ཐེག་མཆོག་ཨ་ཏིའི་མན་ངག་གནས་ལུགས་གསལ་སྟོན།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-035
Wylie title theg mchog a ti'i man ngag gnas lugs gsal ston
Location dpal sprul bka' 'bum
Volume 4, Text 35, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Contemplative Guide Books and Instructional Manuals - khrid yig  ·  Pith Instructions - man ngag
[edit]
༄༅། །ཐེག་མཆོག་ཨ་ཏིའི་མན་ངག་གནས་ལུགས་གསལ་སྟོན་བཞུགས་སོ། །


བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །གང་ཟག་དབང་པོ་རབ་འབྲིང་ཐ་མའི་རིམ་པ་གསུམ་སོ་སོ་བས་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་སྐྱོང་ཚུལ་ནི། དང་པོ་སེམས་འཚོལ་གྱི་རིམ་པས་གདར་ཤ་ལེགས་པར་བཅད་ཅིང་བརྗོད་མེད་ཀྱི་དོན་ངོ་ལེགས་པར་འཕྲོད་པ་གཞིར་བཞག་ནས། སྐྱོང་ཚུལ་དངོས་ནི། དབང་པོ་རབ་ཀྱིས་སེམས་ཁོ་རང་གནས་རུང་སེམས་ཡིན། འགྱུ་རུང་སེམས་ཡིན། སེམས་སྟོང་པར་ཐག་ཆོད་ཕྱིན་ཆད་ནས། གནས་འགྱུ་གཉིས་ལ་ཁྱད་པར་ཅི་ཡང་མེད་པས། རྣམ་རྟོག་གང་ཤར་གང་སྣང་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་རྒྱལ་བའི་དགོངས་པ་ཟབ་མོ་སྟོང་པ་ཉིད་ཡིན། དེ་ལ་བཅོས་སླད་གང་ཡང་མ་བྱེད་པར་དེ་ཁའི་ངང་ལ་ཞོག །གནས་སྐབས་སུ་རྣམ་རྟོག་རང་ག་མར་འདུག་ནའང་། ངང་ངམ་ཤུགས་ཀྱིས་གྲོལ་ཡོད་པས་ཏིང་ངེ་འཛིན་ཁོ་ན་ཡིན། ཆོས་སྐུ་ཡིན། རང་བྱུང་གི་ཡེ་ཤེས་ཡིན། ཕྱག་རྒྱ་ཆེན་པོ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན། དཔེ་ཐག་པ་མེས་ཚིག་པ་དང་འདྲ། དེས་འཆིང་མི་ནུས། ཁོ་རང་གི་ངོ་བོ་སྟོང་པ་ཡིན། རྣམ་རྟོག་ལྟར་སྣང་བ་དེ་སྟོང་པའི་གདངས་ཤར་བ་ཡིན། རྣམ་རྟོག་དང་སྟོང་པ་ལ་ཁྱད་པར་མི་འདུག་པས། ཨོ་རྒྱན་ཆེན་པོས། རྣམ་རྟོག་ངོ་བོ་སྟོང་པས་ཆོས་སྐུར་རོ། །ཞེས་གསུངས། སྒོམ་ན་བློ་ཡིན་པས་བསྒོམ་རྒྱུ་ཅི་ཡང་མེད། རྣམ་རྟོག་རང་ག་མར་ཞོག །དེ་ལ་བཅས་བཅོས་བྱས་ན་རྣམ་རྟོག་རང་རྒྱུད་པ་འཁྲུལ་པ་ལུ་གུ་རྒྱུད་ཡིན་པས་བཅས་བཅོས་གང་ཡང་མི་བྱ། རང་ཐོག་ཏུ་འཇོག་པ་དེ་ལས་ཡེངས་ན་འཁྲུལ་པ་དངོས་ཡིན་པས་མ་ཡེངས་པ་དགོས་ཏེ་དེ་གཅིག་པུས་ཆོག །དམིགས་པ་གང་ལ་ཡང་མ་གཏད་ཅིང་མ་ཡེངས་པ་གཅིག་གོ །རྫོགས་ཆེན་གུ་རུ་ཞི་བ་ལས། །སྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་སྒོམ་དོན་དང་མི་འབྲལ་བ། །ཞེས་པ་གང་ཤར་སྒོམ་ཡིན་པས་ན་བློས་བཅོས་པའི་སྒོམ་རྒྱུ་མེད་པས་སྒོམ་མ་མྱོང་། ཡེ་ནས་དོན་མེད་འཆལ་བ་མིན་པས་རང་ཐོག་ཏུ་འཇོག་པ་དེ་དང་འབྲལ་མ་མྱོང་། མི་སྒོམ་དོན་དེ་ལྟ་བུ་དང་རྒྱུན་དུ་མི་འབྲལ་བར་གྱིས་ཞེས་པའི་དོན་ནོ། །འདི་ལ་དབང་པོའི་ཁྱད་པར་གྱིས་ཞག་བདུན་ནམ་བཅུ་བཞིའམ་ཟླ་བ་གཅིག་ལས་ཆེད་འཛིན་གྱིས་མ་ཡེངས་པ་དེ་ལ་བརྩོན་མི་དགོས་པར་གང་ཤར་རྩོལ་མེད་དུ་འཇོག་ཐུབ་པ་གཅིག་འོང་། འདི་ལ་རྫོགས་ཆེན་པ་ཡེ་གྲོལ་ཀློང་ཡངས་ཀྱི་དགོངས་པ་ཟེར། ཕྱག་ཆེན་པ་རང་གསལ་གྱི་དྲན་པ་ཟེར་བ་རང་གདའ། དེའི་རྒྱུན་མ་ཆད་པར་བསྐྱངས་པས་རྣམ་པ་ཐ་མལ་གྱི་ཤེས་པ་འཇིག་རྟེན་པའི་རང་ག་དང་ཁྱད་པར་སྤུ་ཙམ་ཡང་མེད་ལ། ངོ་བོ་དེར་འཛིན་མེད་པའི་ས་ལེ་ཧྲིག་གེ་བ་མཉམ་བཞག་ཡུལ་ཕུད། རྗེས་ཐོབ་རྐང་སྟོང་། བག་ཆགས་གཡའ་དག་པའི་ཤེས་པ་ངོས་བཟུང་དང་བྲལ་ཀྱང་རྣམ་རྟོག་ལྟར་སྣང་བ་ཅིག་འོང་། དེ་ཆོས་སྐུ་དངོས་ཡིན། རྫོགས་ཆེན་སེམས་ཕྱོགས་པས། རྣམ་རྟོག་མི་མངའ་ཅིར་ཡང་སལ་ལེར་མཁྱེན་བྱ་བའང་འདི་ལ་ཟེར་ཏེ། གྲུབ་ཆེན་མི་ཏྲ་ཛོ་ཀིས། ཅིར་སྣང་དྲང་པོར་བཞག་ན་བྱ་བྲལ་ལྷུན་གྱིས་གྲུབ། །ཅེས་གསུངས། དེ་ལྟར་འཛིན་པའི་རྣམ་རྟོག་རང་གིས་རང་གྲོལ་བ་ན། ཕྱི་གཟུང་བའི་ཡུལ་གཟུགས་སྒྲ་ལ་སོགས་པའང་རང་གྲོལ་དུ་ཤུགས་ཀྱིས་འགྲོ་སྟེ་མིག་གི་ཡུལ་དུ་གཟུགས་བཟང་ངན། རྣ་བར་སྒྲ་སྙན་མི་སྙན་དེ་བཞིན་དུ་