རང་སྣང་ཟད་སར་ཟིན༔ སྤྱི་བོའི་གཙུག་ཏུ་འོད་བདུན་ནི༔ ཐོ་བརྩེགས་ཚུལ་དུ་བྱུང་བ་ནི༔ ཞག་བདུན་འོད་ལུས་འགྲུབ་པའི་རྟགས༔ ཞེས་གསུངས་པ་ལྟར་སྟོང་གསལ་རང་རིག་འདུས་མ་བྱས་པའི་ཡེ་ཤེས་སྐད་ཅིག་རྗེན་པ་ཁྲེགས་ཆོད་ཀྱིས་ངོ་འཕྲོད་ནས་སོར་བཞག་ཏུ་སྐྱོང་བའི་ཆོསྃ་ཉིདྃ་ལ་གདེངས་ཐོབ་པས་གཞི་བཅས་ཏེ་ཡེ་ཤེས་ཀྱི་རིག་གདངས་ནམ་མཁའི་དཀྱིལ་དུ་དབྱིངས་འོད་མཐིང་ག་ཁྱབ་པ་ཆེན་པོ་མེ་ལོང་དྭངས་པ་ལྟ་བུ་ལ་འོད་ལྔའི་དབྱིངས་སྣང་གི་སྟེང་ཐིག་ལེ་ཉིས་སྦྲེལ་ནས་སུམ་སྦྲེལ་ཚུན་ཆད་དང༌། རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་འཆར་ཏེ་དངོས་སུ་མིག་གིས་བལྟར་ཡོད་ཅིང༌། རང་སྣང་རང་རིག་གི་ཉམས་སུ་མྱོང་བ་མངོྃན་སུམྃ། སྣང་ཉམྃས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་འོད་ལྔ་རྩིབས་ཤར་དང༌། གྱེན་འགྲེང་དང༌། ཟླུམ་མཁྲིག་དང༌། མཆོད་རྟེན་ལྟ་བུ་དང༌། པདྨ་སྟོང་ལྡན་དང༌། མཁར་ཐབས་དང༌། མདའ་དང་མདུང་རྩེ་ལྟ་བུ་དང༌། དྲྭ་བ་དྲྭ་ཕྱེད་དང༌། མིག་མང་རིས་ལ་སོགས་པ་དང༌། ཡིག་འབྲུ་དང་རིགས་ལྔའི་ཕྱག་མཚན་སོགས་སྣངྃ་བའི་རིགས་ཅིར་ཡང་འཆར་ལ། ཐིག་ལེ་སྟོང་སྒྲོན་ཡང་སྲན་མ་ཙམ་ནས་བསེ་ཕུབ་ཙམ་གྱི་བར་དུ་རྣམ་པར་སྣང་ཞིང་འཕེལ་བ་དང༌། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཆེ་བརྟན་དུ་སོང་བ་དང༌། ཤེས་ཉམས་བདེ་གསལ་མི་རྟོག་པའི་ཏིང་འཛིན་བཅས་གོང་ནས་གོངྃ་འཕེྃལ་དུ་སྣང་བ་དང༌། ཡུལ་སྣང་གི་རིགྃ་པྃ་སྟོང་ཉིད་གང་དང་ཡང་དབྱེར་མི་ཕྱེད་པ། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད། གཞི་འཛིན་པའི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གཞི་གནས་ཀྱི་རིག་པ་ཤེས་པ་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ། མཚན་ཉིད་འཛིན་པའི་རིག་པ་མ་རིག་པ་རང་ལོག་ནས་རིག་པའི་ཡོན་ཏན་འཕེལ་བའི་ཆ་རྟེན་དུ་གྱུར་པ་ལས་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་འོད་དུ་གསལ་བ། ཡེ་ཤེས་ལྔའི་ཆོས་ཉིད་ལ་བྱན་ཚུན་པས་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་སྤྲུལ་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་གཙུག་ཏོར་དང་བཅས་པའི་དབུ་ཕྱེད་པ་ནས་སྐུ་རྐྱང་གི་བར་དང༌། ལོངས་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་རིགས་ལྔའི་སངས་རྒྱས་རྐྱང་པ་ནས་ཡབ་ཡུམ་ཞལ་སྦྱོར་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་བར། ཆོས་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་གཙོ་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱི་རྭ་བ་དང་བཅས་པ་མཆོག་ཏུ་གསལ་བས་འདུས་བྱས་ཀྱི་སྣང་བ་རང་སར་འགགས། རི་བྲག་ཟང་ཐལ་དུ་འགྲོ། གཟུང་འཛིན་ཐད་ཀར་ཞིག །ཅིར་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་འབའ་ཞིག་ཏུ་སྣང་བའི་དག་པ་རབ་འབྱམས་ཆེན་པོར་ལོངས་སྤྱོད་པས་ཚདྃ་ལ་ཕེབྃས་པའམ་ཚད་དུ་ཕྱིན་པའི་སྣང་བ། དེ་ལྟ་བུའི་གནད་ལ་བརྟེན་ནས་རླུང་མི་གཡོ་བ་ཡེ་ཤེས་སུ་འཕེལ། ཆོས་ཉིད་དུ་དག་པའི་མཐུ་ལས། ཕྱི་གཟུངས་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོསྃ་ཉིདྃ་བསམ་གྱིས་མི་ཁྱབ་པའི་ནང་དབྱིངས་སུ་ཐིམ་པས། དཔེ་ཤེལ་འོད་ནང་དུ་ནུབ་པར་ལྟར་ནང་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཐམས་ཅད་གཏིང་གསལ་ཡེ་ཤེས་གཅིག་པའི་སྦུབས་སུ་ལམ་མེར་རྫོགས་པ་ནི་ཆོས་ཅན་གྱི་སྣང་ཆ་ཐམས་ཅད་ཆོས་ཉིད་རིག་པའི་ངང་དུ་ཟདྃ་པྃ་ནས་གཞི་དབྱིངས་འཕོ་མེད་དུ་བཙན་ས་ཟིན་པའི་སྣང་བ་ཞེས་བྱའོ། །གསུམ་པ་མཐའ་རྟེན་གྱི་མན་ངག་ལ་ལྔ། ཅོག་བཞག་བཞི། མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱི་ཚད་བཟུང༌། ཐོབ་པ་གསུམ་གྱི་གཟེར་གདབ། །གདེང་བཞིའི་གྲོལ་ཚད་དུ་བསྟན་པ་ལས། དང་པོ་ནི། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པའི་དོན་ལུས་བཞུགས་སྟངས་གསུམ་གང་དང་རུང་མ་བྲལ་བས་རྩ་རླུང་ཐད་སོར་གནས་པས་འགྱུ་བྱེད་ཀྱི་རྟོགས་པ་རང་འགགས་ཏེ་རིག་པ་རྗེན་ལ་ཕུད་དེ་དབྱིངས་སྣང་དང་བསྲེས་པས་སེམས་རིག་ཤན་ཕྱེས་ནས་འོད་གསལ་གྱི་དབྱིངས་སུ་མི་གཡོ་བར་བྱེད་པས་ལྟ་བ་རི་བོ་ཅོག་གཞག །མིག་གཟིགས་སྟངས་ཀྱིས་གཅུན་པས་རྒྱ་མཚོར་གཟའ་སྐར་ཤར་བ་བཞིན་ཚོགས་དྲུག་གི་ཡུལ་གྱིས་དབང་ཤེས་མི་གཡོ། རྐྱེན་བཟང་ངན་གྱི་ཕན་གནོད་དང་བྲལ་བ་རྒྱ་མཚོར་གཟའ་སྐར་ཤར་བ་བཞིན་སྒོམ་པ་ཀློང་དུ་གྱུར། སྣང་བ་བཟང་ངན་གང་ཤར་ཡང་རེ་དོགས་ཀྱི་དེར་འཛིན་མེད་པར་བཞག་པས་ཐམས་ཅད་ཆོས་ཉིད་གཅིག་ཏུ་གྲོལ་ཏེ་ལམ་གྱི་གེགས་སུ་མི་ལྡང་ཞིང་བོགས་འབྱིན་དུ་འགྱུར་བས་སྤྱོད་པའི་རྒྱན་དུ་ཁྱེར་ནུས། ནང་གི་རིག་པ་ཕྱི་ཡི་སྣང་བས་བོགས་དབྱུང་སྟེ་ཉམས་ལེན་གདེང་དུ་ཁེལ་ནས། རིག་སྟོང་རྗེན་པའི་ཡེ་ཤེས་ལས་ལམ་ནས་ཡང་མི་འདའ་བས་འབྲས་བུའི་གྲོལ་སར་ཕྱིན་པ་སྟེ། མདོར་ན་རིག་པ་གཅིག་ལ་རྣམ་པའི་དབྱེ་ཚུལ་བཞིར་གསུངས་པས་དོན་དུ་ཀ་དག་གི་དགོངས་པ་དང་ལྷུན་གྲུབ་ཀྱི་སྣང་བཞི་མཐར་ཕྱིན་པའི་ཚད་དུ་བསྟན་པའོ། །གཉིས་པ་མི་འགུལ་བ་གསུམ་ནི། ལུས་བཞུགས་སྟངས་གསུམ་དང༌། རྣམ་སྣང་ཆོས་བདུན་ལས་མ་གཡོས་པས་རྩ་རླུང་བདེ་ལུགས་སུ་རྒྱུ། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས། མངོན་སུམ་གྱི་སྣང་བ་ཡུལ་ལ་གསལ། རླུང་རིག་མི་འགུལ་བ་དལ་བར་བརྟན་པས་ཕྱི་ནང་གསང་བ་གསུམ་གནད་ཀྱི་བྱེད་པ་གཅིག་པས་ཆོས་ཉིད་རང་ངོར་གནས་ཏེ་སྣང་བ་བུ་ལྟ་བུ་རང་རྩལ་དང༌། རིག་པ་མ་ལྟ་བུ་དབྱེར་མེད་དུ་འདྲེས་ནས་གནས་པའི་དགོས་པ་ཡོད་པས། ཉམས་ལེན་གྱི་གཞི་བཅའ་བའི་ཐབས་ཟབ་མོའོ། །གསུམ་པ་སྡོད་པ་གསུམ་ནི། མི་འགུལ་བ་གསུམ་གྱིས་གནད་དུ་གཟིར་བས་ཕྱི་ཡི་སྣང་བས་ནང་རིག་རྩལ་མི་གཡོ་བས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་བྱ་བ་དགུ་ཕྲུགས་སུ་བཏང་སྟེ་སྡོད་པས་འཁྲུལ་པའི་ལས་དང་བྱ་བ་བྲལ། གསང་བ་ལས་རླུང་དང་འཁྲུལ་པའི་སེམས་སྡོད་པས་རྣམ་རྟོག་མི་སྐྱེའོ། །འདི་སྐབས་སུ་ཚད་རྨི་ལམ་གྱིས་བཟུང་བ་དང༌། རྟགས་ལུས་ངག་ལ་འཆར་བ་གཉིས་འབྱུང་བའི་དང་པོ་ནི། བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགགས། འབྲིང་རྨི་ལམ་ངོ་ཤེས། ཐ་མས་བཟང་པོ་ཤ་སྟག་རྨིས། གཉིས་པ་ནི། ཆོས་ཉིད་མངོན་སུམ་གྱི་སྐབས་སུ་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་འདུག་སྟངས་ལས་འབྲལ་མི་ཕོད། ངག་ལྐུགས་པ་ལྟར་བརྗོད་མི་ཤེས། སེམས་མཁའ་ཁྲོ་སྙི་ལ་ཟིན་པ་ལྟར་འཕྲོ་བ་སྣང་ཡང་གཞི་ལས་མ་གཡོས། ཉམས་གོང་འཕེལ་གྱི་དུས་སུ་ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་རྒྱན་དང་བྱི་དོར་མེད། ངག་སྨྱོན་པ་ལྟར་ཟང་ཐལ་རྗེས་མེད། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་པའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ། ལུས་གླང་ཆེན་འདམ་དུ་བྱིངས་ཀྱང་རང་སྟོབས་ཀྱིས་འགྲོ་བ་ལྟར་རི་བྲག་ཟང་ཐལ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཀུན་གྱི་རྣ་བར་སྙན་ཅིང་ཡིད་ལ་འབབ། སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་ཆད་པའོ། །ཆོས་ཉིད་ཟད་པའི་དུས་སུ་ལུས་དུར་ཁྲོད་ཀྱི་མི་རོ་ལྟར་དགག་སྒྲུབ་དང་ཉམས་ང་བྲལ། ངག་བྲག་ཅ་ལྟར་རྗེས་སུ་ཟློ། སེམས་རྩི་དུག་གིས་མྱོས་པའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་པའོ། །རྟགས་འདི་དག་གི་སོ་མཚམས་མ་ཟིན་ན་བར་ཆད་བདུད། འཕེལ་འགྲིབ་ཉམས། འགྱུར་མེད་གསང་བའི་རྟགས་གསུམ་འབྱུང་བས་ཤན་འབྱེད་པར་དཀའ་བར་གསུངས་ཤིང༌། རྟགས་གསུམ་པོ་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་མེད་པར་ལམ་དུ་ཁྱེར་པ་ནི་ཤིན་ཏུ་གཅེས་པར་གསུངས་སོ། །བཞི་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཐ་མལ་དུ་མེད་པ་དག་པ་ཆེན་པོའི་ཞིང་དུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་གདོས་བཅས་འོད་ཀྱི་ལུས་སུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་གཞི་ལ་དག་པའོ། །ལྔ་པ་གདེང་བཞི་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང༌། མ་ཐོབ་ཀྱི་དོགས་པ། མར་འཁོར་བར་མི་སྐྱེ་བའི་རེ་བ་དང༌། སྐྱེས་ཀྱིས་དོགས་པ་མེད་པ་ཆོས་ཉིད་རང་བྱུང་གི་དགོངས་པ་ཀློང་དུ་གྱུར་པའོ། །ཉམས་ལེན་གྱི་རྩ་བ་ཁྲེགས་ཐོད་གཉིས་ལས་གཞན་མེད་ཀྱང༌། གྲོལ་ཚད་ཀྱི་དབང་གིས་དབང་པོ་འབྲིང་བར་དོ་རྣམ་པ་བཞི། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་ཚུལ་གསུངས་པ་གཏེར་གཞུང་ཕབ་ཟིན་གྱི་དངོས་བསྟན་དུ་མི་འབྱུང་ཞིང༌། ཤེས་པར་བྱ་འདོད་ན་གཏེར་ཆེན་བླ་མའི་ཟབ་གཏེར་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གསུམ་པ་འབྲས་བུ་མཐར་ཐུག་ཏུ་ལ་བཟླ་བ་ནི། འབྲས་བུ་ཚེ་གཅིག་ལུས་འདི་ཐོག༔ གང་དུ་གནས་ཀྱང་ཞིང་ཁམས་སུ༔ འགྱུར་ལས་གཞན་དུ་འཕོ་བ་མེད༔ དེ་ལྟ་བུ་ཡི་རྣལ་འབྱོར་ཅན༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་རྫོགས༔ ཞེས་པ་སྟེ་མྱུར་ལམ་བླ་ན་མེད་པ་འདི་ལ་བརྩོན་པ་ཕུལ་དུ་བསྐྱེད་ཅིང་དད་མོས་བློ་རྩེ་གཅིག་པས་ཚེ་འདི་ཡི་འཆིང་ཐག་བཅད་དེ་དབེན་པར་རྩེ་གཅིག་ཏུ་རྩོལ་མེད་ནང་གི་ཉམས་ལེན་ཁོ་ནར་འབད་པ་རྩལ་དུ་བཏོན་ན་མར་མེའི་སྙིང་པོ་ལ་མུན་པ་ཡེ་ནས་མི་གནས་པས་འོད་ཀྱིས་ཀུན་ཏུ་ཁྱབ་ཅིང་གསལ་བ་བཞིན་སྤང་བྱ་སྒྲིབ་གཉིས་མཐའ་དག་གི་འཁྲུལ་པ་དབྱིངས་སུ་དག་ནས། སྣོད་བཅུད་འོད་གསལ་ཡེ་ཤེས་ཀྱི་བཀོད་པ་ཆེན་པོར་འབྱམས་ཀླས་པ་མངོན་དུ་གྱུར་ཏེ་སྐུ་དང་ཡེ་ཤེས་ཀྱི་ཆོ་འཕྲུལ་ཚད་མེད་པས་ས་བཅུའི་བྱང་ཆུབ་སེམས་དཔའ་ནས་རིགས་དྲུག་གི་གདུལ་བྱ་ཕྲ་མོ་ཡན་ཆད་ཀྱི་དོན་མངོན་མཐོ་དང༌། ངེས་ལེགས་དང༌། རྣམ་གྲོལ་གྱི་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་གསལ་ཞིང་སྣང་བར་མཛད་པས་ན། འཁོར་འདས་ཐམས་ཅད་ཀྱི་སྒྲོན་མེ་གཅིག་པུར་གྱུར་པའི་མཛད་པ་ཕྲིན་ལས་རྟག་པ་དང༌། ཁྱབ་པ་དང༌། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྩོལ་མེད་དུ་འབྱུང་བ་ནི། མཐར་ཐུག་གི་འབྲས་བུ་ལ་མངོན་སུམ་དུ་ལོངས་སྤྱོད་ནུས་པའོ། །སྤྱིར་གསང་ཆེན་རྡོ་རྗེ་ཐེག་པའི་མྱུར་ལམ་ཐམས་ཅད་ཀྱི་མཐར་ཐུག་ནི། འོད་གསལ་རྫོགས་པ་ཆེན་པོ་ཁོ་ན་ཡིན་པས། དེ་ཉིད་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཙོ་བོར་གྱུར་བའི་རྗེ་འབངས་རྣམས་དང༌། ཡེ་ཤེས་རྡོ་རྗེའི་སྐུ་ཅན་བི་མ་ལ་མི་ཏྲས་མངའ་བདག་ཁྲི་སྲོང༌། ཉང་བན་ཏིང་འཛིན་བཟང་པོ་གཙོ་བོར་གྱུར་པའི་ལས་ཅན་རྣམས་དང༌། སྣང་བཞི་མཐར་ཕྱིན་གྱི་ལོ་ཆེན་བཻ་རོ་ཙ་ནས། རྒྱལ་མོ་གཡུ་སྒྲ་སྙིང་པོ། སྤང་མི་ཕམ། མངའ་བདག་རྗེ་འབངས་ཚོགས་ལ་གསུངས་པས་གངས་ཅན་གྱི་ལྗོངས་སུ་ཐེག་མཆོག་རྫོགས་པ་ཆེན་པོའི་ཤིང་རྟ་རྣམ་གསུམ་ཞེས་ཡོངས་སུ་གྲགས་པ་བཞིན་ཟབ་གསང་ཆོས་ཀྱི་ཆུ་ཀླུང་ཁྱབ་པར་བརྡལ་བ་ལས། བཀའ་གཏེར་གྱི་རྒྱུན་ཕལ་ཆེར་མ་ནུབ་པ་བསྟན་པའི་སྲོག་དང་སྙིང་གི་ཁྲག་ལྟ་བུར་ད་ལྟའང་བཞུགས་ཤིང༌། སྔ་འགྱུར་རྙིང་ཕྱོགས་ཙམ་དུ་མ་ཟད། རྟོགས་པ་དོན་བརྒྱུད་ཀྱི་མངའ་བདག་བཀའ་བརྒྱུད། འཇམ་མགོན་ས་སྐྱ་པ། བཀའ་གདམས་གསར་རྙིང་གི་མཁས་གྲུབ་ཆོས་སྤྱན་རྡུལ་དང་བྲལ་ཞིང་གཟུ་བོར་གནས་པ་དག་གིས་གསན་བསམ་བསྒོམ་པས་ཅི་རིགས་སུ་འཕེལ་རྒྱས་སུ་མཛད་པ་སོ་སོའི་རྣམ་ཐར་དུ་གསལ་བ་བཞིན་རྒྱལ་བས་ཆོས་སྒོ་ཐམས་ཅད་ཀྱི་མཐར་ཐུག་གཅིག་པུ་ཡིན་ལ། ཁྱད་པར་སེམས་ཀློང་མན་ངག་གསུམ་ཀའི་གྲུབ་མཐའ་རྐང་ཚུགས་ཟབ་གཏེར་གྱི་སྟོན་པ་གཅིག་གིས་སྤྱན་དྲངས་པ་ནི་ཤིན་ཏུ་དཀོན་པ་ལས་སངས་རྒྱས་གཉིས་པ་རྗེ་འབངས་ལོ་པཎ་དང་བཅས་པས་བོད་ཡུལ་གྱི་གདུལ་བྱ་ནམ་ཡང་ཡལ་བར་མི་འདོར་བའི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་སྣང་བ་འགྲིབ་པ་མེད་པས་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ། རྒྱ་ཆེ་བ་མདོ་སྒྱུ་སེམས་གསུམ། ཟབ་པ་ཐུགས་སྒྲུབ་སྐོར་བཞི། ཆོས་ནོར་རྫས་ཀྱི་གཏེར་ཁ་འཛད་པ་མེད་པས་སྙིགས་འགྲོ་སྐྱོབ་པའི་འདྲེན་པ་གུ་རུའི་རྒྱལ་ཚབ་འགྲན་ཟླ་དང་བྲལ་བའི་རིག་འཛིན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ལ་སྙིང་ཐིག་བརྒྱ་རྩའི་བཀའ་བབས་པའི་ཡང་བཅུད་སྙིང་ཐིག་ཆེན་པོ་སྐོར་བདུན་གྱི་དབང་སྒྲུབ་ཐབས་རྒྱུད། མན་ངག་སྐོར་ཤིན་ཏུ་རྒྱ་ཆེར་བཞུགས་པའི་ཡང་བཅུད། རྣམ་སྣང་ལོ་ཙཱ་ཆེན་པོ་བཻ་རོ་ཙ་ནའི་སྙིང་ཐིག་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ཞེས་གངས་ཅན་ས་ཡི་བཅུད་དུ་གཏམས་པ་ཉིད། པཎ་ཆེན་ལྔ་རྒྱའི་གཙུག་རྒྱན་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་ལང་ཚོ་འཇིགས་བྲལ་གྱི་སློབ་དཔོན་གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་དུ་བྱེད་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་ཡབ་སྲས་ཞལ་འཛོམ་པས་ཟབ་གསང་མཁའ་འགྲོའི་སྙིང་ཁྲག་གི་བྱང་བུ་རྣམས་གཏན་ལ་ཕབ་ཅིང་ཁྲིགས་བསྡེབས་སུ་མཛད་པ་འདི་ནི་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་ཀྱིས་བསྒྲུན་དུ་མི་ནུས་པའི་གདམས་ཟབ་གྲོལ་བ་དྲུག་ལྡན་གྱི་གསེར་ཆོས་སུ་ངེས་པས་ན། སྤྱིར་འཁོར་བའི་འཁྲུལ་སྣང༌། སྒོས་སྙིགས་དུས་ཀྱི་རང་མཚངས་མངོན་སུམ་དུ་འགྱུར་བ་ལ་ངེས་འབྱུང་དང༌། སྐྱོ་ཤས་ཀྱི་ཡིད་འཁུལ་བས། འདིར་སྣང་ཚེ་འདིའི་བྱ་སྤྱོད་ལ་ལྟ་ཅི་རྣམ་དཀར་དུ་རློམས་པ་ནི་སྤྲོས་བཅས་ཀྱི་ཙབ་ཙུབ་བློ་སྣ་མང་པོ་ལ་ཡིད་མི་གདུང་བར་སྙིང་པོ་དོན་གྱི་མན་ངག་གསང་སྔགས་སྔ་འགྱུར་བའི་མདོ་སྒྱུ་སེམས་གསུམ་གྱི་མན་ངག་གི་སྲོག་རྩ་གཅིག་ཏུ་དྲིལ་བས་བསྐྱེད་རྫོགས་ཀྱི་རྐང་ཚང་བ། མཐར་ཐུག་གི་སྐྱེལ་སོ་ཐེག་མཆོག་རྫོགས་པ་ཆེན་པོའི་ཡང་བཅུད་གསེར་ཞུན་མ་ལྟ་བུ། བརྒྱུད་ཐག་ཉེ་ཞིང༌། བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ། ཚིག་ཉུང་དོན་ཟབ་དུས་བབས་ཀྱི་ཟབ་ཆོས་ལ་ངེས་པ་ཕྱིར་མི་ལྡོག་པའི་ཉམས་ལེན་གྱི་སྙིང་པོར་གནང་ན་གལ་ཆེ་བར་སེམས་པས་འཕྲོས་སུ་གདམས་པའོ། །མཐའ་ཀླས་ཆོས་ཀྱི་བདུད་རྩི་ཉིང་ཁུ་ནི། འོད་གསལ་ཡེ་ཤེས་དོན་གྱི་སྙིང་པོ་སྟེ། དེ་ཉིད་ཇི་བཞིན་སྟོན་པའི་རྡོ་རྗེའི་ཚིག །ཟབ་གསང་རྫོགས་པ་ཆེན་པོ་ཉིད་དུ་གྲགས། །རྡོ་རྗེའི་ལམ་འདིས་འཕགས་བོད་འཛིན་མའི་ཁྱོན། །སྐུ་བཞིའི་གྲོང་ཁྱེར་ཆེན་པོའི་དགེ་མཚན་མཐུ། །དུས་ཀྱི་མཐར་ཡང་རྒུད་མེད་ཆེས་གསལ་བའི། །ངོ་མཚར་ཐུབ་བསྟན་ཡངས་པའི་རྒྱན་དུ་མཛེས། །ཁྱད་པར་ཟབ་གསང་མཁའ་འགྲོའི་ཁ་རླངས་ཅན། །ཁུངས་བཙུན་བརྒྱུད་ཐག་ཉེ་བའི་བྱིན་རླབས་གཟི། །མ་ཉམས་སྐལ་བཟང་སྲོག་གི་ཟུངས་སྨིན་པ། །སངས་རྒྱས་ལས་ཀྱང་དཀོན་པའི་ངེས་པ་རྙེད། །མཐར་ཐུག་འོད་གསལ་སྙིང་པོའི་ལྟ་གྲུབ་ཀྱི། ལྟེ་བ་རབ་ཟབ་མདོ་སྒྱུ་སེམས་གསུམ་གྱི། །མན་ངག་རྩིབས་སྟོང་བཀྲ་བའི་འཁོར་ལོའི་མཆོག །གངས་ཅན་བསྟན་འགྲོའི་གླིང་བཞིར་དབང་བསྒྱུར་རྨད། །དུས་དང་ལུང་རྟོགས་རང་གཤིས་དད་བརྩོན་མཐུ། དམན་ཡང་ཁྱབ་བདག་བླ་མའི་མཁྱེན་བརྩེའི་ཉི། །བདག་བློའི་པདྨོར་གཟོད་ནས་སིམ་པའི་མཐུས། །ཟབ་ཆོས་འདི་ལ་སྨྲ་བའི་སྐལ་བཟང་རྙེད། །ཐེག་དགུའི་གསེང་ལམ་ཁྱད་པར་རྫོགས་པ་ཆེའི། །གདམས་པའི་གནད་ཀུན་ས་འོག་གསེར་བཞིན་དུ། །མཆིས་པ་གསལ་བྱེད་ཡི་གེ་འདི་འདྲ་ཡང༌། །དཔྱོད་ལྡན་ཐར་འདོད་ཀུན་དགའི་ཟས་འགྱུར་སྙམ། །མཁས་གྲུབ་རྒྱ་མཚོས་གཏེར་རྒྱ་མ་བཀྲོལ་ཞིང༌། དཀོན་ལ་ཟབ་པའི་ནོར་བུ་མཐོན་ཀ་ཆེ། དེང་དུས་ལེགས་བཤད་རྒྱལ་མཚན་རྩེར་མཆོད་པ། །ལྷ་དང་ཌཱ་ཀིའི་བདག་སྐལ་གཏད་དམ་སྙམ། བསམ་སྦྱོར་ཟླ་བ་ལྟ་བུའི་བསིལ་འོད་ཀྱིས། །གང་ཅན་དུས་ཀྱི་མུན་པ་སླར་བསལ་ནས། །ཡོངས་རྫོགས་ཐུབ་བསྟན་བཤད་དང་སྒྲུབ་པའི་སྲོལ། །འཇམ་མགོན་རྣམ་གསུམ་དུས་བཞིན་འཛིན་གྱུར་ཅིག །རྡོ་རྗེ་གསང་བར་སྤྱོད་དང་སྨྲ་བའི་ལས། །རྣམ་དཀར་རྫོགས་ལྡན་ནོར་བུའི་ཆུ་འཛིན་དེས། །ཕ་མ་མཆེད་ཀྱི་མཚོན་པའི་འབྲེལ་ཐོགས་གཙོས། །མཁའ་ཁྱབ་ཡིད་ཅན་ཀུན་ལ་སྨན་གྱུར་ཅིག །མི་ཤེས་རྨོངས་པས་མཆོག་གསུམ་ཕྲིན་ལས་སྣུབས། །མཐའ་དམག་ཀླ་ཀློའི་སྡེ་ཀུན་བདག་གཅིག་པུས། །བྱང་ཆུབ་ལམ་དུ་འབད་མེད་ཁྲིད་པ་ཡིས། །ལས་མཐའ་ལོག་པའི་ས་བོན་འབྱིན་ནུས་ཤོག །ཆོས་འདིའི་གཉེར་འཛིན་ཌཱ་ཀི་དམ་ཅན་གྱིས། །གསང་སྒྲོགས་འགལ་འཁྲུལ་ཉམས་པ་མི་འབྱུང་ཞིང༌། སྨིན་གྲོལ་དབྱར་གྱི་ཆུ་གཏེར་ལྟར་རྒྱས་པས། །འཇའ་ལུས་རྡོ་རྗེའི་ལམ་སྲོལ་རྒྱས་པར་མཛོད། །ཤིན་ཏུ་རྣམ་དག་ཀུན་བཟང་རྡོ་རྗེའི་དབྱིངས། །མཐོང་ཐོས་དྲན་པའི་ཡིད་ཅན་ཀུན་ཁྲིད་ནས། །འོད་གསལ་མཁའ་ཁྱབ་དགོངས་པས་སྲིད་མཚོ་སྐེམ། །དོན་གཉིས་མངའ་དབང་རྫོགས་པའི་སྟོན་པར་ཤོག །མཁའ་ཁྱབ་ཞིང་དུ་རྒྱལ་ཀུན་དགོངས་བཅུད་ཀྱི། །ཡེ་ཤེས་རྩལ་བཏོན་ཐེག་མཆོག་སེངྒེའི་སྒྲ། །སྒྲོགས་ལ་མི་ངལ་སྤོབས་པའི་གཏེར་བརྒྱད་ཀྱིས། །འཇམ་དཔལ་ཀུན་ཏུ་བཟང་པོའི་སྤྱོད་འཆང་ཤོག །ཚེ་འདིའི་མཐར་ཡང་འདུ་འཛིའི་མི་འཆིང་བ། །མེ་ཏོག་འབྲས་མང་བྲག་རིའི་ཁང་བཟང་ཅན། །དབེན་པར་འཇའ་ལུས་རྡོ་རྗེའི་གསེང་ལམ་བགྲོད། །ནང་གསལ་ཆོས་སྐུའི་རྒྱལ་ཐབས་སྐྱོང་ནུས་ཤོག །སྐྱེ་ཀུན་མཆོྃག་གི་ཡེ་ཤེས་མངོན་གྱུར་གླིངྃ། །མཁྱེནྃ་བརྩེྃའི་གཟུངས་སྤོབས་སྟོབས་དང་དབང་བཅུའི་དཔལ། །ཟག་མེད་ཡོནྃ་ཏནྃ་རྒྱྃ་མཚོྃའི་མཛེས་པའི་མཐུས། །པྃདྨྃ་ཡེྃ་ཤེསྃ་རྡོྃ་རྗེྃའི་དབྱིངས་སིམ་ཤོག །ཆོས་རབ་རྣམ་འབྱེད་ཐོས་བསམ་སྒོམ་པའི་མཐུ། །ཆོས་སྒོ་རབ་འབྱམས་འཛིན་སྤེལ་སྡུད་པའི་ལས། །ཆོས་བཟང་ཕྲིན་ལས་རྒྱལ་བསྟན་རིས་མེད་གསལ། །ཆོས་ཀྱི་རྒྱལ་པོ་འཇམ་མགོན་གསུམ་བཞིན་སྨོན། །འོད་གསལ་ཆེན་པོ་འཕེལ་འགྲིབ་མེད་པའི་དབྱིངས། །འཁྲུལ་པའི་ཟུག་རྔུ་ཀུན་བྲལ་བདེ་བ་ཆེར། །མཁའ་ཁྱབ་འགྲོ་ཀུན་གནས་ལུགས་མངོན་གྱུར་གཞིར། །བཀྲ་ཤིས་སྣང་བ་རྟག་ཁྱབ་ལྷུན་གྲུབ་ཤོག །ཅེས་གདོད་ནས་ཀུན་བཟང་རྡོ་རྗེའི་དགོངས་ཀློང་ལ་མངའ་དབང་འབྱོར་བས་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་ཆེན་པོའི་སྲས་བཅས་རྒྱལ་བའི་རྣམ་ཐར་ལ་སྤྱོད་པའི་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འཇིགས་མེད་ནམ་མཁའི་རྡོ་རྗེ་ཀུན་བཟང་འོད་གསལ་སྙིང་པོའི་ཞལ་སྔ་ནས་སྨིན་གྲོལ་གདམས་པ་ཡོངས་སུ་རྫོགས་པར་བསྩལ་ཅིང་དགོངས་པའི་གཏད་རྒྱ་ཐུན་མིན་དང་བཅས་ཏེ་ཁྲིད་ཡིག་ཞིག་ཞབས་ཏོག་ཏུ་སྤེལ་བར་འོས་པའི་བཀའ་ཡི་གནང་བ་བསྩལ་ཀྱང༌། རང་ཉིད་ལྟ་སྒོམ་གྱི་དྲོད་ཚད་ཆུང་ཞིང་ཉམས་ལེན་ཇི་བཞིན་མ་ནུས་པ་དང༌། དུས་ཀྱི་རྒུད་པས་ཡིད་སྐྱོ་བས་སྙོམས་ལས་སུ་ཐལ་བ་ན། སླར་ཡང་ཟབ་གསང་འདི་ཉིད་ཀྱི་བདག་པོར་གདོད་ནས་གྲུབ་པ་འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་ཆེན་པོ་བཅུ་དྲུག་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས་དགྱེས་པ་ཆེན་པོས་ངེས་པར་འབྲི་བར་འོས་པའི་བཀའ་ལན་དུ་མར་བསྩལ་བ་དང༌། སྙིགས་དུས་ཀྱི་བསྟན་འགྲོའི་དཔལ་མགོན་མཚུངས་མེད་སྐྱབས་རྗེ་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མ་དང༌། གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་ཀྱང་ཕྲིན་ལས་ཀྱི་གསོས་སུ་འདི་ལྟར་འབྲི་བར་འོས་ཞེས་བཀས་བསྐུལ་བ་དང༌། མཆོག་གཏེར་རིགས་ཆོས་བརྒྱུད་འཛིན་མཁྱེན་རྟོགས་ཡོན་ཏན་རྨད་བྱུང་མཆེད་གྲོགས་མཆོག་སྤྲུལ་ཀརྨ་ཨོ་རྒྱན་ཐུགས་ཀྱི་བསྟན་འཛིན་ནས་མྱུར་དུ་གྲུབ་པར་དགོས་ཞེས་དམ་པ་དུ་མས་བཀའ་ལུང་ལྡོག་ཏུ་མ་སྤོབས་པས། སྡེ་གསུམ་རྫོགས་པ་ཆེན་པོའི་བཀའ་གཏེར་ཡོངས་རྫོགས་ཐོབ་པའི་སྐལ་པ་མི་དམན་ཞིང་འོད་གསལ་ཡེ་ཤེས་ཀྱི་དགོངས་ཀློང་ཚད་ལ་ཕེབས་པའི་རིགས་ཀྱི་བདག་པོ་ཁྱབ་བདག་ཞེ་ཆེན་པ་གཙོ་བོར་གྱུར་པའི་མཁས་གྲུབ་དུ་མའི་ཞབས་རྡུལ་ཚངས་གནས་སུ་མཆོད་པའི་མདོ་ཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་འོད་གསལ་ཐུགས་མཆོག་རྡོ་རྗེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་སྤྱི་དང་ལམ་འདིའི་བཀའ་བབས་མཁན་ཆེན་རཏྣའི་ཟིན་ཐུན་རྣམས་གུང་སྤྲོས་ཏེ་གཏེར་གཞུང་དངོས་བསྟན་གྱི་དགོངས་པ་ཇི་ལྟར་དཔོག་པ་བཞིན་དཀྱུས་གཅིག་ཏུ་ལྷོ་འབྲུག་གི་སྨན་ལྗོངས་ཉུལ་པའི་སྐབས་ཐུན་མཚམས་ཅི་རིགས་པར་བྲིས་ཏེ་ལྕགས་གླང་སྣྲོན་ཟླའི་ཚེས་སྐྱབས་རྗེ་པདྨ་དགྱེས་པའི་དུས་ཀྱི་མཆོད་པའི་ཉིན་རྫོགས་པར་བྱས་པ་དཀྱུས་གཅིག་ཏུ་སྤེལ་བའི་ཡི་གེ་པ་ནི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེས་གུས་པ་ལྷུར་ལེན་གྱིས་བགྱིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། །།}} | ༄༅། །ཀ་དག་དབྱིངས་ཀྱི་སྟོན་མཆོག་ཀུན་ཏུ་བཟང༌། །ལྷུན་གྲུབ་འོད་གསལ་རང་གདངས་རྡོ་རྗེ་སེམས། །ཟུང་འཇུག་སྒྱུ་འཕྲུལ་བརྒྱུད་གསུམ་བླ་མའི་གར། །ཐེག་མཆོག་ཤིང་རྟའི་སྲོལ་འབྱེད་ཇི་སྙེད་རྒྱལ། །ཁྱད་པར་ཀུན་བཟང་རྡོ་རྗེའི་ནང་དབྱིངས་སུ། །སྲིད་ཞིའི་ཟག་པ་ཟད་པའི་ཡེ་ཤེས་གདངས། །རབ་འབྱམས་སྐུ་དང་ཞིང་ཁམས་སྒྱུ་འཕྲུལ་གྱི། །ཁྱབ་བདག་རྒྱལ་དབང་པདྨ་སཾ་བྷར་གུས། །འཕོ་ཆེན་ཡེ་ཤེས་སྐུ་ཅན་ཤྲཱི་སིངྷའི། །ཐུགས་བཅུད་རྫོགས་པ་ཆེན་པོ་སྡེ་གསུམ་གྱི། །ཟབ་ཏིག་སྲོལ་འབྱེད་བཻ་རོ་རྗེ་འབངས་གྲོགས། །ལྷ་སྲས་རྣམ་སྣང་ཡེ་ཤེས་སྡེ་ཀུན་འདུད། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེན་པོའི་སྲོལ། །རྒྱུད་ལུང་མན་ངག་འདོད་དགུའི་དབྱིག་རྒྱ་མཚོ། །འབྱེད་མཛད་བཀའ་གཏེར་བསྟན་པའི་མངའ་བདག་ཆེ། །གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པར་བསྔགས། །བི་མ་དངོས་སྣང་ཀུན་གཟིགས་མཁྱེན་བརྩེའི་དབང༌། །རྣམ་སྣང་ལོ་ཆེན་ཡོན་ཏན་རྒྱ་མཚོའི་སྡེ། །དགོངས་ཀློང་ཚད་ཕེབས་ཆོས་ཀྱི་བློ་གྲོས་གསུམ། །དབྱེར་མེད་རང་རིག་གཉུག་མའི་ཐིག་ལེར་མཆོད། །ཟབ་གསང་ཆོས་གཏེར་འཕགས་པའི་སྤྱོད་ཡུལ་ཅན། །མཁའ་འགྲོ་གསང་བའི་བཀའ་རྒྱས་གཙིགས་བསྡམས་སྲོག །འབྱེད་ནུས་མིན་ཡང་ཆོས་ཀྱི་བདག་པོའི་བཀའ། །རྗེས་སུ་གནང་བཞིན་ཆ་ཤས་དགྲོལ་ལ་ཕྱོགས། །ལྷ་དང་སྲུང་མས་བཀའ་ཆད་མི་འབྱུང་ཞིང༌། །སྨིན་གྲོལ་ཉིན་བྱེད་དུས་ཀྱི་མཐར་གསལ་ཏེ། །ཟབ་རྒྱས་ངོ་མཚར་རྣམ་བཀྲའི་པདྨའི་ཚལ། །སྐལ་བཟང་རྐང་དྲུག་ཀུན་དགའི་དཔལ་སྨིན་མཛོད། །དེ་ལ་འདིར་དཔལ་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་འགྲོ་འདུལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་ལ་ཟབ་གཏེར་གྱི་གསང་མཛོད་བསམ་གྱི་མི་ཁྱབ་པ་བཞུགས་པ་ལས་རྒྱལ་མཚན་གྱི་ཏོག་བཞིན་ཁྱད་པར་དུ་འཕགས་ཤིང༌། །ངོ་མཚར་རྡོ་རྗེ་ཐེག་པའི་གསེང་ལམ་གྱི་རྩེ་མོ་འོད་གསལ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་སྨིན་གྲོལ་རྩ་བ་ཡན་ལག་མཐར་ཐུག་གི་ལམ་ཡོངས་སུ་རྫོགས་པ་ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག་ཆེན་པོའི་ཁྲིད་ཀྱི་རིམ་པ་འཆད་པ་ལ་ལོ་རྒྱུས་བརྗོད་པས་ཡིད་ཆེས་བསྐྱེད་པ་དང༌། །ཉམས་སུ་བླང་བྱའི་ལམ་དངོས་བཤད་པའོ། །དང་པོ་ལ་སྔོན་ཇི་ལྟར་བྱུང་བ་དང༌། ད་ལྟ་གདུལ་བྱའི་སྤྱོད་ཡུལ་དུ་སྣང་ཚུལ་ལོ། །དང་པོ་ནི། ཀློང་གསལ་ཉི་མའི་རྒྱུད་ལས། བརྒྱུད་པ་ཉེ་ཟབ་ཁུངས་བཙུན་ཞིང༌། ཀུན་ཏུ་བཟང་ནས་རིམ་པར་བཤད། །ཅེས་པ་ལྟར། དད་ལྡན་ངེས་ཤེས་བསྐྱེད་པའི་ལོ་རྒྱུས་ནི། གཏེར་གཞུང་ལོ་རྒྱུས་སྙིང་གི་ཏི་ཀ་ལས། ན་མོ་གུ་རུ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་དྲུག་ལས༔ ཐོག་མར་ལོ་རྒྱུས་ཀྱི་སྡེ་ལའང་སོགས་ནས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ །ཞེས་གསུངས་པ་ལྟར། སྐུ་འོད་གསལ་ཡེ་ཤེས་ཀྱི་ཕྱག་རྒྱ་འཕོ་ཆེན་རྡོ་རྗེའི་མཚན་དཔེར་སྨིན། གསུང་ཡེ་ཤེས་ཀྱི་ཆོ་འཕྲུལ་རྒྱུད་སྡེ་རྒྱ་མཚོ་སྟོན་པ་དང་སྡུད་པར་མཛད། ཐུགས་རིག་པ་རྩལ་གྱི་དབང་ཐོབ་པས་སྣང་སྲིད་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་དང་ཕྲིན་ལས་ལ་མངའ་དབང་འབྱོར་བའི་རིག་འཛིན་ཤྲཱི་སིངྷ། གུ་རུ་རིན་པོ་ཆེ། སློབ་དཔོན་བཻ་རོ་ཙ་ན་གསུམ་གྱི་ཐུགས་བཅུད་ཐེག་མཆོག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་མན་ངག་གི་སྙིང་པོ་མཐར་ཐུག་བསྟན་ཚུལ་གསུངས་པ་ལྟར་རོ། །གཉིས་པ་ནི། མདོ་བྱང་རབ་ཏུ་གསལ་བ་ལས། ལྟ་བ་དགོངས་ཀློང་མངོན་གྱུར་པའི༔ ཡེ་ཤེས་སྐུ་ཅན་དཔལ་སེང་ལ༔ གདམས་པའི་མཐར་ཐུག་ཞུས་པའི་ཚེ༔ མི་ཡུལ་ཀུན་ཏུ་མ་གྲགས་པའི༔ རིག་རྩལ་དབང་མཆོག་བདག་གིས་ཐོབ༔ དེ་ཉིད་བོད་དུ་སྤེལ་བའི་སྣོད༔ གཅིག་ཀྱང་མ་མཆིས་གསང་བའི་ཚེ༔ མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང༔ མཁས་པའི་དབང་པོ་བཻ་རོ་དང༔ ཀུན་ལས་ཁྱད་འཕགས་མཚོ་རྒྱལ་ཏེ༔ ལས་ཅན་སྐལ་ལྡན་གསུམ་གྱི་ངོར༔ ཤྲཱི་སིངྷའི་ཐུགས་ཀྱི་བཅུད༔ བླ་མ་དགོངས་པ་རྣམ་པ་བཞི༔ སྦྱིན་ཏེ་ཡང་ཏིག་དགོངས་ཉམས་བསྟན༔ གཞན་ཡང་རྗེ་འབངས་མཆེད་བདུན་ལ༔ དམ་ཆོས་རྫོགས་ཆེན་སྡེ་གསུམ་བཤད༔ ཅེས་གསུངས་པ་ལྟར། ཕྱི་སྐོར་སེམས་སྡེ་ནམ་མཁའི་ཞུན་མའམ་ནམ་མཁའ་ཀློང་ཡངས། ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ། ཤིན་ཏུ་གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་སྙིང་གི་བྱང་བུ་ཞེས་མཐར་ཐུག་ཆེ་བ་བརྗོད་པའི་མཚན་དང༌། ཟབ་པས་མདུང་ཚུགས་མ། གྲངས་ཀྱི་མཚན་གསོལ་མ་བུ་བཅོ་བརྒྱད་དུ་གསུངས་ལ། དེ་ལས་ཕྱི་སྐོར་ནམ་མཁའ་ཀློང་ཡངས་སྐོར་བརྒྱད་དང༌། ནང་སྐོར་ཉི་མ་ཀློང་ཆུབ་སྐོར་དགུ་རྣམས་རིག་འཛིན་ཤྲཱི་སིངྷ་ལས་གུ་རུ་རིན་པོ་ཆེ་དང༌། སློབ་དཔོན་བོ་རོ་ཙ་ན་གཉིས་ཀས་གསན་པ་གུ་རུ་ཉིད་ལ་སྤེལ་བར་བཀའ་མ་ཁྲོལ་ཀྱང་བཻ་རོ་ལ་སྤེལ་བར་བཀས་གནང་ནས་བོད་དུ་བསྒྱུར་བ་དང༌། མན་ངག་སྐོར་དགུ་འོད་ཟེར་མཐའ་ཡས་གུ་རུ་རིན་པོ་ཆེས་སྤེལ་བར་གསུངས་པས་ན། སློབ་དཔོན་རྣམ་པ་གཉིས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ་རིག་འཛིན་ཤྲཱི་སིངྷ་ལས་གསན་ཅིང་ཐུགས་ཀྱི་བཅུད་དུ་བཟུང་བ་ཉིད། བོད་ཀྱི་རྗེ་འབངས་རྣམས་ལ་བསྩལ་བའི་དུས་ལ་བབས་པ་ན། རྒྱུད་ལུང་མན་ངག་སྤྱི་དང་བྱེ་བྲག་གི་དགོངས་པ་གཅིག་ཏུ་དྲིལ་ནས། ལོ་པཎ་རྣམ་པ་གཉིས་ཀའི་ཐུགས་ཏིག་འདི་སྨར་ཆོས་སྨིན་གྲོལ་གྱི་རྒྱུན་བཅས་ཆུ་བོ་གཅིག་འདྲེས་སུ་སོང་ནས་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལོ་ཆེན་བཻ་རོ་ཙ་ནའི་སྙིང་ཐིག་ཅེས་མཚན་དུ་གྲགས་པར་མངོན་ལ་ངོ་མཚར་གདམས་པ་ཁྱད་པར་ཅན་འདི་གུ་རུ་རིན་པོ་ཆེས་བསྩལ་བའི་རྗེ་འབངས་གྲོགས་གསུམ་དང༌། དེ་རྗེས་ནམ་མཁའི་སྙིང་པོ། ལྷ་སྲས་མུ་ཁྲི། ངན་ལམ་བནྡེ་ཡེ་ཤེས། གཉགས་ཛྙཱ་ན་ཀུ་མཱ་ར། ལང་གྲོ་དཀོན་མཆོག་འབྱུང་གནས། སྣ་ནམ་རྡོ་རྗེ་བདུད་འཇོམས་རྣམས་ལའང་བསྩལ་བར་གསུངས་ཤིང༌། མདོར་ན་རྨད་བྱུང་གསང་བ་ཆེན་པོ་འདི་ཉིད་ཕྱི་མའི་གདུལ་བྱ་ལ་དགོངས་ཏེ་རིན་ཆེན་ས་ཡི་གཏེར་དུ་རྒྱས་བཏབ་པ་གང་ས་ཡི་སྟེང་དུ་འདོན་པའི་དུས་སུ་བབ་པ་ན་ལུང་བསྟན་གཅེས་པའི་ལྡེའུ་མིག་ལས། དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟག་གམ་གླང༔ མཆོག་གི་མིང་གྱུར་སྐྱེས་བུ་ཞིག༔ དེ་ནི་སྔོན་དུ་ལྷ་སྲས་འབྲིང༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་དང༌། ཁྲི་སྲོང་ལྡེའུ་བཙན་དབང་པོའི་མིང༔ དེ་ལ་རྫོགས་པར་འཐོབ་པར་གྱུར༔ ཞེས་སོགས་ཀྱི་མཚོན། གཏེར་གནས། འདོན་པ་པོ། གཏེར་སྒོ་འབྱེད་ཚུལ། ཆོས་འཁོར་བསྐོར་ཚུལ། ལས་ཅན་ཆོས་བདག་དུས་རྟགས། བོད་ཁམས་ཕན་བྱེད་ཀྱི་ཕྲིན་ལས་རྒྱས་པར་བསྟན་པ་བཞིན་དཔལ་ཨོ་རྒྱན་ཆེན་པོ་ཡབ་སྲས་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་བབ་པ་ན། དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུའི་ཐུགས་ཀྱི་སྲས་མཆོག །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་གི་ལྷ་སྲས་བར་པ་ས་བཅུ་དབང་ཕྱུག་མུ་རུབ་བཙན་པོའམ་ལྷ་སྲས་ལོ་ཙ་བ་ཞེས་མཁས་གྲུབ་ཀྱི་མཛད་པ་རྨད་དུ་བྱུང་བ་དེས། བློན་པོ་འུ་རིང་གི་བུ་བསད་པས་རྒྱལ་ཁྲིམས་ལ་སྙད་བཏགས་ནས་ཁམས་ཀྱི་ཕྱོགས་སུ་སྤྱུགས་སྐབས་ཡེ་རྒྱལ་ནམ་མཁའ་མཛོད་དུ་ཨོ་རྒྱན་སྤྲུལ་པའི་རྗེ་འབངས་དང་བཅས་པ་སྤྱན་དྲངས་ནས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གུ་རུའི་ཐུགས་དམ་ཟབ་པ་སྐོར་བདུན་བརྒྱུད་ལུང་མན་ངག་དང་བཅས་པའི་གསང་མཛོད་གཏད་ཅིང༌། མདོ་ཁམས་སྨད་ཀྱི་ས་གཞི་ཐམས་ཅད་ལ་ཞབས་ཀྱིས་བཅགས་ཤིང༌། སྒྲུབ་གནས་མཛད་ནས་སྣོད་བཅུད་བྱིན་གྱིས་བརླབས་ཤིང་ཟབ་གཏེར་མང་པོའི་རྒྱས་བཏབ་པའི་རྟེན་འབྱུང་གིས་མདོ་ཁམས་སྨད་ཀྱི་ལྗོངས་སུ་སྙིགས་མ་ལྔ་ཡི་མུན་རུམ་ཆེ་ཆེར་བདོ་བའི་སྐབས་སུ་ཡང་མཁན་སློབ་ཆོས་གསུམ་རྗེ་འབངས་དང་བཅས་ལས་ཅན་སྨོན་ལམ་དག་པའི་ལོ་པཎ་མཁས་གྲུབ་ཐམས་ཅད་ཀྱི་སྐྱེ་བ་སྐྱེས་བུ་དམ་པ་དུ་མ་ཚོགས་པས་བཀའ་བབས་བདུན་གྱི་ཤིང་རྟ་དྲངས་ཏེ་ཐུབ་བསྟན་རྫོགས་ལྡན་དང་པོའི་དགའ་སྟོན་ལ་སྦྱར་བའི་མཛད་པ་མཐའ་ཀླས་པའི་སྒོ་འབྱེད་པདྨའི་ཕོ་ཉ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་གཞི་ལམ་འབྲས་བུའི་རྒྱུད་དོན་རྒྱ་མཚོ་དང་འབྲེལ་བའི་མཚན་གྱི་རྔ་གསང་འཇིག་རྟེན་གསུམ་ན་སྙན་པར་གྲགས་པ་གང་ཉིད་ལ་ཟབ་མོའི་གཏེར་ཁ་སུམ་ཅུ་རྩ་བརྒྱད་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་སྨིན་པའི་དགུ་པ། རྫོགས་པ་ཆེན་པོ་སྡེ་གསུམ་ཀློང་དགུའི་མན་ངག་གི་བཅུད་དྲིལ། སྙིང་ཐིག་སྐོར་བདུན་ལས། རྣམ་སྣང་ལོ་ཙ་ཆེན་པོའི་ཐུགས་ཀྱི་ཐིག་ལེ། མདོར་ན་འཆི་མེད་ཡེ་ཤེས་རྡོ་རྗེའི་སྐུ་ཅན་ཤྲཱི་སིངྷ། གསུང་རྡོ་རྗེ་པདྨ་སཾ་བྷ་ཝ། ལོ་ཆེན་བཻ་རོ་ཙ་ན་གསུམ་གྱི་དགོངས་བཅུད་གཅིག་དྲིལ་དབང་དང་སྒྲུབ་ཐབས་མན་ངག་ནང་རྒྱུད་ཡོ་ག་གསུམ་གྱི་མཐར་ཐུག་ཆོས་སྡེ་གཅིག་ཏུ་དྲིལ་ཏེ་གཏན་ལ་དབབ་བྱའི་དགོངས་པའི་སྐྱེལ་སོ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གྲུབ་མཐའ་རྐང་ཚུགས་སུ་བསྟན་པས་ཤིན་ཏུ་གསང་བའི་དམ་ཆོས་རྫོགས་ཆེན་སྡེ་གསུམ་ཞེས་ཡོངས་སུ་གྲགས་པའི་རྡོ་རྗེའི་གསེང་ལམ་ཆེན་པོ་གང༌། རིན་ཆེན་ས་ཡི་སྟེང་དུ་སྣང་བའི་དུས་ལ་བབས་པ་ན། ཡབ་གཅིག་ཆོས་རྒྱལ་ཁྲི་སྲོང་གི་རྣམ་འཕྲུལ་གངས་ཅན་མཁས་གྲུབ་རྒྱ་མཚོའི་ཚོགས་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་ཡབ་སྲས་གསེར་ཞལ་ལྷན་རྒྱས་པས། བོད་ཆེན་པོའི་ས་ཡི་ཐིག་ལེ། སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གི་ཤར་ཕྱོགས་སྨད་ཤོད་ཛམ་ནང་ཕུ། གངས་རི་ལྗོངས་ཙམ་ན་འགྲན་ཟླ་དང་བྲལ་བའི་སྒྲུབ་གནས་བདེ་ཆེན་པདྨ་ཤེལ་ཕུག་གི་གནམ་མཐོང་ནས་ལས་ཅན་རྡོ་རྗེའི་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་མེ་འབྲུག་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་སྤྱན་དྲངས་ཏེ་མཆོང་ཤོག་སྨུག་པོའི་ངོས་ལས་གཏན་ལ་ཕབ་པའི་ཡི་གེ་པ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་མཁྱེན་བརྩེའི་དབང་པོས་མཛད་དེ་མཁས་གྲུབ་ཆེན་པོ་དེ་གཉིས་ཀྱི་ཐུགས་ཀྱི་དཔལ་བེའུ་ཟབ་གསང་སྙིང་པོའི་ཏི་ལ་ཀར་བཞུགས་པ་ཉིད་མདོ་བྱང་ལས། དེ་ལ་དབང་བས་འདི་ཉིད་འཐོན་པའི་ཚེ༔ ལོ་གཅིག་གམ་ནི་ཡང་ནི་ལོ་གསུམ་ཁོང༔ སྐྱེས་བུ་དཔྲལ་བར་སྨེ་བ་དམར་པོའི་མཚན༔ བྱིས་པའི་ཚུལ་ཅན་དེ་ལ་མཐའ་ནས་སྟེར༔ གནས་ཀྱི་ཉེ་འདབས་འདི་རུ་ཤིན་ཏུ་འབྱུང༔ ཞེས་རྡོ་རྗེའི་ལུང་གི་གདམས་ཤིང་གཏད་པ་བཞིན་ངེས་པའི་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཡེ་ཤེས་ཀྱི་དབྱིངས་དང་གཉིས་སུ་མེད་པ་ལ། རྣམ་པ་ཙམ་དུ་སྣང་བཞི་མཐར་ཕྱིན་གྱི་གྲུབ་བརྙེས་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རྣམ་འཕྲུལ་དུ་བསྔགས་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་གསུང་ཐུགས་ཀྱི་སྲས་ཀུན་བཟང་འགྱུར་མེད་ཚེ་དབང་ནོར་བུ་ཞེས་མཁས་གྲུབ་ཕྲིན་ལས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པས་ཟབ་གཏེར་སྙིང་པོའི་རིང་ལུགས་ཀྱི་བསྟན་པའི་སྲོལ་ཟིན་པའི་བཀའ་དྲིན་རྨད་བྱུང་རིག་པ་འཛིན་པ་མཆོག་ལ་སྒྲུབ་གནས་དེ་ཉིད་ཀྱི་གཟིམ་ཆུང་རྡོ་རྗེ་བཀོད་པར་མེ་སྟག་ཁྲུམ་གྱི་ཉ་བའི་ཟླ་བར་འཇམ་མགོན་རྣམ་གསུམ་ལྷན་རྒྱས་པས་ཟབ་ཆོས་འདི་ཉིད་ཀྱི་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་སྒོ་ནས་སྣང་སྲིད་བདུད་རྩིའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ཏེ། བོད་ཁམས་ཕན་བདེའི་དགའ་སྟོན་སྤེལ་བའི་སྐབས་ཚིག་བརྒྱུད་དུ་བསྩལ། རིགས་ཀྱི་སྲས་མཆོག་དེའི་གཏེར་ཆེན་བླ་མའི་རྣམ་འཕྲུལ་ངེས་དོན་གྲུབ་པའི་རྡོ་རྗེ། དེས་འཇམ་པའི་དབྱངས་དངོས་པདྨ་ཡེ་ཤེས་རྡོ་རྗེ་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་གསན་ནས། ཟབ་གཏེར་བཞེས་པའི་གནས་མཆོག་ཁམ་གྱི་མཆིམས་ཕུ་གཉིས་པ་དང་འདབས་འབྲེལ་བ། བཀའ་གཏེར་ཆོས་ཀྱི་ཆུ་ཀླུང་འབུམ་ཕྲག་འཁྱིལ་བ་གཞལ་མེད་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཞེས་རྩ་གསུམ་སྤྲིན་ལྟར་གཏིབས་པའི་དྲི་གཙང་ཁང་ནས་བདག་ཅག་ལས་ཅན་འདུས་པའི་ཚོགས་སྨིན་གྲོལ་ཆིག་རྫོགས་དགྱེས་པས་བསྩལ་ཞིང་ཁོ་བོ་ལ་གཏད་རྒྱ་བཅས་མཛད་པའི་སྐལ་བཟང་ཐོབ་པའི་བཀའ་དྲིན་བྱང་ཆུབ་སྙིང་པོའི་བར་དུ་གཞལ་བའི་གནས་སུ་གྱུར་པའོ། །གཉིས་པ་ཉམས་ལེན་གྱི་ལམ་དངོས་ལ། འཇུག་སྒོ་སྨིན་བྱེད་ཀྱི་དབང༌། ཞུགས་ནས་སྒོམ་གྱི་ལམ་ཡོངས་རྫོགས་འཆད་པའོ། །དང་པོ་ནི། ལོ་རྒྱུས་སྙིང་གི་ཏི་ཀ་ལས། སྤྱི་ལ་གཅེས་པ་ཤྲཱི་སིངྷའི་དབང་བསྐུར་གསུམ༔ ཕྱི་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་དགོངས་པ་གཅིག་ཏུ་དྲིལ་བའི་དབང་བསྐུར་བ༔ ཡི་དམ་རྡོ་རྗེའི་དབྱིངས་ཀྱི་དབང་བཞི་སྤྱི་བླུགས་སུ་བསྐུར་བ༔ མན་ངག་ཨ་ཡིག་མདའ་འཕེན་ཏེ་ཕྱི་ཐུན་མོང་གི་དབང་བསྐུར་གསུམ༔ ནང་ཀློང་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ སྟོན་པ་བཅུ་གཉིས་བརྡ་དབང༔ མངོན་རྫོགས་རྒྱལ་པོའི་དོན་དབང༔ རྩ་བ་དགུ་བསྒྲིལ་ འདི་ལ་རྗེས་འབྲེལ་ཚེ་དབང་དང༌། མཁའ་འགྲོའི་དབང་བཅས་བཞུགས། མཆན། ཏེ་ནང་སྐོར་གྱི་དབང་གསུམ་བསྐུར༔ གསང་བ་མན་ངག་གི་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ ཞི་ཁྲོའི་དོན་དབང༔ སྒྲུབ་དབང་བརྒྱད་དུ་དྲིལ་བའི་དབང་སྟེ་གསང་སྐོར་གྱི་དབང་གསུམ་བསྐུར༔ དེ་རྗེས་སྒྲུབ་ཐབས་དགུ་ཕྲུགས་སུ་གནང༔ རྫོགས་རིམ་སྔོན་འགྲོའི་བརྡ་དབང་གསུམ་གྱི་སྨིན་པར་མཛད༔ དངོས་གཞི་ཁྲིད་གསུམ་གྱིས་གྲོལ་ཞིང༔ རྗེས་ཀྱི་མན་ངག་གསུམ་གྱིས་གྲོལ་བ་མཐར་ཕྱིན་པར་མཛད་དོ༔ ཞེས་གསུངས་པ་ལྟར་གཏེར་གཞུང་གི་དངོས་བསྟན་ནས། བཀའ་སྲུང་ཡེ་ཤེས་པ། དྲེགས་པ་ཕོ་མོ། གཏེར་སྲུང་རྣམ་གསུམ་གྱི་སྲོག་གཏད་བཅས་རྗེས་འབྲེལ་དུ་འབྱུང་བ་སྟེ། སྤྱིར་གསང་སྔགས་ཀྱི་ལམ་ལ་དབང་སྔོན་དུ་མ་སོང་ན་དངོས་གཞིའི་ལམ་ཉན་སྒོམ་ལྟ་ཅི། རྒྱུད་དང་མན་ངག་གི་དཔེ་ཙམ་ལྟ་བ་ལ་མི་དབང་ཞིང༌། བལྟས་ཀྱང་དོན་དུ་མི་འགྱུར་བ་དང༌། དབང་གིས་རྒྱུད་སྨིན་པར་བྱས་ཕྱིན་ཆད་ཟབ་ལམ་གྱི་གནད་ཀུན་ཉན་སྒོམ་སྣོད་དུ་རུང་ཞིང༌། རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པས་དྲོད་རྟགས་མྱུར་དུ་འབྱུང་བ་དང༌། དེར་མ་ཟད་སློབ་དཔོན་ལྟ་དགོངས་ཅན་དང༌། སློབ་མ་སྣོད་ལྡན་ནང་འཛོམས་ན་དབང་གི་སྨིན་གྲོལ་ཅིག་ཆར་དུ་འགྱུར་བར་ངེས་པ་དང༌། སྐབས་འདིའི་རིག་པ་རྩལ་དབང་ཐོབ་པས་ནང་གི་ཡེ་ཤེས་ཀྱི་མྱོང་བ་རྒྱུད་ལ་ངེས་པར་སད་ནུས་པ་དང༌། དབང་ཐོབ་དམ་ཚིག་ལ་གནས་པས་ལམ་སྒོམ་མ་ནུས་ཀྱང་སྐྱེ་བ་བརྒྱུད་ནས་གྲོལ་བར་ངེས་པ་དང༌། དཀྱིལ་འཁོར་ཙམ་མཐོང་བས་ཀྱང་ངན་སོང་གི་སྒོ་ཁེགས་པ་སོགས་དགོས་པ་དང་ཕན་ཡོན་ཆེ་ཞིང༌། དེ་ཡང་སྤྱིར་གསང་སྔགས་ཀྱི་ལམ་ཐམས་ཅད་དབང་བཞིའི་དོན་ལས་མི་འདའ་བས་བསྐྱེད་རྫོགས་ཀྱི་མན་ངག་ཀྱང་དབང་ལས་མ་འདས་ཤིང༌། དབང་གི་དག་བྱ་སྒྲིབ་པ་བཞི་གཏོར་ཞིང༌། དག་བྱེད་སྐུ་བཞིའི་ནུས་པ་རྒྱུད་ལ་སད་པར་བྱེད་པ་མཐར་ཐུག་གི་སྐུ་བཞི་ཡང་དབང་གི་གྲུབ་དོན་ལས་མ་འདས་ལ། དེས་ན་སྐབས་འདིའི་དབང་གི་རྣམ་གྲངས་བཅུ་གསུམ་དུ་གསུངས་ཀྱང༌། དེ་ཐམས་ཅད་རྩ་བ་དབང་བཞིའི་དགོངས་པ་ལས་མ་འདས་ཞིང༌། དབང་བཞི་པོའི་མཐར་ཐུག་གི་དབང་བཞི་པ་སྟེ་བཞི་པའི་དོན་གྱི་ཡེ་ཤེས་རྒྱུད་ལ་བསྐྱེད་པ་ལ་བླ་མའི་བྱིན་རླབས་འབའ་ཞིག་གཅེས་པས་ན། སྐབས་འདིར་ཡང་སྤྱི་ལ་གཅེས་པའི་ཤྲཱི་སིངྷའི་དབང་བསྐུར་དང༌། ཕྱི་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག །ནང་ཀློང་སྡེའི་རིག་འཛིན་བཅོ་ལྔ། གསང་བ་རིག་འཛིན་བཅོ་ལྔ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། རྟོག་པ་ཆོས་སྐུའི་འདྲ་འབག་རྡོ་རྗེའི་དོ་ཧ་གླུ་རུ་གདམས་པས་ངོ་སྤྲོད་པའང་དེ་ཡིན་ཏེ། ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ལས། རིགས་ཀྱི་བུ་དབང་བསྐུར་བའི་ཚུལ་ནི་འདི་ལྟ་སྟེ། བསྐུར་བྱ་སྐུར་བྱེད་བསྐུར་ཐོབ་དང་བྲལ་བའོ༔ ཞེས་གསུངས། དབང་བཞི་པ་དེ་ཐོབ་པས་གནད་དོན་ཆེ་བའི་རྒྱུ་མཚན་འདིའི་ལོ་རྒྱུས་སུ། ཁྲི་སྲོང་ལྡེའུ་བཙན་གྱིས་གསུངས་པ། བདག་ཅག་རྣམས་ལ་བཀའ་དྲིན་ཆེ་བ་ནི་གུ་རུ་རིན་པོ་ཆེ་ཉིད་ལགས་ཤིང༔ དེང་སང་མོན་དུ་བཞུགས༔ མོན་མོ་བཀྲ་ཤིས་ཁྱེའུ་འདྲེན་སོགས་མོན་མི་འགའ་ལ༔ སྐུ་ཡི་བཀོད་པ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་སུ་བསྟན་ཅིང་སྔར་མ་གྲགས་པའི་རྫུ་འཕྲུལ་གྱི་བཀོད་པ་དུ་མ་ཞིག་བསྟན་པར་ཐོས༔ ལོ་པཎ་མཁས་གྲུབ་གཞན་རྣམས་ཀྱིས་ཀྱང་རྫུ་འཕྲུལ་ཡ་མ་ཟུང་ཅི་གནང་ནའང༔ ཨོ་རྒྱན་ཆེན་པོ་ལ་ནི་འགྲན་ཟླ་མ་མཆིས་སོ༔ འདིའི་དོན་མི་ཡུལ་དུ་རིག་པའི་རྩལ་དབང་ཐོབ་པ་ཨོ་རྒྱན་ཁོ་ན་ལས་མེད་པར་གྲགས༔ དེ་རིག་པའི་རྩལ་དབང་བསྐུར་བའི་སློབ་དཔོན་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྒྱ་གར་འཕགས་ཡུལ་དུ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་ཚུལ་སངས་རྒྱས་གསང་བའི་ཞལ་ནས་ཐོས༔ གཞན་ངེས་པ་མ་རྙེད་པས་དེང་ཤར་བའི་ལོ་འདིར་གུ་རུ་ཉིད་ཀྱི་རྩ་བའི་སློབ་དཔོན་དེ་ཉིད༔ རབ་གདམས་ངག་ཐོབ་པ༔ འབྲིང་རྣམ་ཐར་ཐོས་པ༔ ཐ་མའང་མཚན་ཐོས་པ་ཞིག་གི་བདག་ཅག་རྣམས་ལ་ངལ་བ་མེད་པར་དོན་དུ་གཉེར་བ་ནི་གལ་ཆེའོ༔ ཞེས་དང༌། མདོ་བྱང་དུ། ལྟ་བ་དགོངས་ཀློང་མངོན་གྱུར་པའི༔ ཡེ་ཤེས་སྐུ་ཅན་དཔལ་སེང་ལ༔ གདམས་པའི་མཐར་ཐུག་ཞུས་པའི་ཚེ༔ མི་ཡུལ་ཀུན་ཏུ་མ་གྲགས་པའི༔ རིག་རྩལ་དབང་མཆོག་བདག་གིས་ཐོབ༔ ཅེས་གསུངས་པ་ལྟར་ཟག་མེད་ཡེ་ཤེས་ཀྱི་སྐུ་བརྙེས་པའི་རིག་འཛིན་ཤྲཱི་སིངྷས་འཇིགས་མེད་རྡོ་རྗེའི་བརྟུལ་ཞུགས་གྲུབ་པས་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝ་ལ་ཡེ་ཤེས་ཆེན་པོ་དོན་གྱི་དགོངས་ཉམས་སད་པའི་ཕྱིར་རིག་པ་རྩལ་གྱི་དབང་བསྐུར་ཞིང་སྨིན་པའི་ཚུལ་མཛད་པས་སྲིད་ཞི་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་དང་ཡེ་ཤེས་ལ་མངའ་བརྙེས་པའི་ཚུལ་བསྟན་པས། གུ་རུ་རིན་པོ་ཆེའི་འགྲོ་འདུལ་གྱི་བླ་མ་སུམ་བརྒྱ་དང་དྲུག་ཅུའི་གཙོ་བོ་རིགས་ཀྱི་བདག་པོ་ཤྲཱི་སིངྷ་ཡིན་པར་གསུངས་པས་ཤེས་ལ། དབང་གི་ཡེ་ཤེས་དེའི་སྲོག་རྒྱུད་ལ་འཛིན་པ་ནི་དམ་ཚིག་འབའ་ཞིག་ལ་རག་ལས་པས་དབང་ཐོབ་ནས་དམ་ཚིག་གི་རྣམ་གྲངས་ཤེས་པས་སྲུང་བར་གཅེས་ཤིང༌། དེ་ལའང་དབྱེ་བསྡུའི་ཚུལ་དུ་མ་གསུངས་ཀྱང༌། ཅུང་ཟད་ཉམས་ཆག་བྱུང་ནའང་བཤགས་པས་སོར་ཆུད་པ་ཤིན་ཏུ་གལ་ཆེ་བ་འཕྲོས་སུ་གདམས་པའོ། །གཉིས་པ་ཉམས་སུ་བླང་བྱའི་ལམ་དངོས་བཤད་པ་ལ། མདོ་བྱང་ལས། འདི་བརྒྱད་ཀུན་ལ་རྩ་བའི་ཆོས་བཞི་ནི༔ ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་དང༔ ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ་དང༔ གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་ཏེ༔ ཕྱི་སྐོར་ནམ་མཁའ་ཀློང་ཡངས་སྐོར་བརྒྱད་དང༔ ནང་སྐོར་ཉི་མ་ཀློང་ཆུབ་སྐོར་དགུ་རྣམས༔ སློབ་དཔོན་བཻ་རོ་ཙ་ནས་བོད་དུ་བསྒྱུར༔ འདི་ནི་ཤྲཱི་སིངྷའི་ཐུགས་བཅུད་དེ༔ ཟབ་ལ་འདྲིལ་ཞིང་གཞན་ལ་མ་བསྟན་པ༔ སློབ་དཔོན་བདག་ལ་སྤེལ་བར་བཀའ་གནང་མེད༔ བཻ་རོ་ལ་ནི་གནང་བ་བསྩལ་འདུག་པས༔ མ་བུར་བསྡེབས་ཏེ་འདི་རུ་བཞག་པའོ༔ མན་ངག་སྐོར་དགུ་འོད་ཟེར་མཐའ་ཡས་ནི༔ པདྨ་བདག་གི་དཔལ་སེང་ཉིད་ལ་ཞུས༔ ཟབ་པའི་མཐར་ཐུག་འདི་རུ་གདམས་པ་ནི༔ མན་ངག་ཉི་ཤུ་རྩ་དྲུག་བསྟན་པའོ༔ ཞེས་གསུངས་པ་ལྟར་ཕྱི་སྐོར་སེམས་སྡེ། ནང་སྐོར་ཀློང་སྡེ། གསང་སྐོར་མན་ངག་སྡེའི་ཟབ་ཏིག་དབང་དང༌། བསྐྱེད་རྫོགས་ཀྱི་གདམས་པ་རྒྱ་ཆེར་བཞུགས་པའི་དང་པོ་ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་ཀྱི་མན་ངག་ལ་བསྐྱེད་རྫོགས་ཀྱི་དོན་གཉིས་ལས། དང་པོ་བསྐྱེད་རིམ་ལའང༌། བླ་མའི་བྱིན་རླབས་ལམ་དུ་བྱ་བ་རིག་འཛིན་གྱི་སྲོག་སྒྲུབ་དང༌། དེ་ཉིད་ཡི་དམ་གནས་བསྒྱུར་གྱི་བསྒྲུབ་པའོ། །དང་པོ་ལ་གཉིས། ཀུན་ལ་གཅེས་པ་སྔོན་འགྲོའི་ཉམས་ལེན་དང༌། དངོས་གཞི་རིག་འཛིན་བླ་མའི་བྱིན་རླབས་ལམ་བྱེད་ཀྱི་བསྐྱེད་རིམ་བསྒོམ་ཚུལ་ལོ། །དང་པོ་ལའང༌། ཐུན་མོང་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། དེ་ཡང་ངོ་བོ་མི་ཁོམ་པ་བརྒྱད་ཀྱི་ལྡོག་ཆ་དལ་བ་བརྒྱད་དང༌། དེའི་ཁྱད་པར་གྱི་ཆོས་རང་གཞན་གྱི་འབྱོར་བ་བཅུ་དང་ལྡན་པ་སྟེ། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཙམ་པོ་བ་དང༌། ཁྱད་པར་ཅན། མི་ལུས་རིན་པོ་ཆེ་རྣམས་ཀྱི་རྒྱུ་དང༌། དཔེ་དང༌། གྲངས་སོགས་གང་གི་སྒོ་ནས་བསམ་ཀྱང་ཤིན་ཏུ་རྙེད་དཀའ་ཞིང་ཕན་འདོགས་བསམ་གྱི་མི་ཁྱབ་པ་དང་ལྡན་པ་འདི་ལྟ་བུ་རྙེད་དུ་ཟིན་ཡང༌། ནམ་མཁའ་རིན་པོ་ཆེའི་མདོ་ལས། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་བལྟ་བར་བྱ། བཀའ་བསྩལ་པ། སེམས་རྣམ་པར་རྟོག་པས་དབྱེན་བཅོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །འབྱོར་བ་ནི་སེམས་ཀྱི་རང་བཞིན་ཤེས་པ། བློ་ཡང་དག་པའི་དོན་ལ་འབྱོར་བས་ན་འབྱོར་བ་ཞེས་བྱའོ། །ཞེས་གསུངས་པ་ལྟར། མི་ཡི་ལུས་སུ་གྱུར་ན་ཡང་སེམས་རྣམ་རྟོག་གི་དབྱེན་བཅོས་པའི་ཚེ་འདིའི་སྣང་བ་འབའ་ཞིག་ལ་སྤྱོད་དེ་འཇིག་རྟེན་ཕྱི་མ་མི་ཤེས་པའི་མི་ཁོམ་པའི་གནས་ལས་མ་ཐར་ན་དལ་བ་དོན་ལྡན་སྙིང་པོར་ལེན་པའི་ཆོས་བྱར་མི་བཏུབ་པས། སེམས་རྣལ་དུ་གནས་ཏེ་སེམས་ཀྱི་རང་བཞིན་ཤེས་པས་བློ་ཡང་དག་པའི་དོན་ལ་འབྱོར་བའི་ཕྱིར་མྱུར་དུ་ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་གྱི་རྣལ་འབྱོར་མཐར་སོན་པར་མ་བྱས་ན། ཕྱི་སྣོད་ཀྱི་འཇིག་རྟེན་སྲ་ཞིང་འཐས་པ་ལྟར་སྣང་བ་རྣམས་ཀྱང་མཐར་མེ་བདུན་ཆུས་གཅིག་གིས་འཇིག་པའི་ཚེ་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར། ནང་བཅུད་ཀྱི་སེམས་ཐམས་ཅད་ཀྱང་སྐྱེས་ནས་ཚེ་ཐར་དུ་སོང་བ་གཅིག་ཀྱང་མེད་པས་རང་ཉིད་ཀྱང་ངེས་པར་འཆི་བ་མ་ཟད། དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་ནི་མེད། འཆི་བའི་ཚེ་ཆོས་རྣམ་པར་དག་པ་ཁོ་ན་མ་གཏོགས་གཞན་ཅི་ཡང་མི་ཕན། དེར་མ་ཟད་ད་ལྟའི་སེམས་ཀྱི་ཀུན་རྟོག་རེ་ལའང་འཁྲུལ་པའི་འཇིག་རྟེན་གྲངས་མེད་པ་བཀོད་ཀྱང་སྐད་ཅིག་རེ་རེས་ཀྱང་སྐྱེ་འགགས་སུ་གྱུར་བའི་ནང་གི་མི་རྟག་མངོན་སུམ་ཚད་མའི་མ་ཚང་ཤེས་པས་གཟུང་འཛིན་འཁྲུལ་པའི་རྣམ་རྟོག་རྒྱུན་མཐུད་ལ་ངན་ཤོར་དུ་མི་གཏོང་བར་རིག་པ་གཉུག་མའི་གཏན་སྲིད་འཛིན་ཅི་ནུས་ཀྱི་རྣལ་འབྱོར་ལ་འབད་པ་རྩལ་དུ་བཏོན་པ་གཅེས་པ་ལས། ཤི་ནས་ཅང་མེད་དུ་མི་འགྲོ་བར་ལས་འབའ་ཞིག་གི་རྗེས་སུ་འབྲང་དགོས་པ་རྟེན་འབྱུང་བསླུ་མེད་ཀྱི་དོན་ཤེས་པས། རྟེན་འབྱུང་གི་མཐར་ཐུག་སྟོང་ཉིད། སྟོང་ཉིད་ཀྱི་གཤིས་ལུགས་ཡེ་ཤེས་རང་རིག་ལ་ཐུག་པས་ཆོས་ཕུང་བརྒྱད་ཁྲིའི་མན་ངག་གི་ཐུས་ཀ་འོད་གསལ་རིག་པའི་ཡེ་ཤེས་ཀྱི་ཡིན་ལུགས་མངོན་སུམ་རྟོགས་ན་ཀུན་རྫོབ་རྒྱུ་རྐྱེན་གྱི་བྱས་ཆོས་འཁྲུལ་པ་ཐམས་ཅད་བྱར་མེད་ཀྱི་ཀློང་དུ་ངེས་པར་དག་པའི་ཐབས་ཁོ་ན་ལ་མ་བརྩོན་ན། སྡིག་པའི་ལས་ཀྱི་ངན་སོང་གསུམ་དུ་སྐྱེས་ན། སྡུག་བསྔལ་བཟོད་པའི་གླགས་མེད། ཟག་བཅས་ཀྱི་དགེ་བས་མཐོ་རིས་གསུམ་དུ་སྐྱེས་ཀྱང༌། འགྱུར་བའི་སྡུག་བསྔལ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ན་ལས་མ་འདས་པས། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་པ་ཞིག་བྱ་དགོས། འཁོར་བའི་འཁྲུལ་སྣང་དེའི་རྩ་བ་ཡང༌། ཕྱོགས་ཀྱི་གླང་པོས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་གསུངས་པ་ལྟར། འཁྲུལ་བའི་རྣམ་རྟོག་རང་ག་མའི་མཚང་བརྟོལ་ནས། འཁྲུལ་མེད་ཡེ་ཤེས་རྗེན་པའི་ཡིན་ལུགས་མངོན་གྱུར་གྱི་ཏིང་འཛིན་ལ་ངལ་འཚོ་བའི་ཐབས་ཀྱི་གསེང་ལམ་ཟླ་མེད་པ་འོད་གསལ་ཐེག་པའི་རྩེ་རྒྱལ་གྱི་ལམ་མ་ནོར་བ་སྟོན་པའི་ཆེད་དུ། ཐེག་པ་མཆོག་གི་དགོངས་སྤྱོད་ལ་མངའ་བརྙེས་པ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཉེས་པ་གསུམ་གྱིས་བསྟེན་ནས། འོད་གསལ་རྡོ་རྗེ་སྙིང་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གནས་ཇི་སྐད་བསྟན་པ་རྣམས་བྱིས་པ་དང་སྡིག་གྲོགས་རྟོག་གེའི་བློ་ངན་གྱི་རྗེས་སུ་འབྲང་བའི་གཞན་དབང་དུ་མ་སོང་བར་ལག་ལེན་ཐེབ་ངེས་པས་སྐྱེ་འཆིའི་འཁྲུལ་སྣང་དག་པའི་ཟབ་ལམ་ལ་གདེང་དུ་ཁེལ་བ་ཞིག་ཅིས་ཀྱང་དགོས་པས་ཉིན་ཞག་རེ་རེའི་ཁོངས་སུ་ཡང་ཅི་ནུས་སུ་ཆོས་ཀྱི་དོན་རྒྱུད་ལ་སྦྱོར་བར་བྱ། དེ་ལྟར་ནུས་པ་བླ་མ་དང་དཀོན་མཆོག་རིན་པོ་ཆེ་མཁྱེན་སྙམ་པའི་དད་པ་དང༌། ངེས་འབྱུང་གི་རྒྱུད་སྦྱངས་ཞིང་བློ་འཁུལ་བའི་ཐབས་གལ་ཆེ་བས་འདིར་མདོར་བསྡུས་སུ་བསྟན་པ་བཞིན་ཁྲིད་གཞུང་གཞན་དག་ལས་རྒྱས་པར་འབྱུང་བ་ལྟར་དམིགས་རྐང་ཐུན་དུ་བཅད་ཅིང༌། མྱོང་བ་ཐོན་ཐོན་གྱིས་སེམས་རྒྱུད་ལས་སུ་རུང་བ་མ་བྱས་ན་དངོས་གཞིའི་ལམ་གྱི་ཉམས་རྟོགས་ཡང་དག་པ་རྒྱུད་ལ་མི་སྐྱེ། སྐྱེས་ཀྱང་མཐར་ཕྱིན་པ་མི་འབྱུང་བས་ཐོག་མ་ཉིད་ནས་དངོས་གཞི་ལ་འཇུག་སྔ་མི་བྱ་བར་སྔོན་འགྲོའི་རྣལ་འབྱོར་ལ་འབད་པ་རྩལ་འདོན་ཤིན་ཏུའང་གལ་ཆེའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་དྲུག་ལས། ཐོག་མར་སྐྱབས་འགྲོ་ནི། དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོ་རང་རིག་བདེ་གཤེགས་སྙིང་པོ་མཆོག་གསུམ་གཞིར་གནས་ཀྱི་ཡེ་ཤེས་གསུམ་རྫོགས་སུ་བཞུགས་པ་སོ་སོ་རང་རིག་པས་མངོན་དུ་བྱེད་པ་དང༌། ཀུན་རྫོབ་ཀྱི་སྐྱབས་འགྲོའི་དམིགས་རྣམ་རིག་འཛིན་ཆེན་པོ་ཤྲཱི་སིངྷ་ལ་མཆོག་གསུམ་རྩ་གསུམ་སྐུ་གསུམ་གྱི་ལྷ་ཚོགས་ཀྱིས་བསྐོར་བ་མདུན་མཁར་གསལ་བའི་སྤྱན་སྔར་རང་གཞན་མཁའ་ཁྱབ་ཡིད་ཅན་འཁོད་པས་བྱང་ཆུབ་སྙིང་པོའི་བར་སྐྱབས་སུ་འགྲོ་བར་བསམ་པས། ཀུན་གཞིའི་དག་པའི་སངས་རྒྱས་དང༔ སོགས་ནས་གྲངས་བསགས། གཉིས་པ་སེམས་བསྐྱེད་ནི། བདག་གཞན་གཉིས་མེད་ཁྱབ་གདལ་ཡེ་ཤེས་ཀྱི་རང་གདངས་རང་བྱུང་ཐུགས་རྗེའི་འཇུག་པ་རྒྱུན་མི་ཆད་དུ་བརྡལ་བ་དོན་དམ་དང༌། མཁའ་མཉམ་གྱི་ཡིད་ཅན་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོ་ལས་གཞན་དུ་མ་གྱུར་ཀྱང་གནས་ལུགས་མ་རྟོགས་འཁྲུལ་པའི་གཞན་དབང་ཅན་ཀུན་གདོད་མའི་གཞི་ཐོག་ཏུ་བསྒྲལ་བའི་བློས་སྙིང་རྗེ་དྲག་ཏུ་བསྐྱེད་པ་ཀུན་རྫོབ་ཀྱི་སེམས་བསྐྱེད་པ་ཟུང་འཇུག་གིས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ སོགས་བརྗོད། གསུམ་པ་ཡན་ལག་བདུན་པ་ནི། དོན་དམ་བསགས་སྦྱངས་ཀྱི་སྤྲོས་པ་ཐམས་ཅད་ཀ་ནས་དག་པའི་ཆོས་ཉིད་ཀྱི་གཤིས་ལུགས་ལ་འཁོར་གསུམ་གྱི་མཚན་འཛིན་ཅན་ལ་མི་ལྟོས་པར་ཚོགས་ཆེན་ཡེ་རྫོགས་སུ་བཞུགས་པའི་དོན་ལ་གསལ་འདེབས་པས། ཀུན་རྫོབ་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་རོལ་མོ་ཕྱག་འཚལ་མཆོད་འབུལ་སོགས་ཡན་ལག་བདུན་གྱི་ཏིང་འཛིན་ཅིར་ཡང་སྤྲུལ་པས་ཚོགས་བསགས་ཀྱི་དམིགས་པ་དང་མ་བྲལ་བས། སྣང་བ་རྣམ་དག་བདེ་གཤེགས་ལ༔ སོགས་བརྗོད། བཞི་པ་སྒྲིབ་སྦྱོང་རྡོར་སེམས་ནི། ཀུན་རྟོག་འཁྲུལ་པའི་ལས་ཉོན་ཐམས་ཅད་ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པས་བྱེད་པ་ལྟར་སྣང་ཡང་དོན་བཅིངས་གྲོལ་མེད་པའི་དབྱིངས་ལ་ཕན་གནོད་ཀྱི་ཡུལ་རང་མཚན་དུ་མ་གྲུབ་པ་ཀ་ནས་དག་པའི་དབྱིངས་སུ་མཉམ་པར་བཞག་པས། རིག་སྟོང་རྡོ་རྗེ་སེམས་དཔའི་ཡེ་ཤེས་གཅིག་ཏུ་རྟོགས་པ་དོན་གྱི་བསགས་སྦྱངས་དང༌། རྣམ་པ་ཙམ་དུ་རྡོར་སེམས་བསྒོམ་བཟླས་འོད་ཟེར་སྤྲོ་བསྡུ་དོན་གཉིས་སྒྲུབ་པའི་དམིགས་པ་སྤྱི་ལྟར་བྱ་བས། ཡུལ་དུ་འཁྲུལ་པའི་ཐ་མལ་ལུས༔ སོགས་ནས་མཐར་སྙིང་པོ་ཡིག་དྲུག་དང་ཡིག་བརྒྱའང་བཟླས་པས་ལེགས་ཆེ་ཤིང་མཐོལ་བཤགས་དང༌། དམིགས་མེད་ཀྱི་ལྟ་བས་རྒྱས་འདེབས་བྱ། ལྔ་པ་ཚོགས་བསགས་ནི། སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བཀོད་པ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་ལྡན་གྱི་གནས་ལུགས་སུ་རྟོགས་པ་དོན་དམ་གྱི་ཚོགས་བསགས་དང༌། རྣམ་པ་ཟག་མེད་ཡེ་ཤེས་ཀྱི་བཀོད་པའི་ཆོ་འཕྲུལ་སྒྲོན་མ་བསམ་གྱི་མི་ཁྱབ་པའི་སྤྲིན་ཕུང་མཁའ་ཁྱབ་ཀྱི་ཚོགས་ཞིང་ལ་འབུལ་བའི་བློས་མཎྜལ་ཚོམ་བུའི་བརྒྱན་པ་འབུལ་ཏེ། ངོ་བོའི་ཞིང་ཁམས་རྒྱ་ཆེར་བར༔ སོགས་གྲངས་བསགས། དྲུག་པ་བླ་མའི་བྱིན་རླབས་ནི། དོན་དམ་ཆོས་ཉིད་དོན་གྱི་བླ་མའི་རང་ཞལ་སོ་སོ་རང་རིག་པའི་ཡེ་ཤེས་མཆོག་གི་རང་བྱུང་རིག་པའི་གཤིས་ལུགས་མངོན་སུམ་མཇལ་བའི་མོས་གུས་ཀྱིས་འཁྲུལ་རྟོག་གཞི་གྲོལ་དག་པའི་བྱིན་རླབས་སྩོལ་བར་གསོལ་བ་གདབ་པ་དང༌། ཀུན་རྫོབ་འོད་གསལ་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་འཇིགས་པ་མེད་པ་ཤྲཱི་སིངྷ་དཀར་སྨུག་རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན་ཕྱག་གཡས་སྡིག་མཛུབ་ནམ་མཁར་གཏོད་པ། གཡོན་བྷཉྫ་བདུད་རྩིས་བཅུད་བཀང་དཀུར་བསྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་པདྨ་ཉི་ཟླའི་སྟེང་དུ་བཞུགས་པའི་འཁོར་དུ་སེམས་སྡེའི་རིག་འཛིན་སུམ་ཅུ་རྩ་གཅིག་གིས་མཚོན་པའི་བརྒྱུད་གསུམ་རིག་འཛིན་བླ་མས་བསྐོར་བ་གསལ་ཏེ་མོས་གུས་ཀྱི་འཇུག་པ་རྩེ་གཅིག་པས་རྒྱས་པར་སྤྲོ་ན་བྱང་གཏེར་བླ་མ་སྐུ་གསུམ་དང༌། བརྒྱུད་འདེབས་རྒྱས་པ་སྔོན་དུ་འགྲོ་བས། ཀུན་གཞི་དག་པའི་བླ་མ་ལ༔ སོགས་གསོལ་འདེབས་གྲངས་བཟུང༌། ཐུན་མཐར་དབང་གཞི་ལེན་པའི་དམིགས་གནད་སྤྱི་ལྟར་བྱའོ། །སྐབས་འདིར་སྤྱི་ལ་གཅེས་པའི་རིག་འཛིན་བླ་མའི་ཟབ་དབང་གི་ནང་གསེས་ཐུན་མོང་གི་བྱིན་རླབས་ཀྱི་ཕྲིན་ལས་ཉིད་བླ་མའི་རྣལ་འབྱོར་གྱི་སྒྲུབ་པའི་ཚུལ་དུ་སྦྱར་བ་འགལ་བ་མེད་སྙམ་གྱི་སྔོན་འགྲོའི་ངག་འདོན་ཁྲིགས་བསྡེབས་སུ་གསལ་བ་ལྟར་རོ། །སྤྱིར་དངོས་གཞི་ཉམས་རྟོགས་སྐྱེ་བ་ལ་སྔོན་འགྲོ་གནད་དུ་སྨིན་པ་གཅེས་པས་ཉམས་ལེན་སྨིན་ཁྲིད་དུ་བྱེད་ན་ཕྱི་ནང་གསང་བའི་སྔོན་འགྲོ་འདི་དག་འབུམ་ཕྲག་རེ་རེ་མ་མཐའ་བྱས་པ་བསགས་དགོས་པས་ན། དེ་དག་གི་སྐབས་སུ་སོ་སོའི་གོ་དོན་དང༌། རྣམ་བཞག །བསླབ་བྱ་སོགས་ཤེས་ན་ཆེས་ལེགས་ཀྱང་ཆོས་སྐོར་འདི་ཤིན་ཏུ་རྒྱ་ཆེ་བས་ཡིག་ཚོགས་ཆེས་ཐལ་བ་ལ་འཇིགས་ཏེ་མ་སྤྲོས་པས། སློབ་དཔོན་གྱིས་བཤད་ནུས་དགོས་ལ། ངག་འདོན་རིགས་ཀྱང་ཟབ་ཏིག་སྙིང་པོ་རྡོ་རྗེའི་ཚིག་རྐང་ཙམ་ལས་མ་མཆིས་པས་དང་པོའི་ལས་ཅན་གྱི་བློས་མ་ཆུད་ན་དམིགས་པ་གསལ་འདེབས་ལྟ་བུར་ཅུང་ཟད་རྒྱས་ན་ལེགས་སྙམ་གྱིས་ཟུར་བཀོད་དུ་བྲིས་པ་ལྟར་རོ། །གཉིས་པ་རིག་འཛིན་བླ་མའི་བྱིན་རླབས་ལམ་བྱེད་ཀྱི་ཕྱི་སྐོར་བླ་མའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལ་དངོས་དང་ཞར་བྱུང་ངོ༌། །དང་པོ་ནི། སྐུ་བསྐྱེད་རིམ་ཕྱག་རྒྱ། གསུང་བཟླས་པའི་སྔགས། ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ལ། སྔོན་འགྲོ་དང༌། དངོས་གཞིའོ། །དང་པོ་ནི། ཡིད་དང་མཐུན་ཞིང་རྣམ་གཡེང་མེད་པའི་གནས་ཁང་བྱི་དོར་བྱ། སྔོན་འགྲོའི་སྐབས་མཚམས་མ་བསྡམས་ན་སྐབས་འདིར་ཕྱི་ནང་གི་རྒྱུ་འགྲུལ་བསྡམས། སྤྲོ་ན་སྒྲུབ་པའི་རྟེན་རིག་འཛིན་བླ་མའི་གཙོ་འཁོར་གྱི་སྐུ་འབག་བྲིས་འབུར་གང་རུང་གི་མདུན་དུ་སྨན་རཀ་གཏོར་གསུམ། ཉེར་སྤྱོད་བཅས་བཤམས། བསྙེན་སྒྲུབ་ཀྱི་ཐོག་མཐའ་དང་ཡར་མར་གྱིས་ཚེས་བཅུ་ལ་ཚོགས་མཆོད་རྒྱས་པ་དང༌། བཀའ་གཏེར་སྲུང་མའི་གཏོར་འབུལ། རྒྱལ་ཆེན་བཞི་དང༌། དཀར་བགེགས་ཀྱི་གཏོར་མ་བཅས་འདུ་བྱས་ལ། ཡར་ངོའི་ཚེས་བཅུ་སོགས་གཟའ་སྐར་ལེགས་པ་ནས་བརྩམས་ཏེ། བསྙེན་པའི་དབུ་བརྩམས་པའི་སྐབས་གནས་གཞིའི་བདག་པོ་ལ་དཀར་གཏོར་དང་གསེར་སྐྱེམས། བགེགས་གཏོར་བསྔོས་ལ་གནས་ཁང་གུ་གུལ་གྱི་བདུག །ཡུངས་ཀར་བྲབ། སྒོ་དྲུང་གི་ཐོ་མདུན་རྒྱལ་ཆེན་གཏོར་མ་བཤམས་ལ་མཆོད་དེ་ཕྲིན་ལས་བཅོལ་ཞིང་བརྟན་བཞུགས་བྱ། སྲུང་འཁོར་གྱི་རྒྱས་བཏབ་ནས། དངོས་གཞིའི་སྒོམ་བཟླས་ལ་འཇུག་པ་འོག་མ་རྣམས་ལའང་རིགས་འགྲེ་ཤེས་པར་བྱའོ། །གཉིས་པ་དངོས་གཞིའི་ཉམས་ལེན་ལ། སྐུ་བསྐྱེད་རིམ་ཕྱག་རྒྱའི་ཏིང་འཛིན་ནི། རྒྱུ་ཏིང་ངེ་འཛིན་གསུམ་གྱི་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་པའི་རྣམ་བཞག་སྤྱི་ལྟར་ངེས་པས་གསལ་བཏབ་སྟེ་སྣོད་བཅུད་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པའི་གཞལ་མེད་ཁང་རྟ་བབ་སྣམ་བཞི་མ་སྤྱི་ལྟར་གྱི་དབུས་སུ་ཨིནྡྲ་ནི་ལའི་གྲུ་ཆད་སྟེང་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ཟེའུ་དམར་སེར་མཐོ་བའི་སྟེང་ཁམས་གསུམ་གྱི་འདོད་ཆགས་དག་པའི་བརྡར་པདྨ་དམར་པོ་སུམ་བརྩེགས་ཀྱི་སྟེང༌། ཞེ་སྡང་དག་པའི་ཉི་དཀྱིལ་གཏི་མུག་དག་པའི་ཟླ་དཀྱིལ་སྟེང་དུ་རང་རིག་བྱང་ཆུབ་ཀྱི་སེམས་བདེ་གཤེགས་སྙིང་པོ་དང་ངོ་བོ་དབྱེར་མེད་པའི་བདག་ཉིད་ལ་ཐེག་མཆོག་དོན་གྱི་དགོངས་པ་སྟོན་པའི་བླ་མ་ཉིད་རྣམ་པའི་སྣང་ཆ་ཕྱོགས་དུས་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་གཅིག་ཏུ་འདུས་པའི་ཡེ་ཤེས་རྡོ་རྗེའི་སྐུ་ཅན། རིགས་རྣམས་ཀུན་གྱི་ཁྱབ་བདག་རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་དཔལ་མགོན་རིག་འཛིན་བླ་མ་འཇིགས་མེད་ཧེ་རུ་ཀ་ཤྲཱི་སིངྷ་འཕོ་མེད་འཇའ་ལུས་དྭངས་མའི་སྐུ་ཅན་སྐུའི་གཡོན་ཕྱོགས་རང་འོད་སྦས་པའི་ཡུམ་ཌཱ་ཀིའི་ཆས་ཅན་དཀར་མོ་ཡབ་ལ་བདུད་རྩི་སྟོབ་པ་ཅན་དུ་གསལ་ཏེ། མདོ་བྱང་ལས། སློབ་དཔོན་རྣམས་ཀྱི་བསྒོམ་ཚུལ་ཁྱད་པར་ཡང༔ རིམ་པའི་ཚུལ་དུ་བསྒྲིགས་པར་མ་བྱས་ཏེ༔ རྩ་བའི་བླ་མ་དབུས་སུ་སྒོམ་པ་ཡིན༔ ཞེས་གསུངས་པ་ལྟར། མངོན་དུ་བྱ་བའི་ལམ་མཐར་ཐུག་ནང་གི་ཡེ་ཤེས་ཆེན་པོ་སྟེ། དེ་རྟོགས་པ་མོས་གུས་འབའ་ཞིག་ལ་རག་ལས་ཤིང༌། མོས་གུས་ཀྱང་རང་གི་རྩ་བའི་བླ་མ་ཉིད་སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་དྲན་དགོས་པ་དང༌། ཆོས་འདིའི་སྟོན་པ་གཙོ་བོ་ཤྲཱི་སིངྷ་ཡིན་པས་རྣམ་པ་དེ་ལྟར་སྒོམ་པས་བྱིན་རླབས་ཚན་ཆེ་ཞིང༌། ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་དུ་བསྒོམ་པས་ཐུགས་རྗེ་མྱུར་བའི་དགོས་པ་ཁྱད་པར་ཅན་ཡོད་ལ། གཙོ་བོའི་སྐུ་སྟོང་ཆེན་སྒྲིབ་གཡོགས་དང་བྲལ་བའི་དབུས་སུ་རྩ་དབུ་མ་ཁྱད་པར་བཞི་ལྡན། གཡས་རོ་མ་དམར་མོ། གཡོན་རྐྱང་མ་དཀར་མོ་འཁོར་ལོ་བཞིར་གཅིག་ཏུ་འདྲེས་པ། དབུ་མའི་ཡར་སྣེར་རྡོ་རྗེར་ཕྱེད་པས་མཚན་པ། མར་སྣེར་གསང་གནས་སུ་ཟུག་ཅིང་རོ་རྐྱང་ཡང་དེར་འདུ་བ་ཅན་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་སྒོམ་པའི་ཡར་སྣེར་རྡོ་རྗེའི་ལྟེ་བར་རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས་ཅན་རྡོར་དྲིལ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཅན་དང་སྤྱི་བོ་བདེ་ཆེན་འཁོར་ལོའི་རྣམ་ཤེས་འཇུག་ཡུལ་གྱི་རྩ་འདབ་བཞིའི་རྩ་སྣེ་ཟླུམ་པོ་བམ་གྱི་དབྱིབས་ཅན་གྱི་ཤར་དུ་རྒྱལ་པོ་ཛ་འམ་ཆོས་རྒྱལ་ལུང་བསྟན་རྡོ་རྗེ་རྒྱལ་པོའི་ཆས་ཅན་གཡས་ཆོས་འཆད། གཡོན་གླེགས་བམ། ལྷོར་ལྷ་དབང་བརྒྱ་བྱིན་དཀར་པོ་ལྷ་ཡི་ཆས། གཡས་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་དཀར་པོ། གཡོན་སྡིག་མཛུབ། ནུབ་ཏུ་གནོད་སྦྱིན་སྐར་མདའ་གདོང་གསེར་མདོག་རིན་ཆེན་རྒྱན་དང་དར་ཤམ་ཤ་རྒྱས་གསུས་ཁྱིམ་ཆེ་བ་གཡས་སྐྱབས་སྦྱིན། གཡོན་ནོར་བུ། བྱང་དུ་སྲིན་པོ་བློ་གྲོས་ཐབས་ལྡན་དམར་སྨུག་ཞི་མ་ཁྲོ་རལ་པ་དམར་སེར་ཞོལ་པོ། སྟག་ཤམ་དར་འཕྱང་ཅན་ཕྱག་གཉིས་བཻཌཱུརྻའི་གླེགས་བམ་འཛིན་པ། བཞི་ཀ་ཞབས་སེམས་སྐྱིལ། མགྲིན་པ་ལོངས་སྤྱོད་འཁོར་ལོའི་ཚོགས་བརྒྱད་རྣམ་དག་གི་རྩ་འདབ་བརྒྱད་ཀྱི་ཤར་དུ་དགའ་རབ་རྡོ་རྗེ་དཀར་པོ་དབུ་ལ་གཙུག་ཏོར་ཆོས་གོས་རྣམ་གསུམ། ཕྱག་གཉིས་ཆོས་འཁོར་ཕྱག་རྒྱ། ཞབས་རྡོར་སྐྱིལ། ལྷོར་པད་འབྱུང་ཐེག་དགུའི་ཆས་སྤྱི་ལྟར་རྡོ་རྗེ་ཐོད་པ་ཚེ་བུམ་ཁ་ཊྭཱྃ་བཅས། ནུབ་ཏུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་པཎ་ཞྭ་ཆོས་གོས་ཕྱག་གཉིས་པདྨ་ལ་གནས་པའི་རལ་པོད། ཞབས་ཕྱེད་སྐྱིལ། བྱང་དུ་བི་མ་མི་ཏྲ་དཀར་ལྗང་པཎ་ཞྭ་དམར་པོ་རྩེ་སྨྱུག །ཤ་འགག་སྔོན་པོ་ཆོས་གོས་རྣམ་གསུམ་གཡས་ཆོས་འཆད། གཡོན་མཉམ་བཞག་གི་བདུད་རྩིས་བཀང་བའི་ཐོད་པ། ཞབས་རྡོར་སྐྱིལ། ཤར་ལྷོར་རྒྱལ་པོ་ད་ན་ཧ་ཏེ་ལོ་རྒྱལ་པོའི་ཆས་ཕྱག་མཉམ་བཞག །ལྷོ་ནུབ་ཏུ་རྒྱལ་སྲས་རཱ་ཛ་ཧསྟི་རྒྱལ་སྲས་གཞོན་ནུའི་ཚུལ། དར་གོས་རིན་ཆེན་རྒྱན་ལྡན། ཕྱག་གཉིས་ཐལ་སྦྱར། ནུབ་བྱང་དུ་སྲས་མོ་གོ་མ་སཱ་ར། བཙུན་མའི་ཆས། ཕྱག་གཉིས་ཁྲུས་བུམ་སྟེ་སྤྱི་བླུགས། བྱང་ཤར་དུ་ཀླུ་རྒྱལ་བྱང་སེམས་དཀར་པོ་སྦྲུལ་གྱི་གདེང་ཀ་བདུན་ལྡན། འཕང་དུ་སྦྲུལ་མཇུག །དར་དང་རིན་པོ་ཆེའི་རྒྱན་ལྡན། ཞབས་རོལ་སྟབས། ཕྱག་གཉིས་ཤེལ་གྱི་མཆོད་སྡོང༌། ཐུགས་ཀར་ཆོས་ཀྱི་འཁོར་ལོའི་ཡུལ་བརྒྱད་དག་པའི་རྩ་འདབ་བརྒྱད་ཀྱི་ཤར་དུ་རྒྱལ་པོ་ཀུ་ཀུ་རཱ་ཛ་རྒྱལ་པོའི་ཆས། ཕྱག་གཉིས་རིན་པོ་ཆེའི་བགྲང་ཕྲེང༌། ལྷོར་ཀླུ་སྒྲུབ་དབུ་ལ་གཙུག་ཏོར་ཅུང་ཟད་འབུར་བ། ཆོས་གོས་དམར་སེར། ཐང་ཤམ་སྔོན་པོ། ཕྱག་གཉིས་ཆོས་འཆད་མཉམ་བཞག །ནུབ་ཏུ་ཀུ་ཀུ་སིདྡྷི་ཕྱི་མ་གཅེར་བུ་ཨང་རག་སྒོམ་ཐག་ཅན། ཕྱག་མཉམ་བཞག་དབུ་སྐྲ་ཅོ་རེག་ ཐོར་ཅོག་ཟེར་བའང་སྣང༌། མཆན། བྱང་དུ་གནོད་སྦྱིན་བུ་མོ་བྱང་ཆུབ་མ་རིན་པོ་ཆེའི་གཙུག་ཕུད་ཅན་དར་དང་རིན་པོ་ཆེའི་རྒྱན་ལྡན་སྐུ་མདོག་སྔོ་སངས། ཕྱག་གཉིས་རིན་པོ་ཆེའི་སྒྲོམ་བུ། ཤར་ལྷོར་འཇམ་དཔལ་བཤེས་གཉེན་ཕྱི་མ་རྒྱ་གར་པཎ་ཆེན་ཆས་པཎ་ཞྭ། ཕྱག་གཉིས་གླེགས་བམ། ལྷོ་ནུབ་ཏུ་མཁའ་འགྲོ་མ་བུདྡྷ་མ་ཏི་དཀར་མོ་དར་དང་རིན་ཆེན་རྒྱན་ལྡན་མཛེས་ཤིང་སྒེག་པ་ཕྱག་གཉིས་གར་རྒྱ། ནུབ་བྱང་དུ་མཁས་པ་ཨརྻ་པཱ་ལོ་དགེ་སློང་ཆས་པཎ་ཞྭ་ལེབ་ཆགས་ཕྱག་གཉིས་མཉམ་བཞག །བྱང་ཤར་དུ་ཨོ་རྒྱན་མཁན་པོ་དྷཱ་ཧི་ཏ་དགེ་སློང་ཆས་ཕྱག་གཉིས་ས་གནོན། དབུ་ཞྭ་མེད་པ། ལྟེ་བ་སྤྲུལ་པའི་འཁོར་ལོའི་འཛིན་བྱེད་དག་པའི་རྩ་འདབ་བརྒྱད་ལ་ཤར་དུ་དྲང་སྲོང་རྒྱལ་པོ་བི་ཤྭ་ཏི། སྐུ་མདོག་སྔོ་སངས། དབུ་སྐྲ་ནག་པོ་ཐོར་ཚུགས་བཅིངས་པ། རས་ཟན་དཀར་པོ་ཅན། ཕྱག་གཡས་ཤིང་འབྲས་དང་གཡོན་བཅུད་ལེན་རིལ་བུ་བཀང་བའི་བྷནྡྷ། ལྷོར་སྲས་མོ་གོ་མ་དེ་ཝི་མཁའ་འགྲོའི་ཆ་ལུགས་ཐོར་ཚུགས་བཅིངས་པ། དར་ཤམ་ཕྱག་གཉིས་རྡོར་དྲིལ། ནུབ་ཏུ་མཁན་པོ་རབ་སྣང་མཛད། དགེ་སློང་བགྲེས་ཚུལ་ཨག་ཚོམ་ཅན་ཕྱག་གཉིས་མཉམ་བཞག་གི་ནོར་བུ། བྱང་དུ་རྒྱལ་པོ་དེ་ཝ་རཱ་ཛ་རྒྱལ་པོའི་ཆས་གཡས་སྐྱབས་སྦྱིན། གཡོན་གསེར་འཁོར། ཤར་ལྷོར་རྒྱལ་པོ་དྷརྨ་རཱ་ཛ་རྒྱལ་པོའི་ཆས་ཕྱག་གཉིས་པི་ཝང་བརྡུང་བ། ལྷོ་ནུབ་སངས་རྒྱས་སྦས་པ་རྣལ་འབྱོར་པའི་ཆ་ལུགས་གཅེར་བུ་སྒོམ་ཐག་རྣམ་སྣང་ཆོས་བདུན་ལྡན་པས་རླུང་བཟུང་བ། ནུབ་བྱང་དུ་བཻ་རོ་ཙ་ན་པཎ་ཞྭ་རྣ་རིང་བོད་ཀྱི་དགེ་སློང་ཆས་ཕྱག་གཉིས་མཉམ་བཞག །བྱང་ཤར་དུ་ཡེ་ཤེས་མཚོ་རྒྱལ་དབུ་སྐྲ་ལྟག་པར་བཅིངས་པ། ནང་གོས་དམར་པོ་སྟེང་དུ་རྔུལ་གཟན་ལྗང་གུ་ཅན། ཕྱག་གཡས་ཕུར་པ་འཕྱར་བ། གཡོན་བགྲང་ཕྲེང༌། གོང་དུ་མ་བཤད་པ་ཐམས་ཅད་ཞབས་ཕྱེད་སྐྱིལ། ཐམས་ཅད་པདྨ་ཉི་ཟླའི་གདན་ལ་བཞུགས་པའོ། །རྩ་འཁོར་བཞིའི་དབུས་ཀྱི་ལྟེ་བར་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་རྡོར་སེམས་དཀར་དམར་མཐིང་སེར་གཡས་འཁོར་ལོ་པདྨ་རྡོ་རྗེ་རིན་ཆེན་དང་གཡོན་རང་རྟགས་ཀྱི་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་ཅན་རྩ་འདབ་ཀྱི་ལྷ་རྣམས་རྩ་འཁོར་གྱི་སྐེད་པ་ཙམ་དུ་ཞལ་རྡོར་སེམས་ལ་ཕྱོགས་པས་བཞུགས་པ། སྤྱི་བོ། མགྲིན་པ། སྙིང་ག་དང༌། ལྟེ་བའི་རྩ་འཁོར་གདུགས་ཀྱི་རྩིབས་མ་ལྟར་ཁ་ཡར་མར་དུ་ལྟ་བས་ཡོད་པར་བསྒོམ་པ་རྩ་འཁོར་གྱི་དབྱིབས་སོགས་ཞིབ་པར་དཔེ་རིས་བཞིན་ལ། མདོར་ན་རང་དང་ལུས་དཀྱིལ་གྱི་ལྷ་རྣམས་སྐུ་མདོག་ཕྱག་རྒྱ་བཞུགས་སྟངས་རྒྱན་ཆ་ལུགས་རེ་རེ་བཞིན་གསལ་བཏབ་ལ་སེམས་བཟུང༌། མཐར་སྤྱིའི་རྣམ་པ་བདེ་བླག་ཏུ་ཤར་བ་ན་གསལ་ལ་རྟོགས་པ་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་ལ་རང་བཞིན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ། ཐོགས་མེད་ཀུན་ལ་ཁྱབ་པ་ཆུ་ཟླའི་རྣམ་འགྱུར་ལྟ་བུར་ངེས་པ་བསྐྱེད་ནས་སྣང་སྟོང་གཉིས་མེད་ཀྱི་ངང་དུ་ཡུན་རིང་དུ་མཉམ་པར་བཞག །དེ་ལྟར་གསལ་བཏབ་པ་དེ་ཡང་ཕྱི་སྐོར་བླ་མའི་སྒྲུབ་དབང་ལས། སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདིར་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་གསུངས་པ་ལྟར་རང་རིག་གདོད་མའི་ཡེ་ཤེས་རིག་སྟོང་བླ་མའི་དཀྱིལ་འཁོར་དུ་རྫོགས་པ་ཡིན་ལུགས་གསལ་འདེབས་ཀྱི་དགོངས་པ་མངོན་སུམ་གྱུར་བའི་འོད་གསལ་ཡེ་ཤེས་ཀྱི་རང་གདངས་མ་འགག་ཅིར་ཡང་འཆར་བའི་ཆ། རྣམ་པ་རྫོགས་པ་ཆེན་པོ་སེམས་སྡེའི་རིག་འཛིན་གཙོ་འཁོར་གྱི་མཚན་དཔེར་ཤར་བའི་ཡེ་ཤེས་ཀྱི་ལྷ་རུ་བསྒོམས་པར་ཤེས་པ་ནི་ཤིན་ཏུ་གཅེས་པའི་སྲོག་ཏིག་གོ །གཉིས་པ་གསུང་བཟླས་པ་སྔགས་ཀྱི་ཏིང་འཛིན་ནི། སྐུ་ཡི་སྣང་ཆ་ལ་གསལ་བརྟན་གྱི་ཉམས་ཅི་རིགས་སྐྱེས་པའི་ཚེའམ། ལྷར་སྣང་གི་ཏིང་ངེ་འཛིན་གྱིས་དུབ་སྟེ་སྐྱོ་ན། བོགས་འབྱིན་བཟླས་པ་ནི། བླ་མའི་ཐུགས་དབུས་ཟླ་དཀྱིལ་སྟེང༌། རང་རིག་ངོ་བོ་ཧྲཱིཿཡིག་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། འོད་ཟེར་འཕྲོ་འདུས་བྱིན་དབང་ཐོབ། ཞེས་པའི་དགོངས་པ་གསལ་འདེབས་ཕྱིར་རང་ཉིད་རིག་འཛིན་ཤྲཱི་སིངྷའི་ཐུགས་ཀ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཟླ་བའི་སྟེང་ཧྲཱིཿཡིག་མཐར་སྔགས་ཕྲེང་གི་བསྐོར་བ་ལས་འོད་ཟེར་འཕྲོས། དག་པའི་ཞིང་རབ་འབྱམས་ཐམས་ཅད་དུ་ཁྱབ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་སྟོན་པ་ཐམས་ཅད་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་ཚན་གྱི་རྣམ་པ་ཆར་དྲག་ཏུ་བབས་པ་ཙམ་སྤྱན་དྲངས་ནས་ཐུགས་ཀར་ཐིམ་པས་བྱིན་རླབས་དང་དངོས་གྲུབ་ཐོབ་ཅིང་ཁྱད་པར་རིག་སྟོང་དགོངས་པའི་ཡེ་ཤེས་རྩལ་རྫོགས། ཡང་འོད་ཟེར་འཕྲོས་པས་མ་དག་པའི་ཞིང་ཀུན་ལ་ཁྱབ། བརྟན་གཡོ་སྣོད་བཅུད་ཐམས་ཅད་དག་པའི་ཞིང་རབ་འབྱམས་སུ་སད་པས་སྣང་སྲིད་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་རྫོགས་པར་མོས་ལ། མཚན་སྔགས་ཉིད་རྩེ་གཅིག་ཏུ་བཟླ། བསྙེན་པའི་ཚད་ནི་འབུམ་ཕྲག་བཅུ་གཉིས་གྲངས་བསྙེན་ཁ་སྐོང་དང་བཅས་སྟེ་བཞི་འགྱུར་དུ་བཟླས་ནའང་ཤིན་ཏུ་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །ཐུན་གྱི་གཤམ་དུ། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང༌། །ཨ་ཡིག་མཐའ་མར་སྔགས་ཀྱིས་བསྐོར། །བདེ་ཆེན་ཡེ་ཤེས་སྣང་བ་ཡིས། །འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང༌། །གྲགས་སྟོང་རྡོ་རྗེའི་ཛཔ་འདི་བཟླ། ཨ་ཨ་ཨ། ཞེས་རླུང་འབྱུང་འཇུག་གནས་གསུམ་དང་སྦྱར་བའི་བུམ་ཅན་སྒྲགས་པའི་རྡོར་བཟླས་བྱས་ལ། སྣང་སྲིད་ཐམས་ཅད་རིག་འཛིན་བླ་མའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ཡེ་ཤེས་རྡོ་རྗེ་རང་བྱུང་གསང་བ་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་སད་པར་མོས་ལ། ཆོས་ཉིད་དོན་གྱི་དགོངས་པ་སྲོག་ཏུ་བཟུང་བས་རླུང་སྔགས་དབྱིངས་སུ་བསྐྱལ་བ་ལ་བསླབ་པར་བྱའོ། །གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་ཏིང་འཛིན་ལ། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ནི། ཐུན་ལས་ལྡང་བ་ན། དབྱངས་གསལ་རྟེན་སྙིང་བཟླས་པས་ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་པར་བྱས་ལ། སྣོད་བཅུད་ཐམས་ཅད་རིམ་གྱིས་བསྡུས་ཏེ་རང་ལ་ཐིམ། རང་ཡང་ཐུགས་སྲོག་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་གྱི་དབྱིངས་སུ་བསྡུས་ཏེ་དམིགས་མེད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག་སྟེ་རིག་པའི་ངང་བསྐྱངས། དེའི་ངང་ལས་སྣོད་བཅུད་དག་པ་བླ་མའི་སྐུ་གསུང་ཐུགས་ཀྱི་འཁོར་ལོར་ལྡང་བས་བསྔོ་སྨོན་བཅས་བྱའོ། །དེ་ཡང་བསྙེན་མཚམས་ལ་འཇུག་པའི་ཐོག་མཐའ་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་ཚོགས་མཆོད་དང་བཀའ་གཏེར་སྲུང་མའི་གཏོར་བསྔོ་རྟག་པར་མ་ཆད་པར་བྱ། གྲོལ་སྐབས་དངོས་གྲུབ་ལེན་པ་སོགས་སྤྱི་ལྟར་ཤེས་པར་བྱའོ། །ཕྱི་ནང་གསང་སྐོར་གྱི་རིག་འཛིན་བླ་མའི་བསྐྱེད་རིམ་འདི་དག་སྤྲོས་བཅས་གཞན་ལྟར་སྒྲུབ་རྟེན་མཆོད་པ་སོགས་མ་འབྱོར་ཀྱང་དུས་དང་རྒྱུན་གྱི་སྐབས་ཇི་ལྟར་རིགས་པར་མོས་གུས་རྩལ་དུ་འདོན་པ་ཉམས་ལེན་གྱི་གཙོ་བོར་བྱ་ཞིང༌། ཐུན་མཚམས་ཐམས་ཅད་དང༌། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་རིག་འཛིན་བླ་མ་རྣམས་ཀྱིས་རྡོ་རྗེའི་གླུ་རྣམས་དབྱངས་སྙན་པོས་སྒྲོགས་ཤིང་དོན་ལ་བསམ་གཞིག་གིས་ཉམས་མྱོང་གི་བོགས་འདོན་པ་ནི་ཤིན་ཏུ་གཅེས་ཏེ། མདོ་བྱང་ལས། ཁྱད་པར་དགོངས་པའི་རང་བཞིན་ཉམས་བསྐྱང་བ༔ གླུ་ཡི་སྡེ་ཚོགས་སྔ་ཕྱི་གཉིས་སུ་བརྗོད༔ ཅེས་གསུངས་སོ། །གཉིས་པ་ཞར་བྱུང་ནི། མདོ་བྱང་ལས། འགྲོ་འདུལ་བླ་མའི་སྒྲུབ་ཐབས་ཟབ་པ་ནི༔ ཡང་ཟབ་བསྟན་པའི་སྙིང་པོ་ཞེས་བྱའོ༔ འདི་ནི་སྤྱི་ཆོས་ཡིན་པས་སྤེལ་ཡང་རུང༔ ཞེས་དང༌། ད་ལྟ་ཤིན་ཏུ་སྤེལ་འཕོངས་བས༔ ཟབ་པ་ཐུགས་ཀྱི་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུར་འཕྲད་ནས༔ གདམས་པ་སྣ་རེས་གྲོལ་བར་འགྱུར༔ སྙན་ནས་སྙན་དུ་བརྒྱུད་པ་གཅེས༔ གང་ཞིག་འགྲོ་དོན་སྒོ་དབྱེ་ཙམ༔ སྒྲུབ་ཐབས་སྣ་རེ་སྦྱིན་པར་བྱ༔ ཡོངས་རྫོགས་སྤེལ་བའི་སྣོད་མེད་དོ༔ ཞེས་གསུངས་པ་ལྟར་ལམ་འདིར་དད་པས་རྗེས་སུ་འཛིན་པར་འོས་ཀྱང་གསང་བ་ཡོངས་རྫོགས་ཀྱི་སྣོད་དུ་མ་གྱུར་པའམ། ཐམས་ཅད་ཉམས་སུ་ལེན་པ་དབང་པོས་མི་ཆུན་པའི་རིགས་ལ་གོང་སྨོས་རིག་འཛིན་བླ་མའི་སྤྱི་དབང་གིས་སྨིན་པར་བྱས་ནས་ཀུན་བཟང་དོན་གྱི་ཕྲིན་ལས་ལ་བརྟེན་པས་གསལ་སྣང་རྩེ་གཅིག་ཏུ་སྒྲུབ་པ་རྟེན་བཅས་ཀྱི་ཞི་གནས་དང༌། དེའི་ཉེར་བསྡུས་ཏིང་ངེ་འཛིན་རྟེན་མེད་ཀྱི་ཞི་གནས་ལ་བརྟེན་ནས་རིག་པ་ངོ་སྤྲད་དེ་ཤྲཱི་སིངྷའི་རྡོ་རྗེའི་གླུ། ཇི་ལྟར་བསམ་ཀྱང་མི་རྟོག་ངང༔ སོགས་ཀྱི་དགོངས་དོན་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི་པོའི་དོན་ཉམས་ཁྲིད་དུ་གདབ་པས། བསྐྱེད་རྫོགས་རྐང་ཚང་གི་ལམ་ཡོངས་རྫོགས་སུ་འགྱུར་བའང་ཤེས་པར་བྱའོ། །གཉིས་པ་ཕྱི་སྐོར་ཡི་དམ་གྱི་སྒྲུབ་པའི་ལྷ་ཁྲིད་ནི། མདོ་བྱང་ལས། རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་སྒྲུབ་པ་ཡང༔ ཤྲཱི་སིངྷས་རྒྱུད་ལས་བཀྲལ་བའི་ཚུལ༔ རྡོར་དབྱིངས་རྡོ་རྗེ་རྩེ་མོ་འོད་གསལ་ཞིང༔ ཡི་དམ་ཁྲོ་བོའི་སྒྲུབ་པ་འདི་ལས་མེད༔ ཞེས་གསུངས་པ་ལྟར་རིག་འཛིན་ཆེན་པོ་ཤྲཱི་སིངྷས་རྒྱུད་ཀྱི་དགོངས་པ་བཀྲལ་བའི་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྙེན་སྒྲུབ་ཇི་ལྟར་བགྱི་བའི་ཚུལ་འཆད་པ་ནི། སྒྲུབ་པའི་གནས་སུ་སྨན་གཏོར་རཀྟ་ཉེར་སྤྱོད་ཙམ་ལ་བརྟེན་པའམ་སྤྲོ་ན་གཞུང་མཐུན་གྱི་དཀྱིལ་འཁོར་བཀྲམ་བའམ། ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་དུ་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་ཙམ་ལ་བརྟེན་ཀྱང་ལེགས་པར་སེམས། གང་ལྟར་ཡང་བརྒྱུད་འདེབས་དང༌། སྐྱབས་སེམས་ནས་བརྩམས། དངོས་གཞི་ལྷ་བསྐྱེད་ཕྲིན་ལས། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ སོགས་ནས། ཐུགས་རྗེ་སྣ་ཚོགས་སྤྲུལ་སྐུར་ཤར༔ ཕྱི་སྐོར་ཡི་དམ་ཞི་བའི་སྒྲུབ་ཐབས་ཀྱི༔ སེམས་ཉིད་ཀ་ནས་དག་པའི་ངང༔ སོགས་ནས། ཞི་བའི་དབྱིངས་ཀྱི་དཀྱིལ་འཁོར་གསལ༔ ཞེས་པའི་བར་བཏང་རྗེས། ཕྱི་སྐོར་བླ་མའི་ཕྲིན་ལས་ཀྱི༔ དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས། བླ་མའི་ལས་བྱང་གི་དབང་བསྐུར་རྒྱས་གདབ། སྤྱན་འདྲེན། བཞུགས་ཕྱག །མཆོད་བསྟོད་བཅས་སྒྲུབ་པའི། རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་བའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ༔ དེ་རྣམས་ཐུགས་རྗེའི་འོད་ཟེར་རྣམས༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་ཀུན་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གི་བྱིན་རླབས་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུཾ་ལཱཾ་མཱཾ་པཱཾ་ཏཾ་ཛྙཱ་ན་སཏྭ་ཧཱུྃ༔ ཞེས་གཙོ་བོ་རྣམ་སྣང་དང༌། ཨོཾ་བཛྲ་སཏྭ་ཨ༔ རྡོར་སེམས། ཨོཾ་མཉྫུ་ཤྲཱི༔ འཇམ་དཔལ། ཨོཾ་ཨཱ་རྻ་ཨཱ་ཝ་ལོ་ཀི་ཤྭ་རི་ཧྲཱིཿ འཇིག་རྟེན་དབང་ཕྱུག །ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཕྱག་རྡོར། ཨོཾ་ས་མནྟ་བྷ་དྲ་ཧཱུྃ༔ ཀུན་བཟང༌། ཨོཾ་ཁགྷརྦྷ་ཏྲཱྃ༔ ནམ་སྙིང༌། ཨོཾ་ཀྵིཾ་ཧི་རཱ་ཛ་ཧཱུྃ༔ ས་སྙིང༌། ཨོཾ་མཻ་ཏྲི་དྷཱ་རི་ཨཱཿ བྱམས་པ་བཅས་ཀྱི་རྩ་སྔགས་རྣམས་སོ་སོར་བཟླ། དེ་ཡང་གཙོ་བོ་ལ་འབུམ་ཕྲག་བཞི་འཁོར་སྔགས་བརྒྱད་པོ་དེའི་བཅུ་ཆ་རེ་བཟླས་པ་སྤྱི་འགྲོའི་བསྙེན་ཚད་དོ། །རྩོད་དུས་དེ་ལས་བཞི་འགྱུར་བྱུང་ན་ལེགས་པ། སྐོར་གསུམ་གྱི་བསྐྱེད་བཟླས་ཀུན་ལ་ཤེས་པར་བྱ། བསྐྱེད་རིམ་གྱི་གསལ་སྣང་གྲུབ་ན་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་རྣམས་ཀྱི་ལྷ་ཁྲིད་ལམ་རིམ་ཡེ་ཤེས་སྙིང་པོ་དང་ཡོན་འགྲེལ་སོགས་ལས་འབྱུང་བ་ལྟར་སྦྱར། བསྙེན་སྒྲུབ་ཀྱི་ཐོག་མཐའ་དང་དུས་བཟང་རྣམས་སུ་ཚོགས་དང༌། དངོས་གྲུབ་བླངས་བ་བཅས་སྤྱི་ལྟར་རམ། སྒྲུབ་པ་བྱེ་བྲག་ཏུ་སྤྲོ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། ཚོམ་བུ་གཙོ་འཁོར་དགུ་པ་དེ་རྒྱབ་ཕྱོགས་མཚམས་བཞི་དང་ཤར་ནུབ་རེ་རེ་དྲུག །ཕྱོགས་བཞིར་བཞི་བཀོད་པའི་དབུས་སུ། བུམ་པ། གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་དབང་གི་རྫས་རྣམས་བཀྲམ། མཆོད་པ་དང་ཚོགས་རྫས་བཟང་དུ་བཤམས་པས་ལས་བྱང་དཀྱུས་ལྟར་ཞག་བདུན ལྔ་སོགས་བྱ་ཞིང་གྲོལ་མཐར་དོན་དབང་གི་ཚུལ་དུ་བདག་འཇུག་ལེན་པ་བཅས་རིག་འཛིན་རྩལ་འཆང་རྣམ་གསུམ་ཟབ་གཏེར་གྱི་ཕྱག་བཞེས་སུ་གནང་བ་ལྟར་སྦྱར་ཀྱང་ལེགས་པར་སེམས་སོ། །གཉིས་པ་ཟབ་མོ་རྫོགས་པའི་རིམ་པ་བཤད་པ་ལ། ལོ་རྒྱུས་ལས་གསུངས་པ་ལྟར་སྔོན་འགྲོ་བརྡ་དབང་གསུམ་དབང་གིས་སྨིན་པར་བྱེད་པ། དངོས་གཞི་ཁྲིད་གསུམ་གྱིས་གྲོལ་བར་བྱེད་པ། རྗེས་མན་ངག་གསུམ་གྱིས་གྲོལ་བ་མཐར་ཕྱིན་པར་མཛད་པ་སྟེ་གསུམ་རེ་གསུངས་ལ། མདོ་བྱང་ལས། གྲོལ་བའི་ཁྲིད་ནི་དོན་བཞིའི་ཁོངས་སུ་རྫོགས༔ སེམས་ཀྱི་རང་བཞིན་རྟོགས་པར་བྱ་བ་ལས༔ སྟོང་ཉིད་ཆོས་དབྱིངས་བརྡལ་ཁྱབ་གདམས་པ་ལས༔ དེ་ཉིད་རྗེས་འབྲེལ་དགོངས་པ་མཐར་གསལ་བ༔ དགོངས་པ་རང་གསལ་ལྟ་བ་ཀློང་ཡངས་ཞེས༔ དེ་ཡི་སྐོར་ཚོ་ཆོས་ཚན་བརྒྱད་ཡིན་ལ༔ ཞེས་དང༌། ཕྱི་སྐོར་ཁྲིད་ཀྱི་དོན་བསྡུས་ལས། ལྟ་སྒོམ་སྤྱོད་གསུམ་འབྲས་བུ་ལས༔ ཞེས་གསུངས་པ་ལྟར་བཞི་ལས། དང་པོ་ལྟ་བ་ངོ་སྤྲོད་པ་ནི། ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི། ལྟ་བ་ཀུན་གཞི་སྟོང་པ་ཉིད༔ ཞེས་དང༌། སྦུབས་མཆུའི་སྐབས། བུམ་པ་ཁུངས་གཏོར་གྱི་དགོངས་པ་ལས། ཆོས་ཐམས་ཅད་ཡེ་ཤེས་སུ་ཤར༔ ཡེ་ཤེས་བཙལ་དུ་མེད་པའོ༔ ཞེས་དང༌། ཕྱི་སྐོར་དངོས་གཞིའི་ཁྲིད་ཀྱི་གཏེར་གཞུང་ལས། ན་མོ་གུ་རུ༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ནི༔ སོགས་ནས། ཀུན་གཞི་ཉིད་ལས་འབྱུང་བའོ༔ ཞེས་པའི་བར་ཏེ་སྤྱིར་མདོ་སྔགས་ཀྱི་ལམ་ཐམས་ཅད་བླ་མས་མ་བསྟན་པར་ཕོ་ཚོད་ཀྱིས་སུས་ཀྱང་རྟོགས་པར་མདོ་རྒྱུད་ཐམས་ཅད་ནས་མ་གསུངས། ཁྱད་པར་གསང་སྔགས་ཀྱི་ལམ་དང་དངོས་གྲུབ་ཐམས་ཅད་ནི་བྱིན་རླབས་ཁོ་ན་ལ་རག་ལས། ཡང་སྒོས་རྫོགས་པ་ཆེན་པོའི་དོན་གྱི་ཡེ་ཤེས་ནི་བླ་མའི་བྱིན་རླབས་འབའ་ཞིག་གིས་རྟོགས་ཤིང༌། གེགས་སེལ། བོགས་འབྱིན་ཐམས་ཅད་བླ་མའི་བྱིན་རླབས་ལ་བརྟེན་དགོས་ལ། བྱིན་རླབས་ཞུ་པའི་བླ་མ་ནི་མཚན་ཉིད་དང་ལྡན་པའི་བཤེས་གཉེན་ལ་མ་བརྟེན་ན་གཏན་གྱི་འདུན་མ་འཕྱུགས་པས་ཐོག་མ་ཉིད་ནས་བླ་མ་མཚན་ལྡན་བསྟེན་པ་གལ་ཆེ། བླ་མའི་མཚན་ཉིད་ཀྱང་རྒྱ་ཆེར་གསུངས་པ་ལས་ཁྱད་པར་རྫོགས་པ་ཆེན་པོའི་ལམ་བསྟན་གྱི་བླ་མའི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང༌། །ཆོས་ཉིད་དོན་ལ་ཚད་ཕེབས་དང༌། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་པ་ལྟར་སྤྱིར་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་གི་དོན་ལ་མཁས་པས་གྲུབ་མཐའ་དབྱེ་བ་ཕྱེད་པ། བྱེ་བྲག་དེ་དག་གི་ཉམས་མྱོང་གི་དྲོད་ཚད་དང་ལྡན་པས་མན་ངག་གི་དོན་སྟོན་པ་ལ་མཁས་པ། རྙེད་བཀུར་སོགས་ཆོས་བརྒྱད་ཚེ་འདིའི་དོན་གཉེར་གྱི་འདུ་འཛིའི་རྣམ་གཡེང་གི་བྱ་བ་དང་བྲལ་བ། ཟབ་མོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་ཉམས་ལེན་མཐར་སོན་པས་ཆོས་ཉིད་ཀྱི་དགོངས་པ་ཚད་དུ་ཕེབས་པའམ་གདེང་འབྱོར་བ། སློབ་མས་ཐེ་ཚོམ་གྱི་དོགས་གནས་དང་དྲིས་པའི་ལན་འདེབས་པ་ལ་མཁས་ཤིང་མ་རྨོངས་པའོ། །བླ་མ་མཚན་ལྡན་གྱིས་ཆོས་ཟབ་མོ་བསྟན་ཀྱང་དོན་དུ་འགྱུར་མིན་སློབ་མའི་ཉེར་ལེན་ལ་རག་ལས་པས་དེ་ཡང་བླ་མས་ཆོས་མ་བསྟན་པའི་སྔ་ལོགས་སུ་བརྟགས་དགོས་པའང་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་ཡེངས་པ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུང་བཞིན་བྱེད། ཅེས་གསུངས་པ་ལྟར་བྱིན་རླབས་འཇུག་པའི་རྒྱུ་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ཆེ་བ། ཆོས་ལ་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་བརྩོན་འགྲུས་ཆེ་བ། ཟབ་རྒྱས་རྡོ་རྗེའི་གནས་ཐམས་ཅད་ཁོང་དུ་ཆུད་ནུས་པའི་ཤེས་རབ་ཆེ་བ། ཟས་གོས་སོགས་སྡིག་པའི་བདེ་འབྱོར་ལ་ཞེན་ཆགས་ཆུང་བ། བླ་མ་དང་ལྷ་གདམས་ངག་ལ་ཆེ་བ་ཤེས་པས་ཕུ་དུད་ཆེ་བ། ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་ལྟ་སྤྱོད་ལ་འཇུག་ཅིང་སྤྱོད་ནུས་པ། ཀོ་ལོང་གི་རྣམ་རྟོག་དང་རྣམ་གཡེང་ཆུང་བ་དམ་ཚིག་གཉེར་དུ་བླང་བ་ལས་མི་འདའ་བ་བརྟན་པ། མདོར་ན་བླ་མས་ཇི་ལྟར་བསྟན་པ་ལས་མི་འདའ་ཞིང་རྩེ་གཅིག་ཏུ་སྒྲུབ་ནུས་པ་ནི་སྣོད་དང་སྐལ་པ་ལྡན་པ་ཞིག་དགོས་ལ། དེ་ལྟར་བླ་སློབ་ཀྱི་རྟེན་འབྲེལ་ཚོགས་པས་གདམས་ངག་ཟབ་མོ་རྣམས་དབང་དང་ཁྲིད་རྒྱབ་བརྟེན་བཤད་ལུང་སྐོར་བཅས་རིག་འཛིན་གྲུབ་པའི་ཕྱག་བཞེས་ཀྱི་གོ་རིམ་མ་འཆོལ་ཞིང་ཐོས་བསམ་གྱི་སྒྲོ་འདོགས་ཀྱི་ཞུན་ཐར་ཆོད་པ་ནི། ཐོག་མ་ཉིད་ནས་མེད་དུ་མི་རུང་ཞིང༌། དངོས་གཞི་ཉམས་ལེན་གྱི་སྐབས་སུ་བབ་པ་ན། གནས་དུས་ཡོ་བྱད་གྲོགས་དང་བཅས་ཆོས་དང་མཐུན་ཞིང་སྒྲུབ་པའི་གྲོགས་སུ་འགྲོ་བའི་མཐུན་རྐྱེན་གྱི་གདམས་ངག་གི་སྒྲོམ་དུ་གཞུག་པར་བྱས་ཏེ། འདིར་དགོངས་པ་འཕྲོ་ལུས་ཡོད་འདྲ མཆན གཉིས་པ་ནི། མདོ་བྱང་ལས། ད་ནི་ནང་སྐོར་ཀློང་སྡེ་སྐོར་དགུ་ནི༔ ཞེས་པ་སྟེ། འདི་ལ་ཡང་གཉིས། བསྐྱེད་པ་དང༌། རྫོགས་པའི་རིམ་པའོ། །དང་པོ་ལ་གཉིས། བྱིན་རླབས་ཀྱི་སྒོ་འབྱེད་པ་རིག་འཛིན་བླ་མའི་བསྐྱེད་རིམ། དངོས་གྲུབ་ཀྱི་བཅུད་འགུགས་པ་ཡི་དམ་ཞི་ཁྲོའི་བསྐྱེད་བཟླས་སོ། །དང་པོ་ལའང༌། སྔོན་འགྲོའི་རྒྱུད་ལས་རུང་དུ་སྒྲུབ་པ་དང༌། དངོས་གཞི་བསྐྱེད་རིམ་འཕྲོས་དོན་དང་བཅས་པའོ། །དང་པོ་ནི། བསམ་གཏན་ཚེར་མ་མེད་པའི་གནས་སུ། བདེ་བའི་སྟན་ལ་བག་ཕེབས་པར་འཁོད་དེ་རླུང་རོ་གསལ་ཞིང་ངལ་གསོ། ཐུན་གྱི་སྔོན་འགྲོ་དང་བཅས་བློ་ལྡོག་རྣམ་པ་བཞི་ཡི་ངེས་འབྱུང་བློ་བསྐྱེད། མི་རྟག་པས་བསྐུལ་མ་གདབ། རྒྱུ་འབྲས་ཡིད་ཆེས་ཀྱི་དྲན་ཤེས་བརྟན་པས། དལ་འབྱོར་དོན་ཡོད་པའི་ཐབས་ལ་བསླབ་ནས། ཐར་པའི་ཕན་ཡོན་ལ་བསམ་གཞིག་གིས་དད་པ་དང་བརྩོན་འགྲུས་བསྐུལ་ཏེ། སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས། མཎྜལ། ཁྱད་པར་བླ་མའི་བྱིན་རླབས་ཐུན་མོང་དང༌། ཐུན་མིན་གྱི་ཉམས་ལེན་བློ་ཚོད་དང་བསྟུན་ཏེ་ཉམས་སུ་ལེན་ཞིང་གནད་དུ་འགྲོ་བར་བསླབ་པ་ནི་ངེས་པར་གཅེས་སོ། །ཇི་ལྟར་ཉམས་སུ་ལེན་པའི་ཚུལ་གོང་དུ་བཤད་པ་ལྟར་ལ་སྐྱབས་འགྲོའི་ཚོགས་རྟེན་གྱི་གཙོ་བོ་དང༌། བླ་མའི་བྱིན་རླབས་སྐབས་རིག་འཛིན་དགའ་རབ་རྡོ་རྗེའམ་བཻ་རོ་གང་མོས་སྒོམ་པ་ཁྱད་པར་ཏེ། ཞིབ་པར་སྔོན་འགྲོའི་ངག་འདོན་ལྟར་རོ། །གཉིས་པ་བསྐྱེད་བཟླས་ནི། གཞུང་མཐུན་བླ་མའི་སྐུ་བརྙན་མདུན་ཕྱི་ནང་གི་མཆོད་པ་བསྐོར། མཚམས་བསྡམ་པ་སོགས་སྔར་ལྟར་ལ། དངོས་གཞིའི་ལས་བྱང་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་སྐྱབས་སེམས་ནས་མཆོད་པ་བྱིན་རླབས་བར་བཏང་རྗེས། ཨཿ ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས༔ སོགས་ནས་སྣང་ལ་རང་བཞིན་མེད་པར་གསལ༔ ཞེས་པའི་མཚམས་སུ། དུག་གསུམ་ཡེ་དག་སོགས་ནས ཐུགས་ལ་བསྟོད༔ བསྙེན་བཟླས་ཀྱི་དམིགས་པ་ནི། ཐུགས་ཀར་པདྨ་ཟླ་བའི་གདན༔ དེ་དབུས་ཨ་ལས་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཚུར་བསྡུས་དངོས་གྲུབ་བདག་ལ་ཐིམ༔ སླར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་སྐུ་དང་ཞིང་དུ་དག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པྲ་ཧེ་བཛྲ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ་བ་ནི་གཙོ་སྔགས་དང༌། རིག་འཛིན་ཡོངས་རྫོགས་ཀྱི་བཟླས་པ་སྤྲོ་ན། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ས་མནྟ་བྷ་དྲ་སརྦ་སིདྡྷི་ཧཱུྃ༔ ཀུན་བཟང་ཡབ་ཡུམ། ཐོག་མཐའ་རིགས་འགྲེ་བས། བཛྲ་མ་ཧཱ་གུ་རུ་བཛྲ་སཏྭ། རྡོར་སེམས། བཛྲ་མ་ཧཱ་གུ་རུ་མཉྫུ་ཤྲཱི་མི་ཏྲ། འཇམ་དཔལ་བཤེས་གཉེན། བཛྲ་མ་ཧཱ་གུ་རུ་ཤྲཱི་སིངྷ། ཤྲཱི་སེང༌། བཛྲ་མ་ཧཱ་གུ་རུ་བི་མ་ལ་མི་ཏྲ། བི་མ་ལ། བཛྲ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ། གུ་རུ་རིན་པོ་ཆེ་བཅས་སོ་སོར་བཟླ། བསྙེན་པའི་ཚད་ནི་འབྲུ་འབུམ་མམ་འབུམ་ཕྲག་བཞི། འཁོར་རྣམས་དེའི་བཅུ་ཆ་བཟླ། ཚེ་སྒྲུབ་ལ། ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོའི་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཕྱག་གཡོན་མཉམ་བཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱིས་གང་རྒྱར་བཏམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་ཡི་ཁ་བཀབ་སྟེ༔ རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་སྤྲས༔ ཐུགས་ཀར་ཉི་ཟླའི་གྭའུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨས་མཚན༔ གྭའུ་སྟེང་དུ་ཧྲཱིཿཡིག་ལས༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ གྭའུ་ནང་དང་བུམ་པའི་ནང༔ ཡོངས་སུ་གང་ཞིང་འཕེལ་བ་ཡིས༔ རིག་འཛིན་བླ་མའི་སྐུ་ཡི་ནང༔ ཚེ་ཡི་བདུད་རྩིས་གང་བར་བསམ༔ ཨོཾ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། ཐུན་མཐར་ཚེ་འགུགས་སྦྱར་ན། ཧྲཱིཿ འོད་གསལ་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་ཡོངས་རྫོགས་སྤྲུལ་པའི་སྐུ༔ འཆི་མེད་རིག་འཛིན་བླ་མའི་ཚོགས༔ རྩ་གསུམ་རྒྱ་མཚོའི་འཁོར་དང་བཅས༔ སྒྲུབ་ལ་ཚེ་དབང་མཆོག་སྩོལ་ཕྱིར༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བླ་ཚེ་ཆད་ཉམས་ཡར་བ་དང༔ ཕྱི་སྣོད་འབྱུང་བ་བཞི་ཡི་བཅུད༔ ནང་བཅུད་འགྲོ་བའི་ཚེ་བསོད་དཔལ༔ གསང་བ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་བསྟིམ༔ རྒས་མེད་ལང་ཚོའི་དངོས་གྲུབ་སྩོལ༔ ནད་མེད་བདེ་བའི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ ཞེས་དང༌། ཚེ་ཛཔ་བཟླས་ལ། ཨཿ སྤྲོས་པས་སྲིད་ཞིར་ཁྱབ་པའི་ཚེ༔ བསྡུས་པས་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་བཏབ་པས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཛྙཱ་ན་བཛྲ་རཀྴ་ཨ༔ ཞེས་རྒྱས་གདབ་བྱ། ཐུན་མཐར་མཆོད་བསྟོད། ཚོགས་མཆོད་སོགས་རྗེས་རིམ་ཁྲོ་བོའི་ལས་བྱང་བཞིན་དང༌། བསྐྱེད་རྫོགས་ཀྱི་དམིགས་གནད་སྔ་མ་ལྟར་ལ། སྐབས་འདིའི་དཀྱིལ་འཁོར་གྱི་གཙོ་བོ་ནི། དགའ་རབ་རྡོ་རྗེ་སྟེ། ངེས་པའི་དོན་དུ་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཉིད་ཛམ་བུའི་གླིང་དུ་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་ཕྱིར་མཆོག་གི་སྤྲུལ་སྐུ་རིག་པ་འཛིན་པའི་རྣམ་པར་བཞེངས་པ་དང་རྩ་བའི་བླ་མ་དབྱེར་མེད་ལ་གསོལ་འདེབས་དང་མོས་གུས་ལ་རྩལ་སྦྱངས་པ་ནི་གནད་དུ་ཆེས་ཟབ་པོ། །སྐབས་འདིར་མདོ་བྱང་ལས། རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་དོན་ཕྱིར་དུ་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མའི་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབ་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེའི་གླུ་རྣམས་བླངས༔ ཞེས་པའི་དགོངས་པ་གཙོ་བོར་བཏོན། ནང་སྐོར་རིག་འཛིན་བླ་མའི་སྒྲུབ་པ་བཻ་རོ་གཙོ་བོར་མཛད་པ་གཏེར་ཆེན་ཐུགས་སྲས་མཁན་ཆེན་རཏྣའི་ཕྱག་བཞེས་ལྟར་ན་ནང་སྐོར་རིག་འཛིན་བཅོ་ལྔའི་བསྐྱེད་རིམ་བྱང་བུ་ལྟར། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ སོགས་ནས། ལས་གཞུང་ལྟར་དང༌། གཙོ་སྔགས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཻ་རོ་ཙ་ན་སིདྡྷི་ཧཱུྃ༔ ཞེས་གཙོ་བོ་དང༌། ཨོཾ་སརྦ་མ་ཧཱ་གུ་རུ་ཧཱུྃ༔ འཁོར་སྔགས་དང༌། ཨོཾ་ཨཱཿཧཱུྃ་གུ་རུ་བཻ་རོ་ཙ་ན་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་ཚེ་ཛཔ་སྦྱར་བ་ཁྱད་པར་རོ། །དེ་ཡང་ལོ་ཆེན་བཻ་རོ་ཙ་ན་ནི། གུ་རུ་རིན་པོ་ཆེས་སློབ་དཔོན་ཉིད་དང་དགོངས་པ་མཉམ་པ་ཞེས་རྗེ་འབངས་ཀུན་ལས་དགོངས་ཉམས་ཁྱད་པར་འཕགས་པའི་བསྔགས་བརྗོད་བསྩལ་བ་དང༌། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་མཛད་པ་ལ་མཁན་སློབ་ཆོས་གསུམ་དང་བཀའ་དྲིན་མཉམ་པ་ལ་གཙོ་འཁོར་གྱི་རྣམ་པར་སྣང་བའི་རིག་འཛིན་རྣམས་ཀྱང༌། ནང་སྐོར་བླ་མ་རིག་འཛིན་དབང་ཆོག་ལས། སྤྱིར་ནི་འགྲོ་འདུལ་བླ་མ་བཅོ་ལྔ་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདི་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ཡང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐབས་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་གསུངས་པའི་གནད་ཏིག་གི་དགོངས་དོན་ལ་ཡིད་ཆེས་ཀྱི་དད་པས་གསོལ་བ་གདབ་པར་བྱ་ཞིང་གཞན་རྣམས་སྔ་མ་ལྟར་རོ། །གཉིས་པ་ལ་གཉིས། ཞི་བ་སྟོན་པ་བཅུ་གཉིས་ཀྱི་བསྐྱེད་བཟླས་དང༌། ཁྲོ་བོ་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱི་སྒོམ་རིམ་མོ། །དང་པོ་ནི། མདོ་བྱང་ལས། ཞི་བ་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི༔ སྒྲུབ་པ་ཟབ་གསལ་ཀློང་ཡངས་ཞེས་བྱ་དེ༔ གཙོ་བོ་ཆོས་ཉིད་ཀློང་ལས་བསྐྱེད་པ་མེད༔ སྐུ་གསུམ་དོན་གྱི་ཕྲིན་ལས་ཆེན་པོའོ༔ ཞེས་པའི་དགོངས་དོན་ཉམས་སུ་ལེན་པ་ལ། སྨན་རཀ་གཏོར་མ་མཆོད་པ་སོགས་སྤྱི་ལྟར་བཀྲམ་ལ། ནང་སྐོར་ཁྲོ་བོ་བྱང་བུ་ཁྲིགས་བསྡེབས་ཀྱི་ཐོག་མཐའི་ཆིངས་ལ། བྷྲཱུྃ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃ༔ ཞེས་རྟེན་བསྐྱེད་རྗེས་སུ། ནང་སྐོར་ཡི་དམ་ཞི་སྒྲུབ་ལྟར། ཆོས་དབྱིངས་ཀློང་ཡངས་ཆོས་ཐམས་ཅད༔ སོགས་ནས ཆགས་བྲལ་མཚན་དང་དཔེ་བྱད་རྫོགས༔ ཞེས་པའི་མཚམས་སུ། ནང་སྐོར་ཁྲོ་བོ་བྱང་བུ་ཁྲིགས་བསྡེབས་ལྟར། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་ནས བསྟོད་པའི་བར་དང༌། བཟླས་དམིགས་ནི། བདེ་གཤེགས་སྟོན་པ་བཅུ་གཉིས་རྣམས༔ སྣང་སྲིད་སྐུ་ཡི་རོལ་པས་གང༔ སྔགས་ནི་གྲགས་སྟོང་རང་སྒྲ་སྒྲོགས༔ འོད་གསལ་ངོ་བོའི་ཐུགས་ཀྱི་ངང༔ མཆོད་སྤྲིན་རྒྱ་མཚོས་རྒྱལ་བ་དགྱེས༔ འགྲོ་རྣམས་བླ་མེད་ས་ལ་བཀོད༔ སྣང་སྲིད་གཞིར་བཞེངས་བདེ་བ་ཆེ༔ དགོངས་པ་ཀློང་ཡངས་ངང་དུ་རྫོགས༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ནཱ་མསྟྲཻ་ཡ་དྷཱི་ཀ་ནཾ་བུདྡྷ་སརྦ་སིདྡྷི་ཧཱུྃ༔ ཞེས་བཟླ། སྤྱིར་འདི་དག་ཀུན་བཟང་དོན་གྱི་ཕྲིན་ལས་ཞེས་རིག་སྟོང་ཡེ་ཤེས་ཀྱི་ཆོ་འཕྲུལ་ཆེན་པོའི་བཀོད་པ་ལས་གཞན་དུ་མ་དམིགས་པའི་ཡིན་ལུགས་ཀྱི་དགོངས་པ་གསལ་འདེབས་ཙམ་ལས། བསྐྱེད་རིམ་གཞན་ལྟར་ལམ་ངེས་རྫོགས་ཀྱི་གསལ་སྣང་སོགས་མ་བསྒྲུབས་ཀྱང་རུང་བར། མདོ་བྱང་གི་སྐབས་སུ་གསལ་བ་ལྟར་ལ། ལས་དང་པོ་པའི་བློ་ངོར་མཚན་དང་སྐུ་ཡི་རྣམ་འགྱུར་སོགས་མ་གསལ་ནའང་འགལ་བ་མེད་པས། འདིར་འཕྲོ་ལུས། ༈ གཉིས་པ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱི་སྒོམ་རིམ་ལ་གཉིས། ཡབ་བཀའ་དང༌། ཡུམ་བཀའོ། །དང་པོ་ནི། མདོ་བྱང་ལས། ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་ནི༔ མདོ་ལུང་ཆེན་པོའི་རྒྱུད་ལས་བཏུས་པ་སྟེ༔ དགའ་རབ་རྡོ་རྗེས་མཛད་པའི་ལུགས་བཞིན་དུ༔ ཤྲཱི་སིང་ཧའི་ཆོས་ཀྱི་ཁྱད་ཆོས་སོ༔ ཕྲིན་ལས་ཉི་མ་མཐའ་ཡས་ཞེས་བྱ་སྟེ༔ ཞེས་གསུངས་པ་ལྟར་རྩ་བ་མངོན་རྫོགས་རྒྱལ་པོ་དང༌། ཡན་ལག་ཐེག་པ་དགུ་བསྒྲིལ་དཀྱིལ་འཁོར་གཅིག་ཏུ་རྫོགས་པ་རིག་འཛིན་དགའ་རབ་རྡོ་རྗེས་རྒྱུད་ཀྱི་དགོངས་པའི་ལུགས་སུ་བསྡེབས་པའི་མན་ངག་གི་ཞལ་ཤེས་སློབ་དཔོན་ཤྲཱི་སིངྷའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་ལས། བསྙེན་སྒྲུབ་ལས་གསུམ་བྱ་བའི་ཚུལ་ལ། དཀྱིལ་འཁོར་སྒྲུབ་རྫས་སོགས་བསྙེན་པའི་སྐབས་འདིར་མ་འཛོམ་ཀྱང་རུང་མོད་ལག་ལེན་བདེ་བའི་ཆེད་ཐོག་མ་ཉིད་ནས་གཞུང་མཐུན་གྱི་དཀྱིལ་འཁོར་རས་བྲིས་ཡོད་ན་བཀྲམ། མ་འབྱོར་ན་ཚོམ་བུ་ལྷ་གནས་ལྟར་བཀོད་པའི་དབུས་སུ་ཐོད་སྐུ་ཡོད་ན་དང༌། སྨན་རཀ་གཏོར་མ་མཆོད་པས་བསྐོར། བསྙེན་པའི་དབུ་ཕྱི་ཐུན་ནས་འཛུགས། མཚམས་དམ་དུ་བཅད་ཅིང་རྒྱལ་ཆེན་ཐོ་འཛུགས་པ་སོགས་གོང་ལྟར་བྱ། དངོས་གཞི་ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་སྡེབས་ལ་གཏེར་གཞུང་དགོངས་པ་ཕྱོགས་གཅིག་པ་ལྟར་བཏང་བ་ལེགས་ཤིང༌། ལས་བྱང་སྔོན་དངོས་རྗེས་གསུམ་གྱི་སྒོམ་དོན་སྤྱི་ལྟར་ཤེས་པར་བྱ་དགོས་ཤིང༌། སྐབས་དོན་དམིགས་པའི་གཙོ་བོ་ལྷ་ཁྲིད་མཁན་རཏྣའི་གསུང་སོར་བཞག་ཏུ་བཀོད་པ་འདི་ལྟར། དེ་ལ་འདིར་སྲུང་འཁོར་ཡེ་ཤེས་ལྔ་ཡི་འོད་ཟེར་སྒོ་ལྔའི་དབྱིབས་ཟླུམ་ཧྲིལ། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ་གྱི་གུར་ནང་ནས་རིམ་པར། མཐིང༌། དཀར། སེར། དམར། ལྗང་གུ་རྣམས་སྒོ་ང་ལ་རི་མོ་བྲིས་པ་ལྟར་བར་སེང་མེད་པ། ཡེ་ཤེས་ལྔའི་མེ་གཡོན་འཁོར་དུ་འབར་བའོ། །འདི་སྐབས་ནམ་མཁའ་ཆོས་འབྱུང་ཞེས་པ་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པ་ཟུར་གསུམ་མི་དགོས་ཏེ། འོག་ནས་རིམ་པ་དང་པོ་ནམ་མཁའ་མཐིང་ནག །དེ་སྟེང་རླུང་དཀྱིལ་ལྗང་ནག །དེ་སྟེང་མེ་དཀྱིལ་དམར་པོ། དེ་སྟེང་ཆུ་དཀྱིལ་དཀར་པོ། དེ་སྟེང་ས་དཀྱིལ་སེར་པོ་ཐམས་ཅད་ཟླུམ་པོ་སྟེ། འབྱུང་ལྔའི་དག་པ་ཡུམ་ལྔའི་མཁར༔ ཅེས་སོ། །དེ་སྟེང་རི་རབ་བང་རིམ་བཞི་སྟེང་གྲུ་བཞི་ཏི་ཚ་འདྲ་བ། བང་རིམ་རི་རབ་བཅས་ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ། གློ་འབུར་དང་བཅས་པའི་སྟེང་ཕྱོགས་མཚམས་དུར་ཁྲོད་བརྒྱད་ཕྱོགས་བཞི་པད་དབྱིབས། མཚམས་བཞི་གཞུ་དབྱིབས། བར་མཚམས་སུ་མཚོ་ཆེན་བརྒྱད་ལ་ཀླུ་ཆེན་བརྒྱད་དང་བཅས་པ་ནི། ཚོགས་བརྒྱད་དག་པའི་དུར་ཁྲོད་བརྒྱད༔ འགྱུར་མེད་སྲུང་འཁོར་ཀུན་ལ་ཁྱབ༔ ཞེས་སོ། །དུར་ཁྲོད་ཀྱི་ནང་དུ་སྣ་ཚོགས་པདྨ་འབུམ་ལྡན་གྱི་དབུས་སུ་རྡོ་རྗེ་རྒྱ་གྲམ་རྭ་བཅུ་གཉིས་པའི་ལྟེ་བར། དུག་ལྔ་རྣམ་དག་གཞལ་ཡས་ཁང༔ ཡེ་ཤེས་རྩལ་རྫོགས་རྒྱན་གྱིས་སྤྲས༔ ཞེས་པ་འདི་རྒྱས་པ་ལ་ལུགས་གཉིས། བསྡུས་པ་དང་གསུམ་ལས། དང་པོ་ནི། གཞལ་ཡས་རིམ་པ་སོ་སོ་ཐམས་ཅད་དུ༔ དཔལ་ཆེན་ཡེ་ཤེས སོགས་ནི ཟབ་བདུན་མ་མོ་རོལ་པ་ལྟར་ཡིན་པས་རང་རེས་ཟིན་བྲིས་བཀོད་ཡོད་པ་ལྟར་རོ། །ཡང་མངོན་རྫོགས་གཏེར་གཞུང་དགོངས་པ་ཕྱོགས་གཅིག་པ་ལྟར་ན། སྟེང་ཁང་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ༔ བཞི་ཅུ་རྩ་གཉིས་མ་འདྲེས་ཚོམ་བུར་རྫོགས༔ གཞལ་ཡས་བར་ཁྱམས་འཁོར་ཡུག །སོགས་ནི། སྟེང་ཁང་ཞི་བ་དང་འོག་ཁང་ཁྲོ་བོ། བཀའ་འདུས་རྩ་དཀྱིལ་ལྟར་ཡིན་པས་གསལ་བྱེད་ཐོ་ཡིག་མཆོག་གླིང་ཞལ་གསུང་ཟུར་དུ་བྲིས་པ་ཡོད་པས་དེར་བལྟའོ། །འདིར་བསྡུས་པའི་ལུགས་ནི། ཡེ་ཤེས་དང་འཇིག་རྟེན་གྱི་གཞལ་ཡས་ཁང་ཉིས་རིམ་ནང་མ་རྟ་བབ་བཞི་མ། ཕྱི་མ་བརྒྱད་ལྡན་གྱི་དབུས་སུ། རིན་ཆེན་ཨསྨ་གརྦྷའི་གྲུ་ཆད་གློ་འབུར་ལྡན་པའི་སྟེང་གསེར་གྱི་འཁོར་ལོ་དབྱིབས་དྲུག་པོ་ལྟར་ལྟེ་བ་མུ་ཁྱུད་དང་བཅས་པ་དེའི་མཐར་ལྷ་སྣམ་མམ། ཁྱམས་དྲུག་ལ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་སུམ་བརྒྱ་དྲུག་ཅུ་རེ་དགུ་འགོད་ཚུལ་ནི། དབུས་ཀྱི་གྲུ་ཆད་དང་གློ་འབུར་ལ་གནས་མ་བརྒྱད། དང་པོ་གསེར་ཁྱམས་ལ་ཡུལ་མ་བརྒྱད། སྒོ་སྐྱོང་བཞི། ཁྱམས་གཉིས་པ་ཕྱོགས་མདོག་དབང་མོ་ཉི་ཤུ་རྩ་བརྒྱད། ཁྱམས་གསུམ་པ་ལྗང་གུ་ལ་མཁའ་འགྲོ་སོ་གཉིས་ཕྱོགས་རེར་བརྒྱད་རེ། མ་མོ་བདུན་བྱང་ཤར་མ་གཏོགས་པའི་ཕྱོགས་མཚམས་བདུན། སྲིང་མོ་བཞི་ཕྱོགས་བཞིར་བཀོད། ཁྱམས་བཞི་པ་སྔོན་པོ་ལ་གིང་ཆེན་བཅོ་བརྒྱད་ཕྱོགས་མཚམས་བརྒྱད་རེ་དང༌། ཤར་ནུབ་གཉིས་སུ་རེ་རེ་ལྷག་པ་སྟེ་བཅོ་བརྒྱད། ཁྲོ་བོ་དྲུག་ཅུ་ཕྱོགས་རེར་བཅོ་ལྔ་རེ། ཁྱམས་ལྔ་པ་དམར་པོ་ལ་རིགས་བཞི་ཕོ་ཉ་བརྒྱ་དང་བཞི་བཅུ་ནི་ཕྱོགས་རེར་སུམ་ཅུ་སོ་ལྔ་རེའོ། །ཁྱམས་དྲུག་དཀར་པོ་ལ་མ་མོ་དྲུག་ཅུ་ནི་ཕྱོགས་རེར་བཅུ་བཞི་སྒོ་བཞིར་རེ་རེ་སྟེ་ཐམས་ཅད་ཡོངས་དྲིལ་བ་བསྡོམས་པས་སུམ་བརྒྱ་དྲུག་ཅུ་རེ་དགུའོ། །དེ་མཐར་ཡེ་ཤེས་སྙིང་པོའི་གཞལ་ཡས་ཁང་རྟ་བབས་བཞི་པ་པདྨ་འཁོར་ལོ་གདུགས་དང་རི་དྭགས་ཆོས་ཉན་དང་བཅས་པའོ། །ངེས་རྫོགས་ཞིབ་པར་སྐུ་མདོག་ཕྱག་མཚན་བཀའ་འདུས་ལྟར་རོ། །འདིར་མོས་སྒོམ་ཙམ་ལ་ཁྲོ་མོ་ལས་མདོག་ཅན་སོགས་མི་དགོས་ཏེ། གནས་མ་བརྒྱད་སྔོན་མོ་ཌཱ་རུ་ཐོད་ཆང༌། ཡུལ་མ་བརྒྱད་སྨུག་ནག་ཐོད་ཁྲག་ཕྱོགས་མདོག །སྒོ་སྐྱོང་ཕྱོགས་མདོག་ཕྱག་རྒྱ་བཞི་དབང་མོ་ཉེར་བརྒྱད་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཛིན་པ་དཀར་སེར་དམར་ལྗང༌། མཁའ་འགྲོ་སོ་གཉིས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་ཕྱོགས་མདོག །མ་མོ་བདུན་མཐིང་ནག་རལ་གྲི་ཐོད་ཁྲག །སྲིང་མོ་བཞི་དཀར་སེར་དམར་ལྗང་རང་མདོག་གི་རྒྱལ་མཚན་འཛིན་པ། གིང་ཆེན་བཅོ་བརྒྱད་དཀར་སེར་དམར་ལྗང་རྔེའུ་ཆུང་བརྡུང་བ། ཁྲོ་བོ་དྲུག་ཅུ་མཐིང་ནག་གྲི་ཐོད་འཛིན་པ། རིགས་བཞིའི་ཕོ་ཉ་བརྒྱ་དང་བཞི་བཅུ་དཀར་སེར་དམར་ལྗང༌། ཤར་ཕྱོགས་པ་རྣམས་ལྕགས་ཀྱུ། ལྷོ་ཕྱོགས་པ་རྣམས་ཞགས་པ། ནུབ་ཕྱོགས་པ་རྣམས་ལྕགས་སྒྲོག །བྱང་ཕྱོགས་པ་རྣམས་དྲིལ་བུ། གཡོན་ཐམས་ཅད་སྡིག་མཛུབ། མ་མོ་དྲུག་ཅུ་སྒོ་བཞིར་གནས་པ་ཕྱག་རྒྱ་བཞི་དང་ཐོད་ཁྲག །གཞན་ཐམས་ཅད་གཡས་བདུད་རྩིའི་བུམ་པ་དང་གཡོན་ནད་རྐྱལ་འཛིན་པ་ཕྱོགས་མདོག །གིང་ཆེན་བཅོ་བརྒྱད་མ་གཏོགས་ཐམས་ཅད་མི་ལྤགས་དང་སྟག་གཟིག་གི་ཤམ་ཐབས་རུས་རྒྱན། ཞབས་གར་སྟབས་མེ་རླུང་གི་དབུས་སུ་གནས་པའོ། ༈ འཇིག་རྟེན་གྱི་གཞལ་ཡས་ཁང་གཉིས་པའི་འོབས་སུ་ཁྲག་མཚོ་འཁྱིལ་བའི་ཁྱམས་ལ་འཇིག་རྟེན་མ་མོ་བདུན་བརྒྱ་ཉི་ཤུ་ནི། ཕྱོགས་རེར་བརྒྱ་དང་ཉི་ཤུ་རེ་ཕྱོགས་མདོག་ཁྲོ་མོའི་ཆས་ཅན་ཐམས་ཅད་ཀྱང་དཔལ་ཆེན་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གུས་པས་ཐལ་མོ་སྦྱར་བའོ། །དཀྱིལ་འཁོར་གྱི་ཕྱི་ཁྱམས་པདྨའི་ར་བའི་ནང་དུ་འཇིག་རྟེན་པའི་འཁོར་ཡུག་ལ། ཤར་དུ་ལྷ་དང་ལྷ་མིན། ལྷོར་མི། ནུབ་ཏུ་དམྱལ་བ་དང་ཡི་དྭགས། བྱང་དུ་བྱོལ་སོང་གི་འཇིག་རྟེན་གྱིས་ཡོངས་སུ་བསྐོར་བའི་སྟེང་གི་ནམ་མཁར། ཤར་དུ་བྱང་སེམས། ལྷོར་རང་རྒྱལ། ནུབ་ཏུ་ཉན་ཐོས། བྱང་དུ་དྲང་སྲོང་གྲུབ་པ་བདེན་ཚིག་གྲུབ་པའི་ཚོགས་དང་བཅས་པ། དཀྱིལ་འཁོར་ཕྱི་མའི་རྟ་བབས་ཐད་ཀྱི་བར་སྣང་ལ་རིག་འཛིན་བྱེ་བ་ས་ཡ་སྤྲིན་ལྟར་གཏིབས་པའོ། །སྟེང་ཁང་བུམ་པའི་ནང་གི་ནམ་མཁར་ཞི་བ་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་ནི་སྒྱུ་འཕྲུལ་ལྟར་རོ། ༈ དུར་ཁྲོད་བརྒྱད་ཀྱི་ཕྱི་རོལ་སྲུང་འཁོར་ནང་རི་རབ་ཀྱི་སྟེང་དེར། ཤར་དུ་མངོན་མཐོ་ལྷ་མིའི་ཐེག་པ་ལ་ཕྱག་རྡོར་ངན་སོང་ཀུན་འདྲེན་གྱི་དཀྱིལ་འཁོར། ལྷོར་བྱ་རྒྱུད་ལ་མི་འཁྲུགས་པ། ནུབ་ཏུ་སྤྱོད་རྒྱུད་ལ་ཤཱཀྱ་ཐུབ་པ་སྐུ་ཡི་དཀྱིལ་འཁོར། བྱང་དུ་རྣལ་འབྱོར་རྒྱུད་ལ་ཀུན་རིགས་རྩ་བའི་དཀྱིལ་འཁོར་རྣམས་མགྲོན་ཐབས་ཀྱི་ཚུལ་ལོ། །འདི་བསྡུས་པའི་ལུགས་ཡིན་གྱི། རྒྱས་པར་ནང་སྐོར་ཡི་དམ་ཁྲོ་བོའི་སྔགས་བྱང་གི་བསྙེན་དམིགས་སྐབས་ལྟར་བསྒོམས་པར་བྱའོ། ༈ སྙིང་པོའི་དཀྱིལ་འཁོར་གྱི་ལྟེ་བར་དཔལ་ཆེན་པོ་བསྒོམ་ཚུལ་ནི། གཡས་ནས་རིམ་པར། སེང་གེ །སྟག །གཟིག །དོམ གླང་ཆེན། མ་ཧེ། ཆུ་སྲིན། སྦྲུལ་ཏེ་བྱོལ་སོང་གཙོ་བོ་བརྒྱད་ཀྱི་ཁྲིར། པདྨ་ཟླ་བ་ཉི་མའི་གདན་ལ་དཔལ་ཆེན་མངོན་རྫོགས་རྒྱལ་པོ་སྐུ་ལུས་སྨུག་ནག་དབུས་ཞལ་བདུན་སྨུག་ནག་ཁྲོ་བོ། །གཡས་ཞལ་བདུན་དཀར་པོ་བཞད་པ། གཡོན་ཞལ་བདུན་དམར་པོ་ཆགས་ཉམས་ཅན། རྩ་བའི་ཕྱག་བརྒྱད་ཀྱི་དང་པོ་གཉིས་གྲི་ཐོད་འཛིན་པས་ཡུམ་ལ་འཁྱུད་པ། བར་པ་གཉིས་ཀྱི་གཡས་པས་དག་པའི་ཞིང་དང༌། མ་དག་པའི་འཇིག་རྟེན་འདེགས་པའི་ཚུལ། ཐ་མ་གཉིས་ཀྱིས་འདོད་ཁམས་དང་གཟུགས་ཁམས་ཐིག་ལེར་གནས་པ་འཛིན་པའོ། །ལྷག་མ་བར་ཕྱག་བཅུས་གཡས་པ་ལྔས་ས་དཀྱིལ་གྲུ་བཞི་སེར་པོ། ཆུ་དཀྱིལ་དཀར་པོ་ཟླུམ་པོ། མེ་དཀྱིལ་དམར་པོ་གྲུ་གསུམ། རླུང་དཀྱིལ་ཟླ་གམ་ལྗང་གུ །ནམ་མཁའ་མཐིང་ནག་གྲུ་གསུམ་འཛིན་པ། གཡོན་པ་ལྔས། རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རྒྱ་གྲམ་རྣམས་འཛིན་པ། ཡན་ལག་གི་ཕྱག་བརྒྱས་གཡས་པ་ལྔ་བཅུས་གྲི་གུག །གཡོན་ལྔ་བཅུས་ཐོད་ཁྲག་འཛིན་པ། དཔལ་དང་དུར་ཁྲོད་ཆས་རྫོགས་རྡོ་རྗེ་རིན་ཆེན་གྱི་གཤོག་པ་གཡས་གཡོན་དུ་བརྒྱངས་ཤིང་ཞབས་རྡོར་སྐྱིལ་གྱིས་བཞུགས་པའི་པང་དུ་ཡུམ་བཅོམ་ལྡན་འདས་རྡོ་རྗེ་བདེ་མ་སྐུ་མདོག་མཐིང་ནག་དབུས་ཞལ་སུམ་བརྩེགས་མཐིང་ག །གཡས་ཞལ་སུམ་བརྩེགས་དཀར་པོ། གཡོན་ཞལ་སུམ་བརྩེགས་དམར་པོ། ཕྱག་བཅོ་བརྒྱད་ཀྱི་གཡས་དགུས་རྡོ་རྗེ་དང༌། གཡོན་དགུས་དུང་ཁྲག་འཛིན་ཅིང་ཡབ་ལ་སྦྱོར་བ། ཞབས་གཉིས་ཡབ་ཀྱི་སྐེད་དུ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བའོ། །དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ་པདྨ་ཉི་མ་ཞིང་གི་གདན་ལ་རྒྱུད་ལུང་གི་ཁྲོ་བོ་བརྒྱད་ནི། ཤར་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དཀར་གསལ་ཞལ་གསུམ་ཕྱག་དྲུག་པ་གཡས་གསུམ་འཁོར་ལོ། ལྷོར་རཏྣ་ཧེ་རུ་ཀ་སེར་པོ་ཡབ་ཡུམ་གཡས་གསུམ་རིན་ཆེན། དེ་བཞིན་ནུབ་པདྨ། བྱང་དུ་རྒྱ་གྲམ། མཚམས་བཞིའི་ལུང་གི་ཁྲོ་བོ་བཀའ་འདུས་ལྟར་ན། ཤར་ལྷོར་རཀྴ། ལྷོ་ནུབ་ས་ནུ། ནུབ་བྱང་གུཧྱ། བྱང་ཤར་དུ་ཡཀྴ་ཧེ་རུ་ཀ་ཡིན་ཀྱང༌། འདིར་ནི། ཤར་ལྷོར་གུཧྱ་ཧེ་རུ་ཀ་གསང་བའི་ཁྲག་འཐུང༌། ལྷོ་ནུབ་ཏུ་ས་ནུ་ཧེ་རུ་ཀ་སྟེ་ཕྲ་བའི་ཁྲག་འཐུང༌། ནུབ་བྱང་ཡཀྴ་ཧེ་རུ་ཀ་སྟེ་གནོད་སྦྱིན་ཁྲག་འཐུང༌། བྱང་ཤར་དུ་རཀྴ་ཧེ་རུ་ཀ་སྟེ་སྲིན་པོ་ཁྲག་འཐུང༌། བཞི་ཀ་གཡས་གསུམ་རྡོ་རྗེ། རིན་ཆེན། པདྨ། རལ་གྲི། ཁྲོ་བོ་བརྒྱད་པོ་ཐམས་ཅད་ཀྱི་ཕྱག་གཡོན་ཐོད་ཁྲག །ཡུམ་རྣམས་ཞལ་གཅིག་ཕྱག་གཉིས་རང་མདོག་རང་རྟགས་དང་ཐོད་ཁྲག་འཛིན་ཅིང་འཁྲིལ་སྦྱོར། རྒྱུད་ཀྱི་ཁྲོ་བོ་བཞི་ཡི་ཡབ་རྣམས་ཞབས་གཡས་བརྐྱང༌། ལུང་གི་ཁྲོ་བོ་བཞིས་ཞབས་གཡོན་བརྐྱང་དཔལ་དང་དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ། ཡུམ་ལ་གཟིག་ཤམ་སོགས་སྔ་འགྱུར་སྤྱི་ལྟར་རོ། ༈ ཞར་བྱུང་འཕྲོས་དོན་ཤིན་ཏུ་རྒྱས་སྐབས་རྡོ་རྗེའི་སྲུང་འཁོར་ནང་གི་ཚོམ་བུའི་དཀྱིལ་འཁོར་ལ། བྱང་ཤར་དུ་ངན་སོང་གནས་འདྲེན། ནུབ་བྱང་དུ་ལྷ་མིའི་དཀྱིལ་འཁོར། ལྷོ་ནུབ་ཏུ་ཉན་ཐོས། ཤར་ལྷོར་རང་རྒྱལ། བྱང་དུ་བྱང་སེམས། ནུབ་ཏུ་ཀྲི་ཡ། ལྷོ་རུ་ཨུ་པ། ཤར་དུ་རྣམ་སྣང་རྡོར་དབྱིངས་དཀྱིལ་འཁོར་ཏེ། འདི་རྒྱས་པའི་སྐབས་ཡིན། བསྡུས་པ་སྔར་བཤད་པ་བཞིན་ནོ། །སྤྱིར་དེ་དག་གི་དག་བྱ་དག་བྱེད་ཀྱི་གོ་དོན་གལ་ཆེ་བས་ འདིར་འཕྲོ་ལུས། ༈ ཛཔ་དམིགས་ལ་གཉིས་ལས། དང་པོ་རྒྱས་པ་ནི། བྱང་བུ་ཁྲིགས་བསྡེབས་སུ། བསྙེན་སྒྲུབ་ཆིག་དྲིལ་གྱི་ཏིང་ངེ་འཛིན་ལ། བཟླ་བྱའི་སྔགས་ཀྱང་སྤྱི་དྲིལ་ཆེན་པོ་དྲག་སྔགས་འདུས་པ་དང་རུ་ལུ་ཁོ་ན་ཡིན་ཀྱང༌། ནང་སྐོར་ཡི་དམ་ཁྲོ་བོའི་སྒྲུབ་པ་ལས། འཁོར་གྱི་ལྷ་སྔགས་སྤྲོས་འདོད་ན༔ གུད་དུ་གསལ་ལས་ཤེས་པར་བྱ༔ ཞེས་གསུངས་པ་བཞིན། བརྒྱུད་འཛིན་ཟབ་ཆོས་ཀྱི་མངའ་བདག་མཁན་ཆེན་རཏྣའི་གསུང་ལྟར་ཛཔ་དམིགས་འབྲིང་པོ་ལྟར་ངེས་པར་སྦྱོར་དགོས་པས་དེ་ལྟར་བཤད་པ་ལ་གསུམ། དང་པོ་ཞི་བར་བསྙེན་པ་ནི། ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་ཛཔ་དགོངས་གསལ་འདེབས། ཧཱུྃ་སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ སོགས་ནས། ལྷུན་གྲུབ་ཞི་བའི་རང་བཞིན་བསྒོམ༔ ཞེས་ཛཔ་བསྐུལ་བྱས་ཏེ། རང་གི་ཐུགས་སྲོག་ས་བོན་ལས༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོས༔ སྟེང་ཁང་ཞི་བའི་དཀྱིལ་འཁོར་པའི༔ ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ༔ དེ་རྣམས་ཐུགས་སྲོག་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ བདག་དང་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཡེ་ཤེས་མཆོག་གི་བྱིན་རླབས་གྱུར༔ ཨོཾ་གུཧྱ་ཛྙཱ་ན་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཞེས་པའི་ཏིང་འཛིན་དང་མ་བྲལ་བས་བསྙེན་སྔགས་འབུམ་ཕྲག་བཞི་བཟླ། ཐུན་མཐར་ཁྲག་འཐུང་གཙོ་འཁོར་གྱི་བཟླས་པ་ཁྱུག་ཙམ་བྱས་ལ་གྲོལ། ཞི་བའི་བསྙེན་ཚད་ལོང་བ་དང༌། ཁྲག་འཐུང་གཙོ་བོའི་ཉེ་བསྙེན་གྱི་བཟླས་དམིགས་ནི། ཐོག་མར་ཞི་བསྙེན་ཁྱུག་ཙམ་སྔར་ལྟར་བཏང་རྗེས། རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཨོཾ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཀ་ཏ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཞེས་འབུམ་ཕྲག་གཅིག་བཟླ། གཞན་རྣམས་ཁྱུག་ཙམ་བཏང་བ་སོགས་སྔ་མ་དང་མཚུངས། གསུམ་པ་སྒྲུབ་པ་གཙོ་དགུའི་བཟླས་དམིགས་ནི། གཙོ་འཁོར་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ༔ དྲིལ་སྒྲུབ་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་སོགས་གོང་དང་འདྲ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཀརྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་གུཧྱ་ས་ནུ་ཡཀྴ་རཀྴ་ཤྲཱི་ཧེ་རུ་ཀ་ཀྲོ་དྷཱི་ཤྭ་རི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་སྤྱི་དྲིལ་ཆེན་པོ་གཙོ་བོར་བྱས་སྟེ་འབུམ་ཕྲག་གཅིག་བཟླ་གསུངས། བཞི་པ་སྒྲུབ་པ་ཆེན་པོ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བཟླས་པ་ལ། བདག་མདུན་ཛཔ་ཁང་ཕྱེས་ན་ལེགས་པས། བསྟོད་པའི་རྗེས། ཨོཾ་རུ་ལུ་རུ་ལུ་སོགས། ཕཊ྄་ཛཿས་བདག་མདུན་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པར་མོས་ལ། ཛཔ་བསྐུལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་སོགས་རྗེས། ཞི་ཁྲོ་གཙོ་དགུའི་བསྙེན་པ་ཁྱུག་ཙམ་སྔོན་དུ་བཏང་སྟེ། བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔ ཐུགས་སྲོག་ལས་བྱུང་འབར་བའི་འོད༔ དཀྱིལ་འཁོར་རབ་འབྱམས་ཐུགས་ཀར་ཐིམ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ སོ་སོའི་སྐུ་ཡི་གནས་གསུམ་ནས༔ སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས༔ འོད་དང་འོད་ཟེར་དང་བཅས་འཕྲོས༔ ཁམས་གསུམ་ཐམས་ཅད་སྣང་བར་བྱས༔ གང་འདུལ་ཕྲིན་ལས་ལྷུན་གྱིས་གྲུབ༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ དཀྱིལ་འཁོར་རབ་འབྱམས་གོ་འཕང་བཀོད༔ ཚུར་བསྡུས་བདག་ལ་ཐིམ་པ་ཡི༔ དངོས་གྲུབ་རྣམ་གཉིས་ཐོབ་པར་གྱུར༔ ལྷ་སྔགས་སོ་སོ་ལ་སེམས་འཛིན་སྤྲོ་བསྡུ་དང་བཅས། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཞེས་གནས་མ་བརྒྱད་དང༌། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ ཡུལ་མ་བརྒྱད། ཛཿཧཱུྃ་བཾ་ཧོཿ སྒོ་མ་བཞི། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ བྷྱོ་བྷྱོ་བྷྱོ་བྷྱོ༔ དབང་མོ་ཉེར་བརྒྱད་དང༌། ཨེ་ཨ་རལླི་ཧཱུྃ༔ མཁའ་འགྲོ་སོ་གཉིས། མ་མེ་དྷཱ་ཏུ་ཧཱུྃ༔ བཛྲ་དུནྟིཾ་བྷྱོ༔ མ་བདུན་སྲིང་བཞི། ཀིངྐ་ར་ཧ་ཧ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ གིང་ཆེན་བཅོ་བརྒྱད། ཀྲོ་དྷ་ཀྲོ་དྷཱི་ཧཱུྃ༔ ཁྲོ་བོ་དྲུག་ཅུ། བྷ་ན་ཧ་ན་གརྫ་པ་ཙ་ཛཿཧཱུྃ་བྃ་ཧོཿ མ་མོ་ཉིས་བརྒྱ་བཞི་བཅུ་དང་ཕོ་ཉ་རིགས་བཞི། མ་མ་ཤྭ་རི་ཧཱུྃ༔ མ་མོ་དྲུག་ཅུ། ཨོཾ་མ་ཧཱ་གུ་རུ་ཤཱ་རི་རམ་གི་ལི་ཧཱུྃ༔ རྒྱུ་ཡི་རྟ་བབ་ཁོར་ཡུག་ཏུ་བཞུགས་པའི་རིག་འཛིན་བྱེ་བ་ས་ཡ་བཅས་དང༌། རང་གི་ཐུགས་ཀའི་འོད་ཟེར་གྱིས༔ ཡན་ལག་དཀྱིལ་འཁོར་ཐུགས་དམ་བསྐུལ༔ དེ་རྣམས་ཐུགས་ནས་ཡེ་ཤེས་ཀྱི༔ སྣང་བས་འཁོར་འདས་ཞིང་ཀུན་ཁྱབ༔ འཕགས་རྣམས་དགྱེས་ཤིང་དགྱེས་པ་བསྐྱེད༔ སེམས་ཅན་ཀུན་གྱི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་བདག་ལ་ཐིམ་པ་ཡིས༔ བདག་དང་འགྲོ་དྲུག་ཡིད་ཅན་ཀུན༔ ངན་སོང་འཁོར་བའི་སྡུག་བསྔལ་བསལ༔ མཐོ་རིས་ཐར་པའི་གོ་འཕང་བཀོད༔ བྱང་ཆུབ་གསུམ་གྱི་ས་བོན་དང༔ འབྲས་བུ་མངོན་དུ་གྱུར་ནས་ཀྱང༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཞེས་སྤྱིའི་བཟླས་དམིགས་ལ། ཨོཾ་བཛྲ་པཱ་ཎི་སརྦ་ཀརྨ་ཨ་བ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ྄༔ བྱང་ཤར་ངན་སོང་ཀུན་འདྲེན་གྱི་དཀྱིལ་འཁོར་དང༌། ཨོཾ་མུ་ནེ་ཡེ་ཀྵྃ་བྲེཾ་ཏྲུྃ་སྭཱ་ཧཱ༔ ཨོཾ་མུ་ནེ་སྲུཾ་ཀྲིཾ་སྭཱ་ཧཱ༔ ནུབ་བྱང་ལྷ་མིའི་ཐེག་པའི་དཀྱིལ་འཁོར། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ༔ ལྷོ་ནུབ་ཉན་ཐོས་ཐེག་པའི་དཀྱིལ་འཁོར། ཨོཾ་ཡེ་དྷརྨ་སོགས་ཎཿསྭཱ་ཧཱ༔ ཤར་ལྷོར་རང་རྒྱལ་ཐེག་པའི་དཀྱིལ་འཁོར། ཨོཾ་མ་ཧཱ་ཀ་རུ་ཎི་ཀ་སརྦ་བྷོ་དྷི་སཏྭ་སྭ་ཧཱ༔ བྱང་ཕྱོགས་བྱང་སེམས་ཐེག་པའི་དཀྱིལ་འཁོར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱཧཱ༔ ཞེས་དཀྱིལ་འཁོར་སྤྱི་དང༌། ཨོཾ་ཝཱ་གཱི་ཤྭ་རི་མུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཞེས་གཙོ་བོ་རིགས་གསུམ་སྔགས་བཅས་བཟླ། ཨོཾ་བཛྲ་བཻ་རོ་ཙ་ན་ཨཀྵོ་བྷྱ་རཏྣ་སཾ་བྷ་ཝ་པདྨ་དྷ་ར་ཧཱུྃ་སྭཱ་ཧཱ༔ ལྷོ་ཕྱོགས་སུ་ཨུ་བྷ་རིགས་བཞི་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་རི་ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང༌། ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ན་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏ་དྱ་ཐཱ༔ ཨོཾ་ཤོ་དྷ་ནི་ཤོ་དྷ་ནི༔ སརྦ་པཱ་པཾ་ཤོ་དྷ་ནི༔ ཤུདྡྷེ་ཤུདྡྷེ་སརྦ་ཨཱ་བ་ར་ཎ་བི་ཤུདྡྷེ་སྭཱཧཱ༔ གཙོ་བོ་ངན་སོང་སྦྱོང་བ་རྣམ་སྣང་གི་གཟུངས་ཀྱང་བཟླ། སོ་སོའི་བཟླས་པ་འདི་དག་གྲངས་ཚད་ཁྲི་རེ་གསུངས། རང་ཉིད་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་བདེ་གསལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་གྱུར་བསམ༔ ཞེས་པའི་དགོངས་པ་དང་མ་བྲལ་བས། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཁྲག་འཐུང་རབ་འབྱམས་སྤྱི་དྲིལ་གྱི་སྔགས་འབུམ་ཕྲག་བཞི་བཟླ་བའམ། ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ ཞེས་གསུངས་པས་གཙོ་འཁོར་ལྷ་ཚོགས་ཐམས་ཅད་ཀུན་འདུས་ཀྱི་སྤྱི་སྔགས་སྙིང་པོ་མཐར་ཐུག་ཡིན་པས་བཟླས་གྲངས་ཇི་ཙམ་མང་བཞིན་ལེགས་པའང་ཤེས་པར་བྱའོ། །ཡན་ལག་གི་དཀྱིལ་འཁོར་སོ་སོའི་བཟླས་པ་མ་གྲུབ་ན། བདག་ཉིད་གཙོ་མཆོག་ཧེ་རུ་ཀའི༔སོགས་ཀྱི་དམིགས་བཟླས་མཐར་རུ་ལུ་ཁོ་ན་བཟླ་བ་མཁན་ཆེན་རཏྣའི་ཟིན་བྲིས་སུ་གསུངས་པ་དང་སྔ་འགྱུར་གྱི་རྒྱུད་རྣམས་སུའང༌། རུ་ལུ་འདི་ཉིད་སྤྱི་སྙིང་དུ་བསྔགས་པར་མཛད་པ་ལྟར་ལགས་ཀྱང༌། རྩ་བ་ཡན་ལག་གི་ཐེག་པ་དགུ་བསྒྲིལ་གྱི་ལྷ་སྔགས་སོ་སོའི་བཟླས་གྲངས་བསྐྱལ་ན་ཤིན་ཏུ་ལེགས་པར་སེམས་སོ། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཚུལ་འདི་ནི་ཚིགས་ཚོགས་ཤིན་ཏུ་ཁྱེར་བདེ་བཅུད་དྲིལ་མཛད་པ་ལས་ལྷ་དང་དཀྱིལ་འཁོར་ཚོམ་བུའི་བཀོད་པ་ཤིན་ཏུ་རྒྱས་པས་བསྙེན་སྒྲུབ་ཀྱི་སྐབས་ཛཔ་དམིགས་འདི་བཞིན་ངེས་པར་སྦྱར་ཏེ་བསྙེན་སྒྲུབ་ཡན་ལག་བཞི་རུ་དབྱེ་བ་ངེས་པར་གལ་ཆེ་བའང་ཤེས་པར་བྱའོ། ༈ གཉིས་པ་ནི། ཡང་ན་བསྙེན་སྒྲུབ་ཀྱི་བཟླས་དམིགས་བསྡུས་པའི་ལུགས་སུ་བྱེད་པ་ལ། དང་པོའི་བསྙེན་པ་གཙོ་དགུའི་བཟླས་པ་ནི། ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཞེས་པའི་རྗེས། རང་གི་ཐུགས་ཀར་ཉི་མའི་སྟེང༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐར་མར་རྩ་བའི་སྔགས་ཀྱིས་བསྐོར༔ བཟླས་པས་སྔགས་ཕྲེང་ལུ་གུ་རྒྱུད༔ ཡབ་ཡུམ་ཞལ་ཞུགས་གསང་བར་འཁོར༔ བདེ་བ་ཆེན་པོའི་གཟི་བྱིན་བསྐྱེད༔ མཆོག་ཐུན་དངོས་གྲུབ་བདུད་རྩིའི་བཅུད༔ ཧཱུྃ་ཐིམ་ཡེ་ཤེས་འབར་བར་གྱུར༔ ཞེས་གཞུང་དུ་བསྙེན་དམིགས་མ་གསུངས་ཀྱང་ཚུལ་འདི་སྦྱར་ན་ལེགས་སྙམ་གྱིས་བཀོད་པ་སྟེ། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཀྱིས་གཙོ་བོ་དང༌། དེ་བཞིན་དུ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཤར། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ལྷོ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ནུབ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ བྱང་སྟེ་རྒྱུད་ཀྱི་ཁྲོ་བོ་བཞིའོ། ཨོཾ་གུཧྱ་ཤྲཱི་ཧེ་རུ་ཀ་གུཧྱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ཤར་ལྷོ། ཨོཾ་ས་ནུ་ཤྲཱི་ཧེ་རུ་ཀ་ས་ནུ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ལྷོ་ནུབ། ཨོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཡཀྴ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ ནུབ་བྱང༌། ཨོཾ་རཀྴ་ཤྲཱི་ཧེ་རུ་ཀ་རཀྴ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄༔ བྱང་ཤར་ཏེ་ལུང་གི་ཁྲོ་བོ་བཞིའོ། །དེ་རྣམས་ཀྱི་དཔལ་ཆེན་པོ་གཙོ་དགུ་གསལ་བཏབ་ལ་གང་འོས་བཟླ་ཞིང༌། གཉིས་པ་འཁོར་ཁྲག་འཐུང་སྤྱི་དྲིལ་གྱི་བཟླས་པ་ནི། ཛཔ་ཁང་ཕྱེས་ཏེ་ཛཔ་བསྐུལ་རྗེས། གཏེར་གཞུང་ལས། ཁྱད་པར་རུ་ལུ་འབྲུ་བརྒྱད་པ༔ ཡོངས་དྲིལ་མཐར་ཐུག་བཟླས་པའི་སྐབས༔ བདག་མདུན་ཁྲག་འཐུང་ཆེན་པོ་ཡི༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་ལུས་ཀྱི་ནང་ཀུན་གང༔ སྒྲིབ་དག་དབང་དང་དངོས་གྲུབ་ཐོབ༔ སླར་ཡང་སྔགས་ཀྱི་འོད་ཟེར་གྱིས༔ དཀྱིལ་འཁོར་རབ་འབྱམས་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་མལ་སྣང་ཞེན་དབྱིངས་སུ་ཐིམ༔ སྣོད་བཅུད་གཞལ་ཡས་ཁང་དང་ལྷ༔ སྒྲ་ཀུན་གྲགས་སྟོང་སྔགས་ཀྱི་དབྱངས༔ དྲན་བསམ་འོད་གསལ་ལ་མི་རྟོག་པ༔ དབྱེར་མེད་ཀུན་བཟང་དགོངས་པའི་ཀློང༔ མ་ནོར་མ་བཅོས་བསམ་འདས་པ༔ བརྗོད་བྲལ་ཡེ་ཤེས་མངོན་དུ་གྱུར༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རུ་ལུ་འབུམ་ཕྲག་བཞི་བཟླས་པས༔ དགོངས་པ་མི་འགྱུར་ཏིང་འཛིན་ཐོབ༔ དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད༔ ས་མ་ཡ༔ བསྡུས་པའི་སྐབས་འདིར་སྟེང་ཁང་གི་ཞི་བ་ཞེ་གཉིས་རྩ་བ་ཡན་ལག་གི་དཀྱིལ་འཁོར་བཅས་གསལ་འདེབས་ཤིང་རུ་ལུ་ཁོ་ན་བཟླ་བར་གསུངས། གཏེར་གཞུང་དུ་འབུམ་ཕྲག་བཞི་གསུངས་ཀྱང་ཁྲག་འཐུང་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་དྲིལ་ཆེན་པོ་ཡིན་པས་གྲངས་ཚད་ཀྱང་བྱེ་བ་གཅིག་ལས་མི་ཉུང་བ་བཟླ་བར་གཅེས་སོ། །དུས་གྲངས་ཀྱི་བསྙེན་པ་ཐེམས་པའི་རྗེས་ཚོགས་མཆོད་དང་གཏོར་མ་རྒྱས་སྤྲོས་བཅས་བདག་འཇུག་གི་དབང་ལེན་བཅས། ཞག་བདུན་ནམ་ལྔ། གསུམ་ཅི་རིགས་དང་དངོས་གྲུབ་ལེན་པའི་ཆོ་ག་བཅས་མཐའ་རྒྱས་དང༌། ཁ་སྐོང་ཞི་བའི་སྦྱིན་སྲེག་ཀྱང་བསྙེན་པའི་བཅུ་ཆ་འགྲོ་ངེས་དང༌། རྗེས་འབྲེལ་མྱོང་གྲོལ་བདུད་རྩིའི་སྒྲུབ་པའང་གྲུབ་ན་ངེས་པར་བྱ་ཞིང་མཐའ་རྟེན་བདུད་རྩིའི་ཆོས་སྨན་གྱི་ཚེ་ལུང་བཞིན་ཚེ་སྒྲུབ་ཀྱང་སྦྱར་ན་ལེགས་པའི་ཕྱིར། ཚེ་འབྲང༌། ཚེ་རིལ་ཆང༌། མདའ་དར་སོགས་བཤམས་པ་གཞུང་ལྟར་བྱ། རྩ་བའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བའམ། ལས་བྱང་གི་བསྟོད་པའི་རྗེས། གང་བདེར། ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོ་ལོངས་སྤྱོད་རྫོགས་པའི་ཆས༔ ཕྱག་གཡོན་མཉམ་བཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱི་གང་རྒྱར་གཏམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་བུམ་ཁ་བཀབ་སྟེ༔ རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱི་སྤྲས༔ ཐུགས་ཀར་ཉི་ཟླའི་གྭའུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨས་མཚན༔ གྭའུ་སྟེང་དུ་ཧྲཱིཿཡིག་ལས༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ འོད་འཕྲོས་འཁོར་འདས་ཚེ་བཅུད་བསྡུས༔ གྭའུ་ནང་དང་བུམ་པའི་ནང༔ ཡོངས་སུ་གང་ཞིང་འཕེལ་བ་ཡིས༔ ཧེ་རུ་ཀ་དཔལ་སྐུ་ཡི་ནང༔ ཚེ་ཡི་བདུད་རྩིའི་གང་བར་བསམ༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་གུ་རུ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ ཞེས་རྩེ་གཅིག་ཏུ་བཟླ། ཐུན་མཐར་མདའ་དར་གཡབ་ལ། ཐུགས་ཀར་ཚེ་དཔག་མེད་པ་ཡི༔ ཐུགས་ལས་མགྱོགས་མའི་ཚོགས་སྤྲོས་ཏེ༔ ཕྱོགས་བཅུའི་ཚེ་བཅུད་འགུགས་པར་གྱུར༔ ཧཱུྃ༔ བདུད་རྩི་འི་གང་རྒྱ་སྨན་གྱི་ལུང༔ རཏྣ་པདྨ་ཚེ་ཡི་ལུང༔ བཛྲ་པདྨ་ཕོ་ཉ་སྤྲོས༔ འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི༔ ཚེ་དང་སྨན་གྱི་བཅུད་བསྡུས་ལ༔ གནས་འདིར་ད་ལྟ་ཉིད་དུ་ཁུག༔ མགྱོགས་མ་བཞི་དང་མཁའ་འགྲོ་བཞི༔ སྲོག་བདག་བཞི་དང་ཤུགས་འགྲོ་བཞི༔ སྲིད་གསུམ་ཚེ་ཡི་བདག་མོ་རྣམས༔ ཚེ་དང་སྨན་གྱི་བཅུད་འདིར་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཞེས་དང༌། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་བཏབ་པོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་རྒྱས་བཏབ་བྱ། བསྙེན་ཚད་འཁྱོལ་བའི་ཚེ་གཞུང་གི་དངོས་གྲུབ་ལེན་པ་དང་བཅས་ཆབས་ཅིག་གམ་ཡང་ན་ཚེ་དབང་ལྟར་སྒྲུབ་རྫས་ཀྱི་དངོས་གྲུབ་ལེན་པར་བྱའོ། །གཉིས་པ་ནང་སྐོར་མཁའ་འགྲོའི་བསྐྱེད་བཟླས་ཇི་ལྟར་བྱ་ཚུལ་ནི། ཚུལ་འདིའི་བསྙེན་སྒྲུབ་བྱེད་པའི་སྐབས་སྒྲུབ་པའི་རྟེན་དུ་ཕྱི་དཀྱིལ་ཕྱི་རུ་བཀོད་པ་ནི། མདུན་གྱི་སྟེགས་བུར་ཟངས་ཀྱི་མཎྜལ་སྟེང་སིནྡྷཱུ་རའི་རྡུལ་གྱིས་སྦགས་པར་ཆོས་འབྱུང་བསྣོལ་མ་བྲིས་པའི་ལྟེ་བར་མེ་ཏོག་དམར་པོའི་ཚོམ་བུའི་སྟེང་མཉྫའི་ཁར་བྷཉྫ་མཚན་ལྡན་བདུད་རྩིའི་གཏམ་པ། མཁར་བའི་མེ་ལོང་ལ་སིན་དྷཱུ་རའིཆོས་འབྱུང་གི་དབུས་སུ་བྃ། རྩིབས་དྲུག་ལ་བྃ་གྱི་མདུན་ནས། ཨེ་ཡཾ་ཧཾ་ལཾ་རཾ་ཧཱུྃ། རྣམས་ཡིག་ངོ་ནང་བསྟན་གཡས་བསྐོར་དུ་བཀོད་པ་ལ་དར་དམར་གྱི་གུར་ཕུབ་མཐར་ཕྱི་ནང་གི་མཆོད་པས་བསྐོར་བ་དང༌། ནང་དཀྱིལ་ལུས་ལ་འགོད་པ་ནི། སྲོག་འཁོར་ཏེ་དར་རས་སམ་ཤོག་བུ་དམར་པོ་ལ་བླ་མ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར། གནས་ཆེན་གྱི་རང་བྱུང་གི་ཅུ་གང་དང་སིནྡྷཱུ་ར་མཚལ་དང་སྦྱར་ནས་ཆོས་འབྱུང་ཟུར་དྲུག་མུ་ཁྱུད་དང་བཅས་པའི་ལྟེ་བ་དང་རྩིབས་ལ་ས་བོན་རྣམས་སྔ་མ་ལྟར་བཀོད། མུ་ཁྱུད་དང་པོར་བསྙེན་སྒྲུབ་ཀྱི་སྔགས་མཐར། སརྦ་བུདྡྷ་ཀྲོ་དྷཱི་ཤྭ་རི་ཀཱ་ཡ་ཝཱཀྐ་ཙིཏྟ་ཛྙཱ་ན་ཨ་བེ་ཤ་ཡ་ཧྲཱིཾཿཧྲཱིཾཿཕེཾ་ཕེཾ་ཛཿཧཱུྃ་བྃ་ཧོཿ མུ་ཁྱུད་གཉིས་པར། དབྱངས་གསལ་རྟེན་སྙིང༌། གསུམ་པར་རྡོ་ར་མེ་རིས་བསྐོར་བ་ལ་བྲིས་རྫས་ཀྱིས་བྱུག་ནས་རབ་ཏུ་གནས་ཏེ་མི་ལག་ཏུ་མི་བརྒྱུད་པར་ལུས་ཀྱི་དྲོད་དང་མ་བྲལ་བར་བཅངས་གསུངས། གསང་དཀྱིལ་སེམས་ལ་འགོད་པ་ནི། རྫོགས་རིམ་གྱི་ཚུལ་དུ་འོག་ནས་འཆད་པར་འགྱུར་རོ། །དེ་ལྟར་སྒྲུབ་པའི་རྫས་རྣམས་ཚོགས་པ་དང༌། མར་ངོའི་ཚེས་བཅུ་སོགས་ཁྱད་པར་གྱི་དུས་ཚེས་བཟང་པོའི་ཕྱི་ཐུན་ནམ། སྲོད་ཐུན་གང་བདེ་ནས་བསྙེན་སྒྲུབ་ལ་འཇུག །དེ་ཡང་གཏེར་གཞུང་ལས། སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་གྱི༔ ཏིང་འཛིན་གསལ་བརྟན་མཐར་ཕྱིན་བྱ༔ ཞེས་གསུངས་པ་ལྟར་སྐུ་བསྐྱེད་པ་དབྱིབས་ཀྱི་རྣལ་འབྱོར་གྱི་གསལ་སྣང་སྒྲུབ་པ་ནི། སྣོད་བཅུད་ཕྱི་ནང་གི་འབྱུང་བ་གང་ལྟར་སྣང་ཡང་འབྱུང་ལྔ་དག་པ་ཡུམ་གྱི་མཁའ་དབྱིངས་ལས་མ་འདས་པ་མཚོན་བྱེད་ས་གཞི་ལྗང་གུའི་སྟེང་དུ་གཞལ་ཡས་ཁང་རྟ་བབ་བཞི་པའམ་སྒོ་རྐྱང་གི་དབུས་སུ་ཆོས་འབྱུང་བསྣོལ་མ་གདན་ཐབས་མཐིང་ནག་ཁ་ཁྱེར་སྔོ་སྐྱ་ཅན་གྱི་མཐའ་བསྐོར་དུ་དུར་ཁྲོད་བརྒྱད་དང་པདྨ་རྭ་བ་སྲུང་འཁོར་མེ་རིས་བསྐོར་བའི་དབུས་སུ་སྣ་ཚོགས་པདྨ་འདབ་བཞིའི་ལྟེ་བར་པད་ཉི་བཾ་རོའི་སྟེང་དུ། སྲིད་པའི་ཀུན་འབྱུང་ལས་ཉོན་སྡུག་བསྔལ་གྱི་རྟེན་ཚོགས་དྲུག་དག་པ་དོན་གྱི་བཞུགས་ཚུལ་ཡེ་ཤེས་མཁའ་འགྲོ་དྲུག་གི་དཀྱིལ་འཁོར་དུ་གདོད་ནས་གནས་པའི་སྣང་ཆ་འབུམ་ཕྲག་མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་སྟོབས་ལྡན་མའི་རྣམ་པར་བཞེངས་པའི་འཁོར་དུ་ཚོགས་དྲུག་དག་པའི་འཁོར་གྱི་ཌཱ་ཀི་དྲུག་དང་བཅས་པའི་ཞལ་ཞི་མ་ཁྲོ་ཕྱག་མཚན་རྒྱན་ཆས་ཡོངས་སུ་རྫོགས་པ་འཇའ་འོད་མེ་དཔུང་གི་དབུས་ན་བཞུགས་པ་བསྐྱེད་ཆོག་གཞུང་ལྟར་གསལ་བ། ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་དང༌། མཁའ་འགྲོའི་ལས་བྱང་ལྟོ་སྦྱར་བའི་ལས་རིམ་རྫོགས་པར་བཏང་ལ་སྤྱི་ལྟར་གསལ་སྣང་ལེགས་པར་བསྒྲུབ། དེས་སྐྱོ་བའམ། བོགས་འབྱིན་གྱི་སླད་དུ་གསུང་བཟླས་པའི་བསྙེན་སྒྲུབ་ལས་གསུམ་བྱ་བ་ནི། རང་ཉིད་བདེ་བའི་སྟོབས་ལྡན་མའི༔ ཐུགས་ཀར་ཙིཏྟ་རིན་པོ་ཆེ༔ ཟུར་དྲུག་མཆོང་གུར་ལྟ་བུའི་དབུས༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང༔ བཾ་ཡིག་མར་མེ་ལྟར་འབར་བའི༔ ནཱ་ད་ལས་ནི་སྔགས་ཀྱི་ཕྲེང༔ མགལ་མེ་ལྟ་བུར་འཁོར་བ་ཡིས༔ བདེ་ཆེན་རྩོལ་མེད་སྐྱེ་བར་བསམ༔ ཞེས་པ་ལྟར། ཐུགས་རིན་པོ་ཆེ་ཟུར་དྲུག་སྨུག་པོའི་དབུས་སུ་ཉི་ཟླའི་གྭའུའི་ནང་བཾ་ཡིག་མཐིང་ནག་གི་ནཱ་ད་ལས་བྱུང་བའི་སྔགས་ཕྲེང་སྤྲོས་ཏེ་མདུན་ནས་ཞལ་ནང་བསྟན་གྱི་གཡས་སུ་འཁོད་པ་ལ་གཡོན་དུ་མགལ་མེ་ལྟར་འཁོར་བའི་འོད་ཀྱིས་ལུས་ཀྱི་ནང་གང༌། མུན་ཁང་དུ་སྒྲོན་མེ་བཏེགས་པ་ལྟར་ལས་ཉོན་གྱི་སྒྲིབ་པ་སངས་ཀྱིས་བསལ། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་མོས་ལ་འགོག་བཟླས་བྱ་བར་གསུངས། གྲངས་བསྙེན་སྔགས་འབུམ་ཕྲག་བཞི་བཟླ། མཁའ་འགྲོའི་ཐུགས་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བའི་དབུས་སུ་ཆོས་འབྱུང་བསྣོལ་མའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་བཾ་གྱིས་མཚན་པའི་ཆོས་འབྱུང་གི་ཟུར་དྲུག་ལ་ངོ་བོ་ལྷ་ལ་རྣམ་པ་ས་བོན། དོན་དམ་ཚོགས་དྲུག་དག་པའི་ཡེ་ཤེས་དྲུག་གི་བདག་ཉིད་ཅན་གྱི་སྔགས་ཀྱི་རང་སྒྲ་སྒྲོགས་པས་རབ་འབྱམས་ཕྱོགས་དུས་ཀྱི་ཞིང་གི་མཁའ་འགྲོ་འབུམ་ཕྲག་ཡངས་པའི་ཆོམ་བུ་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པས་མཉེས་ཤིང་ཐུགས་རྒྱུད་བསྐུལ་ཏེ་བདུད་རྩིའི་རྣམ་པར་ཞུ་བ་ཆར་དུ་བབ་པ་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ནས་སྒྲུབ་པའི་སྔགས་ཁྲི་ཕྲག་བཞི་བཟླ། སྒྲུབ་རྟེན་ཐོད་པའི་མདུན་དུ་བྷཉྫ་མཚན་ལྡན་བདུད་རྩིའི་རིལ་བུའམ་ཆོས་སྨན་དང༌། དར་སྣ་རིན་ཆེན་འབྲུ་སྨན་གྱིས་བཀང་བ་དར་དམར་གྱིས་བཀབ་པ་གསར་དུ་བཤམས་ལ། བསྙེན་སྒྲུབ་ཀྱི་བཟླས་པ་གྲུབ་པའི་རྗེས། རང་མདུན་དུར་ཁྲོད་འཇིགས་པའི་དབུས༔ ཀེང་རུས་བརྩེགས་པའི་སོགས་ནས། དངོས་གྲུབ་ཀུན་གྱི་དབྱིག་ཏུ་བསམ༔ ཨོཾ་བཛྲ་ཧཱ་ན་དྷ་ཧཱ་ན་ད་ཧ་ན་སིདྡྷི་ཧཱུྃ༔ ཞེས་ལས་སྦྱོར་གྱི་སྔགས་ཁྲི་གཅིག་གྲངས་ཚད་དུ་གསུངས། རྟག་མཚན་འགྱངས་ན། སརྦ་སིདྡྷི་ཧྲཱིཾཿཧྲཱིཾཿཕེཾ་ཕེཾ་སྡུས་སྡུས་ཝཱ་ཤཾ་ཀུ་རུ་ཛཿཧཱུྃ་བྃ་ཧོཿ ལས་སྦྱོར་གྱི་ཤམ་བུར་འདི་བཏགས་ཏེ་བཟླ་བར་བྱའོ། །གང་ལྟར་ཡང༌། བསྙེན་སྒྲུབ་གྲུབ་ནས་དངོས་གྲུབ་བླངས་བ་གཏང་རག་སོགས་སྤྱིར་ལྟར་དང༌། རྟེན་རྣམས་འབྲལ་མེད་དུ་འཆང་བར་བྱའོ། ༈ གསུམ་པ་ཐུགས་འོད་གསལ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ནི། གསང་དཀྱིལ་སེམས་ལ་འགོད་པ་ནི༔ མཚན་མེད་ཟབ་མོའི་རྫོགས་རིམ་སྟེ༔ ཐུན་དང་ཐུན་མཚམས་ཐམས་ཅད་དུ༔ སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ནས༔ ཞེས་གསུངས་པ་ལྟར། རྫོགས་རིམ་རླུང་སེམས་གཉིས་མེད་ནི། གསང་བ་ངེས་དོན་གྱི་མཁའ་འགྲོའི་དཀྱིལ་འཁོར་སེམས་ཀྱི་བདག་ཉིད་དུ་གདོད་ནས་བཞུགས་པའི་གནས་ལུགས་ཉམས་སུ་ལེན་པ་ལ་དངོས་གཞིའི་ཉམས་རྟོགས་སྐྱེ་བ་སྔོན་འགྲོ་མཐར་ཕྱིན་པ་གལ་ཆེ་བས་ན་སྔོན་འགྲོ་བསགས་སྦྱངས་རྣམས་ནང་སྐོར་གྱི་ཐོག་མའི་སྐབས་ལྟར་ཅི་ནུས་སུ་ཉམས་སུ་ལེན་པ་དང༌། ཁྱད་པར་ངེས་འབྱུང་དང་དད་མོས་བརྩོན་འགྲུས་དྲན་ཤེས་ཀྱི་གསལ་འདེབས་གཤའ་མ་རྣམས་དང༌། དངོས་གཞིའི་ཉམས་ལེན་གཉིས། གཅིག་གྲོགས་གཅིག་གིས་བྱ་བ་ནི། འདི་ཙམ་དུ་མ་ཟད་གོང་འོག་ཐམས་ཅད་དུ་ཤེས་པར་བྱ་དགོས་ཤིང༌། དངོས་གཞི་མཁའ་འགྲོའི་བསྐྱེད་བཟླས་ཁྱུག་ཙམ་སྔོན་དུ་བཏང་སྟེ། བདེ་བའི་སྟན་ལ་ལུས་གནད་བསྲང༔ རླུང་རོ་བསལ་ཞིང་འོག་གི་རླུང༔ ཡིད་ཙམ་འཐེན་ལ་ལྟེ་བར་བསྐྱིལ༔ ལུས་སེམས་བདེ་བས་ཁྱབ་པར་བསམ༔ ཞེས་གསུངས་པ་ལྟར། སྟན་བདེ་བ་ལ་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས་ལུས་གནད་དྲང་པོར་བསྲང་ལ་རླུང་རོ་སུམ་ཕྲུགས་སུ་བསལ། འོག་རླུང་ཡིད་ཙམ་འཐེན་ལ་ལྟེ་བར་བསྐྱིལ་བས་ལུས་སེམས་ཐམས་ཅད་བདེ་ཉམས་ཀྱིས་ཁྱབ་པར་དམིགས། དབང་པོའི་སྒོ་རྣམས་ནང་དུ་མི་བསྡུ་ཞིང་ཁྱད་པར་མིག་མི་འགུལ་བར། བར་སྣང་དུ་ཧ་རེར་གཏོད། རིག་པ་མིག་ལ་གཏད་པས་ངར་ཐོན་ཏེ་གསལ་སྟོང་བརྗོད་མེད་ཀྱི་ཉམས་སྐྱེས་པའི་ངང་བསྐྱངས། བདེ་གསལ་གྱི་ཉམས་དེས་དྲངས་པའི་རང་སེམས་གཉུག་མའི་གཤིས་ལུགས་རྣམ་རྟོག་གིས་མ་དཀྲུགས་པའི་ཆོས་ཉིད་རྗེན་པ་རྟོག་བྲལ་བསམ་འདས་ཆེན་པོའི་ཉམས་མྱོང་སྐྱེས་པའི་རང་ངོ་སྐྱོང༌། མདོར་ན་ཕྱི་གཙོ་འཁོར་གྱི་རྣམ་པར་སྣང་བའི་མཁའ་འགྲོའི་དཀྱིལ་འཁོར་རྣམས་ནང་རང་རིག་བདེ་གསལ་མི་རྟོག་པའི་ཡེ་ཤེས་གཅིག་གི་ཆོ་འཕྲུལ་ལས་གཞན་དུ་མེད་པར་ལ་བཟླས་པས་དོན་གྱི་ཡེ་ཤེས་རླུང་སེམས་རྩོལ་མེད་ཀྱི་བྱེད་པས་རྒྱུད་ལ་འདྲེན་པ་ཟབ་མྱུར་ཉམས་ལེན་བདེ་བའི་རྫོགས་རིམ་རྣོ་ཁྱད་ཅན་ཐུན་མིན་ཏེ་ཐུན་དངོས་གཞི་དང་ཐུན་མཚམས་ཐམས་ཅད་ཀྱི་སྐབས་སུ་ཉམས་ལེན་ཅི་ནུས་སུ་འབད་པ་གལ་ཆེ་ཞིང༌། དེར་མ་ཟད་ལྷན་སྐྱེས་དོན་གྱི་ཡེ་ཤེས་དངོས་རྒྱུད་ལ་འདྲེན་པ་ལ་སྔགས་ལམ་གྱི་ཐབས་ཐམས་ཅད་ལས་ཟབ་ཤོས་སྟོང་ཉིད་ཤེས་རབ་ཀྱི་ནུས་པ་ཡིན་ལ། རྟེན་འབྲེལ་དེའི་དབང་གིས་མཁའ་འགྲོའི་བསྐྱེད་རྫོགས་ཟབ་མོ་འདི་ལྟ་བུ་ནི། ལམ་འདི་ཉམས་སུ་ལེན་པའི་བོགས་འབྱིན་དུ་མེད་དུ་མི་རུང་བ་ཡིན་ཕྱིར་ལྷག་པར་ཉམས་སུ་ལེན་པ་གལ་ཆེའོ། །རྩ་བའི་གཉིས་པ་རྫོགས་པའི་རིམ་པ་ལ། སྔོན་འགྲོའི་ཁྲིད་ཀྱི་བྱིན་རླབས་བརྡ་བཞི་བསྟན་པ། དངོས་གཞི་བརྡ་བཞིའི་སྒོམ་ཚུལ་བསྟན་པ། རྗེས་འབྲེལ་ཤན་འབྱེད། ནམ་མཁའི་སྒོ་འབྱེད་དོ། །དང་པོ་ནི། མདོ་བྱང་ལས། ཁྲིད་ཀྱི་བྱིན་རླབས་བརྡ་བཞི་བསྟན་པ་དང༔ སོགས་ཀྱིས་གསལ་བ་ལྟར་ལོ་ཆེན་བཻ་རོས་སྤང་མི་ཕམ་མགོན་པོ་དང༌། གཡུ་སྒྲ་ལ་རུ་དམ་ཕ་བང་ནག་པོའི་སྟེང་ནས་གནང་བ་མཚོ་རྒྱལ་གྱི་གཏེར་རྒྱས་གདམས་པ་གསུངས་པ་ལོ་རྒྱུས་སྙིང་གི་ཏི་ཀ་རུའང་ཟུར་ཙམ་གསལ་བ་ལྟར། འཕྲོ་ལུས། ༈ གསུམ་པ་གསང་སྐོར་མན་ངག་སྡེའི་སྐོར་གྱི་ཁྲིད་ལ། ལོ་རྒྱུས་ལས། དངོས་གཞི་ཁྲིད་གསུམ་གྱིས་གྲོལ་ཞིང༔ ཞེས་གསུངས་པ་ལྟར་འཆད་པ་ལ། གསང་སྐོར་ཁྲིད་ཀྱི་རིམ་པ་ལས། གསང་སྐོར་ཁྲིད་ཀྱི་རིམ་པ་ནི༔ གཞི་ལམ་འབྲས་བུའི་བསྟན་པའོ༔ ཞེས་གསུངས་པ་ལྟར་གཞི་གདོད་མའི་གནས་ལུགས། དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ལམ། མཐར་ཕྱིན་འབྲས་བུའི་ས་བཤད་པའོ། །དང་པོ་ལའང་གཉིས། འཁྲུལ་གྲོལ་གྱི་གཞི་དང༌། གྲོལ་གཞི་དངོས་ཀྱི་དཔེ་དོན་བཤད་པའོ། །དང་པོ་ནི། དང་པོ་ནམ་མཁའ་ལྟ་བུའི་སེམས༔ རིག་དང་མ་རིག་འཁོར་འདས་ཀྱི༔ ས་མཚམས་གྲིབ་སོ་ཙམ་ལས་མེད༔ ཅེས་པ་སྟེ། །འཁོར་འདས་གང་དུ་ཡང་མ་ཕྱེ་པའི་དང་པོ་ཆོས་ཉིད་ཅིར་ཡང་མ་ཡིན་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་པ། རང་གདངས་གསལ་ལ་འགྲིབ་པ་མེད་པ། སྟོང་ལ་གོ་འབྱེད་པ། རིག་ལ་འཆར་བའི་གཞིར་གྱུར་པ། དབྱིངས་སུ་གནས་ལ་ཕྱིར་མ་འཕྲོས་པ། སྣང་བར་གསལ་ཡང་ངང་ལས་མི་གཡོ་བ། རིག་པར་གནས་ལ་རྟོག་པར་མ་འགྱུས་པ་ནི། གཞོན་ནུ་བུམ་པའི་སྐུ་ཀ་དག་ཆེན་པོ་ཞེས་བྱ་བ་ནམ་མཁའ་ལྟ་བུའི་ཆོས་ཉིད་དེ། དེའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་ཆོས་རྣམས་སོ་སོ་མ་ཡིན་ཐ་དད་དུ་མི་གནས་པ་ཆུའི་དབྱིངས་ན་གཟུགས་བརྙན་ལྟར་བཞུགས་ལ་དེ་ནི་ཆོས་ཉིད་དག་པའི་ཡེ་གདངས་ཞེས་བྱ་ཞིང༌། རྟོག་དཔྱོད་འཆར་བའི་འཁྲུལ་གཞི་དང༌། རང་རིག་པའི་གྲོལ་གཞི་གཉིས་འཆར་རུང་དུ་ཡོད་པ་ལ་ཡེ་ཤེས་ཀྱི་རྩལ་གཡོས་པས་ཕྱིར་གསལ་དུ་ཤར་ནས། འོད་ལྔ་ལྷུན་གྲུབ་ཀྱི་གདངས་འཇའ་ཚོན་ལྟ་བུ་དང༌། ལོངས་སྐུའི་ཞི་ཁྲོའི་དཀྱིལ་འཁོར། རང་བཞིན་སྤྲུལ་པའི་ཞིང་ལྔ། འགྲོ་དྲུག་གི་འཇིག་རྟེན། ཐུབ་པ་དྲུག་དང་བཅས་པ་སྟེ། འོད་སྐུ་ཟེར་དུ་ཤར་བ་འཁོར་འདས་ཕྱོགས་རིས་མེད། གང་ལའང་རྣམ་པར་མི་རྟོག་པའི་གཞི་སྣང་ཆེན་པོ་རིག་པའི་ཆོ་འཕྲུལ་དུ་ཤར་བའི་ཚེ། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དབྱིངས་ནས་ཡེ་ཤེས་སྐད་ཅིག་དང་པོ་ཉུག་ཙམ་སྣང་བར་ཤར་དུས། རང་སྣང་དུ་ཧྲིག་གིས་རིག་པས་ལུས་དང་གྲིབ་མ་བཞིན་གྲོལ་འཁྲུལ་གྱི་བྱེ་བྲག་ཕྱེད་དེ་གཞི་སྣང་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཉིད་ནང་གསལ་དུ་ཐིམ་ནས། མ་རིག་པའི་སྒྲིབ་པ་ཝལ་གྱིས་བསལ་ནས། གདོད་མའི་དབྱིངས་སུ་འཕོ་འགྱུར་མེད་པར་ཁྱད་ཆོས་དྲུག་གིས་གྲོལ་བ་སྟེ། ལུང་སྟོན་བྱེད་ཀྱི་སློབ་དཔོན་མེད་པར་རང་བྱུང་གི་སངས་རྒྱས་ལ་ལུང་ལས་མ་བྱུང་བའི་མན་ངག་མངའ། གཟུང་འཛིན་ཀུན་བརྟགས་ཀྱི་ཡེ་ཤེས་ཟད་སར་འཁྱོལ་བས་ཡེ་ཤེས་ཉིད་རང་གསལ་བའི་རང་རིག་ཚོགས་གཉིས་ཀྱི་རྒྱུ་རྐྱེན་གཞན་གྱིས་བསྐྱེད་པ་མེད་པས་ཡེ་གྲོལ་གྱི་འབྲས་བུ་མཐར་ཕྱིན་པ། བཞིན་དང་མེ་ལོང་གི་གཟུགས་ལྟར་འོད་གསལ་རང་སྣང་རིག་པ་ཉིད་དེ་ལྟར་སྣང་བས་རང་ཤར། འཁྲུལ་མེད་ཡེ་ཡིན་ཆེན་པོ་རྟོགས་པས་རང་གྲོལ་དུ་གྱུར་མ་ཐག་དབྱིངས་ནས་ཤར་བའི་སྣང་བ་ལུང་མ་བསྟན་གྲོལ་འཁྲུལ་གྱི་གཞི་ཅན་ཉིད། རང་སྣང་རིག་གདངས་སུ་ཐག་ཆོད་དེ་ངོ་ཤེས་པའི་རིག་པས་ལྷན་སྐྱེས་ཀྱི་མ་རིག་པ་བཅོམ། རིག་པ་རྒྱུན་ཆད་མེད་པས་བདག་ཉིད་གཅིག་པའི་མ་རིག་པ་བཅོམ། རང་སྣང་ལ་གཟུང་འཛིན་མེད་པས་ཀུན་བརྟགས་ཀྱི་མ་རིག་པ་བཅོམ། དེའི་ཚེ་གདོད་མའི་ངང་ལས་ཡུད་ཙམ་སྣང་ཞིང་གཡོས་ཀྱང་དེ་མ་ཐག་རང་རིག་པས་བཙན་ས་ཟིན་ཏེ་རིག་མཁན་ཉིད་ཀྱང་གྲོལ་ནས་རིག་དང་རིག་གདངས་ཤན་ཕྱེ་ནས་འཕོ་འགྱུར་མེད་པའི་ངང་ནས། གཞན་དོན་ལྷུན་གྲུབ་ཏུ་ཐུགས་རྗེ་དང་ཕྲིན་ལས། བྱིན་རླབས་ཀྱི་ཆོ་འཕྲུལ། གདུལ་བྱ་མོས་པའི་རང་སྣང་དུ་འབད་རྩོལ་མེད་པར་རང་བྱུང་བའོ། །ཁམས་གསུམ་སེམས་ཅན་རྣམས་དབྱིངས་སྣང་སྐད་ཅིག་མ་རང་སྣང་དུ་ངོ་མ་ཤེས་པས་འཁྲུལ་པ་རྨི་ལམ་གྱི་འཇིགས་སྣང་ལྟར་ཇེ་རགས་སུ་སོང་སྟེ་རྒྱུའི་རྐྱེན་མི་རྟོག་པའི་ཆ་ངོ་མ་ཤེས་པ་བདག་ཉིད་གཅིག་པའི་མ་རིག་པ་གཞི་ལ་མེད་ཀྱང་ངེས་པ་མེད་པའི་ལྷུན་གྲུབ་ཀྱི་སྣང་བ་ལ་ཡེ་ལྡན་གྱི་ཚུལ། རང་བཞིན་འོད་གསལ་རང་ངོ་མ་ཤེས་པའི་ལྷན་སྐྱེས་མ་རིག་པ་སྒོ་གཉིས་ཤར་བ་དང་དུས་མཉམ་གྱི་ཚུལ། ཐུགས་རྗེ་རང་རིག་ཏུ་ཤེས་པས་གཞན་དུ་བཟུང་བ་ཀུན་བརྟག་མ་རིག་གཟུང་འཛིན་རགས་པར་ཤར་བ་ཕྱིས་བྱུང་གི་ཚུལ་དུ་རྒྱས་པས། བདག་པོའི་རྐྱེན་རིག་པ། དམིགས་པའི་རྐྱེན་སྣང་བ། དེ་མ་ཐག་པའི་རྐྱེན་དེ་གསུམ་དུས་མཚུངས་སུ་ཚོགས་པ། འོད་ལྔ་ཡུལ་གྱི་འཁྲུལ་གཞི། རིག་པ་སེམས་ཀྱི་འཁྲུལ་གཞིར་གྱུར་ནས། གཟུགས་མེད། གཟུགས་ཁམས། འདོད་ཁམས་ཀྱི་གནས། འགྲོ་དྲུག་གི་གནས་དོན་ལུས་སུ་སྣང་བ་སྟེ་བདེ་སྡུག་གི་འཁྲུལ་སྣང་མཐའ་ཡས་པ་ལ་སྤྱོད་པ་སྟེ། དེས་ན་འཁོར་འདས་གཉིས་གཅིག་ཆར་རིག་པ་གཅིག་གི་ཆོས་ཉིད་དང་རང་གདངས་ལས་གཞན་དུ་མེད་ཀྱང་རང་ངོ་རིག་མ་རིག་གི་གནད་ལ་བརྟེན་ནས་གྲོལ་འཁྲུལ་གཉིས་བྱུང་བ་སྣང་མུན་གྱི་གྲིབ་སོ་ཙམ་ལས་མེད་པས་ལམ་ཁྲེགས་ཆོད་དང་ཐོད་རྒལ་གྱི་གནད་མངོན་དུ་བྱས་ཏེ་བསྣུན་པས། ཡིན་ལུགས་ཇི་བཞིན་མངོན་དུ་གྱུར་ནས་རིག་གདངས་གློ་བུར་གྱི་འཁྲུལ་པ་རང་སངས་ཏེ། དབང་རྣོན་ཚེ་འདིར་གྲོལ་ནུས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཉིས་པ་གྲོལ་གཞི་དངོས་ཀྱི་དཔེ་དོན་བཤད་པ་ལ། རྒྱལ་བུ་དམངས་སུ་བབས་པ་ན༔ བློན་པོས་ངོ་ཤེས་དབང་བསྐུར་ཚེ༔ རྒྱལ་པོས་ཁམས་གསུམ་དབང་དུ་སྡུད༔ དེ་བཞིན་རང་རིག་བྱང་ཆུབ་སེམས༔ དེ་ཡི་མཚན་ཉིད་བསྟན་པར་བྱ༔ ཞེས་པ་སྟེ་དཔེར་ན་འཁོར་ལོ་བསྒྱུར་བའི་རྒྱལ་རིགས་ཀྱི་ཁྱེའུ་དྭ་ཕྲུག་ཏུ་གྱུར་བས་རྐང་འཁྱམས་ནས་དམངས་བབས་ཏེ་ཡུལ་ཀུན་ཏུ་འཁྱར་བ་ན་བློན་པོ་ཆེན་པོ་ཞིག་གིས་དེའི་གནས་ཚུལ་ངོ་ཤེས་ཏེ་རྩད་བཅད་ནས་ཕ་ཡི་རྒྱལ་སར་དབང་བསྐུར་ཏེ་མངའ་གསོལ་བའི་ཚེ་དེས་ཀྱང་རིགས་དང་མཐུན་པའི་ལས་བརྩམས་ནས་རྒྱལ་སྲིད་བཟུང་ཞིང་བསྐྱངས་བས་ཐབས་དང་སྟོབས་ཀྱིས་ཁམས་གསུམ་གྱི་ཁྱོན་ན་གནས་པའི་ཆེ་རྒུ་འཁོར་དང་བཅས་པ་རང་གི་མངའ་འོག་ཏུ་བསྡུས་ནས་བྲན་བཞིན་བཀོལ་ཏེ་འབངས་ཀྱང་བདེ་ལ་བཀོད་ཅིང་རྒྱལ་པོའི་མངའ་ཐང་ཡང་རྒྱས་པར་གྱུར་བ་བཞིན། རང་ལ་ཡེ་ནས་གནས་པའི་རིག་སྟོང་འོད་གསལ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་རང་དང་འདུ་འབྲལ་མེད་པར་བཞུགས་ཀྱང་རང་གདངས་རང་སྣང་དུ་ངོ་མ་ཤེས་ཏེ་འཁྲུལ་སྣང་རང་རྒྱུད་དུ་སྤྱོད་པས་འཁོར་བར་ཁ་ཕྱིར་བལྟས་ཀྱིས་འཁྱམས་པའི་ཚེ་ཀུན་བྱེད་བྱང་ཆུབ་སེམས་དེ་ཡི་མཚན་ཉིད་དོན་གྱི་གནས་ལུགས་མ་ནོར་བའི་གནད་གསང་བླ་མའི་མན་ངག་གིས་མཐའ་བསྟན་ཏེ་ཉམས་སུ་བླང་བས་འཁྲུལ་པ་གཞི་ལ་དག་ནས་སྐུ་གསུམ་ཡེ་གནས་ཆེན་པོའི་དགོངས་པ་མངོན་དུ་གྱུར་པས་གྲོལ་ཏེ་ཕྱིར་མི་ལྡོག་པའི་བཙན་ས་ཟིན་པའི་ཐབས་ཀྱི་གསེང་ལམ་མཐར་ཐུག་ཏུ་ངེས་པས་ན་བསྐལ་བཟང་དག་གིས་ཉམས་ལེན་གྱི་སྙིང་པོར་བྱ་འོས་སོ། །སྤྱིར་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་ལམ་གནད་ཐམས་ཅད་གཞི་དང་གཞི་སྣང་གི་གྲོལ་འཁྲུལ་གྱི་ཤན་འབྱེད་འདི་ཤིན་ཏུ་གལ་ཆེ་ཞེས་ཡང་ཡང་གསུངས་བས་འདིར་ཡང་ཅུང་ཟད་སྤྲོས་ཏེ་བཤད་པའོ། །གཉིས་པ་དེ་ཉིད་མངོན་དུ་བྱེད་པའི་ལམ་བཤད་པ་ལ། ལྟ་བ། སྒོམ་པ། སྤྱོད་པ་ལམ་དུ་བྱེད་པའོ། །དང་པོ་ལྟ་བ་ལམ་དུ་བྱེད་ཚུལ་ནི། གསལ་ཞིང་རྙོགས་པ་མེད་པ་ལ༔ རིག་པ་རང་བྱུང་སྟོང་པའི་ངང༔ གསལ་སྟོང་དབྱེར་མེད་རྒྱུན་ཆད་བྲལ༔ འགྱུར་བ་མེད་ཅིང་ཀུན་ཏུ་རྟོག༔ འདི་ཡིན་མེད་པ་ངོས་བཟུང་བྲལ༔ འོན་ཀྱང་མྱོང་བ་ཅན་གྱི་གདངས༔ ངེས་པ་ཅན་དུ་གནས་པའོ༔ །ཞེས་པ་སྟེ། གཏན་ལ་དབབ་བྱ་རིག་པའི་རང་བཞིན་འོད་དུ་གསལ་བས་འཁོར་འདས་སྣ་ཚོགས་སུ་སྣང་བར་གྱུར་ཀྱང་གྲོལ་འཁྲུལ་གང་གི་སྐབས་སུ་ཡང་རང་གི་ངོ་བོ་ཀ་དག་ཡེ་གྲོལ་ཆེན་པོའི་གཤིས་ལུགས་ལ་ནི་ཉོན་མོངས་དང་འཁྲུལ་པས་རྙོགས་ཏེ་སྒྲིབ་པར་གྱུར་བ་མེད་ཅིང༌། ཐུགས་རྗེ་ཀུན་ཁྱབ་ཀྱི་རང་གདངས་འགག་མེད་ཅིར་ཡང་འཆར་བའི་ཕུག་དེད་ན་ཆོས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་ལས་མ་འདས་པའི་ཕྱིར། འཁྲུལ་རྟོག་སེམས་ཀྱི་བྱུང་ཚོད་ཐམས་ཅད་རྩད་བཅད་པས་རང་བྱུང་རིག་པའི་རྩལ་ལས་བྱུང་ཞིང་གནས་པ་ལྟར་སྣང་ཡང་དོན་ལ་བྱུང་གནས་ཀྱི་དུས་ཉིད་ནས་སྟོང་པའི་ངང་ལས་མ་འདས་པས། སྐྱེ་མེད་ཆོས་སྐུ། གནས་མེད་ལོངས་སྐུ། འགག་མེད་སྤྲུལ་སྐུ་སྟེ་ཡེ་ཤེས་གསུམ་ལྡན་གྱི་གནས་ལུགས་མྱོང་བས་གཏན་ལ་ཕབ་ནས། འོད་གསལ་ལྷུན་གྲུབ་དང་ཀ་དག་སྟོང་ཉིད་ཀྱི་དབྱིངས་ལས་ནམ་ཡང་འདུ་འབྲལ་མེད་པའམ། དབྱེར་མེད་པའི་ཡིན་ལུགས་ལ་རང་བཞིན་བབ་ཀྱི་དྲན་པས་ངོས་ཟིན་པར་བྱས་ཏེ་མྱོང་བས་འཕྲོ་གནས་གང་གི་སྐབས་སུ་ཐ་མལ་དུ་མ་འཁྲུལ་པས་རིག་པའི་ངོ་བོ་རྒྱུན་ཆད་མེད་པར་འཆར་ཞིང༌། རིག་རྩལ་སེམས་ཀྱི་འཕྲོ་འདུ་ཇི་ལྟར་བྱུང་ཡང་དགག་སྒྲུབ་མེད་པའི་གཤིས་ལ་བཞག་པས་རྩལ་རང་ཐིམ་སོང་ནས་ངོ་བོ་གཤིས་ལུགས་ལ་མཉམ་རྗེས་གང་གི་སྐབས་སུ་ཡང་འཕོ་འགྱུར་བྲི་གང་མེད་ཅིང་དུས་ཀུན་རྟག་པ་དམ་པའི་བདག་ཉིད་ཆེན་པོ་སྟེ་ཡིད་དཔྱོད་བློ་ཡི་སྤྱོད་ཡུལ་ལས་འདས་ཀྱང་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བས་དངོས་པོ་དང༌། མཚན་མའི་ཆོས་ཀྱིས་འདི་ཡིན་གྱི་གཏད་སོ་མེད་པས་སྣང་སྟོང་ཕྱོགས་རེའི་མཚན་རྟོག་གི་ངོས་བཟུང་ཐམས་ཅད་བྲལ་ཞིང༌། འོན་ཀྱང་བེམ་ཆོས་དང་ཐ་མལ་དུ་ཡེངས་ལ་ཕྱལ་བར་ཤོར་བ། མི་རྟོག་ལུང་མ་བསྟན་མ་ཡིན་པ་སོ་སོ་རང་རིག་གི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བའི་སྤྱོད་ཡུལ་ཅན་གྱི་བདག་ཉིད་ངོ་ཤེས་ནང་ནས་སྐྱེས་པས་ཐེ་ཚོམ་གྱི་སྨག་དང་བྲལ་བའི་ངེས་པ་ཅན་ཀུན་གཞི་ལུང་མ་བསྟན། ཀུན་གཞིའི་རྣམ་ཤེས་གསལ་རིག་གི་ཆ་ལས་འདས་པའི་ཚུལ་དུ་རྟོགས་པ་སྟེ། ཁ་ཕྱིར་བལྟས་ཐོས་བསམ་གྱི་རིགས་པས་དཔྱད་པའི་ལྟ་བ་གཏན་ལ་ཕབ་པ་ལྟ་བུ་མ་ཡིན་པ་དོན་གྱི་ཡིན་ལུགས་ནང་གི་ཉམས་མྱོང་གིས་ངོ་སྤྲད་པས་མིང་ལྟ་བར་བཏགས་ཀྱང་དོན་སྒོམ་པ་ཡིན་པས་འཁྲུལ་པའི་འཕྲུལ་འཁོར་བཤིག་པ་ལ་ཆེས་ཟབ་པའོ། །གཉིས་པ་སྒོམ་པ་བཤད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་ཉམས་ལེན་བཤད་པའོ། །དང་པོ་ནི། དེ་ཉིད་མཐོང་བར་བྱེད་པའི་ལམ༔ རྒྱུད་སྦྱང་ཚོགས་བསག་སྡོམ་པ་བླང༔ ཞེས་པ་སྟེ། དངོས་གཞི་ཉམས་ལེན་ཚུལ་བཞིན་རྒྱུད་ལ་སྐྱེ་བ་ལ་སྔོན་འགྲོའི་བསགས་སྦྱང་གིས་རྒྱུད་དུལ་བ་ཤིན་ཏུ་གཅེས་པའི་ཕྱིར་ངེས་འབྱུང་གི་བློ་བསྐྱེད་པས། ཐར་པའི་གནས་སུ་བློ་བཀོལ་བ་དང༌། ལམ་དེ་སྒྲུབ་པའི་རྟེན་རྙེད་པར་དཀའ་ཞིང༌། མི་རྟག་པས་བརྩོན་འགྲུས་བསྐུལ་ཏེ། རྒྱུ་འབྲས་ཡིད་ཆེས་ཀྱི་ལྟ་བས་གཞི་བཟུང་ནས། ལམ་གྱི་སྒོ་འབྱེད་སྐྱབས་འགྲོ། ལམ་གྱི་སྲོག་རྩ་སེམས་བསྐྱེད། ལམ་གྱི་གེགས་སེལ་རྡོར་སེམས། ལམ་གྱི་བོགས་འབྱིན་ཚོགས་བསགས། ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་རྣམས་ལ་བརྩོན་པས་མཐར་བསྐྱལ་ཞིང༌། རྒྱུད་དྲན་ཤེས་དང་མ་བྲལ་བའི་སྡོམ་ལྡན་དུ་སྒྲུབ་པར་བྱའོ། ༈ གཉིས་པ་དངོས་གཞིའི་ཉམས་ལེན་ལ། གཞི་དབང་གིས་བཟུང༌། ལམ་བསྐྱེད་རྫོགས་ལ་འབད། འབྲས་བུ་མཐར་ཐུག་ཏུ་ལ་བཟླའོ། །དང་པོ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་དང༔ རབ་ཏུ་སྤྲོས་མེད་དབང་བཞི་ཞུ༔ ཞེས་པའི་བར་ཏེ། སྦྱང་བྱ་དྲི་མ་རགས་པ་ལུས་ངག་ཡིད་གསུམ་ཆ་མཉམ། ཕྲ་བ་རླུང་ཐིག་ལེ་ཡེ་ཤེས་ཀྱི་ཁམས་ལ། སྦྱོང་བྱེད་ལམ་དབང་གི་རིམ་པ་སྤྲོས་བཅས་བུམ་དབང་རྡུལ་ཚོན་ལ་བརྟེན་པ། སྤྲོས་མེད་མཎྜལ་དང་བུམ་པ་ལ་བརྟེན་པ། ཤིན་ཏུ་སྤྲོས་མེད་བརྡ་ལ་བརྟེན་པ། རབ་ཏུ་སྤྲོས་མེད་སེམས་ལ་བརྟེན་ནས་བསྐུར་བས་དཀྱིལ་འཁོར་དང་དབང་བསྐུར་ཚུལ་བཅས་བཞི་རེར་ངེས་པ་དང༌། སྒོམ་པའི་ལམ་ཡང་འོག་ནས་འབྱུང་བ་བཞིན་བསྐྱེད་རྫོགས་རྫོགས་ཆེན་བཞིར་ངེས་པ་དང༌། འབྲས་བུ་ཡང་སྐུ་བཞིའི་གོ་འཕང་ཐོབ་བྱའི་དབང་གིས་བཞིར་ངེས་ཤིང༌། སྤྱིར་གསང་སྔགས་ཀྱི་དབང་ཐམས་ཅད་དོན་གནད་དབང་བཞི་ལས་མི་འདའ་མོད། འདི་ནི་བཞི་པ་ཚིག་གི་དབང་ལ་ནང་གསེས་བཞིར་དབྱེ་བར་གསུངས་པས་མཚན་ཉིད་དང་ལྡན་པའི་བླ་མ་ལས། སྣོད་དང་ལྡན་པའི་སློབ་མས་ཞུ་ཞིང་ལམ་སྦྱང་པ་ལས། དབང་གིས་མ་སྨིན་ན་ཉམས་སུ་ལེན་པ་ལྟ་ཅི། དཔེ་ཙམ་ཡང་བལྟ་བར་མི་དབང་བས་ཐོག་མར་གསང་སྔགས་ཆོས་ཀྱི་སྙིང་པོ་དབང་ལ་ནན་ཏན་དུ་བྱ་དགོས་སོ། ༈ གཉིས་པ་ལམ་བསྐྱེད་རྫོགས་ལ་འབད་པ་ལའང་གཞུང་ལས། སྤྲོས་བཅས་བསྐྱེད་རིམ་སྤྲོས་མེད་དུ༔ རྩ་རླུང་བསྒོམ་ཞིང་ལུས་གནད་བསྣུན༔ ཤིན་ཏུ་སྤྲོས་མེད་བདེ་བ་སྦྱང༔ རབ་ཏུ་སྤྲོས་མེད་དེ་ཉིད་བལྟ༔ ཞེས་པ་ལྟར་རྩ་རླུང་ཞི་ཁྲོ་བསྐྱེད་རིམ། བདེ་དྲོད་མི་རྟོག་པའི་རྫོགས་རིམ་གཉིས་ལས། དང་པོ་ལའང༌། བྱིན་རླབས་ལམ་བྱེད་རིག་འཛིན་བླ་མ་ཡོངས་རྫོགས་ཀྱི་བསྐྱེད་རིམ་དང༌། དངོས་གྲུབ་ལམ་བྱེད་ཡི་དམ་པདྨའི་སྙིང་ཐིག་ཞི་ཁྲོའི་བསྙེན་སྒྲུབ་བྱ་ཚུལ་ལོ། །དང་པོ་ནི། མདོ་བྱང་ལས། མན་ངག་སྐོར་ལ་ཐོག་མར་པདྨ་བདག༔ རྒྱ་གར་ཡུལ་ནས་དཀའ་བ་མང་པོ་ཡིས༔ མཉེས་པ་གསུམ་གྱིས་སློབ་དཔོན་བསྟེན་པ་རྣམས༔ ཐམས་ཅད་ཡེ་ཤེས་སྐུ་ཅན་ཤ་སྟག་སྟེ༔ དེ་དག་སྒྲུབ་པའི་ཚུལ་ནི་འདི་ལྟ་སྟེ༔ བླ་མ་ཡོངས་རྫོགས་སྒོམ་པའི་གསེང་ལམ་ཞེས༔ བྱིན་རླབས་སྤྱི་ལས་ཁྱད་པར་མཚན་དང་ནི༔ སྐུ་ཡི་རྣམ་པས་སྔོན་དུ་སྐུས་དབང་བསྐུར༔ གསུང་ལ་གདམས་པ་ཐུགས་ལ་རྡོ་རྗེའི་གླུ༔ དགོངས་པའི་ཉམས་སྐྱོང་བཞི་ཡིས་རྫོགས་པ་ལ༔ དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས་བྱའོ༔ ཞེས་པ་ལྟར། རིག་འཛིན་བླ་མའི་འོད་གསལ་ཡེ་ཤེས་ཀྱི་སྐུ་ཅན་བརྟན་གཡོ་སྲིད་ཞི་ཀུན་ཁྱབ་རྡུལ་དང་དངོས་པོའི་ཆོས་ལས་འདས་ཀྱང་སྣང་སྟོང་མཁའ་ཁྱབ་མཁའི་རྡོ་རྗེ་སྒྱུ་མ་དང་འཇའ་ཚོན་ལྟར་ཤར་བ་མཚོན་བྱེད་སྐུ་འབག་གི་རྣམ་པས་བསྐུར་བ་བུམ་དབང༌། དོན་གྱི་དགོངས་པ་བསམ་གྱིས་མི་ཁྱབ་པའི་དབྱིངས་རང་བྱུང་རྡོ་རྗེ་གསང་བའི་ཚིག་ཏུ་ཤར་བ་གྲོལ་བ་དྲུག་གི་བདག་ཉིད་ཅན་གསུང་རྡོ་རྗེའི་ནཱ་དའི་གླུས་ངོ་སྤྲོད་པ་གསང་དབང༌། ཐུགས་ཟབ་ཞི་ཡེ་ཤེས་ཀྱི་དགོངས་པའི་རྩལ་རྡོ་རྗེའི་གླུ་དོན་ལ་སློབ་མས་ཀྱང་མཉམ་པར་བཞག་པས་བྱིན་རླབས་འཕོས་པ་ཤེར་དབང༌། སློབ་མའི་རྒྱུད་ལ་ཡེ་ཤེས་ཀྱི་དྲོད་སྐྱེས་ཏེ་དོན་གྱི་འོད་གསལ་མངོན་སུམ་ཉམས་མྱོང་གིས་ངོ་འཕྲོད་པས་དགོངས་པའི་ཉམས་སྐྱོང་བ་བཞི་པ་སྟེ། རྡུལ་ཚོན་སོགས་སྤྲོས་བཅས་མཚན་མའི་ཆོས་ལ་མི་ལྟོས་པར་ཁྱབ་བདག་བླ་མའི་ཟག་མེད་ཡེ་ཤེས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ལ་བརྟེན་ནས་དོན་གྱི་དབང་བསྐུར་བ་སྟེ། དེས་ན་དབང་བཞི་པ་ལ་ནང་གསེས་བཞིར་དབྱེ་པའི་ཚུལ་ཡིན་ལ། སྤྱིར་ཕྱི་ནང་གསང་སྐོར་གསུམ་དུ་ལམ་གྱི་ཡན་ལག་རྫོགས་པའི་ཆེད་ཡི་དམ་དང་མཁའ་འགྲོའི་དབང་དང་སྒྲུབ་ཐབས་མང་དུ་འབྱུང་བ་རྣམས་ཡེ་ཤེས་རྣམ་པ་ཐམས་ཅད་པའི་ཆོ་འཕྲུལ་ཅིར་ཡང་འཆར་བའི་མཐའ་གཅིག་ཏུ་རྩོལ་མེད་ཀྱི་ལམ་ལ་འགལ་འདུར་མི་གནས་ཏེ། གང་ཟག་དབང་རབ་ཅིག་ཆར་བ་རྣམས་ནི་ཅིར་སྣང་ཡེ་ཤེས་ཀྱི་རོལ་རྩལ་ལས་མ་འདས་པས་བསྐྱེད་བཟླས་རྫོགས་གསུམ་གང་ཉམས་སུ་བླངས་ཀྱང་ཨ་ཏིའི་ལམ་ལས་མ་འདས་ལ། དབང་བསྐུར་རིམ་ཅན་པ་དག་དད་པས་ཐེག་རྩེར་མོས་ཀྱང་རྩོལ་མེད་ཡེ་ཤེས་ཁོ་ན་ལམ་ཁྱེར་མི་ནུས་པས་ཇི་ལྟར་བསྟན་པ་བཞིན་ཉམས་སུ་བླངས་ནས་མཐར་ཐུག་རྩོལ་མེད་ཀྱི་ས་ལ་བསྐྱལ་བའི་གནད་ཀྱིས་བསྐྱེད་བཟླས་རྫོགས་པའི་རིམ་པ་ཐམས་ཅད་ཤིན་ཏུ་རྒྱས་པར་བསྟན་པ་ཡིན་ཅིང༌། ལམ་གྱི་ངོ་ཏི་མཐར་ཐུག་གི་དབང་དང་ཉམས་ལེན་བཅས་རིག་འཛིན་བླ་མའི་རྡོ་རྗེ་བཞིའི་དཀྱིལ་འཁོར་དུ་སྨིན་པར་བྱེད་པ་ཉིད་ཡིན་པར་མདོ་བྱང་རྡོ་རྗེའི་ཚིག་གིས་བསྟན་པ་ལྟར་གནད་ཆེ་བས་སྤྲོས་ཏེ་བཤད་པའི་གནད་སྡེ་གསུམ་ཆར་གྱི་སྐབས་ཤེས་པར་བྱ་དགོས་སོ། །དེ་ལྟར་དོན་དམ་ནང་གི་དབང་ཞེས་སྨིན་པའི་སློབ་མས་ལམ་དངོས་བསྐྱེད་བཟླས་ཇི་ལྟར་བྱ་ཚུལ་ནི། གཞུང་མཐུན་རིག་འཛིན་བླ་མའི་སྐུ་འབག་མདུན། ཕྱི་ནང་གི་མཆོད་པ་སོགས་སྤྲོས་པ་ཆེ་ཆུང་སྐབས་བསྟུན་ལས་མཐའ་གཅིག་ཏུ་སྤར་ཁབ་མི་དགོས་སྙམ། ལས་བྱང་གསང་སྐོར་རིག་འཛིན་བླ་མའི་སྒྲུབ་ཐབས་དང་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་གཉིས་གུང་བསྡེབས་ཀྱིས་བཏང་སྟེ། ཉམས་ལེན་དངོས་གཞུང་ལས། དག་པ་རབ་འབྱམས་བསྐྱེད་རིམ་ལ༔ གསལ་བརྟན་དག་པ་མཐར་ཕྱིན་བསླབ༔ ཅེས་གསུངས་པ་ལྟར་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཚད་ལ་ཕེབས་པའི་ཟག་མེད་ཡེ་ཤེས་ཀྱི་སྐུ་ཅན་ཚོམ་བུའི་ཚུལ་དུ་བཞུགས་བཞིན་གསལ་བཏབ། སྣང་ཆ་སྐུ་ཡི་བྱད་དབྱིབས། བཞུགས་སྟངས། ཕྱག་རྒྱ་སོགས་ཞིབ་པར་གསལ་ཞིང༌། སྟོང་ཆ་དེ་ཀུན་རིག་པ་ཀ་དག་གི་རང་རྩལ་ལས་གང་ལའང་མི་གནས། ཅིར་ཡང་མ་གྲུབ་བཞིན་ཅིར་ཡང་འཆར་བའི་གནས་ལུགས་དང་དབྱེར་མེད་དུ་བསྲེས་ཏེ་མཉམ་པར་བཞག །སྣང་སྟོང་དེ་གཉིས་ཀྱང་འགལ་འདུར་མི་གནས་པ་ཟག་མེད་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་གདོད་ནས་འདུ་འབྲལ་མེད་པའི་དག་པ་དྲན་པས་ཐ་མལ་ཞལ་ཕྱག་གི་ཞེན་རྟོག་སྦྱང༌། གསལ་བརྟན་དག་གསུམ་གྱི་ཏིང་འཛིན་སྐྱེ་བ་འམ། བོགས་འབྱིན་སླད་བཟླས་པ་བྱ་སྟེ་དེ་ལའང་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཙིཏྟ་མཆོང་གུར་སྨུག་པོའི་ཀློང༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧྲཱི་དེ་མཐར་རྡོ་རྗེའི་སྔགས་ཀྱིས་བསྐོར༔ རྩེ་གཅིག་སེམས་བཟུང་བཟླས་པ་ཡིས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་དང༔ ཁྱད་པར་འོད་གསལ་རྫོགས་ཆེན་གྱི༔ རིག་འཛིན་བླ་མའི་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབྱིག༔ ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི༔ རྣམ་པར་སྤྱན་དྲངས་ཧྲཱིཿལ་ཐིམ༔ བྱིན་རླབས་དབང་དང་དངོས་གྲུབ་ཐོབ༔ དབྱིངས་རིག་དབྱེར་མེད་ངང་ནས་བཟླ༔ ཞེས་དམིགས་པའི་ཏིང་འཛིན་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཤྲཱི་སིངྷ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཅེས་བསྙེན་སྔགས་འབུམ་ཕྲག་བཞི་བཟླ། གཉིས་པ་སྒྲུབ་པ་ནི། སླར་ཡང་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་འཕྲོས་ལོངས་སྤྱོད་སྟོན་པ་དང༔ འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐུལ༔ དེ་རྣམས་གསང་གསུམ་འོད་ཟེར་གྱིས༔ སྣོད་བཅུད་ཐ་མལ་གཟུང་འཛིན་སྦྱངས༔ ལྷ་སྔགས་ཡེ་ཤེས་ཕྱག་རྒྱར་སད༔ ཚུར་འདུས་དངོས་གྲུབ་རྣམ་གཉིས་ཐོབ༔ བྱིན་རླབས་བརྟན་ཅིང་ནུས་ལྡན་བསམ༔ ཞེས་གསལ་བཏབ་སྟེ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ྄༔ ཅེས་སྒྲུབ་སྔགས་འབུམ་ཕྲག་གསུམ་བཟླ། སྒྲུབ་པའི་སྔགས་རིག་འཛིན་སོ་སོའི་མཚན་སྔགས་བཟླ་བར་འདོད་ན་སྐབས་ཐོབ་གཙོ་འཁོར་སོ་སོར་སེམས་འཛིན་སྤྲོ་བསྡུ་བྱ་བས། ཨོཾ་གུ་རུ་ཨིནྡྲ་བྷཱུ་ཏི་ཧཱུྃ༔ ཨོཾ་གུ་རུ་པདྨ་སཾབྷ་ཝ་ཧཱུྃ༔ ཨོཾ་གུ་རུ་བི་མ་ལ་མི་ཏྲ་ཧཱུྃ༔ ཨོཾ་གུ་རུ་ཛྙཱ་ན་སཱུ་ཏྲ་ཧཱུྃ༔ ཨོཾ་གུ་རུ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་གུ་རུ་ཧེ་རུ་ཀ་ཧཱུྃ༔ ཨོཾ་གུ་རུ་ནཱ་གརྫུ་ན་ཧཱུྃ༔ ཨོཾ་གུ་རུ་པྲ་བྷ་ཧསྟི་ཧཱུྃ༔ ཨོཾ་གུ་རུ་དྷཱ་ན་སཾསྐྲྀ་ཏ་ཧཱུྃ༔ ཨོཾ་གུ་རུ་ཀརྨ་ཨིནྡྲ་ནཱི་ལ་ཧཱུྃ༔ ཨོཾ་གུ་རུ་རོམྦུ་གུ་ཧྱ་ཧཱུྃ༔ ཨོཾ་གུ་རུ་ཤནྟིཾ་གརྦྷ་ཧཱུྃ༔ ཞེས་མཚན་སྔགས་རེ་རེ་བཞིན་བཟླ། བསྙེན་སྒྲུབ་རྒྱས་པར་ལོངས་ན་མཚན་སྔགས་རེ་རེ་བཞིན་འབུམ་རེ་བཟླ། བསྙེན་སྒྲུབ་འབྲིང་པོའི་དབང་དུ་བྱས་ན་ཁྲི་ཚོ་རེ་བཟླས་ཀྱང་རུང་ངམ་སྙམ། གསུམ་པ་ལས་སྦྱོར་ནི། ཐུགས་སྲོག་སྔགས་ཕྲེང་བཅས་པ་ལས༔ འོད་ཟེར་ལྕགས་ཀྱུ་མཁའ་ཁྱབ་འཕྲོས༔ རང་གཞན་བླ་ཚེ་ཡར་ཉམས་དང༔ འཁོར་འདས་སྲོག་གི་དྭངས་མའི་བཅུད༔ འཆི་མེད་བདུད་རྩིའི་རྣམ་པར་དྲངས༔ ཐུགས་སྲོག་ལ་ཐིམ་གཟི་བྱིན་འབར༔ སྒྲིབ་དག་ཚེ་དང་བསོད་ནམས་རྒྱས༔ ཡེ་ཤེས་རྡོ་རྗེའི་སྲོག་འགྲུབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་ཚེ་ཛཔ྄་འབུམ་ཕྲག་གཅིག་གྲངས་ཚད་དུ་གསུངས། ཚེ་འགུགས་ཀྱང་ནང་སྒྲུབ་རིག་འཛིན་བླ་མའི་སྐབས་ལྟར་སྦྱར། མཆོག་གི་ལས་སྦྱོར་ཐུན་མོང་མ་ཡིན་པ་ནི། གཞུང་ལས། ཁྱད་པར་མཆོག་གི་ལས་སྦྱོར་ནི༔ དབྱིངས་ཀྱི་རང་ངོ་རྗེན་པར་བསྐྱང༔ རིག་གདངས་ལུ་གུ་རྒྱུད་ལ་གཟིར༔ ཉིན་མཚན་མུན་པའི་རྣལ་འབྱོར་གྱིས༔ སྣང་བཞི་མཐར་ཕྱིན་ཚེ་འདིར་འགྲུབ༔ ཅེས་གསུངས་པའི་དོན་རྒྱས་པར་དབང་བཞི་པའི་ལམ་གྱི་སྐབས་སུ་འཆད་འགྱུར་ལྟར་ཤེས་པར་བྱའོ། །བསྙེན་བཟླས་གྲུབ་ནས་སྨན་རཀ་གཏོར་མ་སོགས་སྤྲོས་བཅས་ཡིན་ན་དངོས་གྲུབ་ལེན་པ་སྤྱི་ལྟར་བྱ་ཞིང༌། བསྙེན་སྒྲུབ་རྫོགས་པ་དང་ཚོགས་རྒྱས་པར་འབུལ་ཞིང་དབང་ལེན་གྱི་དམིགས་པ་ཡང་ཡང་བགྱིས་པས་དོན་གྲུབ་བོ། ༈ གཉིས་པ་དངོས་གྲུབ་ལམ་བྱེད་ཡི་དམ་པདྨའི་སྙིང་ཐིག་ཇི་ལྟར་ཉམས་སུ་ལེན་ཚུལ། ཞི་ཁྲོ་སྦྲག་སྒྲུབ་དང་ཁྲོ་བོ་བཀའ་བརྒྱད་གཉིས། དང་པོ་ལ། བསྐྱེད་རྫོགས་གཉིས། བསྐྱེད་རིམ་ལ་ཡང༌། བསྙེན་སྒྲུབ་གཉིས་ལས། དང་པོ་ནི། སྒྲུབ་རྟེན་མན་ཤེལ་ཟུར་དྲུག་པ་དང་མཆོད་པ་སོགས་ཕྱི་སྐོར་ཡི་དམ་ཞི་བ་ལྟར་ལ། ཕྲིན་ལས་ཀྱི་ཆིངས་གསང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལ། དངོས་གཞི། ཨ༔ མ་བཅོས་གསལ་རྫོགས་ཀུན་ཏུ་བཟང༔ ཞལ་ཕྱག་མཚན་མ་སོགས་ནས་འགྱུར་མེད་ཡོང་གྲུབ་ངང་དུ་རྫོགས༔ བར་གྱི་གསལ་གདབ། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་བསྟོད་པའི་མཐར། སྤྲོ་ན་ལྷ་ལ་སེམས་བཟུང་ནས༔ ཞི་བའི་བསྙེན་སྔགས་བཟླ་བ་འམ༔ ཞི་བའི་སྤྱི་དྲིལ་ཛཔ྄་སྔགས་བཟླ༔ ཞེས་གསུངས་པའི། རིག་སྟོང་གཉུག་མའི་སྣང་ཆ་གཞིར་གནས་སུ་ཀུན་བཟང་ཡབ་ཡུམ་གྱི་རྣམ་པར་བཞེངས་པ་གདན་གསུམ་དཀྱིལ་འཁོར་རྒྱ་མཚོ་གཅིག་ཏུ་རྫོགས་པའི་རིགས་ཀུན་ཁྱབ་བདག་ཆེན་པོར་རྩེ་གཅིག་ཏུ་དམིགས་པའི་གསལ་སྣང་སྒྲུབ། དེ་ལ་གོམས་ན་ཞི་བ་བཞི་བཅུ་ཞེ་གཉིས་རང་བྱུང་ཡོངས་གྲུབ་ཀྱི་འཁོར་ལོ་གདོད་ནས་གནས་པ་སྣང་ཆ་འགག་མེད་ལུས་དཀྱིལ་གྱི་ཚུལ་དུ་གསལ་བཏབ་ལ་བསྒོམས། ཞར་བྱུང་བཟླས་པ་ལ། ཨ༔ བརྗོད་མེད་འབྲུ་གཅིག་ཡིད་ཀྱིས་བཟླ༔ ཞེས་གསུངས་པས་རླུང་རིག་ཨ་གསུམ་གཅིག་ཏུ་བསྲེས་ལ་བར་རླུང་དང་སྦྲགས་ཨ་ཤུབ་བུར་བྱེ་བ་སོགས་ཅི་ནུས་སུ་བཟླ། སྐབས་ཇི་ལྟར་རིགས་པར་ཞི་བ་ཡོངས་རྫོགས་སམ་ཀུན་བཟང་གི་ཐུགས་ཀར་ཉི་ཟླའི་གྭའུར་ཨ་ཡིག་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྤྲོ་བསྡུ་སྤྱི་ལྟར་བྱ་བས། ཨོཾ་བོདྷི་ཙིཏྟ་ས་མནྟ་བྷ་དྲ་ཨ༔ ཞེས་འབུམ་ཕྲག་བཞི་ཙམ་བཟླ་བ་ནི་ཕྱག་རྒྱ་གཅིག་པ་ལ་བརྟེན་པའི་བསྙེན་པའོ། །གཏེར་གཞུང་ལས། སྤྲོ་ན་ལྷ་ལ་སེམས་བཟུང་ནས༔ ཞི་བའི་བསྐྱེད་སྔགས་བཟླ་བའམ༔ ཞི་བ་སྤྱི་དྲིལ་ཛཔ྄་སྔགས་བཟླ༔ ཞེས་གསུངས་པ་ལྟར་སྤྲོ་ན་ལེགས་ཀྱང༌། འདིར་ཞི་བའི་སྒྲུབ་ཐབས་དྲག་པོ་གནས་བསྒྱུར་དང་སྦྲགས་ཏེ་བཟླས་ན་འབྲེལ་ཆགས་སུ་འབྱུང་ཞིང་འགལ་བ་མེད་པར་བསམ་ནས་ཕྱི་མ་གཙོ་བོར་བྱས་པའོ། །ཕྲིན་ལས་ཀྱི་ཐོག་མཐའ་སྔར་ལྟར་ལ་དངོས་གཞི་ལྷ་བསྐྱེད་སྐབས། ཏིང་འཛིན་གསུམ་ནི། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ ཨཱཿ རང་བཞིན་གསལ་བ་ཀུན་ལ་ཁྱབ༔ ཨོཾ༔ ཐུགས་རྗེ་སྣ་ཚོགས་སྤྲུལ་སྒྱུར་ཤར༔ ཐུགས་རྗེའི་འོད་ཀྱིས་སྣོད་བཅུད་སྦྱངས༔ ལས་གཞུང་གི །ཡེ་ནས་རྣམ་པར་དག་པའི་ཞིང༔ སོགས་ནས། གཉིས་མེད་མཉམ་སྦྱོར་ཟུང་འཇུག་བསྒོམ༔ ཞེས་གསལ་བཏབ་ནས། བྱིན་རླབས་འགུགས་བསྟིམས་སོགས་བྱང་བུ་ལྟར་བསྟོད་པའི་བར་བཏང་རྗེས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཕཊ྄་ཛཿས་བདག་མདུན་སོ་སོར་ཛཔ྄་ཁང་ཕྱེས་ཏེ། ཧཱུྃ སྟོང་གསུམ་འཇིག་རྟེན་ཐམས་ཅད་སོགས་ནས། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ། ཞེས་ཛཔ྄་ཀྱི་དགོངས་པ་བསྐུལ་ཏེ། སྣང་བ་ཐམས་ཅད་ཞི་བའི་སྐུ༔ གྲགས་པ་ཐམས་ཅད་སྔགས་ཀྱི་དབྱངས༔ རིག་པ་རྟོག་མེད་འོད་གསལ་དབྱིངས༔ མཆོད་སྤྲིན་རྒྱ་མཚོའི་ཞིང་ཁམས་ཁེངས༔ ཕྲིན་ལས་དུ་མ་འགྲོ་བ་བསྒྲལ༔ མཁའ་ཁྱབ་རྒྱལ་བའི་དཀྱིལ་འཁོར་ཉིད༔ དུ་མ་རོ་གཅིག་ངང་དུ་རྫོགས༔ ཞེས་པའི་སྤྲོ་བསྡུ་དང་བཅས། ལྷ་སྔགས་རྒྱས་པ་བཏང་ན། རྒྱས་པར་རྒྱུད་བཞིན་སྙིང་པོ་བཟླ༔ ཞེས་གསུངས་པ་ལྟར་འགོད་པ་ལ། ཨོཾ་བཛྲ་སཏྭ་ཨཱ༔ གཙོ་བོ་རྡོར་སེམས། ཨོཾ་ཛི་ན་ཛྀཀ྄༔ རྣམ་སྣང༌། སྭ་རཏྣ་དྷྲྀཀ྄༔ རིན་འབྱུང༌། ཨྃ་ཨ་རོ་ལྀ་ཀ྄༔ སྣང་མཐའ། ཧཱ་པྲཛྙཱ་དྷྲྀཀ྄༔ དོན་གྲུབ། མཱུྃ་དྷཱ་ཏི་ཤྭ་རི༔ དབྱིངས་ཕྱུག༔ ལཱྃ་དེ་ཥ་རཱ་ཏི༔ སྤྱན་མ། མཱྃ་མོ་ཧ་ར་ཏི༔ མཱ་མ་ཀི །པཱྃ་རཱ་ག་ར་ཏི༔ གོས་དཀར། ཏཱྃ་བཛྲ་ར་ཏི༔ སྒྲོལ་མ། ཧཱུྃ་ཀྵིཾ་ཧི་རཱ་ཛ་ཡ༔ ས་སྙིང༌། ཏྲཱྃ་ཨ་གྷརྦྷ་ཡ༔ ནམ་སྙིང༌། ཧྲཱི་ཧ་ཧཱུྃ་པདྨ་པྲ་ད་མ༔ སྤྱན་རས་གཟིགས། ཛྲིཾ་ཀུ་རུ་པཱ་ཎི༔ ཕྱག་རྡོར། ཧཱུྃ་ལཱ་སྱེ་ས་མ་ཡ་ཧཱུྃ༔ སྒེག་མ། ཏྲཱྃ་མཱ་ལྱེ་ས་མ་ཡ་ཧོ༔ ཕྲེང་བ་མ། ཧྲཱི་གཱིརྟི་རཱ་གོ་ཧཾ༔ གླུ་མ། ཨཿནཱིརྟི་རཱ་ག་ཡ་མི༔ གར་མ། མཻ་ཏྲི་དྷཱ་ར་ནི་སྭཱ་ཧཱ༔ བྱམས་པ། ཐིཾལྷ་ནི་སྶ་རཾ་བྷ་ཡ་སྭཱ་ཧཱ༔ སྒྲིབ་སེལ། ཧཱུྃ་སྭཱ་རཱ་ཛ་ཡ་སྭཱ་ཧཱ༔ ཀུན་བཟང༌། མཱུྃ་ཤྲཱི་ཨ་རཱ་ག་ཡ་སྭ་ཧཱ༔ འཇམ་དཔལ། ཧཱུྃ་པུཥྤེ་ཨ་བེ་ཤ༔ མེ་ཏོག་མ། ཛ་དྷཱུ་པེ་པྲ་བེ་ཤ༔ བདུག་པ་མ༔ བྃ་དཱི་པཾ་སུ་གི་ནི༔ མར་མེ་མ། ཧོ་གནྡྷེ་ཙིཏྟ༔ དྲི་ཆབ་མ། ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ ལྷ་ཡི་ཐུབ་པ། ཨོཾ་མུ་ནེ་ཏྲཱུྃ་སྭཱ་ཧཱ༔ ལྷ་མིན་ཐུབ། ཨོཾ་མུ་ནེ་སྲུྃ་སྭཱ་ཧཱ༔ མི་ཡི་ཐུབ་པ། ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ བྱོལ་སོང་ཐུབ་པ། ཨོཾ་མུ་ནེ་ཀྵྃ་སྭཱ་ཧཱ༔ ཡི་དྭགས་ཐུབ་པ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ དམྱལ་བའི་ཐུབ་པ། ཨོཾ་ཡ་མཱནྟ་ཀྲྀཏ་ཕཊ྄༔ སྒོ་བ་གཤིན་རྗེ། ཨོཾ་པྲཛྙཱ་ན་ཏ་ཀྲྀཏ་ཕཊ྄༔ སྟོབས་ཆེན། ཨོཾ་པདྨཱ་ནྟ་ཀྲྀཏ་ཕཊ྄༔ རྟ་མགྲིན། ཨོཾ་བིགྷྣཱནྟ་ཀྲྀཏ་ཕཊ྄༔ བདུད་རྩི་འཁྱིལ་བ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ཨོཾ༔ བྱེད་པ་ཀུན་བཟང༌། ཨ་ཨ་ཨ་བཛྲི་བྷ་དྲ་ས་མནྟ་ཨ༔ བྱ་བ་ཀུན་བཟང་མོ་རྣམས་སོ་སོར་ཇི་ལྟར་རིགས་པ་བཟླ། གཞུང་ལས། བསྡུ་ན་སྙིང་པོའི་ཡང་སྙིང་ནི། ཨོཾ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨ༔ ཞེས་བཟླ་བར་གསུངས་པས་རྡོ་རྗེ་དབྱིངས་གཅིག་དྲིལ་གྱི་རྩ་སྔགས་འབུམ་ཕྲག་བཞི་ཉུང་མཐའ་བྱས་པ་གཙོ་བོར་བཟླ། ཐུན་གཤམ་དུ་ཁྲོ་བོ་གནས་བསྒྱུར་བ་ནི། དེ་ཉིད་ཁྲོ་བོར་གནས་བསྒྱུར་ནི༔ སོགས་ནས་དཔལ་གྱི་དཀྱིལ་འཁོར་ཆེན་པོ་གསལ༔ ཞེས་པའི་བར་དང༌། གསང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ སོགས་ནས་ཛཔ྄་བསྐུལ་བར་ཞི་བའི་སྐབས་ལྟར་དང༌། ཧཱུྃ༔ སྣང་བ་ཐམས་ཅད་ཁྲོ་བོའི་སྐུ༔ གྲགས་པ་ཐམས་ཅད་སོགས་ནས་ཞི་བའི་སྐབས་ཀྱི་བཟླས་དམིགས་སྦྱར་བ་ཁྲོ་བོའི་ལྷ་སྔགས་ཡོངས་རྫོགས་སྦྱར། བསྡུ་ན་ཁྲོ་བོ་སྤྱི་དྲིལ་གྲངས་ཚད་ཞི་བ་ལྟར་བཟླའོ། སྔོན་འགྲོ་རྒྱས་པར་སྤྲོ་ན་དེ་དག་གི་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ལས། བསྐྱེད་རིམ་རྒྱལ་བ་རིགས་ལྔ་འམ༔ ཡང་ན་ཞི་ཁྲོ་གསལ་རྫོགས་སྒོམ༔ ཡུལ་སྣང་ལྷ་རུ་འགྱུར་བར་བསླབ༔ ཅེས་གསུངས་པ་ཉིད་དེང་སང་མོས་སྒོམ་གཙོར་སྟོན་དང་མཐུན་པར་བསྙེན་སྒྲུབ་ཕྱག་རྒྱ་གཅིག་པའི་བསྙེན་པ། ཕྱག་རྒྱ་སྤྲོས་བཅས་ཞི་ཁྲོ་སྦྲག་སྒྲུབ་ཀྱི་སྒྲུབ་པ་བྱ་བའི་ཚུལ་སྨོས་པའོ། །དེ་ལྟར་ཞི་ཁྲོའི་བསྙེན་པ་ཚད་དུ་ལོངས་པའི་ཚེ་རྒྱས་པ་ལ་བདག་འཇུག་དང་བཅས་པའམ། བསྡུས་ན་དངོས་གྲུབ་ཀྱི་རྫས་ལ་བརྟེན་པས་དངོས་གྲུབ་བླང་པ་བཅས་སྤྱི་ལྟར་རོ། །གཉིས་པ་ཁྲོ་བོ་བཀའ་བརྒྱད་ནི། བསྙེན་སྒྲུབ་ཀྱི་རྟེན་ཕྱི་ནང་གི་མཆོད་པ་སྤྱི་ལྟར་ཚོགས་པར་བྱས་ལ་བསྙེན་སྒྲུབ་ལ་འཇུག་པས། བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་བཞིན་བཏང་སྟེ་ཡེ་ཤེས་ཀློང་དགུའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གསལ་སྣང་སྒྲུབ་པ་སོགས་སྔ་མ་ལྟར་ལ། དངོས་གཞིའི་བཟླས་པ་ལ། ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། དེ་ཉིད་ལས་ལ་སྦྱོར་ཚུལ་བདེ་གླིང་བཀའ་བརྒྱད་དྲེགས་འདུལ་བཞིན་སྦྱོར་བར་མཛད་པས། ལས་བྱང་ནི། ཧཱུྃ༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ སོགས་ནས། ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཐོག་མར་ཞི་བར་བསྙེན་པ་ནི། ཧཱུྃ༔ ཕྱག་མཚན་ཞི་བའི་ལྷ་ཚོགས་ཀྱི༔ ཐུགས་སྲོག་སྔགས་ཕྲེང་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་མཆོད༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཞེས་དམིགས་པའི་གཟེར་དང་མ་བྲལ་བས་ཞི་བ་སྤྱི་སྙིང་གྲངས་ཚད་འབུམ་ཕྲག་གསུམ་དུ་གསུངས། གཉིས་པ་ཁྲོ་བོར་སྒྲུབ་པ་ལ་ཛཔ྄་ཁང་ཕྱེས་ཏེ། ཞི་བསྙེན་ཁྱུག་ཙམ་བཏང་རྗེས། ཧཱུྃ༔ ཆོམ་བུ་དགུ་ལྡན་གཙོ་མཆོག་གི༔ ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཐུགས་སྲོག་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔ སྣོད་བཅུད་སྣང་ཞེན་ཐམས་ཅད་སྦྱངས༔ སྣང་སྟོང་ལྷ་དང་གྲགས་སྟོང་སྔགས༔ རིག་སྟོང་འོད་གསལ་ཕྱག་རྒྱ་ཆེ༔ ཧེ་རུ་ཀ་དང་དབྱེར་མེད་གྱུར༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ྄༔ ཁྲོ་བོ་ཀུན་འདུས་ཀྱི་སྒྲུབ་སྔགས་འབུམ་ཕྲག་བཞི་བཟླ། དེ་གྲུབ་པ་དང༌། ལས་སྦྱོར་ཐུན་མོང་བ་ནི། ཞི་ཁྲོའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བས། ཧཱུྃ༔ བདག་ཉིད་དཀྱིལ་འཁོར་ལྷ་ཚོགས་ལས༔ སྐུ་དང་སྔགས་ཕྲེང་འོད་ཟེར་འཕྲོས༔ ཕོ་ཉ་དྲེགས་པ་སྐར་ལྟར་འཁྲུགས༔ སྲིད་གསུམ་ཁྱབ་ཅིང་ཁམས་གསུམ་འཕྲོས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྫོགས༔ ཁྱད་པར་གདུག་ཅིང་གཏུམ་པའི་ཚོགས༔ འགུགས་བསྒྲལ་གནས་སྤར་ཆོས་དབྱིངས་བསྟིམ༔ མིང་གི་ལྷག་མ་མེད་པར་གྱུར༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄༔ ཅེས་ལས་སྦྱོར་ཁྲི་ཕྲག་བཞི་བཟླ་བར་གསུངས། གང་ལྟར་ཡང༌། སྐབས་འདིའི་བསྐྱེད་རྫོགས་ཀྱི་སྙིང་པོ། མདོ་བྱང་ལས། ལྟ་བ་ཀློང་ཡངས་དབྱིངས་ཀྱི་རྫོང་དང་ལྡན༔ རིག་པ་རང་བྱུང་འཕྲང་གི་སྒོ་ལྕགས་ཚུལ༔ རྫོང་འཕྲང་དབྱེར་མེད་བདེ་གཤེགས་འདུས་པ་ཞེས༔ དབང་གི་མདོ་བྱང་སྤྱི་བླུགས་ཞེས་བྱའོ༔ ཞི་ཁྲོ་དབང་ཆེན་རྡོ་རྗེའི་གནས་སྦྱང་ངོ༔ ཞེས་པ་ལྟར་བསླབ་པོ། །གཉིས་པ་རྫོགས་རིམ་ནི། གསང་སྐོར་ཁྲིད་ཀྱི་རིམ་པ་ལས། རྩ་རླུང་རང་ཉིད་ཀུན་བཟང་གི༔ སྐུ་ལ་རྩ་གསུམ་འཁོར་ལོ་དྲུག༔ ཐིག་ལེ་གཏུམ་མོ་འབར་འཛག་བསྒོམ༔ ལུས་གནད་བདུན་ལྡན་དྲུག་ཆིངས་དང༔ ཙོག་པུར་གནས་པ་རྣམ་གསུམ་གྱིས༔ བདེ་དྲོད་མི་རྟོག་གསུམ་ལྡན་གཅེས༔ ཞེས་པ་ལྟར། ལམ་དངོས་དང༌། བོགས་འབྱིན། འཕྲོས་དོན་གསུམ་ལས། དང་པོ་ལ། དྲོད་བདེ་བ་མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་དྲོད་ཀྱི་རྣལ་འབྱོར་ལ། ལུས་གནད་མེ་ཐབ་དྲུག་ལྡན་དུ་བཅས་པས་ལུས་ཀྱི་སྟོང་ར་གསལ་གདབ་པ་ནི། ཨ༔ མ་བཅོས་གསལ་རྫོགས་ཀུན་ཏུ་བཟང༔ ཞལ་ཕྱག་མཚན་མའི་སྐུ་རུ་བཞེངས༔ ཕུང་པོ་ལྔ་ཉིད་བདེ་གཤེགས་ལྔ༔ འབྱུང་བ་ལྔ་ནི་ཡུམ་ཆེན་ལྔ༔ ཚོགས་ཡུལ་སེམས་དཔའ་ལྕམ་དྲལ་བརྒྱད༔ རིགས་དྲུག་གནས་དག་ཐུབ་པ་དྲུག༔ ཕྲིན་ལས་ལྷུན་གྲུབ་སྒོ་མ་བཞི༔ བཞི་བཅུ་རྩ་གཉིས་ཞི་བའི་ལྷ༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་འཁྱིལ༔ གདོད་ནས་དམ་ཡེ་དབྱེར་མེད་པ༔ འགྱུར་མེད་ཡོངས་གྲུབ་ངང་དུ་རྫོགས༔ ཞེས་པའི་བར་ཀུན་བཟང་དོན་གྱི་ཕྲིན་ལས་རྡོ་རྗེའི་ཚིག་རྐང་གིས་གསལ་བཏབ་སྟེ་རང་ཉིད་ཀུན་ཏུ་བཟང་པོ་མཐིང་ནག་རྒྱན་མེད་གཅེར་བུ་གསལ་རྫོགས། ཡུམ་ཀུན་ཏུ་བཟང་མོ་དཀར་མོ་དང་སྦྱོར་བ་གསལ། སྐུ་དབུས་དྲང་པོར་རྩ་དབུ་མ། རོ་རྐྱང་གཉིས། གཙུག་ཏོར་ནམ་མཁའི་འཁོར་ལོ། སྤྱི་བོ་བདེ་ཆེན། མགྲིན་པ་ལོངས་སྤྱོད། སྙིང་ག་ཆོས། ལྟེ་བ་སྤྲུལ་སྐུ། གསང་གནས་བདེ་སྐྱོང་བཅས་འཁོར་ལོ་དྲུག་བརྩེགས་སུ་གསལ་བ། ཡར་སྣེར་ཐིག་ལེར་ཧཾ་ཡིག་དཀར་པོ། སྨར་སྣེར་གཏུམ་མོ་ཨ་ཤད་དམར་པོ་གསལ་ཏེ། རླུང་རོ་བསལ་ཞིང་བུམ་ཅན་བཟུང་བས་གཏུམ་མོ་ལས་མེ་འབར། གསང་གནས་ནས་ཡས་རིམ་གྱིས་འཁོར་ལོ་དྲུག་ཏུ་འབར་བས་དྲོད་སྐྱེས་ཏེ་རིམ་གྱི་རྩ་གསུམ། འཁོར་ལོ་དྲུག །ལུས་ཀྱི་ནང་ཐམས་ཅད་ཁྱབ་ནས་བ་སྤུའི་བུ་ག་ཐམས་ཅད་ནས་མེ་ལྕེས་ཁྱབ་སྟེ་ལྕགས་གོང་མེར་བསྲེགས་པ་བཞིན་གྱུར་བར་བསམ་ལ་དྲག་རླུང་བུམ་པ་ཅན་ཅི་ནུས་སུ་བཟུང་བའོ། །གཉིས་པ་བདེ་བའི་རྣལ་འབྱོར་ནི། ལུས་གནད་རྣམ་སྣང་ཆོས་བདུན་བྱས་ལ། ཕྱི་ནང་སྟོང་ར་སྒོམ་པ་རླུང་རོ་བསལ་བ་སྔར་ལྟར་གྱིས་གཏུམ་མོ་སྦར་བའི་མེས་སྤྱི་བོའི་ཧཾ་ལ་རེག་པས་ཞུ་བདེ་འབར་འཛག་གི་ཉམས་རྒྱས། ཐིག་ལེ་དཀར་གསལ་གྱི་རྒྱུན་བྱུང་བ་གཙུག་ཏོར་ནས་མས་རིམ་དུ་བབ་པས་འཁོར་ལོ་སོ་སོར་སོན་ཏེ་ཁེངས། དགའ་བ་དང༌། མཆོག་དགའ། དགའ་བྲལ། ལྷན་སྐྱེས་ཀྱི་དགའ་བ་རྣམས་རྒྱུད་ལ་སྐྱེས། ལུས་ངག་ཡིད་ཆ་མཉམ་དང་བཅས་པའི་འཁྲུལ་རྟོག་སྦྱངས་ཤིང་བཀྲུས། མེ་དང་ཐིག་ལེ་གཉིས་མེད་དུ་འདྲེས་པས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་ལ་བུམ་ཅན་ཅི་ནུས་སུ་བཟུང་བའོ། །གསུམ་པ་མི་རྟོག་པའི་རྣལ་འབྱོར་ནི། ལུས་གནད་དྲང་སྲོང་ཙོག་པུར་གནས་པས་སྟོང་ར་གསལ་ཞིང་འབར་འཛག་བསྒོམ། བདེ་སྟོང་གི་ཉམས་སྐྱེས་པས་རྟོག་པའི་གཡོ་འཁྲུལ་ཆད་པའི་རང་ངོ་ལ་བལྟས་ཏེ་བདེ་རླུང་སེམས་གསུམ་བསྲེས་པས་མཉམ་བཞག་གི་ངང་བསྐྱང་པའོ། །བཞི་པ་གཞན་ལུས་ནི། བདེ་བ་མི་མོ་གཞོན་ནུ་ལ༔ ཆོས་ཀྱིས་རབ་ཏུ་སྨིན་བྱས་ཏེ༔ ཡབ་ཡུམ་ཀུན་བཟང་ཀུན་བཟང་མོ༔ གནས་རྣམས་བྱིན་རླབས་མཉམ་པར་སྦྱར༔ དགའ་བ་དགའ་བ་ཆེན་པོ་དང༔ མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས༔ ཚོར་བ་བདེ་བའི་ངང་དུ་བསླབ༔ ཅེས་པ་སྟེ། བདེ་དྲོད་མི་རྟོག་པའི་ཏིང་འཛིན་རྩ་རླུང་ཐིག་ལེ་ལ་དབང་ཐོབ་པའི་རྣལ་འབྱོར་པས་རིགས་ཅན་ལྔ་ཡི་བུ་མོ་མཚན་དང་ལྡན་པ་བརྟགས་གཞུག་སྔོན་འགྲོའི་ཆོས་ཀྱི་རྒྱུད་སྦྱངས་པ་དང་བཅས་སྤྱི་ལྟར་བྱ་བས་རྒྱུད་གསང་སྔགས་ལམ་གྱི་སྣོད་ལྡན་དུ་སྒྲུབ་ལ། ཡབ་ཡུམ་ཀུན་བཟང་སྟངས་དཔྱལ་གནས་ལྔར་གཙུག་ཏོར་རྡོར་སེམས། སྤྱི་བོ་ནས་རྣམ་སྣང༌། སྣང་མཐའ། མི་བསྐྱོད། རིན་འབྱུང༌། དོན་གྲུབ་ཡབ་ཡུམ་རྣམས་སོ་སོར་གསལ། མཁའ་གསང་རྡོ་རྗེ་པདྨ་སྦྱོར་བའི་ཐབས་ཀྱིས་ལྷན་སྐྱེས་བདེ་བ་ཆེན་པོའི་གནས་ལུགས་མངོན་དུ་བྱ་སྙམ་པའི་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱོར་བས་འབར་འཛག་གི་དམིགས་པ་སྔར་ལྟར་ལ། ཐིག་ལེ་གནས་སོ་སོར་སོན་པས་རིགས་ལྔ་ཡབ་ཡུམ་གྱི་ཐུགས་རྒྱུད་བསྐུལ་ལ་བདེ་སྟོང་གི་ཉམས་རྒྱས། དེ་ཀུན་ཀྱང་ཡབ་ཡུམ་སོ་སོར་སྦྱོར་བས་འཁོར་ལོ་དྲུག་ཏུ་ཐིག་ལེ་དཀར་དམར་གྱི་བདུད་རྩིས་ཁེངས། ཐིག་ལེའི་རྒྱུན་གནས་སོ་སོར་སོན་པས། དགའ་བཞི་ལྷན་སྐྱེས་ཀྱི་ཉམས་སྐྱེས། འཁྲུལ་རྟོག་མི་རུང་བ་བཀག་པའི་བདེ་སྟོང་གི་རང་ངོ་སྐྱོང༌། མཐར་རིག་སྟོང་ནམ་མཁའ་ལྟ་བུའི་དབྱིངས་དང་བསྲེས་ཏེ་མཉམ་པར་བཞག་གོ །ལྔ་པ་གཉིས་ཀའི་ལམ་ཁྱེར་ནི། རྫོགས་པ་ཆེན་པོའི་དེ་ཉིད་ནི༔ ལུས་གནད་བདུན་ལྡན་ཞི་གནས་བསྒོམ༔ འཁྲུལ་འཁོར་སྣ་ཚོགས་ལྷག་མཐོང་བསྒོམ༔ ཞི་ལྷག་ཟུང་འཇུག་སྤྱོད་ལམ་ལ༔ དབྱེར་མེད་ཉིད་དུ་འདྲེས་པར་བྱ༔ ཞེས་པ་སྟེ། སྤྱིར་རྫོགས་པ་ཆེན་པོར་དབང་རབ་སྐལ་བ་ཅན་ལ་དགོངས་པའི་ཆོས་སུ་གསུངས་པས་གདུལ་བྱ་གཅིག་ཆར་བ་རྣམས་དབང་བཞི་པའི་ཡེ་ཤེས་ཁོ་ན་རྩལ་དུ་བཏོན་ནས་ཉམས་ལེན་མཐར་དབྱུང་བ་ཡིན་ཀྱང༌། དེང་སང་དེ་ལྟ་བུ་དཀོན་པ་ལ་དགོངས་ནས་བི་མ་དང་མཁའ་འགྲོའི་སྙིང་ཐིག་གཉིས་ཆར་སྔོན་འགྲོ་ལམ་སྟེགས་ཀྱི་ཚུལ་དུ་བདེ་སྟོང་གི་རྣལ་འབྱོར་དུ་གསུངས་པས་སྐབས་འདིར་ཡང་ལུས་གནད་ཆོས་བདུན་དང་ལྡན་པས་རང་ལུས་རྩ་རླུང་ཐིག་ལེའི་བདེ་དྲོད་མི་རྟོག་པའི་རྣལ་འབྱོར་དང༌། བོགས་འབྱིན་གཞན་ལུས་བཅས་གསུངས་པ་ཉིད་ལ་བརྟེན་ནས་རླུང་སེམས་ཀྱི་འགྱུ་ཆ་བཀག་སྟེ་བདེ་བའི་ངང་བསྐྱངས་པས་ཞི་གནས་དང༌། ཐུན་མཚམས་སུ་རླུང་རིག་བསྲེས་ཏེ་འཁྲུལ་འཁོར་ལ་འབད་པས་ལྷག་མཐོང་གི་དེ་ཉིད་མངོན་དུ་འགྱུར་བར་གསུངས་བ་ལྟར་བསླབ། འཁྲུལ་འཁོར་ནི་ཡན་ལག་ལྔ་སྦྱོང་སོགས་སྤྱི་ལྟར་བྱ་དགོས་སྙམ་མོ། །སྤྱིར་གང་ཟག་ལས་དང་པོ་བ་ཕལ་ཆེར་རྩོལ་མེད་ཉིན་མཚན་འོད་གསལ་གྱི་རྣལ་འབྱོར་ཁོ་ན་ལ་བཟླ་བ་དཀའ་ཞིང༌། རིག་པ་རྐྱང་དེད་ཀྱིས་དང་པོའི་རྣལ་འབྱོར་གྱི་བློར་ཆུད་དཀའ་བར་སྣང་བས་ལམ་འདི་ཀ་ངེས་པར་གལ་ཆེ་བར་གསུངས་སོ། །གསུམ་པ་འབྲས་བུ་མཐར་ཐུག་ཏུ་ལ་བཟླ་བ་ནི། འབྲས་བུ་བླ་ན་མེད་པའི་ས༔ ཡང་དག་པར་ནི་ཐོབ་པར་འགྱུར༔ སྐུ་ལྔའི་འབྲས་བུ་ཚེ་འདིར་ཐོབ༔ འབྲས་བུ་གཞི་ལ་སྨིན་པར་ངེས༔ གདམས་པ་མཐར་ཐུག་ཁོ་ནའོ༔ གསང་སྐོར་ཁྲིད་ཀྱི་དངོས་གཞི་རྫོགས༔ ས་མ་ཡ་རྒྱ་རྒྱ༔ ཞེས་པའི་བར་ཏེ་འབྲས་བུ་མཐར་ཐུག་གི་གྲོལ་ས་བླ་ན་མེད་པ་ཡང༌། རང་རིག་དོན་གྱི་ཡིན་ལུགས་ཀྱི་གནས་སྣང་གཉིས་མངོན་སུམ་དུ་གྱུར་བས་ཀུན་འབྱུང་གི་འཁྲུལ་རྒྱུ་ས་བོན་དང་བཅས་པ་སྟོང་ཞིང་སངས་ནས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཁྱབ་བརྡལ་དུ་ཤར་བ་ལ་བྱ་སྟེ། ལམ་སྔར་བསྟན་པ་ལ། འབད་པ་རྩལ་དུ་བཏོན་པས་གེགས་དང་གོལ་ཤོར་མེད་པར་མངོན་སུམ་ཡང་དག་པར་ཐོབ་པར་འགྱུར་ཏེ། ཆོས་ཉིད་ཀ་དག་གི་གཤིས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་སྐུ། འོད་གསལ་རྒྱུན་ཆད་མེད་པའི་སྣང་བ་ལོངས་སྐུ། ཐུགས་རྗེའི་རིག་རྩལ་འཁོར་འདས་ཀུན་ལ་ཁྱབ་པ་སྤྲུལ་སྐུ། དེ་གསུམ་ལྡོག་ཆས་དབྱེ་བ་ཙམ་ལས་དོན་ལ་དབྱེར་མེད་པའི་ངོ་བོ་ཉིད་སྐུ། ལམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་རྫོགས་པར་མངའ་བ་མངོན་བྱང་གི་སྐུ་ཞེས་བྱ་སྟེ། འབྲས་བུའི་ཡོན་ཏན་དེ་དག་ཕྱི་དུས་ལ་མ་ལྟོས་པར་སྙིགས་མའི་ཚེ་ཐུང་གཅིག་གི་སྟེང་འདིར་མངོན་དུ་ཐོབ་པ་ལ་བསླུ་བ་མེད་པར་ངེས་པས་ན། ཐེག་པ་གཞན་རྣམས་ལྟར་འབྲས་བུ་དང་གཞི་གཉིས་བཟང་ངན་གྱི་རྣམ་དབྱེ་མེད་པ་ཆོས་ཉིད་ལྷུན་རྫོགས་ཀྱི་གོ་འཕང་མངོན་དུ་གྱུར་པའི་ཚེ། གཞི་འབྲས་གཉིས་མེད་དུ་ཤེས་པར་བྱ་དགོས་པས། དེ་མངོན་བྱེད་ཀྱི་ལམ་གྱི་མཐར་ཐུག་ཀྱང་ཡེ་ཤེས་ལམ་བྱེད་རྗེན་ཅེར་དུ་སྟོན་པས་མཐར་ཐུག་གི་གསང་བ་འདི་ཁོ་ན་ཞེས་གསུངས་སོ། །གསུམ་པ་རྗེས་ཀྱི་ཁྲིད་རིམ་ལ། རྟེན་སྒྲོན་མ་དྲུག་གནས་ཚུལ། བརྟེན་པ་གནད་བཞིའི་དོན་ཉམས་སུ་ལེན་ཚུལ་དང་གཉིས་ལས། དང་པོ་ནི། གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་དུ༔ གནས་ཐབས་འབྲས་བུ་རྣམ་གསུམ་ནི༔ གནས་ནི་སྙིང་གའི་སྒྲོན་མ་རུ༔ ཀུན་གཞི་རང་རིག་ཡེ་ཤེས་ཏེ༔ སྐུ་དང་ཡེ་ཤེས་འོད་ལྔར་བཞུགས༔ དཀར་འཇམ་རྩ་ཡི་སྒྲོན་མ་ལས༔ དབང་པོ་གསལ་བའི་སྒྲོན་མེར་སྣང༔ སྟོང་པའི་དབྱིངས་ནི་རྣམ་པར་དག༔ རིག་པ་ཐིག་ལེ་ལུ་གུ་རྒྱུད༔ གནས་ནི་ལུས་ཀྱི་ནང་ན་གསལ༔ ཤར་ནི་དབང་པོའི་ཕྱི་རུ་སྣང༔ དོན་དུ་ཕྱི་ནང་དབྱེར་མེད་ཤེས༔ ཞེས་པ་སྟེ་གཉིས་སྣང་གི་སྒྲིབ་ཚོགས་ཤིན་ཏུ་ཞི་བའི་དབྱིངས་ནང་གསལ་གསང་བ་ཆེན་པོའི་དེ་ཉིད་ཀ་དག་ཁྲེགས་ཆོད་ཀྱི་ལམ་གྱིས་མངོན་སུམ་རྟོགས་པར་ནུས་ཀྱང་ཡེ་ཤེས་ཀྱི་གདངས་དབང་པོའི་མངོན་སུམ་དུ་ཤར་བ་ལ་བརྟེན་ནས་ས་ལམ་ཐོད་རྒལ་དུ་བགྲོད་པ་རྫོགས་པ་ཆེན་པོ་མན་ངག་སྡེའི་གསང་བ་མཐར་ཐུག་ཏུ་ངེས་པའི་ཕྱིར། ལམ་ཉམས་སུ་ལེན་པ་ལ། སྒྲོན་མ་དྲུག་གི་གནས་ལུགས་ཤེས་དགོས་པས་དེ་ནི་རྡོ་རྗེ་ལུས་ལ་གནས་པ་སྟེ། གཞིའི་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱིས་ཡུལ་གྱི་འཁྲུལ་གཞི། འོད་ལྔའི་གཟུགས་སུ་སྣང་བས། ཕྱི་སྣོད་དང༌། གདོས་བཅས་ལུས། ཐུགས་རྗེའི་གདངས་རིག་པ་རིག་ཅིང་ཤེས་པས་སེམས་ཀྱི་འཁྲུལ་གཞི་བྱས་ནས་འཁོར་བར་ཁ་བརྒྱུད་པ་སྟེ་དེ་དག་ལྷན་ཅིག་ཏུ་འདུས་པས་སྲིད་པའི་ཀུན་སྣང་རྒྱ་ཆེན་པོ་འདི་གྲུབ་པའི་ཕྱིར། གང་དུ་སྐྱེས་ཀྱང༌། རླུང་སེམས་ལུས་གསུམ་ལྷན་ཅིག་ཏུ་འབྲེལ་པར་སྣང་ཞིང༌། རགས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྦུབས་སུ་དྭངས་མའི་རྩ་རླུང་ཐིག་ལེ། དེ་ལས་ཡེ་ཤེས་ཀྱི་རྒྱུན་བསྲེས་པར་གནས་པའི་ཚུལ་ཤེས་པས་སྒོ་ཡུལ་རླུང་རིག་གི་གནད་ཀྱིས་སྒོ་གསུམ་གཅུན་ནས་གཟིར་བས་འོད་གསལ་ཡེ་ཤེས་ཀྱི་སྣང་བའི་འཕེལ་རྫོགས་ཤིང་ཟད་སར་སྐྱེལ་དགོས་པས་ན། དྲི་ཟ་ཉེར་ལེན་གྱི་རླུང་སེམས་གཉིས་འདུས་ཀྱིས་སྲིད་པ་ཉིད་ཕ་མའི་ཁམས་དཀར་དམར་འདུས་པའི་དབུས་སུ་ཞུགས་ཏེ་ལུས་གྲུབ་པའི་ཚེ། གཡས་རོ་མ་བདེ་བའི་ཡེ་ཤེས། གཡོན་རྐྱང་མ་གསལ་བའི་ཡེ་ཤེས། དབུས་ཨ་ཝ་དྷཱུ་ཏི་མི་རྟོག་པའི་ཡེ་ཤེས་འཆར་བའི་རྟེན་དཀར་དམར་མཐིང་གའི་མདོག་ཅན་མ་དག་པའི་དུས་སྒོ་གསུམ་དང་དུག་གསུམ་དག་པའི་སྐབས་སྐུ་གསུམ་གྱི་རྟེན་ལ། གནས་བཞིར་འཁོར་ལོ་བཞི་སྐུ་བཞི་ཡེ་ཤེས་ལྔ་ཡི་རྟེན་ཅན་དུ་གསུངས། དེར་རྒྱུ་བའི་རླུང་ལ་རྙིང་དབུས་སུ་སྲོག་རླུང༌། ཤར་གྱི་རྩ་འདབ་ཏུ་ཁྱབ་བྱེད། ལྷོར་རྫོགས་བྱེད། ནུབ་ཏུ་མེ་མཉམ། བྱང་དུ་སྐྱེད་བྱེད་ཅེས་དུག་ལྔ་དང་ཡེ་ཤེས་ལྔ་ཡི་རླུང་རྩ་བའི་རླུང་ལྔ། གྱེན་རྒྱུ་སྟོད་ན་གནས་པས་དབུགས་འགྲོ་འོང་གི་རྟེན། ཐུར་སེལ་སྨད་ན་གནས་པས་ཟག་པ་འདོར་སྡོམ། མཉམ་གནས་བར་ན་གནས་པས་ཟས་ཀྱི་དྭངས་སྙིགས་འབྱེད་པའི་ལས་བྱེད་པ་ལ་འགྱུར་བ་ཆེན་པོ། ལེགས་བྱེད་ཚིགས་བཞི་ལ་གནས་པས་ཤ་རུས་ཀྱི་སྟོབས་སྐྱེད་པ་དང༌། འགྲོ་འདུག་བརྐྱང་གསུམ་གྱི་ལས་བྱེད། སྐྱོད་བྱེད་སྨིན་ཕྲག་ན་གནས་པས་ཁྲག་དང་ཆུ་སེར་གྱི་སྟོབས་བསྐྱེད་པ་ལ་ལས་བྱེད་ཀྱི་རླུང་ལྔ་དང༌། ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ལ་འགྱུ་བ་ཆུང་བར་གསུངས། རྩ་དེ་དག་ན་གནས་པའི་ཁམས་བྱང་ཆུབ་ཀྱི་སེམས་རོ་མ་ནས་ཟླ་བ་ཧྃ་ཐུར་དུ་ལྟེ་བ་ལ་བབ་པས་ལུས་ཟུངས་བདུན་དང༌། ཀླད་པ་རྐང་ཚིལ་རུས་པ་བསྐྱེད། རྐྱང་མ་ལས་ཉི་མ་ཨ་ལས་གྱེན་དུ་འཕེལ་ནས་ཤ་ཁྲག་ཆུ་སེར་པགས་པ་སྐྲ་བ་སྤུ་བསྐྱེད། དབུ་མ་ནས་ཀུན་ཁྱབ་འོད་གསལ་གྱི་ཐིག་ལེ་འཆར་ཞིང་གནས་པར་གསུངས་ཤིང༌། དེ་ལས་ཀྱང་སྙིང་གི་ཤར་དུ་ཁྲག །ལྷོར་ཤ། ནུབ་ཏུ་དྲོད། བྱང་དུ་དབུགས། དབུས་ཀྱི་ལྟེ་བར་ནམ་མཁའ་དྭངས་མ་སྟེ་ལྔ་འདུས་པའི་ཐིག་ལེར་སྡོང་བུ་སྣུམ་ཅན་ལ་མེ་སྦར་བ་ལྟར་གནས་པའི་སྙིང་གི་འོད་གསལ་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གྱི་བདག་ཉིད་དུ་བཞུགས་པའི་གནས་ཙིཏྟ་ཤ་ཡི་སྒྲོན་མ་མཆོང་གུར་ཕུབ་པ་ལྟ་བུའི་དབུས་ཀུན་འཁོར་ལས། གཞི་དབྱིངས་ཀ་དག་གི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཏིང་གསལ་གྱི་བདག་ཉིད་ལ་གནས་ལུགས་གཞིའི་སྒྲོན་མ། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། སྙིང་པོ་རིག་པའི་གདངས་མ་འགགས་པར་འཆར་བ་ནི་སྤྲུལ་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུ། རྟག་ཏུ་འཕེལ་འགྲིབ་མེད་པ་མི་འགྱུར་རྡོ་རྗེའི་སྐུ་དང༌། ཆོས་དབྱིངས། མེ་ལོང༌། མཉམ་ཉིད། སོར་རྟོག །བྱ་གྲུབ་ཀྱི་ཡེ་ཤེས་རྣམ་པ་ལྔ་རང་བཞིན་ལྷུན་གྱིས་གྲུབ་པ་དང༌། རིག་པ་ལ་དྲི་མ་མེད་པས་འོད་དཀར་པོ། ཡོན་ཏན་རྫོགས་པས་སེར་པོ། རིག་པར་འདུས་པས་དམར་པོ། མ་བཙལ་རྫོགས་པས་ལྗང་གུ། འགྱུར་བ་མེད་པས་མཐིང་ག་སྟེ་ལྔ་བཅས་ལྷུན་གྱིས་རྫོགས་པར་བཞུགས་པའོ། །ཆོས་ཉིད་དོན་གྱི་བཞུགས་ཚུལ་དེ་མངོན་དུ་བྱེད་པ་ལ་ཡེ་ཤེས་ཀྱི་གདངས་སྣང་ཞིང་འཆར་བའི་སྒོ་ནི་དཀར་འཇམ་རྩ་ཡི་སྒྲོན་མ་དར་དཀར་གྱི་སྐུད་པ་ལྟ་བུ་དེས་སྙིང་གི་རྩེ་ནས་སྒལ་ཚིགས་ལ་འཁྲིལ་ཏེ། མགྲིན་པའི་རྩེའུ་ཆུང་གཡས་གཡོན་གྱི་འདབ་ནས་རྣ་བ་གཉིས་ལ་བརྒྱུད་ཀླད་པ་ནས་མིག་གི་ཨ་འབྲས་ཆུའི་སྒྲོན་མ་གཉིས་ལ་ཟུག་པ་འོད་རྩ་དྭངས་མའི་སྒོ་ཡེ་ཤེས་འདུས་པའི་རྒྱང་ཞགས། འབྱུང་བ་འདུས་པའི་རྒྱང་ཞགས་མིག་གི་དབང་རྟེན། དབང་པོ་འདུས་པའི་རྒྱང་ཞགས་དབང་ཤེས་གསུམ་ལྡན་རྟེན་བརྟེན་པ་སྟེ་མིག་རྩའི་རྩ་བ་ལྟེ་བ་ནས་སྙིང་ག་དང་མགྲིན་པ་བརྒྱུད་དུང་ཁང་དུ་གཡས་སུ་འཁྱིལ་བའི་རྩ་འདབ་བཞིར་གྱེས་པའི་དབང་པོ་ཡུལ་ལ་འཆར་བའི་རྩ་འདབ་གཅིག་ལས་རྩེ་མོ་ལྔར་གྱེས་པས་སྒོ་ལྔ་སོ་སོའི་རྟེན་བྱེད་པ་ལས། སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་དཀར་ནག་ཕྱེད་མ་ཆུ་ཡི་རང་བཞིན་གྱི་མིག་གི་དབང་རྟེན་ཕྱི་ནང་དུ་ཕྲ་བ་བ་མན་གྱི་རྭ་ལྟ་བུའི་ཡལ་ག་གཉིས་མིག་གི་ཨ་འབྲས་ཀྱི་དྭངས་མ་གཉིས་ལ་ཟུག་ནས་འོད་རྩའི་རང་བཞིན་དྭངས་ལ་གསལ་བར་བྱུང༌། རྩ་དེ་སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་རླུང་རིག་གི་གནད་ཀྱིས་གཟིར་བས་ཕྱི་ནང་གི་དབྱིངས་སྣང་རྣམ་དག་གི་སྒྲོན་མ་ཀ་དག་གི་གདངས་དང༌། རིག་པའི་འོད་གསལ་ལྷུན་གྲུབ་ཀྱི་གདངས་རྡོ་རྗེ་ལུ་གུ་རྒྱུད་དང༌། ཐིག་ལེ་སྟོང་སྒྲོན་དང་ཤེས་རབ་རང་བྱུང་གི་སྒྲོན་མ་རྣམས་ལུས་ནང་ཙིཏྟ་རིན་པོ་ཆེ་གསང་བའི་སྦུབས་སུ་ད་ལྟ་གདོས་བཅས་ཤ་ཁྲག་གིས་བཅིངས་ཏེ་གནས་པ། མིག་ནས་འོད་སྣང༌། སྙིང་ག་ནས་དུང་ཁང་གི་ཁྲོ་བོ་དབུ་མ་དང་རྩ་བ་རྣམས་ལས་ཐིག་ལེ་ཕྲ་རགས། སྤྱི་བོ་ནས་ཐིག་ལེ་དགུ་བརྩེགས་བཅས་འཆར་བའི་སྒོ་ཡིན་ལ་སྣང་བའི་འཆར་ཚུལ་དང་གནས་ཚུལ་དེ་ལྟར་ཡང་གཟུང་ཡུལ་རགས་པ་ལྟར་ཕྱི་ནང་དུ་དབང་ཡུལ་ཤེས་པ་གཉིས་སུ་མེད་པ་དབྱིངས་རིག་ཟུང་འཇུག་གི་རིག་སྟོང་ཡེ་ཤེས་ཆེན་པོ་གཅིག་གི་འཆར་ཚུལ་ལོ། །དེ་ལྟར་ཙིཏྟ་ཀ་ཏི་ཤེལ་སྦུག །རྒྱང་ཞགས་གསུམ་དང༌། དབྱིངས་རིག་ཐིག་ལེ་གསུམ་ཕྱི་བར་དོ་དུས་ཀྱི་སྒྲོན་མ། མཐར་ཐུག་འབྲས་བུའི་སྒྲོན་མ། གནས་པ་གཞིའི་སྒྲོན་མ་དང་དགུར་དབྱེ་བའང་གསུངས། བསྡུ་ན་བཞིར་འདུ་བའང་གསུངས་སོ། །གཉིས་པ་བརྟེན་པ་གནད་བཞིས་ཉམས་སུ་ལེན་པ་ལ། དངོས་དང༌། རྟག་སྣང་བཞིའི་འཆར་ཚུལ། མཐའ་རྟེན་གྱི་མན་ངག་བསྟན་པའོ། །དང་པོ་གནད་བཞི་དངོས་ནི། ཐབས་ནི་སྐུ་གསུམ་བཞུགས་སྟངས་ཀྱིས༔ དབྱིངས་རིག་ཐིག་ལེ་འདི་ལ་སྦྱངས༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟར༔ ཉི་མ་འཆར་ཀར་དབྱིངས་ལ་བསླབ༔ ལོངས་སྐུའི་བཞུགས་སྟངས་གླང་ཆེན་གྱིས༔ ཤར་མ་ཁད་པར་རིམ་པར་བསླབ༔ སྤྲུལ་སྐུའི་བཞུགས་སྟངས་ཙོག་པུ་ཡིས༔ ཤར་བའི་དུས་ན་འོད་ལ་སྦྱངས༔ ཤིན་ཏུ་གོམ་པར་གྱུར་པའམ༔ མ་འདྲེས་སོ་སོར་སྣང་བ་ན༔ ལུས་གནད་བདུན་ལྡན་ཅི་བདེ་བས༔ དབྱིངས་རིག་ཐིག་ལེ་ཉེ་རྫོགས་སུ༔ སྣང་བ་རིག་པ་དབྱེར་མེད་བསྒོམ༔ ཞེས་གསུངས་ཏེ་སྒྲོན་མ་རྣམས་ཀྱི་རྟེན་རྩ་ནི་ལུས་ལ་གནས་ཤིང་ལུས་གནད་དུ་གཅུན་པས་ངག་ཡིད་ཀྱང་གནད་དུ་ཆུན་པའི་ཕྱིར་བཞུགས་སྟངས་བྱ་བར་གཅེས་པས་དེ་ནི། །ལག་བསྣོལ་རྐང་པའི་བར་དུ་བཞག །མིག་གཉིས་གཙུག་ཏོར་ཐད་དུ་བལྟ། །ཆོས་སྐུ་སེངྒེའི་ལྟ་སྟངས་ཀྱི། །སྟོང་ཉིད་དབྱིངས་ལ་རྣམ་པར་སྦྱངས། ཞེས་ཆོས་སྐུ་སེངྒེའི་འདུག་སྟངས། ཡན་ལག་བཞི་ནི་ས་ལ་ཕབ། །ལག་གཉིས་འགྲམ་སྐྱོར་ཨོག་མ་བཏེགས། །མིག་གཉིས་ཟུར་ལ་ཁྲིད་ནས་ཀྱང༌། ལོངས་སྐུ་གླང་པོའི་གཟིགས་སྟངས་ཀྱིས། །རང་རྩལ་ཐིག་ལེ་རྩལ་ལ་སྦྱངས། །ཞེས་ལོངས་སྐུ་གླང་པོ་ཆེའི་ཉལ་སྟངས། ལག་གཉིས་པུས་མོར་འཁྱུད་ནས་ནི། །ཙོག་པུར་པུས་བྲང་ཐད་དུ་བལྟ། །སྤྲུལ་སྐུ་དྲང་སྲོང་གཟིགས་སྟངས་ཀྱིས། །ཟུང་འཇུག་རིག་པའི་རྩལ་ལ་སྦྱང༌། །ཞེས་སྤྲུལ་སྐུ་དྲང་སྲོང་ཙོག་པུའི་འདུག་སྟངས་གསུམ་གང་རུང་གི་ཚུལ་གྱིས་འཆར་བྱེད་སྒོ་ཡི་གནད། ཆོས་སྐུའི་གཟིགས་སྟངས་གཙུག་ཏོར་རྣམ་བར་བལྟ་བ། ལོངས་སྐུའི་གཟིགས་སྟངས་མདའ་མཁན་སྙུག་མ་བསྲང་བ། སྤྲུལ་སྐུའི་གཟིགས་སྟངས་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུའི་ཚུལ་གྱིས། ཡུལ་གྱི་གནད་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལ་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་ཟླ་བ། སྤྲུལ་སྐུ་རྟེན་ཨཱ་ལོ་ཀེ་སྟེ་གསུམ་དང༌། ཆོས་སྐུའི་བཞུགས་སྟངས་གཟིགས་སྟངས་ཀྱི་ཉི་མ་འཆར་ཀའི་ཟེར་ཐག་གི་དབྱིངས་སྣང་དང༌། ལོངས་སྐུའི་ཉི་མ་ཤར་ལ་ཁད་པ། སྤྲུལ་སྐུའི་ཉི་ཟླའི་འོད་ལ་བལྟ་བས་དབྱིངས་རིག་གི་སྣང་བ་ཚད་ལ་ཕེབས་དགོས་པར་གཞུང་འདི་རུ་གསུངས། རླུང་གནད་ཁ་སྣ་ནས་འབྱུང་འཇུག་ཤིན་ཏུ་དལ་བ་དང་ལས་དང་པོ་པའི་དུས་སུ་བར་རླུང་བཟུང་ན་ལེགས་པར་གསུངས། རིག་པས་མིག་དབྱིངས་རིག་གི་སྣང་བ་ལ་གཏད་པས་གནད་དུ་གཅུན་པ་དང༌། གོམས་པ་བརྟན་པའི་ཚེ་རྣམ་སྣང་ཆོས་བདུན་དང་ལྡན་པས་རྩལ་སྦྱང་པར་གསུངས་ཤིང༌། དེའི་ཚེ་དབྱིངས་གསུམ་བསྲེས་པའི་གདམས་ངག་ལ། ཕྱི་དབྱིངས་སྤྲིན་མེད་ནམ་མཁའི་དབྱིངས། །ནང་དབྱིངས་རང་བཞིན་སྟོང་པའི་བབ། །གསང་དབྱིངས་རིག་པ་ལུ་གུ་རྒྱུད། །ནམ་མཁའ་སུམ་ཕྲུག་གདམས་ངག་སྐབས། །ལུ་གུ་རྒྱུད་ལ་རིག་པ་གཏད། །རིམ་གྱིས་གཡོ་བ་བརྟན་ཅིང་དག །ཅེས་གསུངས་པ་ལྟར་ཕྱི་དབྱིངས་རིག་གི་སྣང་བ། ནང་རང་བྱུང་གི་རིག་པ་གཉིས་དངོས་དང༌། གདངས་ཀྱི་རྩལ་སྣང་ངོ་བོ་བདག་གཅིག་གི་འབྲེལ་བས་ཡུལ་དབང་ཤེས་གསུམ་ཐ་དད་དུ་མི་བལྟ་བར་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པར་བྱའོ། །གཉིས་པ་སྣང་བཞིའི་འཆར་ཚུལ་ནི། དེ་ལ་ཉམས་རྟགས་འཆར་ཚུལ་རྣམས༔ ཆེས་ཆེར་རིམ་པས་འཕེལ་བ་སྟེ༔ ཡུལ་ཁམས་གང་བར་མངོན་སུམ་སྣང༔ ཕྱག་མཚན་ཡིག་འབྲུ་སྟོང་དུ་འཕེལ༔ སྐུ་ནི་ཡོངས་རྫོགས་ཚད་ལ་ཕེབས༔ རིག་པ་རང་སྣང་ཟད་སར་ཟིན༔ སྤྱི་བོའི་གཙུག་ཏུ་འོད་བདུན་ནི༔ ཐོ་བརྩེགས་ཚུལ་དུ་བྱུང་བ་ནི༔ ཞག་བདུན་འོད་ལུས་འགྲུབ་པའི་རྟགས༔ ཞེས་གསུངས་པ་ལྟར་སྟོང་གསལ་རང་རིག་འདུས་མ་བྱས་པའི་ཡེ་ཤེས་སྐད་ཅིག་རྗེན་པ་ཁྲེགས་ཆོད་ཀྱིས་ངོ་འཕྲོད་ནས་སོར་བཞག་ཏུ་སྐྱོང་བའི་ཆོསྃ་ཉིདྃ་ལ་གདེངས་ཐོབ་པས་གཞི་བཅས་ཏེ་ཡེ་ཤེས་ཀྱི་རིག་གདངས་ནམ་མཁའི་དཀྱིལ་དུ་དབྱིངས་འོད་མཐིང་ག་ཁྱབ་པ་ཆེན་པོ་མེ་ལོང་དྭངས་པ་ལྟ་བུ་ལ་འོད་ལྔའི་དབྱིངས་སྣང་གི་སྟེང་ཐིག་ལེ་ཉིས་སྦྲེལ་ནས་སུམ་སྦྲེལ་ཚུན་ཆད་དང༌། རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་འཆར་ཏེ་དངོས་སུ་མིག་གིས་བལྟར་ཡོད་ཅིང༌། རང་སྣང་རང་རིག་གི་ཉམས་སུ་མྱོང་བ་མངོྃན་སུམྃ། སྣང་ཉམྃས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་འོད་ལྔ་རྩིབས་ཤར་དང༌། གྱེན་འགྲེང་དང༌། ཟླུམ་མཁྲིག་དང༌། མཆོད་རྟེན་ལྟ་བུ་དང༌། པདྨ་སྟོང་ལྡན་དང༌། མཁར་ཐབས་དང༌། མདའ་དང་མདུང་རྩེ་ལྟ་བུ་དང༌། དྲྭ་བ་དྲྭ་ཕྱེད་དང༌། མིག་མང་རིས་ལ་སོགས་པ་དང༌། ཡིག་འབྲུ་དང་རིགས་ལྔའི་ཕྱག་མཚན་སོགས་སྣངྃ་བའི་རིགས་ཅིར་ཡང་འཆར་ལ། ཐིག་ལེ་སྟོང་སྒྲོན་ཡང་སྲན་མ་ཙམ་ནས་བསེ་ཕུབ་ཙམ་གྱི་བར་དུ་རྣམ་པར་སྣང་ཞིང་འཕེལ་བ་དང༌། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཆེ་བརྟན་དུ་སོང་བ་དང༌། ཤེས་ཉམས་བདེ་གསལ་མི་རྟོག་པའི་ཏིང་འཛིན་བཅས་གོང་ནས་གོངྃ་འཕེྃལ་དུ་སྣང་བ་དང༌། ཡུལ་སྣང་གི་རིགྃ་པྃ་སྟོང་ཉིད་གང་དང་ཡང་དབྱེར་མི་ཕྱེད་པ། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད། གཞི་འཛིན་པའི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལྡན་གཞི་གནས་ཀྱི་རིག་པ་ཤེས་པ་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ། མཚན་ཉིད་འཛིན་པའི་རིག་པ་མ་རིག་པ་རང་ལོག་ནས་རིག་པའི་ཡོན་ཏན་འཕེལ་བའི་ཆ་རྟེན་དུ་གྱུར་པ་ལས་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་འོད་དུ་གསལ་བ། ཡེ་ཤེས་ལྔའི་ཆོས་ཉིད་ལ་བྱན་ཚུན་པས་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་དབུས་སྤྲུལ་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་གཙུག་ཏོར་དང་བཅས་པའི་དབུ་ཕྱེད་པ་ནས་སྐུ་རྐྱང་གི་བར་དང༌། ལོངས་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་རིགས་ལྔའི་སངས་རྒྱས་རྐྱང་པ་ནས་ཡབ་ཡུམ་ཞལ་སྦྱོར་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་བར། ཆོས་སྐུའི་ཡེ་ཤེས་ཚད་ལ་ཕེབས་པས་གཙོ་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱི་རྭ་བ་དང་བཅས་པ་མཆོག་ཏུ་གསལ་བས་འདུས་བྱས་ཀྱི་སྣང་བ་རང་སར་འགགས། རི་བྲག་ཟང་ཐལ་དུ་འགྲོ། གཟུང་འཛིན་ཐད་ཀར་ཞིག །ཅིར་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་འབའ་ཞིག་ཏུ་སྣང་བའི་དག་པ་རབ་འབྱམས་ཆེན་པོར་ལོངས་སྤྱོད་པས་ཚདྃ་ལ་ཕེབྃས་པའམ་ཚད་དུ་ཕྱིན་པའི་སྣང་བ། དེ་ལྟ་བུའི་གནད་ལ་བརྟེན་ནས་རླུང་མི་གཡོ་བ་ཡེ་ཤེས་སུ་འཕེལ། ཆོས་ཉིད་དུ་དག་པའི་མཐུ་ལས། ཕྱི་གཟུངས་བའི་ཡུལ། ནང་འཛིན་པའི་སེམས། གསང་བ་འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོསྃ་ཉིདྃ་བསམ་གྱིས་མི་ཁྱབ་པའི་ནང་དབྱིངས་སུ་ཐིམ་པས། དཔེ་ཤེལ་འོད་ནང་དུ་ནུབ་པར་ལྟར་ནང་གསལ་ཐིམ་ལ་མ་རྨུགས་པའི་ངང་དུ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ཐམས་ཅད་གཏིང་གསལ་ཡེ་ཤེས་གཅིག་པའི་སྦུབས་སུ་ལམ་མེར་རྫོགས་པ་ནི་ཆོས་ཅན་གྱི་སྣང་ཆ་ཐམས་ཅད་ཆོས་ཉིད་རིག་པའི་ངང་དུ་ཟདྃ་པྃ་ནས་གཞི་དབྱིངས་འཕོ་མེད་དུ་བཙན་ས་ཟིན་པའི་སྣང་བ་ཞེས་བྱའོ། །གསུམ་པ་མཐའ་རྟེན་གྱི་མན་ངག་ལ་ལྔ། ཅོག་བཞག་བཞི། མི་འགུལ་བ་གསུམ་ལ་གཞི་བཅའ། སྡོད་པ་གསུམ་གྱི་ཚད་བཟུང༌། ཐོབ་པ་གསུམ་གྱི་གཟེར་གདབ། །གདེང་བཞིའི་གྲོལ་ཚད་དུ་བསྟན་པ་ལས། དང་པོ་ནི། སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པའི་དོན་ལུས་བཞུགས་སྟངས་གསུམ་གང་དང་རུང་མ་བྲལ་བས་རྩ་རླུང་ཐད་སོར་གནས་པས་འགྱུ་བྱེད་ཀྱི་རྟོགས་པ་རང་འགགས་ཏེ་རིག་པ་རྗེན་ལ་ཕུད་དེ་དབྱིངས་སྣང་དང་བསྲེས་པས་སེམས་རིག་ཤན་ཕྱེས་ནས་འོད་གསལ་གྱི་དབྱིངས་སུ་མི་གཡོ་བར་བྱེད་པས་ལྟ་བ་རི་བོ་ཅོག་གཞག །མིག་གཟིགས་སྟངས་ཀྱིས་གཅུན་པས་རྒྱ་མཚོར་གཟའ་སྐར་ཤར་བ་བཞིན་ཚོགས་དྲུག་གི་ཡུལ་གྱིས་དབང་ཤེས་མི་གཡོ། རྐྱེན་བཟང་ངན་གྱི་ཕན་གནོད་དང་བྲལ་བ་རྒྱ་མཚོར་གཟའ་སྐར་ཤར་བ་བཞིན་སྒོམ་པ་ཀློང་དུ་གྱུར། སྣང་བ་བཟང་ངན་གང་ཤར་ཡང་རེ་དོགས་ཀྱི་དེར་འཛིན་མེད་པར་བཞག་པས་ཐམས་ཅད་ཆོས་ཉིད་གཅིག་ཏུ་གྲོལ་ཏེ་ལམ་གྱི་གེགས་སུ་མི་ལྡང་ཞིང་བོགས་འབྱིན་དུ་འགྱུར་བས་སྤྱོད་པའི་རྒྱན་དུ་ཁྱེར་ནུས། ནང་གི་རིག་པ་ཕྱི་ཡི་སྣང་བས་བོགས་དབྱུང་སྟེ་ཉམས་ལེན་གདེང་དུ་ཁེལ་ནས། རིག་སྟོང་རྗེན་པའི་ཡེ་ཤེས་ལས་ལམ་ནས་ཡང་མི་འདའ་བས་འབྲས་བུའི་གྲོལ་སར་ཕྱིན་པ་སྟེ། མདོར་ན་རིག་པ་གཅིག་ལ་རྣམ་པའི་དབྱེ་ཚུལ་བཞིར་གསུངས་པས་དོན་དུ་ཀ་དག་གི་དགོངས་པ་དང་ལྷུན་གྲུབ་ཀྱི་སྣང་བཞི་མཐར་ཕྱིན་པའི་ཚད་དུ་བསྟན་པའོ། །གཉིས་པ་མི་འགུལ་བ་གསུམ་ནི། ལུས་བཞུགས་སྟངས་གསུམ་དང༌། རྣམ་སྣང་ཆོས་བདུན་ལས་མ་གཡོས་པས་རྩ་རླུང་བདེ་ལུགས་སུ་རྒྱུ། མིག་གཟིགས་སྟངས་གསུམ་ལས་མི་འགུལ་བས། མངོན་སུམ་གྱི་སྣང་བ་ཡུལ་ལ་གསལ། རླུང་རིག་མི་འགུལ་བ་དལ་བར་བརྟན་པས་ཕྱི་ནང་གསང་བ་གསུམ་གནད་ཀྱི་བྱེད་པ་གཅིག་པས་ཆོས་ཉིད་རང་ངོར་གནས་ཏེ་སྣང་བ་བུ་ལྟ་བུ་རང་རྩལ་དང༌། རིག་པ་མ་ལྟ་བུ་དབྱེར་མེད་དུ་འདྲེས་ནས་གནས་པའི་དགོས་པ་ཡོད་པས། ཉམས་ལེན་གྱི་གཞི་བཅའ་བའི་ཐབས་ཟབ་མོའོ། །གསུམ་པ་སྡོད་པ་གསུམ་ནི། མི་འགུལ་བ་གསུམ་གྱིས་གནད་དུ་གཟིར་བས་ཕྱི་ཡི་སྣང་བས་ནང་རིག་རྩལ་མི་གཡོ་བས་རྐྱེན་ངན་གྲོགས་སུ་འཆར། ནང་སྒྱུ་ལུས་བྱ་བ་དགུ་ཕྲུགས་སུ་བཏང་སྟེ་སྡོད་པས་འཁྲུལ་པའི་ལས་དང་བྱ་བ་བྲལ། གསང་བ་ལས་རླུང་དང་འཁྲུལ་པའི་སེམས་སྡོད་པས་རྣམ་རྟོག་མི་སྐྱེའོ། །འདི་སྐབས་སུ་ཚད་རྨི་ལམ་གྱིས་བཟུང་བ་དང༌། རྟགས་ལུས་ངག་ལ་འཆར་བ་གཉིས་འབྱུང་བའི་དང་པོ་ནི། བརྩོན་འགྲུས་རབ་རྨི་ལམ་གཏན་ནས་འགགས། འབྲིང་རྨི་ལམ་ངོ་ཤེས། ཐ་མས་བཟང་པོ་ཤ་སྟག་རྨིས། གཉིས་པ་ནི། ཆོས་ཉིད་མངོན་སུམ་གྱི་སྐབས་སུ་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་འདུག་སྟངས་ལས་འབྲལ་མི་ཕོད། ངག་ལྐུགས་པ་ལྟར་བརྗོད་མི་ཤེས། སེམས་མཁའ་ཁྲོ་སྙི་ལ་ཟིན་པ་ལྟར་འཕྲོ་བ་སྣང་ཡང་གཞི་ལས་མ་གཡོས། ཉམས་གོང་འཕེལ་གྱི་དུས་སུ་ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་རྒྱན་དང་བྱི་དོར་མེད། ངག་སྨྱོན་པ་ལྟར་ཟང་ཐལ་རྗེས་མེད། སེམས་དུག་ནད་ཀྱིས་ཟིན་པ་ལྟར་རྟོག་པའི་འཕྲོ་འདུ་ཆད་པའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ། ལུས་གླང་ཆེན་འདམ་དུ་བྱིངས་ཀྱང་རང་སྟོབས་ཀྱིས་འགྲོ་བ་ལྟར་རི་བྲག་ཟང་ཐལ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཀུན་གྱི་རྣ་བར་སྙན་ཅིང་ཡིད་ལ་འབབ། སེམས་སྙིང་ལ་མདས་ཟིན་པ་ལྟར་དྲན་བསམ་གྱི་འཕྲོ་ཆད་པའོ། །ཆོས་ཉིད་ཟད་པའི་དུས་སུ་ལུས་དུར་ཁྲོད་ཀྱི་མི་རོ་ལྟར་དགག་སྒྲུབ་དང་ཉམས་ང་བྲལ། ངག་བྲག་ཅ་ལྟར་རྗེས་སུ་ཟློ། སེམས་རྩི་དུག་གིས་མྱོས་པའི་སྐྱེས་བུ་ལྟར་དྲན་བསམ་དབྱིངས་སུ་དག་པའོ། །རྟགས་འདི་དག་གི་སོ་མཚམས་མ་ཟིན་ན་བར་ཆད་བདུད། འཕེལ་འགྲིབ་ཉམས། འགྱུར་མེད་གསང་བའི་རྟགས་གསུམ་འབྱུང་བས་ཤན་འབྱེད་པར་དཀའ་བར་གསུངས་ཤིང༌། རྟགས་གསུམ་པོ་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་མེད་པར་ལམ་དུ་ཁྱེར་པ་ནི་ཤིན་ཏུ་གཅེས་པར་གསུངས་སོ། །བཞི་པ་ཐོབ་པ་གསུམ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཐ་མལ་དུ་མེད་པ་དག་པ་ཆེན་པོའི་ཞིང་དུ་གྲོལ། ནང་ཕུང་པོ་ལ་དབང་ཐོབ་པས་གདོས་བཅས་འོད་ཀྱི་ལུས་སུ་གྲོལ། གསང་བ་དབྱིངས་རིག་ལ་དབང་ཐོབ་པས་འཁྲུལ་རྟོག་གཞི་ལ་དག་པའོ། །ལྔ་པ་གདེང་བཞི་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང༌། མ་ཐོབ་ཀྱི་དོགས་པ། མར་འཁོར་བར་མི་སྐྱེ་བའི་རེ་བ་དང༌། སྐྱེས་ཀྱིས་དོགས་པ་མེད་པ་ཆོས་ཉིད་རང་བྱུང་གི་དགོངས་པ་ཀློང་དུ་གྱུར་པའོ། །ཉམས་ལེན་གྱི་རྩ་བ་ཁྲེགས་ཐོད་གཉིས་ལས་གཞན་མེད་ཀྱང༌། གྲོལ་ཚད་ཀྱི་དབང་གིས་དབང་པོ་འབྲིང་བར་དོ་རྣམ་པ་བཞི། ཐ་མ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་ཚུལ་གསུངས་པ་གཏེར་གཞུང་ཕབ་ཟིན་གྱི་དངོས་བསྟན་དུ་མི་འབྱུང་ཞིང༌། ཤེས་པར་བྱ་འདོད་ན་གཏེར་ཆེན་བླ་མའི་ཟབ་གཏེར་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱའོ། །གསུམ་པ་འབྲས་བུ་མཐར་ཐུག་ཏུ་ལ་བཟླ་བ་ནི། འབྲས་བུ་ཚེ་གཅིག་ལུས་འདི་ཐོག༔ གང་དུ་གནས་ཀྱང་ཞིང་ཁམས་སུ༔ འགྱུར་ལས་གཞན་དུ་འཕོ་བ་མེད༔ དེ་ལྟ་བུ་ཡི་རྣལ་འབྱོར་ཅན༔ མན་ངག་ཀུན་གྱི་མཐར་ཐུག་གོ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་རྫོགས༔ ཞེས་པ་སྟེ་མྱུར་ལམ་བླ་ན་མེད་པ་འདི་ལ་བརྩོན་པ་ཕུལ་དུ་བསྐྱེད་ཅིང་དད་མོས་བློ་རྩེ་གཅིག་པས་ཚེ་འདི་ཡི་འཆིང་ཐག་བཅད་དེ་དབེན་པར་རྩེ་གཅིག་ཏུ་རྩོལ་མེད་ནང་གི་ཉམས་ལེན་ཁོ་ནར་འབད་པ་རྩལ་དུ་བཏོན་ན་མར་མེའི་སྙིང་པོ་ལ་མུན་པ་ཡེ་ནས་མི་གནས་པས་འོད་ཀྱིས་ཀུན་ཏུ་ཁྱབ་ཅིང་གསལ་བ་བཞིན་སྤང་བྱ་སྒྲིབ་གཉིས་མཐའ་དག་གི་འཁྲུལ་པ་དབྱིངས་སུ་དག་ནས། སྣོད་བཅུད་འོད་གསལ་ཡེ་ཤེས་ཀྱི་བཀོད་པ་ཆེན་པོར་འབྱམས་ཀླས་པ་མངོན་དུ་གྱུར་ཏེ་སྐུ་དང་ཡེ་ཤེས་ཀྱི་ཆོ་འཕྲུལ་ཚད་མེད་པས་ས་བཅུའི་བྱང་ཆུབ་སེམས་དཔའ་ནས་རིགས་དྲུག་གི་གདུལ་བྱ་ཕྲ་མོ་ཡན་ཆད་ཀྱི་དོན་མངོན་མཐོ་དང༌། ངེས་ལེགས་དང༌། རྣམ་གྲོལ་གྱི་ལམ་དང་འབྲས་བུའི་ཡོན་ཏན་མཐའ་དག་གསལ་ཞིང་སྣང་བར་མཛད་པས་ན། འཁོར་འདས་ཐམས་ཅད་ཀྱི་སྒྲོན་མེ་གཅིག་པུར་གྱུར་པའི་མཛད་པ་ཕྲིན་ལས་རྟག་པ་དང༌། ཁྱབ་པ་དང༌། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་རྩོལ་མེད་དུ་འབྱུང་བ་ནི། མཐར་ཐུག་གི་འབྲས་བུ་ལ་མངོན་སུམ་དུ་ལོངས་སྤྱོད་ནུས་པའོ། །སྤྱིར་གསང་ཆེན་རྡོ་རྗེ་ཐེག་པའི་མྱུར་ལམ་ཐམས་ཅད་ཀྱི་མཐར་ཐུག་ནི། འོད་གསལ་རྫོགས་པ་ཆེན་པོ་ཁོ་ན་ཡིན་པས། དེ་ཉིད་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཙོ་བོར་གྱུར་བའི་རྗེ་འབངས་རྣམས་དང༌། ཡེ་ཤེས་རྡོ་རྗེའི་སྐུ་ཅན་བི་མ་ལ་མི་ཏྲས་མངའ་བདག་ཁྲི་སྲོང༌། ཉང་བན་ཏིང་འཛིན་བཟང་པོ་གཙོ་བོར་གྱུར་པའི་ལས་ཅན་རྣམས་དང༌། སྣང་བཞི་མཐར་ཕྱིན་གྱི་ལོ་ཆེན་བཻ་རོ་ཙ་ནས། རྒྱལ་མོ་གཡུ་སྒྲ་སྙིང་པོ། སྤང་མི་ཕམ། མངའ་བདག་རྗེ་འབངས་ཚོགས་ལ་གསུངས་པས་གངས་ཅན་གྱི་ལྗོངས་སུ་ཐེག་མཆོག་རྫོགས་པ་ཆེན་པོའི་ཤིང་རྟ་རྣམ་གསུམ་ཞེས་ཡོངས་སུ་གྲགས་པ་བཞིན་ཟབ་གསང་ཆོས་ཀྱི་ཆུ་ཀླུང་ཁྱབ་པར་བརྡལ་བ་ལས། བཀའ་གཏེར་གྱི་རྒྱུན་ཕལ་ཆེར་མ་ནུབ་པ་བསྟན་པའི་སྲོག་དང་སྙིང་གི་ཁྲག་ལྟ་བུར་ད་ལྟའང་བཞུགས་ཤིང༌། སྔ་འགྱུར་རྙིང་ཕྱོགས་ཙམ་དུ་མ་ཟད། རྟོགས་པ་དོན་བརྒྱུད་ཀྱི་མངའ་བདག་བཀའ་བརྒྱུད། འཇམ་མགོན་ས་སྐྱ་པ། བཀའ་གདམས་གསར་རྙིང་གི་མཁས་གྲུབ་ཆོས་སྤྱན་རྡུལ་དང་བྲལ་ཞིང་གཟུ་བོར་གནས་པ་དག་གིས་གསན་བསམ་བསྒོམ་པས་ཅི་རིགས་སུ་འཕེལ་རྒྱས་སུ་མཛད་པ་སོ་སོའི་རྣམ་ཐར་དུ་གསལ་བ་བཞིན་རྒྱལ་བས་ཆོས་སྒོ་ཐམས་ཅད་ཀྱི་མཐར་ཐུག་གཅིག་པུ་ཡིན་ལ། ཁྱད་པར་སེམས་ཀློང་མན་ངག་གསུམ་ཀའི་གྲུབ་མཐའ་རྐང་ཚུགས་ཟབ་གཏེར་གྱི་སྟོན་པ་གཅིག་གིས་སྤྱན་དྲངས་པ་ནི་ཤིན་ཏུ་དཀོན་པ་ལས་སངས་རྒྱས་གཉིས་པ་རྗེ་འབངས་ལོ་པཎ་དང་བཅས་པས་བོད་ཡུལ་གྱི་གདུལ་བྱ་ནམ་ཡང་ཡལ་བར་མི་འདོར་བའི་ཐུགས་བསྐྱེད་དང་ཕྲིན་ལས་ཀྱི་སྣང་བ་འགྲིབ་པ་མེད་པས་སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ། རྒྱ་ཆེ་བ་མདོ་སྒྱུ་སེམས་གསུམ། ཟབ་པ་ཐུགས་སྒྲུབ་སྐོར་བཞི། ཆོས་ནོར་རྫས་ཀྱི་གཏེར་ཁ་འཛད་པ་མེད་པས་སྙིགས་འགྲོ་སྐྱོབ་པའི་འདྲེན་པ་གུ་རུའི་རྒྱལ་ཚབ་འགྲན་ཟླ་དང་བྲལ་བའི་རིག་འཛིན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ལ་སྙིང་ཐིག་བརྒྱ་རྩའི་བཀའ་བབས་པའི་ཡང་བཅུད་སྙིང་ཐིག་ཆེན་པོ་སྐོར་བདུན་གྱི་དབང་སྒྲུབ་ཐབས་རྒྱུད། མན་ངག་སྐོར་ཤིན་ཏུ་རྒྱ་ཆེར་བཞུགས་པའི་ཡང་བཅུད། རྣམ་སྣང་ལོ་ཙཱ་ཆེན་པོ་བཻ་རོ་ཙ་ནའི་སྙིང་ཐིག་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ཞེས་གངས་ཅན་ས་ཡི་བཅུད་དུ་གཏམས་པ་ཉིད། པཎ་ཆེན་ལྔ་རྒྱའི་གཙུག་རྒྱན་འཕོ་ཆེན་ཡེ་ཤེས་རྡོ་རྗེའི་ལང་ཚོ་འཇིགས་བྲལ་གྱི་སློབ་དཔོན་གངས་ཅན་མཁས་གྲུབ་རྒྱ་མཚོའི་དེད་དཔོན་དུ་བྱེད་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་ཡབ་སྲས་ཞལ་འཛོམ་པས་ཟབ་གསང་མཁའ་འགྲོའི་སྙིང་ཁྲག་གི་བྱང་བུ་རྣམས་གཏན་ལ་ཕབ་ཅིང་ཁྲིགས་བསྡེབས་སུ་མཛད་པ་འདི་ནི་སྲིད་ཞིའི་དཔལ་འབྱོར་ཐམས་ཅད་ཀྱིས་བསྒྲུན་དུ་མི་ནུས་པའི་གདམས་ཟབ་གྲོལ་བ་དྲུག་ལྡན་གྱི་གསེར་ཆོས་སུ་ངེས་པས་ན། སྤྱིར་འཁོར་བའི་འཁྲུལ་སྣང༌། སྒོས་སྙིགས་དུས་ཀྱི་རང་མཚངས་མངོན་སུམ་དུ་འགྱུར་བ་ལ་ངེས་འབྱུང་དང༌། སྐྱོ་ཤས་ཀྱི་ཡིད་འཁུལ་བས། འདིར་སྣང་ཚེ་འདིའི་བྱ་སྤྱོད་ལ་ལྟ་ཅི་རྣམ་དཀར་དུ་རློམས་པ་ནི་སྤྲོས་བཅས་ཀྱི་ཙབ་ཙུབ་བློ་སྣ་མང་པོ་ལ་ཡིད་མི་གདུང་བར་སྙིང་པོ་དོན་གྱི་མན་ངག་གསང་སྔགས་སྔ་འགྱུར་བའི་མདོ་སྒྱུ་སེམས་གསུམ་གྱི་མན་ངག་གི་སྲོག་རྩ་གཅིག་ཏུ་དྲིལ་བས་བསྐྱེད་རྫོགས་ཀྱི་རྐང་ཚང་བ། མཐར་ཐུག་གི་སྐྱེལ་སོ་ཐེག་མཆོག་རྫོགས་པ་ཆེན་པོའི་ཡང་བཅུད་གསེར་ཞུན་མ་ལྟ་བུ། བརྒྱུད་ཐག་ཉེ་ཞིང༌། བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ། ཚིག་ཉུང་དོན་ཟབ་དུས་བབས་ཀྱི་ཟབ་ཆོས་ལ་ངེས་པ་ཕྱིར་མི་ལྡོག་པའི་ཉམས་ལེན་གྱི་སྙིང་པོར་གནང་ན་གལ་ཆེ་བར་སེམས་པས་འཕྲོས་སུ་གདམས་པའོ། །མཐའ་ཀླས་ཆོས་ཀྱི་བདུད་རྩི་ཉིང་ཁུ་ནི། འོད་གསལ་ཡེ་ཤེས་དོན་གྱི་སྙིང་པོ་སྟེ། དེ་ཉིད་ཇི་བཞིན་སྟོན་པའི་རྡོ་རྗེའི་ཚིག །ཟབ་གསང་རྫོགས་པ་ཆེན་པོ་ཉིད་དུ་གྲགས། །རྡོ་རྗེའི་ལམ་འདིས་འཕགས་བོད་འཛིན་མའི་ཁྱོན། །སྐུ་བཞིའི་གྲོང་ཁྱེར་ཆེན་པོའི་དགེ་མཚན་མཐུ། །དུས་ཀྱི་མཐར་ཡང་རྒུད་མེད་ཆེས་གསལ་བའི། །ངོ་མཚར་ཐུབ་བསྟན་ཡངས་པའི་རྒྱན་དུ་མཛེས། །ཁྱད་པར་ཟབ་གསང་མཁའ་འགྲོའི་ཁ་རླངས་ཅན། །ཁུངས་བཙུན་བརྒྱུད་ཐག་ཉེ་བའི་བྱིན་རླབས་གཟི། །མ་ཉམས་སྐལ་བཟང་སྲོག་གི་ཟུངས་སྨིན་པ། །སངས་རྒྱས་ལས་ཀྱང་དཀོན་པའི་ངེས་པ་རྙེད། །མཐར་ཐུག་འོད་གསལ་སྙིང་པོའི་ལྟ་གྲུབ་ཀྱི། ལྟེ་བ་རབ་ཟབ་མདོ་སྒྱུ་སེམས་གསུམ་གྱི། །མན་ངག་རྩིབས་སྟོང་བཀྲ་བའི་འཁོར་ལོའི་མཆོག །གངས་ཅན་བསྟན་འགྲོའི་གླིང་བཞིར་དབང་བསྒྱུར་རྨད། །དུས་དང་ལུང་རྟོགས་རང་གཤིས་དད་བརྩོན་མཐུ། དམན་ཡང་ཁྱབ་བདག་བླ་མའི་མཁྱེན་བརྩེའི་ཉི། །བདག་བློའི་པདྨོར་གཟོད་ནས་སིམ་པའི་མཐུས། །ཟབ་ཆོས་འདི་ལ་སྨྲ་བའི་སྐལ་བཟང་རྙེད། །ཐེག་དགུའི་གསེང་ལམ་ཁྱད་པར་རྫོགས་པ་ཆེའི། །གདམས་པའི་གནད་ཀུན་ས་འོག་གསེར་བཞིན་དུ། །མཆིས་པ་གསལ་བྱེད་ཡི་གེ་འདི་འདྲ་ཡང༌། །དཔྱོད་ལྡན་ཐར་འདོད་ཀུན་དགའི་ཟས་འགྱུར་སྙམ། །མཁས་གྲུབ་རྒྱ་མཚོས་གཏེར་རྒྱ་མ་བཀྲོལ་ཞིང༌། དཀོན་ལ་ཟབ་པའི་ནོར་བུ་མཐོན་ཀ་ཆེ། དེང་དུས་ལེགས་བཤད་རྒྱལ་མཚན་རྩེར་མཆོད་པ། །ལྷ་དང་ཌཱ་ཀིའི་བདག་སྐལ་གཏད་དམ་སྙམ། བསམ་སྦྱོར་ཟླ་བ་ལྟ་བུའི་བསིལ་འོད་ཀྱིས། །གང་ཅན་དུས་ཀྱི་མུན་པ་སླར་བསལ་ནས། །ཡོངས་རྫོགས་ཐུབ་བསྟན་བཤད་དང་སྒྲུབ་པའི་སྲོལ། །འཇམ་མགོན་རྣམ་གསུམ་དུས་བཞིན་འཛིན་གྱུར་ཅིག །རྡོ་རྗེ་གསང་བར་སྤྱོད་དང་སྨྲ་བའི་ལས། །རྣམ་དཀར་རྫོགས་ལྡན་ནོར་བུའི་ཆུ་འཛིན་དེས། །ཕ་མ་མཆེད་ཀྱི་མཚོན་པའི་འབྲེལ་ཐོགས་གཙོས། །མཁའ་ཁྱབ་ཡིད་ཅན་ཀུན་ལ་སྨན་གྱུར་ཅིག །མི་ཤེས་རྨོངས་པས་མཆོག་གསུམ་ཕྲིན་ལས་སྣུབས། །མཐའ་དམག་ཀླ་ཀློའི་སྡེ་ཀུན་བདག་གཅིག་པུས། །བྱང་ཆུབ་ལམ་དུ་འབད་མེད་ཁྲིད་པ་ཡིས། །ལས་མཐའ་ལོག་པའི་ས་བོན་འབྱིན་ནུས་ཤོག །ཆོས་འདིའི་གཉེར་འཛིན་ཌཱ་ཀི་དམ་ཅན་གྱིས། །གསང་སྒྲོགས་འགལ་འཁྲུལ་ཉམས་པ་མི་འབྱུང་ཞིང༌། སྨིན་གྲོལ་དབྱར་གྱི་ཆུ་གཏེར་ལྟར་རྒྱས་པས། །འཇའ་ལུས་རྡོ་རྗེའི་ལམ་སྲོལ་རྒྱས་པར་མཛོད། །ཤིན་ཏུ་རྣམ་དག་ཀུན་བཟང་རྡོ་རྗེའི་དབྱིངས། །མཐོང་ཐོས་དྲན་པའི་ཡིད་ཅན་ཀུན་ཁྲིད་ནས། །འོད་གསལ་མཁའ་ཁྱབ་དགོངས་པས་སྲིད་མཚོ་སྐེམ། །དོན་གཉིས་མངའ་དབང་རྫོགས་པའི་སྟོན་པར་ཤོག །མཁའ་ཁྱབ་ཞིང་དུ་རྒྱལ་ཀུན་དགོངས་བཅུད་ཀྱི། །ཡེ་ཤེས་རྩལ་བཏོན་ཐེག་མཆོག་སེངྒེའི་སྒྲ། །སྒྲོགས་ལ་མི་ངལ་སྤོབས་པའི་གཏེར་བརྒྱད་ཀྱིས། །འཇམ་དཔལ་ཀུན་ཏུ་བཟང་པོའི་སྤྱོད་འཆང་ཤོག །ཚེ་འདིའི་མཐར་ཡང་འདུ་འཛིའི་མི་འཆིང་བ། །མེ་ཏོག་འབྲས་མང་བྲག་རིའི་ཁང་བཟང་ཅན། །དབེན་པར་འཇའ་ལུས་རྡོ་རྗེའི་གསེང་ལམ་བགྲོད། །ནང་གསལ་ཆོས་སྐུའི་རྒྱལ་ཐབས་སྐྱོང་ནུས་ཤོག །སྐྱེ་ཀུན་མཆོྃག་གི་ཡེ་ཤེས་མངོན་གྱུར་གླིངྃ། །མཁྱེནྃ་བརྩེྃའི་གཟུངས་སྤོབས་སྟོབས་དང་དབང་བཅུའི་དཔལ། །ཟག་མེད་ཡོནྃ་ཏནྃ་རྒྱྃ་མཚོྃའི་མཛེས་པའི་མཐུས། །པྃདྨྃ་ཡེྃ་ཤེསྃ་རྡོྃ་རྗེྃའི་དབྱིངས་སིམ་ཤོག །ཆོས་རབ་རྣམ་འབྱེད་ཐོས་བསམ་སྒོམ་པའི་མཐུ། །ཆོས་སྒོ་རབ་འབྱམས་འཛིན་སྤེལ་སྡུད་པའི་ལས། །ཆོས་བཟང་ཕྲིན་ལས་རྒྱལ་བསྟན་རིས་མེད་གསལ། །ཆོས་ཀྱི་རྒྱལ་པོ་འཇམ་མགོན་གསུམ་བཞིན་སྨོན། །འོད་གསལ་ཆེན་པོ་འཕེལ་འགྲིབ་མེད་པའི་དབྱིངས། །འཁྲུལ་པའི་ཟུག་རྔུ་ཀུན་བྲལ་བདེ་བ་ཆེར། །མཁའ་ཁྱབ་འགྲོ་ཀུན་གནས་ལུགས་མངོན་གྱུར་གཞིར། །བཀྲ་ཤིས་སྣང་བ་རྟག་ཁྱབ་ལྷུན་གྲུབ་ཤོག །ཅེས་གདོད་ནས་ཀུན་བཟང་རྡོ་རྗེའི་དགོངས་ཀློང་ལ་མངའ་དབང་འབྱོར་བས་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་ཆེན་པོའི་སྲས་བཅས་རྒྱལ་བའི་རྣམ་ཐར་ལ་སྤྱོད་པའི་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འཇིགས་མེད་ནམ་མཁའི་རྡོ་རྗེ་ཀུན་བཟང་འོད་གསལ་སྙིང་པོའི་ཞལ་སྔ་ནས་སྨིན་གྲོལ་གདམས་པ་ཡོངས་སུ་རྫོགས་པར་བསྩལ་ཅིང་དགོངས་པའི་གཏད་རྒྱ་ཐུན་མིན་དང་བཅས་ཏེ་ཁྲིད་ཡིག་ཞིག་ཞབས་ཏོག་ཏུ་སྤེལ་བར་འོས་པའི་བཀའ་ཡི་གནང་བ་བསྩལ་ཀྱང༌། རང་ཉིད་ལྟ་སྒོམ་གྱི་དྲོད་ཚད་ཆུང་ཞིང་ཉམས་ལེན་ཇི་བཞིན་མ་ནུས་པ་དང༌། དུས་ཀྱི་རྒུད་པས་ཡིད་སྐྱོ་བས་སྙོམས་ལས་སུ་ཐལ་བ་ན། སླར་ཡང་ཟབ་གསང་འདི་ཉིད་ཀྱི་བདག་པོར་གདོད་ནས་གྲུབ་པ་འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་ཆེན་པོ་བཅུ་དྲུག་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས་དགྱེས་པ་ཆེན་པོས་ངེས་པར་འབྲི་བར་འོས་པའི་བཀའ་ལན་དུ་མར་བསྩལ་བ་དང༌། སྙིགས་དུས་ཀྱི་བསྟན་འགྲོའི་དཔལ་མགོན་མཚུངས་མེད་སྐྱབས་རྗེ་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མ་དང༌། གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་ཀྱང་ཕྲིན་ལས་ཀྱི་གསོས་སུ་འདི་ལྟར་འབྲི་བར་འོས་ཞེས་བཀས་བསྐུལ་བ་དང༌། མཆོག་གཏེར་རིགས་ཆོས་བརྒྱུད་འཛིན་མཁྱེན་རྟོགས་ཡོན་ཏན་རྨད་བྱུང་མཆེད་གྲོགས་མཆོག་སྤྲུལ་ཀརྨ་ཨོ་རྒྱན་ཐུགས་ཀྱི་བསྟན་འཛིན་ནས་མྱུར་དུ་གྲུབ་པར་དགོས་ཞེས་དམ་པ་དུ་མས་བཀའ་ལུང་ལྡོག་ཏུ་མ་སྤོབས་པས། སྡེ་གསུམ་རྫོགས་པ་ཆེན་པོའི་བཀའ་གཏེར་ཡོངས་རྫོགས་ཐོབ་པའི་སྐལ་པ་མི་དམན་ཞིང་འོད་གསལ་ཡེ་ཤེས་ཀྱི་དགོངས་ཀློང་ཚད་ལ་ཕེབས་པའི་རིགས་ཀྱི་བདག་པོ་ཁྱབ་བདག་ཞེ་ཆེན་པ་གཙོ་བོར་གྱུར་པའི་མཁས་གྲུབ་དུ་མའི་ཞབས་རྡུལ་ཚངས་གནས་སུ་མཆོད་པའི་མདོ་ཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་འོད་གསལ་ཐུགས་མཆོག་རྡོ་རྗེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་སྤྱི་དང་ལམ་འདིའི་བཀའ་བབས་མཁན་ཆེན་རཏྣའི་ཟིན་ཐུན་རྣམས་གུང་སྤྲོས་ཏེ་གཏེར་གཞུང་དངོས་བསྟན་གྱི་དགོངས་པ་ཇི་ལྟར་དཔོག་པ་བཞིན་དཀྱུས་གཅིག་ཏུ་ལྷོ་འབྲུག་གི་སྨན་ལྗོངས་ཉུལ་པའི་སྐབས་ཐུན་མཚམས་ཅི་རིགས་པར་བྲིས་ཏེ་ལྕགས་གླང་སྣྲོན་ཟླའི་ཚེས་སྐྱབས་རྗེ་པདྨ་དགྱེས་པའི་དུས་ཀྱི་མཆོད་པའི་ཉིན་རྫོགས་པར་བྱས་པ་དཀྱུས་གཅིག་ཏུ་སྤེལ་བའི་ཡི་གེ་པ་ནི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེས་གུས་པ་ལྷུར་ལེན་གྱིས་བགྱིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Latest revision as of 09:10, 1 June 2024
Wylie title | dam chos rdzogs pa chen po sde gsum gyi khrid yig 'dus gsal kun bzang dgongs pa'i mdzes rgyan 'od gsal gdod ma'i myur lam | |
---|---|---|
Location | dil mgo mkhyen brtse bka' 'bum Volume 15, Text 4, Pages 175-244 (Folios 1a to 70b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | Khyentse, Dilgo. Dam chos rdzogs pa chen po sde gsum gyi khrid yig 'dus gsal kun bzang dgongs pa'i mdzes rgyan 'od gsal gdod ma'i myur lam. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 15: 175-244. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (dam chos rdzogs pa chen po sde gsum) | |
Colophon |
།ཅེས་གདོད་ནས་ཀུན་བཟང་རྡོ་རྗེའི་དགོངས་ཀློང་ལ་མངའ་དབང་འབྱོར་བས་གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་ཆེན་པོའི་སྲས་བཅས་རྒྱལ་བའི་རྣམ་ཐར་ལ་སྤྱོད་པའི་ཀུན་མཁྱེན་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འཇིགས་མེད་ནམ་མཁའི་རྡོ་རྗེ་ཀུན་བཟང་འོད་གསལ་སྙིང་པོའི་ཞལ་སྔ་ནས་སྨིན་གྲོལ་གདམས་པ་ཡོངས་སུ་རྫོགས་པར་བསྩལ་ཅིང་དགོངས་པའི་གཏད་རྒྱ་ཐུན་མིན་དང་བཅས་ཏེ་ཁྲིད་ཡིག་ཞིག་ཞབས་ཏོག་ཏུ་སྤེལ་བར་འོས་པའི་བཀའ་ཡི་གནང་བ་བསྩལ་ཀྱང༌། རང་ཉིད་ལྟ་སྒོམ་གྱི་དྲོད་ཚད་ཆུང་ཞིང་ཉམས་ལེན་ཇི་བཞིན་མ་ནུས་པ་དང༌། དུས་ཀྱི་རྒུད་པས་ཡིད་སྐྱོ་བས་སྙོམས་ལས་སུ་ཐལ་བ་ན། སླར་ཡང་ཟབ་གསང་འདི་ཉིད་ཀྱི་བདག་པོར་གདོད་ནས་གྲུབ་པ་འཇིག་རྟེན་དབང་ཕྱུག་རྒྱལ་དབང་ཀརྨ་པ་ཆེན་པོ་བཅུ་དྲུག་པ་རང་བྱུང་ཁྱབ་བདག་རིག་པའི་རྡོ་རྗེས་དགྱེས་པ་ཆེན་པོས་ངེས་པར་འབྲི་བར་འོས་པའི་བཀའ་ལན་དུ་མར་བསྩལ་བ་དང༌། སྙིགས་དུས་ཀྱི་བསྟན་འགྲོའི་དཔལ་མགོན་མཚུངས་མེད་སྐྱབས་རྗེ་མདོ་ཁམས་པ་སྐལ་བཟང་དོན་བརྒྱུད་ཉི་མ་དང༌། གཏེར་ཆེན་མཆོག་གི་སྤྲུལ་པའི་སྐུ་པདྨ་འགྱུར་མེད་ཐེག་མཆོག་བསྟན་འཛིན་ནས་ཀྱང་ཕྲིན་ལས་ཀྱི་གསོས་སུ་འདི་ལྟར་འབྲི་བར་འོས་ཞེས་བཀས་བསྐུལ་བ་དང༌། མཆོག་གཏེར་རིགས་ཆོས་བརྒྱུད་འཛིན་མཁྱེན་རྟོགས་ཡོན་ཏན་རྨད་བྱུང་མཆེད་གྲོགས་མཆོག་སྤྲུལ་ཀརྨ་ཨོ་རྒྱན་ཐུགས་ཀྱི་བསྟན་འཛིན་ནས་མྱུར་དུ་གྲུབ་པར་དགོས་ཞེས་དམ་པ་དུ་མས་བཀའ་ལུང་ལྡོག་ཏུ་མ་སྤོབས་པས། སྡེ་གསུམ་རྫོགས་པ་ཆེན་པོའི་བཀའ་གཏེར་ཡོངས་རྫོགས་ཐོབ་པའི་སྐལ་པ་མི་དམན་ཞིང་འོད་གསལ་ཡེ་ཤེས་ཀྱི་དགོངས་ཀློང་ཚད་ལ་ཕེབས་པའི་རིགས་ཀྱི་བདག་པོ་ཁྱབ་བདག་ཞེ་ཆེན་པ་གཙོ་བོར་གྱུར་པའི་མཁས་གྲུབ་དུ་མའི་ཞབས་རྡུལ་ཚངས་གནས་སུ་མཆོད་པའི་མདོ་ཁམས་ཀྱི་ཀུ་སཱ་ལི་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་འོད་གསལ་ཐུགས་མཆོག་རྡོ་རྗེ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་སྔ་འགྱུར་རིག་འཛིན་བརྒྱུད་པའི་མན་ངག་སྤྱི་དང་ལམ་འདིའི་བཀའ་བབས་མཁན་ཆེན་རཏྣའི་ཟིན་ཐུན་རྣམས་གུང་སྤྲོས་ཏེ་གཏེར་གཞུང་དངོས་བསྟན་གྱི་དགོངས་པ་ཇི་ལྟར་དཔོག་པ་བཞིན་དཀྱུས་གཅིག་ཏུ་ལྷོ་འབྲུག་གི་སྨན་ལྗོངས་ཉུལ་པའི་སྐབས་ཐུན་མཚམས་ཅི་རིགས་པར་བྲིས་ཏེ་ལྕགས་གླང་སྣྲོན་ཟླའི་ཚེས་སྐྱབས་རྗེ་པདྨ་དགྱེས་པའི་དུས་ཀྱི་མཆོད་པའི་ཉིན་རྫོགས་པར་བྱས་པ་དཀྱུས་གཅིག་ཏུ་སྤེལ་བའི་ཡི་གེ་པ་ནི་སྔགས་བན་འཇིགས་མེད་སྐལ་བཟང་རྡོ་རྗེས་གུས་པ་ལྷུར་ལེན་གྱིས་བགྱིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་རྒྱུར་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག། | |
/ces gdod nas kun bzang rdo rje'i dgongs klong la mnga' dbang 'byor bas grol ba drug ldan gyi phrin las chen po'i sras bcas rgyal ba'i rnam thar la spyod pa'i kun mkhyen bla ma 'jam dbyangs chos kyi blo gros 'jigs med nam mkha'i rdo rje kun bzang 'od gsal snying po'i zhal snga nas smin grol gdams pa yongs su rdzogs par bstsal cing dgongs pa'i gtad rgya thun min dang bcas te khrid yig zhig zhabs tog tu spel bar 'os pa'i bka' yi gnang ba bstsal kyang*/_rang nyid lta sgom gyi drod tshad chung zhing nyams len ji bzhin ma nus pa dang*/_dus kyi rgud pas yid skyo bas snyoms las su thal ba na/_slar yang zab gsang 'di nyid kyi bdag por gdod nas grub pa 'jig rten dbang phyug rgyal dbang karma pa chen po bcu drug pa rang byung khyab bdag rig pa'i rdo rjes dgyes pa chen pos nges par 'bri bar 'os pa'i bka' lan du mar bstsal ba dang*/_snyigs dus kyi bstan 'gro'i dpal mgon mtshungs med skyabs rje mdo khams pa skal bzang don brgyud nyi ma dang*/_gter chen mchog gi sprul pa'i sku pad+ma 'gyur med theg mchog bstan 'dzin nas kyang phrin las kyi gsos su 'di ltar 'bri bar 'os zhes bkas bskul ba dang*/_mchog gter rigs chos brgyud 'dzin mkhyen rtogs yon tan rmad byung mched grogs mchog sprul karma o rgyan thugs kyi bstan 'dzin nas myur du grub par dgos zhes dam pa du mas bka' lung ldog tu ma spobs pas/_sde gsum rdzogs pa chen po'i bka' gter yongs rdzogs thob pa'i skal pa mi dman zhing 'od gsal ye shes kyi dgongs klong tshad la phebs pa'i rigs kyi bdag po khyab bdag zhe chen pa gtso bor gyur pa'i mkhas grub du ma'i zhabs rdul tshangs gnas su mchod pa'i mdo khams kyi ku sA li 'jigs med mkhyen brtse'i 'od zer 'od gsal thugs mchog rdo rje theg mchog bstan pa'i rgyal mtshan gyis snga 'gyur rig 'dzin brgyud pa'i man ngag spyi dang lam 'di'i bka' babs mkhan chen rat+na'i zin thun rnams gung spros te gter gzhung dngos bstan gyi dgongs pa ji ltar dpog pa bzhin dkyus gcig tu lho 'brug gi sman ljongs nyul pa'i skabs thun mtshams ci rigs par bris te lcags glang snron zla'i tshes skyabs rje pad+ma dgyes pa'i dus kyi mchod pa'i nyin rdzogs par byas pa dkyus gcig tu spel ba'i yi ge pa ni sngags ban 'jigs med skal bzang rdo rjes gus pa lhur len gyis bgyis pa 'dis kyang kun bzang thugs kyi bstan pa la bya ba mchog tu byed pa'i rgyur smon pa bzhin 'grub par gyur cig/ |