DKR-KABUM-23-'A-005: Difference between revisions
From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-005
WikiBot2015 (talk | contribs) No edit summary |
WikiBot2015 (talk | contribs) No edit summary |
||
Line 1: | Line 1: | ||
{{ | {{Khyentse Metadata | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|collectiontitle=dil mgo mkhyen brtse bka' 'bum | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|totalvolumes=25 | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber='A | |||
|textnuminvol=005 | |||
|pdflink=File:DKR-KABUM-23-'A-005.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། ན་མོ་མ་ཧཱ་ཀ་རུ་ཎི་ཀ་ཡེ། གྲངས་མེད་བསྐལ་པར་གཞན་ཕན་ཤིང་རྟ་ཡིས། །དྲངས་པས་འགྲོ་ཀུན་བུ་ལྟར་བརྩེ་བའི་ཐུགས། །བསོད་ནམས་ཡེ་ཤེས་ནོར་བུ་ལྕི་བའི་མཐུས། །འགྲོ་ཀུན་ཕན་མཛད་སྲས་བཅས་རྒྱལ་བ་མཁྱེན། །ཁྱད་པར་ལྔ་བརྒྱའི་གདུལ་བྱ་རྗེས་འཛིན་ལ། །སྙིང་རྗེའི་གོ་ཆ་ལྷུར་བཞེས་ཤཱཀྱའི་ཏོག །སྤྱན་རས་གཟིགས་དང་པད་འབྱུང་སྒྲོལ་མ་སོགས། །གངས་ཅན་མགོན་གྱུར་ཐམས་ཅད་དགོངས་སུ་གསོལ། །བདག་ཡིད་ཆུ་གཏེར་ཉོན་མོངས་རྦ་རླབས་ཀྱིས། །དཀྲུགས་པའི་རྙོགས་པ་སེལ་མཆོག་ཀེ་ཏ་ཀས། །བགྲུངས་ནས་ཕན་བདེའི་འདོད་རྒུ་ལྷུན་གྲུབ་པས། །འགྲོ་ཀུན་སྙིང་རྗེའི་ལྕགས་ཀྱུས་འཛིན་ནུས་ཤོག །རང་ལ་ལོག་སྒྲུབ་སྡུག་བསྔལ་བསྐྱེད་པའི་འགྲོ། །རང་བྱས་ལས་ཀྱི་འབྲས་བུར་ངོ་ཤེས་ནས། །རང་དོན་གཅེས་སེམས་སྤངས་པའི་གཏོང་སེམས་ཀྱིས། །རང་གཞན་བདེ་ནས་བདེ་བའི་རྒྱུར་གྱུར་ཅིག །བསགས་པའི་ནོར་ཀུན་སྟོབས་ཀྱིས་འཕྲོག་པ་འདིས། །ཚེ་རབས་ལན་ཆགས་བུ་ལོན་ཀུན་བྱང་ནས། །ཇི་ལྟར་འདོད་པའི་དོན་ཀུན་ཕ་རོལ་པོས། །གྲུབ་པས་ཡིད་ཀྱི་རེ་བ་རྫོགས་གྱུར་ཅིག །རང་ལ་ཆགས་དང་སེར་སྣའི་བློ་མི་སྐྱེ། །གཞན་ལ་ལན་དང་རྣམ་སྨིན་འབྲས་མི་མྱོང༌། །དགའ་བཞིན་ཕ་མས་བུ་ལ་ཟས་སྟེར་ལྟར། །གྱུར་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ནོར་འཕྲོག་སེར་སྣའི་མདུད་བཀྲོལ་མཁན་པོ་ཀུན། །བྱང་ཆུབ་གྲོགས་སུ་ཤེས་པས་དྲིན་གཟོའི་ཕྱིར། །གཏོང་བའི་བློ་ཡིས་ཚོགས་གཉིས་ཡོངས་རྫོགས་པའི། །བསོད་ནམས་བསགས་པའི་རྟེན་མཆོག་མཐོང་བར་ཤོག །ད་ལྟ་འདིས་མཚོན་ཡིད་འོང་དངོས་པོ་ཀུན། །ཁྱོད་དང་ཁྱོད་མཚུངས་ཀུན་ལ་གུས་འབུལ་ཞིང༌། །དགའ་བའི་སེམས་ཀྱིས་ཡང་ཡང་ཚིམ་བྱེད་ལ། འཁྲུག་དང་སེར་སྣ་ནམ་ཡང་མི་བགྱིད་ཤོག །བདག་ལ་བརྟེན་ནས་བསགས་པའི་ལས་ཀྱི་མཐའ། །རྣམ་དཀར་བྱང་ཆུབ་སྤྱོད་པའི་བཤེས་གཉེན་དུ། །བྱམས་དང་སྙིང་རྗེས་འཕེན་པ་ངེས་གྱུར་ནས། །རང་གཞན་སྡིག་པའི་རྣམ་སྨིན་མི་མྱོང་ཤོག །འདི་སྤྱོད་དཀོན་མཆོག་དཀོར་དང་ལོག་འཚོ་ཡིས། །ནམ་ཡང་མི་གོས་ལོངས་སྤྱོད་ལ་བརྟེན་ནས། །ཚོགས་ཆེན་རྫོགས་དང་སྦྱིན་པའི་ཕ་རོལ་ཏུ། །སོན་ནས་སྒྲིབ་བྲལ་ཡེ་ཤེས་མཐོང་ནུས་ཤོག །སྦྱིན་ཡུལ་ཀུན་ཀྱང་སངས་རྒྱས་སྙིང་པོ་ཅན། །གནས་ལུགས་གདན་གསུམ་དཀྱིལ་འཁོར་ལྷའི་རོལ་མོ། །ཞེན་མེད་ཚོགས་ཀྱི་མཆོད་པས་དངོས་གྲུབ་ཐོབ། །ཀུན་བཟང་རྡོ་རྗེའི་ལོངས་སྤྱོད་རྒྱུར་གྱུར་ཅིག །ལོག་སྒྲུབ་མཁན་ཀུན་སྔོན་གྱི་ཕ་མ་དངོས། །སྣང་ཚུལ་ཙམ་དུ་ཚོགས་གཉིས་བསགས་པའི་རྟེན། །བྱས་པ་ཤེས་པས་དགའ་མགུར་སྟོབ་པ་ཡིས། །ཚེ་རབས་ཀུན་ཏུ་འདི་ཡི་གཡོག་བགྱིད་ཤོག །ཡིད་ཅན་འདི་དག་ལ་བརྟེན་བདག་ཚོགས་རྫོགས། །འདི་དག་སྐྱེ་ཀུན་བདག་གི་གདུལ་བྱར་གྱུར། །གནོད་པ་ལ་བརྟེན་ཕན་ལན་བདེ་སྟེར་བའི། །བྱང་ཆུབ་སེམས་མཆོག་བདག་གི་རྒྱུད་སྐྱེས་ཤོག །བདག་ཅག་སྟོན་པས་སློབ་པ་ལམ་གྱི་སྐབས། །བཟང་ངན་འབྲེལ་ཀུན་མངོན་པར་སངས་རྒྱས་ཚེ། །འདུས་པ་དང་པོ་ལྟ་བུ་འདི་དག་ཀུན། །གྱུར་ནས་འཁོར་གྱི་ཐོག་མར་སོན་གྱུར་ཅིག །སྡང་སེམས་དགྲ་དང་རང་ཉིད་ལྟར་སྣང་བ། །གཉིས་མེད་ཆོས་ཉིད་གཅིག་གི་ངོ་བོ་རུ། །ཆགས་སྡང་འཛིན་རྟོགས་རང་གྲོལ་དོན་དམ་གྱི། །ལྷག་པའི་སེམས་ཀྱིས་སྙིགས་འགྲོ་ཀུན་སྐྱོབ་ཤོག །སྲིད་དང་ཞི་བའི་ཕན་བདེ་བདུད་རྩི་ཡིས། །ཀུན་དུ་སིམ་སྟེར་བྱང་ཆུབ་སྤྱོད་པའི་མཚོར། །རང་གཞན་ཀུན་གྱིས་རྟག་ཏུ་རོལ་པ་ལས། །དགེ་ལེགས་ནོར་བུའི་དཔལ་གྱིས་ཁེངས་གྱུར་ཅིག །བླ་མ་དཀོན་མཆོག་གསུམ་གྱི་མཁྱེན་བརྩེའི་མཐུ། །བདག་གི་གཞན་ཕན་ལྷགས་བསམ་བདེན་ནུས་ཀྱིས། །ཀུན་ཀྱང་བླ་མེད་ཐེག་ཆེན་དགའ་ཚལ་དུ། །འཇུག་པའི་སྐལ་བཟང་རྟེན་འདིར་མངོན་གྱུར་ཤོག །མ་ལུས་འགྲོ་ཀུན་བྱང་ཆུབ་སྤྱོད་པའི་ལམ། །དངོས་བརྒྱུད་ཀུན་ནས་འཇུག་པའི་དགེ་མཚན་གྱིས། །སྙིགས་མའི་སྡུག་བསྔལ་མཐའ་དག་རྒྱུན་ཆད་ནས། །ཀུན་མཁྱེན་གླིང་དུ་ཕྱམ་གཅིག་མྱུར་འཇུག་ཤོག །ས་གསུམ་ཀུན་ཏུ་བདེ་དཔལ་འབྱུང་བའི་གནས། །བསྟན་དང་བསྟན་འཛིན་ལུང་རྟོགས་ཕྲིན་ལས་དར། །རྣམ་དཀར་སྣང་བས་འགྲོ་ཀུན་ངལ་འཚོ་བའི། །དོན་གཉིས་ཡོན་ཏན་ལྷུན་གྱིས་འགྲུབ་གྱུར་ཅིག །ཆོས་ཉིད་བདག་གཞན་མཉམ་པ་ཉིད་ཀྱི་མཐུས། །ཆོས་ཅན་གཞན་ཕན་སྙིང་རྗེ་བདེན་པའི་ཚིག །གདུལ་དཀའ་དམུ་རྒོད་འགྲོ་བས་མངོན་སུམ་དུ། །གྲུབ་ནས་རྒྱལ་སྲས་སྤྱོད་པ་ཡོངས་རྫོགས་ཤོག །འགྲོ་ཀུན་བུ་གཅིག་ལྟར་བརྩེ་སྲས་བཅས་རྒྱལ། །དད་པའི་མདུན་སར་བཀོད་དེ་སྨོན་པ་བཞིན། །མངོན་གྱུར་འབྲེལ་ཚད་ཀུན་མཁྱེན་གོ་འཕང་གི །བདུད་རྩིས་དབུགས་དབྱུང་མྱུར་དུ་སྟེར་ནུས་ཤོག །རྨད་བྱུང་བྱང་ཆུབ་སེམས་ཀྱི་ཡིད་བཞིན་ནོར། །བདག་གི་སྙིང་ལ་རྟག་ཏུ་བཞུགས་པ་ཡིས། །མ་ལུས་ཡིད་ཅན་བདེ་དགའ་མི་ཟད་པའི། །དགའ་སྟོན་བདག་ཉིད་ཁོ་ནས་འགྱེད་ནུས་ཤོག །གང་དུ་སྡུག་བསྔལ་ཅན་དང་གདུལ་དཀའ་བའི། །ཡིད་ཅན་དེ་ཀུན་བདག་དང་ལྷན་ཅིག་འགྲོགས། །ཐབས་མཁས་སྙིང་རྗེའི་སྟོབས་ཀྱིས་དེ་ཐམས་ཅད། །བྱང་ཆུབ་གནས་སུ་བདག་གིས་འགོད་པར་ཤོག །རྙོགས་པ་ལྔས་དཀྲུགས་རྩོད་པ་རྒྱས་པའི་འགྲོ། །རྗེས་སུ་འཛིན་ལ་ཤཱཀྱའི་དབང་པོ་དང༌། །པད་འབྱུང་སྤྱན་རས་གཟིགས་དང་སྒྲོལ་མ་བཞིན། །གྱུར་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྩེ་གཅིག་གཞན་ཕན་བློ་ཡིས་སྨོན་པའི་མཐུས། །བདག་གཞན་ཀུན་གྱི་ཉོན་མོངས་སྡུག་བསྔལ་ཞི། །རྣམ་དཀར་སྐྱ་རེང་གིས་བསུས་རྒྱལ་བའི་བསྟན། །ལུང་རྟོགས་དཔལ་འབྱོར་གཡར་མཚོ་ལྟར་རྒྱས་ཤོག །ཅེས་པའང་རང་གཞན་ལས་དང་ཉོན་མོངས་པའི་རྦ་ཀློང་འཁྲུག་པ་སྲིད་པའི་རྒྱ་མཚོར་གཡེངས་ཤིང་མཐའ་མིས་ལོག་སྤྱོད་ནད་མུག་མཚོན་གྱི་བསྐལ་ངན་ཆུ་སྲིན་གྱི་མཆེ་བས་གཟིར་བའི་སྐབས་བྱང་ཆུབ་སེམས་ཀྱི་མངའ་བདག་རྣམ་འདྲེན་རྣམས་ཀྱི་ཐུགས་རྗེའི་ཟླ་ཟེར་སྙིང་ལ་རེག་པའི་བཀའ་དྲིན་འབའ་ཞིག་གི་རྐྱེན་སྣང་ལམ་དུ་ཁྱེར་བའི་སྨོན་ལམ་འདི་ཡང་བཅོས་མིན་གྱི་ལྷག་བསམ་སེམས་ལས་ཤར་བ་བཞིན་རྒྱལ་སྲས་བློ་གྲོས་དྲི་མེད་གཟི་བརྗིད་རབ་ཏུ་དགའ་བའི་དཔལ་ཞེས་བརྡར་བཏགས་པའི་ཀུ་སཱ་ལིས་སྟོན་པའི་ཞལ་སྐྱིན་ཤཱཀྱ་མུ་ནེའི་སྤྱན་སྔར་དཔང་གཙུགས་ཏེ་གསོལ་བ་བཏབ་པ་ཡི་གེའི་རིས་སུ་བཀོད་པའི་འཆར་གཞིའོ། །དགེ་ལེགས་འཕེལ།། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་ཡེ། ཆོས་དབྱིངས་ཞི་བའི་ཐུགས་ནི་སྙིང་རྗེས་འཛུམས། །ཡང་ཡང་མ་རྒན་ཉམས་ཐག་འགྲོ་བ་ལ། །འཁྲུགས་པ་མེད་པའི་རྒྱལ་བ་སྲས་དང་བཅས། །དཔལ་མགོན་བླ་མར་ངེས་པའི་ཕྱག་གིས་འདུད། །ཁྱོད་ཀྱི་བྱིན་རླབས་རིན་ཆེན་གསེར་འགྱུར་རྩིས། །བདག་རྒྱུད་ལས་ཉོན་ལྕགས་ཁམས་ལ་ཐེབས་པས། །ཐམས་ཅད་མཁྱེན་པའི་ཡོན་ཏན་འབྱུང་བའི་གནས། །བྱང་ཆུབ་སེམས་ཀྱི་གསེར་སྦྱངས་ཁམས་སུ་བསྒྱུར། །འདི་ནི་དཔག་མེད་ཡོན་ཏན་རིན་ཐང་ཅན། །ནམ་ཡང་ཉེས་པའི་དྲི་མས་མ་ནོངས་པ། །སྲིད་ཞིའི་ཁྱོན་གྱི་ལེགས་ཚོགས་ཀུན་འབྱུང་བའི། །ངོ་མཚར་དཔལ་འདི་སྲས་བཅས་རྒྱལ་བས་བསྔགས། །གང་ལས་ངོ་མཚར་དགེ་ལེགས་ཀུན་འབྱུང་བའི། །ཆ་ཤས་ཀྱིས་ཀྱང་རིན་ཆེན་རྡུལ་བཞིན་དུ། །དཔལ་དང་ཡོན་ཏན་དགའ་སྟོན་མི་ཟད་པ། །སྙིགས་མའི་ཡིད་ཅན་ཀུན་ལ་འཆར་གྱུར་ཅིག །ཁྱད་པར་འདོད་སྲེད་ཆུར་བྱིངས་བསྐམ་ཆགས་ཅན། །ཞེ་སྡང་མེ་ཡིས་རྟག་ཏུ་རྒྱུད་འཚིག་དང༌། །གཏི་མུག་མུན་པས་བསྒྲིབས་ཀྱང་མི་ཤེས་འཁྱམ། །ཕྲག་དོག་རླུང་གིས་བག་མི་ཕེབས་བྱས་འགྲོ། །ང་རྒྱལ་ལྕགས་ཀྱི་གོང་བུ་མཁྲེགས་པ་ཡི། །རྒྱུ་འབྲས་གནས་ལ་སྤྱོད་པའི་ཡིད་ཅན་ཀུན། །བྱང་ཆུབ་སེམས་ནི་རྡོ་རྗེ་ལྟ་བུའི་ཁམས། །ཆགས་བྲལ་ཉི་ཟླ་ལྟར་མཛེས་ཞི་བསིལ་དཔལ། །ཡེ་ཤེས་སྣང་བ་འདོད་དགུའི་དྲྭ་བ་ཅན། །རྟག་ཏུ་མི་འཁྲུགས་རབ་བརྟན་མཉེན་ལྕུག་གིས། །མངོན་མཐོ་ངེས་ལེགས་ལམ་རྣམས་ཀུན་ལ་འཇུག །ཟག་མེད་འཕགས་པའི་སྤང་རྟོགས་བྱེ་བ་སྙེམས། །ཇི་ཙམ་འགལ་རྐྱེན་ཤུགས་ཀྱིས་མནར་བཞིན་དུ། །དེ་ཙམ་ལེགས་ཚོགས་མཐུ་ཡིས་རབ་དཔའ་བའི། །ལམ་འདི་བདག་གིས་མ་ནོར་རྙེད་པའི་མཐུས། །ཁམས་གསུམ་འགྲོ་བའི་འདྲེན་པ་གཅིག་གྱུར་ཅིག །གྲུབ་པ་མཆོག་གི་བདུད་རྩིས་རེག་པ་བཞིན། །མཐོང་ཐོས་དྲན་རེག་མིང་ཙམ་ཐོས་ཚུན་ཆད། །བདེ་ནས་བདེ་བར་རིན་ཆེན་གྲུ་གཟིངས་ཀྱིས། །སྲིད་པའི་རྒྱ་མཚོའི་ཕ་མཐར་བརྒལ་གྱུར་ཅིག །དེར་ནི་རྒྱལ་བའི་སྲས་ཀྱི་དེད་དཔོན་གྱིས། །ལེགས་ཟིན་རྒྱལ་ཀུན་དགྱེས་པའི་ངང་ཚུལ་ལས། །མི་འདའ་རྒྱལ་སྲས་སྤྱོད་པའི་ནོར་བུའི་ཚོགས། །བདག་གིར་བགྱིས་པས་སྲིད་ཞིའི་ཉེས་སྐྱོབས་ཤིག །ཁྱད་པར་རྒྱལ་ཀུན་གཤེགས་དང་འབྱོན་པའི་ལམ། །བླ་མེད་ཐེག་ཆེན་ཆོས་ཀྱི་དགའ་སྟོན་གྱིས། །འགྲོ་ཀུན་ལེགས་སྐྱོང་མཁའ་ཁྱབ་ཡིད་ཅན་ཀུན། །ལམ་དེར་འདྲེན་པའི་ཁ་ལོར་བདག་གྱུར་ཅིག །སྲས་བཅས་འདྲེན་པའི་ཕ་ནོར་ཐེག་ཆེན་གྱི། །སྡེ་སྣོད་མཐའ་དག་འཛིན་འཆང་སྤེལ་བ་ཡིས། །ཆོས་ཀྱི་རྒྱལ་བུ་འཇམ་པའི་དཔལ་བཞིན་དུ། །རྒྱལ་བ་ཀུན་གྱི་སྲས་གཅིག་བདག་གྱུར་ཅིག །བདག་ཀྱང་རང་དོན་སྲེད་པའི་འཆིང་བཅད་དེ། །གཞན་ཕྱིར་སྲོག་ཀྱང་གཏོང་ལ་མི་ངལ་ཞིང༌། །ཚེ་རབས་ཀུན་ཏུ་མ་རྒན་འགྲོ་བའི་གཡོག །བདག་ཉིད་གཅིག་པུས་ངལ་མེད་བྱེད་གྱུར་ཅིག །བདག་ལ་དགའ་ཞིང་ཆགས་པའི་རིགས་ཐམས་ཅད། །བདག་དང་མི་འབྲལ་བདག་གི་ཡིད་མཐུན་པས། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་མཉམ་སྤྱད་པ། །བསྐལ་བཟང་སངས་རྒྱས་སྟོང་བཞིན་མཆེད་གྱུར་ཅིག །བདག་ལ་ཁྲོ་དང་གཤུང་བ་དེ་དག་ཀྱང༌། །འཁོན་དང་གནོད་པས་འཚེ་བ་མེད་པ་ཡིས། །སྙིང་རྗེ་བྱང་ཆུབ་སེམས་ཀྱི་གྲོགས་གྱུར་ནས། །ངན་འབྲེལ་འཁོར་གྱི་ཐོག་མ་ཉིད་གྱུར་ཅིག །བརྩེ་བའི་སྙིང་རྗེ་འཕགས་པ་སྤྱན་རས་གཟིགས། །མཁྱེན་པའི་ཡེ་ཤེས་རྗེ་བཙུན་འཇམ་པའི་དབྱངས། །ནུས་པའི་ཕྲིན་ལས་གསང་བདག་དངོས་ཇི་བཞིན། །སྨོན་ལམ་ཀུན་ཏུ་བཟང་དང་མཉམ་གྱུར་ཅིག །དག་པའི་ཚུལ་ཁྲིམས་རྒྱལ་ཚབ་མ་ཕམ་པ། །བསོད་ནམས་མཐུ་དཔལ་རྒྱལ་སྲས་ས་ཡི་སྙིང༌། །མཉམ་ཉིད་ཐུགས་མཆོག་ནམ་སྙིང་ཉེས་ཀུན་འཇོམས། །སྒྲིབ་པ་རྣམ་སེལ་མཛད་དང་གཉིས་མེད་ཤོག །རྩོད་དུས་གདུལ་དཀའ་འདུལ་ལ་ཤཱཀྱའི་ཏོག །རྒྱལ་ཀུན་རྣམ་ཐར་གཅིག་བསྡུས་པདྨ་འབྱུང༌། །དབྱེར་མེད་དཔལ་མགོན་བླ་མའི་གསང་གསུམ་གྱི། །རྣམ་ཐར་ཕྲིན་ལས་གཉིས་སུ་མེད་གྱུར་ཅིག །མངྒ་ལས་སོ། ༈ ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་ཡེ། ཀུན་ཕན་ཐུགས་བསྐྱེད་བཏང་སྙོམས་ཡངས་པའི་མཁར། །ཀུན་ཁྱབ་སྙིང་རྗེའི་ཆུ་ཁུར་འཁྲིགས་པ་ལས། །ཀུན་གཟིགས་བྱམས་པའི་སྤྲིན་གྱི་མེ་ཏོག་གིས། །ཀུན་དགའི་དཔལ་སྐྱེད་མགོན་པོ་སྲས་བཅས་དགོངས། །དད་པས་ཉེར་དྲངས་སྒོ་གསུམ་དྭངས་བས་བཏུད། །ཕྱག་འཚལ་མཆོད་འབུལ་ཉེས་པ་ཀུན་མཐོལ་ཞིང༌། །དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་བཞུགས། །རྣམ་དཀར་མཐའ་དག་བྱང་ཆུབ་སྙིང་པོར་བསྔོ། །བདག་ལ་དང་པོ་རྟེན་བཟང་ལུས་སྲོག་བསྐྱེད། །བར་དུ་མཐོ་རིས་བདེ་དགའི་བསྙེན་བཀུར་སྦྱིན། །ཐ་མར་རྟག་ཏུ་ཕན་པ་ལྷུར་ལེན་པའི། །བཀའ་དྲིན་འཁོར་མཐའ་མེད་པའི་མ་དང་ཕ། །ཚེ་རབས་ཀུན་ཏུ་ཆོས་ཀྱིས་དྲིན་གཟོའི་ཕྱིར། །ཡང་དག་དགེ་བའི་བཤེས་དང་འཕྲད་བགྱིད་ཅིང༌། །རྣམ་དཀར་སྤྱོད་པས་བདེ་ནས་བདེ་བའི་སར། །འཁྲུགས་པ་མེད་པའི་སེམས་ཀྱིས་སྦྱོར་བར་ཤོག །ལུས་ཀྱི་དྭངས་མས་བསྐྱེད་བཞིན་བདག་གིས་མར། །གཞན་ཕན་བྱང་ཆུབ་སེམས་ཀྱི་ས་བོན་བསྐྲུན། །བྱམས་སྡུག་བརྩེ་དགས་གནོད་པ་ཀུན་བཟོད་ལྟར། །མ་རྒན་ཕྱིར་དུ་ངན་སོང་འཁོར་བར་རྒྱུ། །ཐབས་མཁས་ལག་པས་སྲིད་ཞིའི་ཉེས་པ་ལས། །སྐྱོབ་པའི་བསྙེན་བཀུར་སྐྱོ་ངལ་མེད་པས་བསྟེན། །ཟས་གོས་ལོངས་སྤྱོད་འདོད་ཡོན་ཀུན་སྟེར་ལྟར། །མ་ཕྱིར་དགེ་ལེགས་ཡོན་ཏན་མཐའ་དག་སྦྱིན། །སྙིང་ནས་བརྩེ་བའི་གཡར་དམ་མི་ལྷོད་པས། །བྱང་ཆུབ་སྤྱོད་པའི་གྲོགས་སུ་བདག་གྱུར་ཅིག །རྩ་བའི་ཕ་མ་བཞིན་དུ་སྙིང་རྗེའི་སེམས། །མཁའ་ཁྱབ་འགྲོ་ལ་ཕྱོགས་རིས་མེད་པར་འཇུག །རྟག་ཏུ་གཞན་ཕན་གོ་ཆ་མི་རལ་བའི། །ལྷག་བསམ་བྱང་ཆུབ་སེམས་ཀྱི་གཞི་བརྟན་ཤོག །སྲིད་དང་ཞི་བའི་བདེ་དཔལ་ཡོན་ཏན་མཐུ། །ཀུན་ཀྱང་གཞན་ལ་དགའ་བས་སྟེར་བ་དང༌། །འགྲོ་བ་ཕ་མར་གྱུར་པའི་སྡུག་བསྔལ་དང༌། །སྡིག་པའི་རྣམ་སྨིན་བདག་གི་ཁུར་སྨིན་ཤོག །སྡུག་བསྔལ་ཅན་གྱི་འགྲོ་བ་མཐོང་དང་ཐོས། །དེ་ཡི་མོད་ལ་མ་བཞིན་རབ་དགའ་བས། །ཉམ་ངའི་གནས་སྐྱོབ་བདེ་བར་དབུགས་འབྱིན་ལ། །རང་གི་ལུས་དང་སྲོག་ཀྱང་ཕངས་མེད་ཤོག །ཐོག་མར་བྱང་ཆུབ་སྤྱོད་པའི་འཇུག་སྒོ་སྟོན། །བར་དུ་རྒྱལ་སྲས་སྤྱོད་པ་ལྷན་ཅིག་སྤྱད། །མཐར་ཐུག་ཀུན་མཁྱེན་གླིང་དུ་དབུགས་འབྱིན་མཐུ། །དཔེ་ཟླ་མེད་པའི་སེམས་བསྐྱེད་འཛིན་ནུས་ཤོག །ཇི་ལྟར་བདག་ཅག་སྟོན་པས་སུམ་རྩེན་གནས། །སྒྱུ་འཕྲུལ་ལྷ་མོར་བདུད་རྩིའི་མཐུ་བསྩལ་བཞིན། །བདག་གིས་ཕ་མ་འབྲེལ་ཐོགས་ཡིད་ཅན་ཀུན། །བདེ་ནས་བདེར་སྦྱོར་སྤྱོད་པས་འདུལ་བར་ཤོག །ཕྱོགས་བཅུར་དག་པའི་ཞིང་དུ་སངས་རྒྱས་དང༌། །རྒྱས་སྲས་དབུས་ན་བདག་གིས་མ་རྒན་ཁྲིད། །ཟབ་རྒྱས་ཆོས་ཀྱི་རྒྱུད་སྦྱངས་ལམ་བགྲོད་ནས། །ངེས་པར་སྐུ་བཞིའི་རྒྱལ་སར་སྦྱོར་གྱུར་ཅིག །བདག་གཞན་མཉམ་ཉིད་དོན་དམ་སེམས་ཀྱི་དབྱིངས། །རྨད་བྱུང་སྙིང་རྗེས་གཞན་ཕན་ཀུན་རྫོབ་སེམས། །ཟུང་འཇུག་བསྒོམས་པས་ཇི་ལྟར་སྨོན་པ་བཞིན། །རྟེན་འདིར་མངོན་སུམ་འགྲུབ་པའི་མཐུ་ཐོབ་ཤོག །ཅེས་འདི་དགེ་སྦྱོང་རྒྱལ་མཚན་དང༌། །པདྨ་ཙནྡྲ་ནས་བསྐུལ་ལྟར། །ཀུན་མཁྱེན་བླ་མས་འགྲོ་བ་ཀུན། །ཐེག་མཆོག་ལམ་གྱིས་ཐརྃ་པྃའི་སར། །ཁྲིད་པའི་གླིངྃ་དེར་གནས་འབྲེལ་སྐབས། །མཁྱེན་བརྩེའི་འོད་ཟེར་སྒྲོ་བཏགས་པས། །ས་ཟླའི་ཚེས་༡༠ལ་སྨོན་པ་བཞིན། །གྲུབ་ནས་འབྲེལ་ཐོགས་ཡིད་ཅན་ཀུན། །རྣམ་གྲོལ་ས་ལ་སྦྱོར་གྱུར་ཅིག ༈ སྐྱབས་ཡུལ་རྒྱ་མཚོ་མངོན་སྤྱོད་ཀྱི་ལས་ལ་སྨོན་བསྐུལ་རབ་འབར་ཉི་མའི་ཟེར་རྣོན་བཞུགས། ཨེ་མ་ཧོ། སྣང་སྲིད་ཟིལ་གནོན་རྡོ་རྗེའི་བཀའ་རྟགས་ཀྱིས། །འཁོར་འདས་ཆོས་ཀུན་རྒྱས་བཏབ་པདྨ་འབྱུང༌། །དབང་དྲག་དམར་ནག་དུས་མཐའི་མེ་ཕྲེང་གིས། །རྡོ་རྗེའི་ཚིག་འདིའི་བརྗོད་དོན་ལྕི་བར་མཛོད། །ཡེ་ཤེས་ལྟ་སྟངས་གྲུབ་པས་ནགས་ཚལ་བསྲེགས། །སྡིག་མཛུབ་ཙམ་གྱིས་བྲག་གཏོར་མཚོ་སྐེམ་པའི། །འཕགས་བོད་རྗེ་འབངས་རིག་པ་འཛིན་རྣམས་ཀྱིས། །ཕས་རྒོལ་ཆམས་ལ་འབེབས་པའི་དུས་ལ་བབ། །ཆོས་དབྱིངས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ཀློང༌། །བདེ་ཆེན་ལྷུན་གྲུབ་གཏུམ་རྔམ་དྲག་ཤུལ་རོལ། །སྲིད་ཞིའི་སྤྱི་དཔལ་ཆེ་དེས་རྡོ་རྗེའི་མཐུ། །ལྷ་མིན་གཡུལ་ངོར་བཤམས་པས་ཕམ་པར་མཛོད། །རབ་འབར་རྔམ་པའི་སྣང་མཛད་སྐུ་ཡི་དབྱིངས། །རྡོ་རྗེའི་ཉི་མ་འབུམ་ལྟར་དཔའ་བའི་གར། །གདུག་པའི་གདུལ་བྱའི་གཉའ་བར་རབ་བསྒྱུར་བའི། །བསྡུས་དངོས་བཞི་ཡི་ཆོ་འཕྲུལ་རྟག་པར་ཕོབ། །འབྲུག་སྟོང་ལྟར་བརྗིད་དྲག་ཤུལ་གསུང་གི་གདངས། །འཇིགས་པའི་གད་མོ་རི་རབ་འབུམ་བསྙིལ་སྒྲ། །ཟག་མེད་བཞི་ལྡན་གསུང་གི་ཧེ་རུ་ཀས། །བསྒྲགས་པས་རྒོལ་ངན་ཀླད་པ་འགེམས་པར་མཛོད། །རྟག་ཏུ་མི་གཡོ་ཞི་བ་ཆོས་སྐུའི་ཐུགས། །སྙིང་རྗེས་མྱོས་པའི་གདུལ་དཀར་ཡུས་པའི་རྩལ། །ཚད་མེད་བཞིའི་གཟུགས་ཡང་དག་ཧེ་རུ་ཀས། །རྡོ་རྗེ་ཁྲོས་པའི་སྟོབས་ཤུགས་ད་ཕྱུངས་ཤིག །ལས་ཉོན་ཆུ་བོས་ཟག་མེད་རྣམ་མཁྱེན་གྱི། །གྲུ་གཟིངས་བཤིག་ལ་བྲལ་སྨིན་ཡོན་ཏན་གྱི། །ཆེ་མཆོག་འདུས་པ་རྣམ་ཐར་སྒོ་བཞི་ཡིས། །དབུགས་འབྱིན་སྒྲིབ་པའི་འཁྲི་ཤིང་གཅོད་པར་མཛོད། །སྒོ་གསུམ་བྱ་བྱེད་སྡིག་སྡུག་དུག་སྦྲུལ་གྱིས། །ཁམས་གསུམ་སྐྱེ་དགུར་འཁྱུད་པའི་སྐལ་ངན་ལ། །དྲན་པ་ཉེར་གཞག་ཕྲིན་ལས་དཀྱིལ་འཁོར་བཞིས། །ཐར་པའི་བདུད་རྩིའི་བཅུད་ལེན་ཀུན་སྩོལ་ཅིག །ཅིས་ཀྱང་མི་ཚུགས་ཆོས་དབྱིངས་སྟོང་ཆེན་གཟུགས། །འཁོར་འདས་མཁའ་ཀློང་སྡུད་པའི་མཐུ་བོ་ཆེའི། །ཐུགས་རྗེ་ཆགས་པའི་ཟིལ་གྱིས་བསྟན་དགྲའི་དཔུང༌། །མྱོས་ཤིང་དྲན་མེད་གཟིར་བའི་མཐུ་བསྐྱེད་མཛོད། །ཡེ་ཤེས་མཚོན་གྱིས་སྲིད་རྩ་དཔྱིས་འབྱིན་པས། །དྲག་ཤུལ་རྔམ་པའི་ཕྲིན་ལས་གནམ་ལྕགས་མདས། །ཆོས་ཀྱི་རྒྱལ་ཐབས་སྲུང་བའི་དཔའ་བོ་ཡིས། །ཐོགས་མེད་མཐུ་ནུས་རླུང་ཤུགས་བསྐྱེད་པར་མཛོད། །ནག་པོའི་མུན་པས་ཕྱོགས་ཀྱི་གོ་སྐབས་འཕྲོག །རྣམ་དཀར་སྣང་བ་བསྒྲིབས་དང་ཆབས་ཅིག་པར། །མཆོག་གསུམ་དབུ་འཕང་སྨད་པ་འདི་གཟིགས་ནས། །ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་རྔ་གསང་སྒྲོགས། །དུས་མཐའི་ཟུག་རྔུའི་རྩ་རྩེ་ལྟར་བསྐྱོད་ཀྱང༌། །བསམ་སྦྱོར་ལུས་མེད་རྗེས་འབྲང་ཡིད་ཅན་ཀུན། །མངོན་སྤྱོད་ཕྲིན་ལས་ཧོམ་དུ་སྦྱོར་བ་ཡིས། །བསྟན་དགྲ་མཐའ་དག་སྒྲོལ་བའི་ལས་མཛོད་ཅིག །བསྟན་ལ་འཁུ་སེམས་ཡིད་ཀུན་མྱོས་རྨུགས་བརྒྱལ། །ལུས་ངག་ལོག་སྦྱོར་བརྩམས་ཀུན་ཆད་པས་གཟིར། །དབང་ཐང་བསོད་ནམས་ནམ་གཞུག་སྦྲང་བུ་ལྟར། །ཆོམས་ལ་ཐེག་མཆོག་རྒྱལ་རྔ་རྟག་ཏུ་སྒྲོགས། །བསྟན་པ་མཆོག་ལ་སྐྱོང་མཛད་སྐྱེས་བུ་ཀུན། །ཉེས་པས་མི་ཚུགས་རྡོ་རྗེའི་མཁར་དུ་ཚུད། །ལེགས་པའི་བསམ་སྦྱོར་དཔལ་ཀུན་ལྷུན་གྲུབ་པས། །ལུང་རྟོགས་དཔལ་འབྱོར་རྒྱས་ཤིང་བརྟན་པར་མཛོད། །རྩ་གསུམ་རྒྱལ་བ་སྲས་བཅས་བྱིན་ནུས་ཀྱིས། །འགྲོ་ཀུན་བདེ་སྐྱིད་ཕན་བདེའི་དཔལ་འབྱོར་རྒྱས། །རྒྱལ་བསྟན་བཤད་སྒྲུབ་ལས་ཀུན་མི་ཉམས་པའི། །བཀྲ་ཤིས་ཉི་ཟླའི་འོད་ཟེར་ཀུན་ཁྱབ་ཤོག །ཅེས་འདི་ཡར་མོ་ལུང་གི་དབུས། །ཤེལ་བྲག་པདྨ་བརྩེགས་པའི་མདུན། །གཡོ་རུ་ཁྲ་འབྲུག་གཙུག་ལག་ཏུ། །པདྨའི་ཐུགས་ཏིག་བཀའ་འདུས་ཀྱི། །ཚོགས་མཆོད་འབུམ་ཕྲག་ཕུལ་བའི་ཚེ། །པདྨའི་ཞལ་སྐྱིན་རིག་འཛིན་གྱིས། །རྗེས་བཟུང་མདོ་སྔགས་བསྟན་འགྲོ་ལ། །སྨན་པའི་ལྷག་བསམ་ཟླ་འོད་ལས། །བྱུང་བའི་ཚིག་གི་ཕྲེང་འདིས་ཀྱང༌། །ཇི་ལྟར་སྨོན་བཞིན་མྱུར་འགྲུབ་ནས། །ཐུབ་བསྟན་གླིང་བཞིའི་འཁོར་ཡུག་ཏུ། །རབ་རྒྱས་དོན་གཉིས་ལྷུན་གྲུབ་ཤོག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-23-'A]] | [[Category:DKR-KABUM-Volume-23-'A]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Revision as of 12:38, 7 November 2022
🚧 This website is under continued development. We appreciate your patience!
Previous Text"'A" is not a number. Back to Volume Page"'A" is not a number.Next Text "'A" is not a number.
Wylie title | ||
---|---|---|
Location | dil mgo mkhyen brtse bka' 'bum Volume Expression error: Unrecognized punctuation character "'"., Text 5, Pages (Folios to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Citation | ||
Genre | "'A" is not a number. |
"'A" is not a number.