དྲི་རོ་རེག་བྱ་རྣམས་ཀྱི་བཟང་ངན་དང་། སེམས་བདེ་སྡུག་ཆགས་སྡང་། དགྲ་གཉེན་ས་ཆུ་མེ་རླུང་ལ་སོགས་པ་མདོར་ན་གང་ཤར་གང་སྣང་དེ་ཀ་ལ་བཟོ་བཅོས་མེད་པར་འཇོག་པ་ཡིན་ཏེ། རྫོགས་ཆེན་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱི་ཞེན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་རང་། །ཞེས་དང་། ཞི་བྱེད་པས། དོན་གོ་རྟོག་པའི་མཚང་རིག་ན། །རྣམ་རྟོག་ཤར་ཚེ་གནས་པ་ཆེ། །ཉོན་མོངས་རགས་ཚེ་ཡེ་ཤེས་གསལ། །ཅེས་བཞེད་དོ། །དེ་བས་ན་རྫོགས་པ་ཆེན་པོའི་དགོངས་པ་ནི། གང་ཤར་དེ་སྤོངས་ཡང་མི་སྤོངས། དེའི་རྗེས་སུ་ཡང་མི་འབྲང་། དེ་ཀ་ལ་བཅས་བཅོས་མི་བྱེད་པར་འཇོག་པ་འདི་ཀ་ཡིན་ནོ། །དེ་ཡིན་པས་དེ་ལ་སྤང་བྱ་མེད། གཉེན་པོ་མེད། དགག་སྒྲུབ་བླང་དོར་ལ་སོགས་པ་བློ་བྱས་ཀྱི་ཆོས་གང་ཡང་མེད་པས་ན། བློ་འདས་ཆོས་སྐུ་དེ་བཞིན་ཉིད། །ཅེས་པའང་དེ་ཡིན། དེ་དག་ནི་དབང་པོ་རབ་ཀྱི་དབང་དུ་བྱས་པ་ཡིན་པས། རབ་ཀྱི་རབ་འབྲིང་ཐ་མ་གསུམ་ལ་སོ་སོའི་བློ་ནུས་དང་སྦྱར་ཏེ་འཁྲིད་ཤེས་པར་བྱའོ། །དབང་པོ་འབྲིང་གསུམ་ནི་ཞི་ལྷག་ཟུང་འབྲེལ་གྱི་སྒོ་ནས་འཁྲིད་པར་བྱ་སྟེ། དེ་ཡང་རྒྱལ་བ་ཡང་དགོན་པས། ཡེ་བསྒོམ་ལ་བློ་ཡིས་མ་བསྒོམ་མཛོད། །རང་བབས་ལ་བཟོ་ཡིས་མ་བཅོས་མཛོད། །བློ་རྟོག་ལ་སྐྱོན་དུ་མ་ལྟ་བར། །མི་རྟོག་པ་ཆེད་དུ་མ་སྒོམ་པར། ། སེམས་རང་ལུགས་སུ་ཞོག་ལ་རྒྱངས་སོ་ཚུག །སྒོམ་ཞི་གནས་ཀྱི་མཐིལ་དུ་ཕེབས་པ་གཅིག་འོང་གི། ཞེས་དེ་ཀ་ལྟར་གོམས་འདྲེས་བྱེད་པ་ལ། གཉུགས་བསྲིངས་པས་འགྱུ་བ་ཇེ་ཉུང་ལ་སོང་། སེམས་ཀྱི་གནས་པ་ཇེ་བརྟན་ལ་འགྲོ། འདི་ལ་དྲན་པ་སླེབ་ན་ཞི་ལྷག་ཟུང་འབྲེལ་ཡིན། དེའི་རྒྱུན་བསྐྱངས་ནས་སྒོམ་པས་རྣམ་རྟོག་ཕྲ་རག་ཀུན། འགགས་ཏེ་ཏིང་ངེ་འཛིན་གྱི་ངོ་བོ་གང་དུའང་མ་གྲུབ་པའི་སྟོང་བ་གསལ་ལ་རྟོག་པ་མེད་པ་ལུས་སེམས་ཡོད་དུ་མི་ཚོར་ལ། ཏིང་ངེ་འཛིན་དེ་དང་འབྲལ་མི་ཕོད་པའི་བདེ་ཉམས་ཅན་གཅིག་འཆར། དེ་མུ་མཐུད་ནས་བསྒོམ་པས་སྤྱན་ལྔ་དང་། མངོན་ཤེས་ཀྱི་ཡོན་ཏན་ཀྱང་འབྱུང་སྟེ་བསམ་གཏན་ཟེར། ཞི་གནས་འཐུག་པོ་དེ་བསྒོམ་ནས་བསམ་གཏན་བཞི་དང་སྐྱེ་མཆེད་མུ་བཞིའི་ཏིང་ངེ་འཛིན་རྩེ་གཅིག་པ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཟེར། དགུ་བོ་འདི་མུ་སྟེགས་པ་ལའང་ཡོད་པས་ཕྱི་ནང་ཐུན་མོང་གི་ལམ་ཡིན་ཡང་། རྣམ་རྟོག་འཕྲོ་མང་ནས་ཁ་བྲི་མ་ཐུབ་པ་དེ་ལ་ཐོག་མར་ཞི་གནས་བཙལ་དགོས་པ་ཡིན། དེ་ལ་ཡང་ལྷག་མཐོང་མེད་ནས་ལམ་མི་བགྲོད་པས་སེམས་ཀྱི་གནས་ཆ་ཙམ་རྙེད་ནས་རྣམ་རྟོག་འདི་མ་འཕྲོས་ན་དགའ་བ་ལ་སྙམ་པའི་དུས་དེར་རྣམ་རྟོག་དེ་རང་ངོ་ཤེས་ཙམ་བྱས་ལ་ཁོ་རང་གི་ངོ་ལ་བལྟས་པས་ཡལ་ཏེ་གནས་པ་དང་གཅིག་ཏུ་སོང་བ་ནི་ཞི་ལྷག་ཟུང་འཇུག་གམ་ཟུང་འབྲེལ་བྱ་བ་ཡིན། དྭགས་པོ་བཀའ་རྒྱུད་པས་གནས་འགྱུའི་བར་ལག་འགྱེལ་བ་ཟེར། ངོ་བོ་བློས་བྱས་པའི་བསྒོམ་ཡིན། འདི་ལ་ངོ་ཤེས་ཀྱི་དྲན་པ་དང་མ་བྲལ་བར་དགོས་པས་བཀའ་བརྒྱུད་པས་སྟོང་ཉིད་གཟུང་དྲན་ཟེར། འདི་ཀ་རྒྱུན་བསྐྱངས་ནས་བསྒོམ་པས་གཟུང་དྲན་དེ་རང་གསལ་གྱི་དྲན་པར་འགྲོ། མ་ཡེངས་པར་རང་བྱས་ན་འདི་ཡང་ཁ་གཟོ་མོ་གཅིག་ཡིན་ཏེ། ཟླ་བ་གཅིག་ཙམ་ནས་ཉིན་སྣང་འདྲེས་ཐུབ། རྒྱལ་བ་རྒོད་ཚངས་པས། སྣང་བ་ཐམས་ཅད་སྟོང་པར་མི་བསྒོམ། མི་སྟོང་བར་ཡང་མི་བསྒོམ་གང་ཤར་དེ་ལ་དྲན་པས་བཟུང་ན་ཟླ་བ་གཅིག་རང་གིས་ཆོག་སྟེ། སྤྲོས་བྲལ་དང་པོ་རང་གནས་འོང་། ཞེས་གསུངས་པར། ཧྲིལ་གྱིས་དྲིལ་ན། སྔར་གྱི་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་རང་ངོ་ཤེས་པས་ཞི་ལྷག་ཟུང་འབྲེལ་ལ། ཕྱག་རྒྱ་ཆེན་པོ་རྫོགས་པ་ཆེན་པོ་ཞེས་ཟེར་ཏེ། ཡང་དགོན་པས། བློ་རྟོག་པ་འགྱུ་བ་གནས་ལུགས་ཀྱི་སྒོ། རང་ངོ་ཤེས་པ་ཉམས་ལེན་གྱི་གནད། ཅེས་གསུངས་པ་ལ་འདུའོ། །འདི་ལ་འབྲིང་གི་འབྲིང་དང་ཐ་མ་གཉིས་ཀྱིས་རྣམ་རྟོག་རང་ག་མ་དེ་སྒོམ་ཡིན་པར་ཡིད་ལ་མི་བྱེད་ན། རྣམ་རྟོག་གང་ཤར་དེ་ལ་བལྟས་པས་ཐམས་ཅད་སྟོང་པར་ཡལ། ཡལ་བ་དེའི་ངང་ནས་གཅིག་རྟིང་ལ་གཅིག་འཆར། དེ་ལ་ཡང་བལྟས་པས་སྔར་ལྟར་ཡལ་དེ་ཁའི་རྒྱུད་སྐྱོང་བ་ཡིན་ཏེ། མགུར་ལས། སེམས་ངོས་བཟུང་མེད་པ་སྟོང་བའི་དབྱིངས། །སྣ་ཚོགས་སུ་འཆར་བ་རིག་པའི་སྒོ། །བློ་བྲལ་གྱི་གསལ་སྟོང་རྗེན་པ་འདིའི། །ངང་ལ་བཞག་བཞིན་དབྱིངས་ལ་ལྟོས་དང་། བསྒོམ་ལྷག་མཐོང་གི་མཐིལ་དུ་ཕེབས་པ་གཅིག་འོང་གི། ཞེས་གསུངས་པ་བཞིན་ཉམས་སུ་ལེན། འདི་ལ་མི་ཏྲ་ཛོ་ཀིས། གང་ཤར་ངོ་ཡིས་བཟུང་བ་རིག་པ་རང་སར་གྲོལ། ཞེས་པས། ལས་སླ་ལ་ཆུན་ཆེ་བ་གཅིག་ཡིན་ནོ། །རབ་འབྲིང་གསུམ་ཀའི་ཐུན་མོང་དུ་སྒོམ་ལུགས་ནི། མགུར་ལས། མ་ཡེངས་དྲན་པ་སོ་མ་ཤོར། མ་བསྒོམ་པའི་གནས་ལུགས་བཟོ་མ་བྱས། བསམ་མེད་ཀྱི་རིག་པ་སྨྲ་མ་འདོད། རྟག་ཆད་ཀྱི་མ་བསླད་ཡུན་དུ་སྐྱོངས་དང་། བསྒོམ་ཞི་ལྷག་ཟུང་དུ་ཆུད་པ་གཅིག་འོང་གི། ཞེས་གསུངས་པ་གོ་སླ་ཡང་། དྲན་པ་མ་ཡེངས་པས་གང་ཤར་ལ་བཟོ་བཅོས་མི་བྱེད། ཤར་ཡང་ཡོད་པར་མི་བལྟ། ཡལ་ཡང་མེད་པར་མི་འཛིན། རྣམ་རྟོག་གི་སྣ་མི་བསྐྱིལ་བར་འགྲོ་བཅུག་ནས་ངོ་ཤེས་ཙམ་བྱེད་པའོ། །རྫོགས་ཆེན་སེམས་སྡེ་ལས། གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ནས། །རིག་པ་ཐང་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །ཞེས་གསུངས་པ་ལྟར་ངོ་སྤྲད་དོ། །དབང་པོ་ཐ་མ་གསུམ་ནི། ཕལ་ཆེར་ལྷག་མཐོང་ལ་ཡིད་མི་ཆེས། །ཞི་གནས་གཤའ་མ་ཡང་སྐྱེ་མི་ཐུབ་སྟེ། །རེས་བྱིངས། རེས་རྒོད་ནས་སྒོམ་མི་འཆར་བས། སྔོན་འགྲོ་མཐར་ཕྱིན་རྫོགས་པ་དང་། སྟན་བདེ་བར་རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག་ལྕེ་ཡར་རྐན་ལ་སྦྱར། མིག་སྣ་རྩེར་ཕབ་པ་སོགས་ཆོས་བདུན་ཚང་བར་བྱས་ཤིང་། རླུང་རོ་དགུ་སྤྲུགས་སུ་བུས་ལ། སྤྱི་བོའམ་སྙིང་ཁར་བླ་མ་བསྒོམ་ཞིང་གསོལ་བ་བཏབ། ལུས་སེམས་ལྷོད་ཀྱིས་སློད་པའི་ངང་ནས་རྣམ་རྟོག་གང་ཤར་དེ་ཀ་ལ་བལྟས་ནས་དེ་རང་གི་ཐོག་ཏུ་ལྷོད་ཀྱིས་སློད། ཡང་ཤར་ན་དེའི་ཐོག་ཏུ་སྔར་ལྟར་སླད། ཡལ་ནས་སྟོང་པར་སོང་བ་དེའི་དགའ་བྲོད་མི་བྱ། རྣམ་རྟོག་མང་པོར་སོང་བ་ལ་སྐྱོན་དུ་མི་བལྟ། སྒོམ་ཡོང་དུ་རེ་བ་དང་མ་བྱུང་བའི་དོགས་པ་གཉིས་ཀ་མི་བྱ། གང་ཤར་གྱི་སྟེང་དུ་ལྷོད་དེ་འཇོག །ལྷོད་ཆེ་ན་རྣམ་རྟོག་མེད་པའི་མི་རྟོག་པ་འདྲ་མོ་འགྱུ་དྲན་གང་ཡང་མེད་པ་གཅིག་འོང་བས། དེ་དྲན་པས་གྲིམ་གྱིས་སྒྲིམ་ཏེ་ངོ་ཤེས་པ་མ་བྱས་ན་རང་གིས་མི་ཚོར་བར་རྟོག་པ་འོག་འགྱུ་ཕུབ་མའི་འོག་གི་ཆུ་དོང་ལྟ་བུ་གཅིག་ཡོད། དེས་འཕྲལ་དུ་མི་གནོད་པ་ལྟར་ལ་ཕུགས་སུ་ཁོ་རྒྱལ་ནས་སྒོམ་ཡོངས་སུ་མི་སྟེར་བས་སྒྲིམ་དགོས། རྟོག་པ་ཁ་གྱུ་ནི་ངོས་ཟིན་པའི་འགྱུ་དྲན་ཚོ་ཡིན་པས་དེ་ཐོག་ཏུ་སློད་ནས་འཇོག །ཇི་ཞིག་ནས་རྣམ་རྟོག་མང་དུ་སོང་ནས་རང་ཚིག་པ་ཟ། ང་ལ་སྒོམ་མི་ཡོང་བར་འདུག་སྙམ་པ་འོང་སྟེ་སྐྱོན་མེད། ཉམས་དང་པོ་རི་གཟར་གྱི་ཆུ་ལྟ་བུ་བྱ་བ་དེ་བཀའ་བརྒྱུད་པས་རྩེ་གཅིག་རྟོག་པའི་རྦ་ལ་གཡེང་ཟེར་ཏེ་རྩེ་གཅིག་ཆུང་ངུའི་སྐབས་ཡིན། དེ་ཀ་ལ་སྲན་བསྐྱེད་དེ་སྒོམ་པས། སྐབས་རེ་སྡོད། སྐབས་རེ་འཕྲོ་བ་ཆུ་ནང་གི་བྱིའུ་ཆུ་ལ་རེས་འཛུལ་རེས་འཐོན། སྐབས་རེ་རྡོ་སྟེང་དུ་བག་རེ་སྡོད་པ་དང་འདྲ། ཉམས་གཉིས་པའི་སྐྱེ་ལུགས་ཡིན། ཡང་མུ་མཐུད་དེ་སྒོམ་ན་རེ་ཞིག་ནས་སྐབས་རེ་འཕྲོ་ཡང་། ཤས་ཆེར་གནས་པ་འདྲ་བ་གཅིག་འོང་། དཔེ་མི་རྒན་དང་འདྲ་སྟེ་སྡོད་པ་ཤས་ཆེ། ཉམས་གསུམ་པའི་སྐྱེ་ལུགས་ཡིན། ཡང་རྒྱུན་མཐུད་པས་རེ་ཞིག་ན་སྦུབ་ནང་གི་ཡུར་བའི་ཆུ་ལྟར་འཕྲོ་བ་མི་མངོན་པའོ། །འདི་དུས་ཀྱང་དྲན་པ་ཅུང་ཟད་སྒྲིམ་དགོས། ཉམས་བཞི་བའི་སྐྱེ་ལུགས་ཡིན། དེ་རྒྱུན་མཐུད་པས་ཇི་ཞིག་ན་སེམས་གང་དུ་མི་འཕྲོ་བར་ཉིན་མཚན་ཀུན་ཏུ་གནས་པས་སྐོམ་དང་གོས་ཀྱི་སྲེད་པ་ཡང་མི་འབྱུང་ཞིང་། གཡོ་འགུལ་མེད་པ་ཞག་དང་ཟླ་བ་སྒྲོལ་བར་གནས་པས་དཔེ་རི་བོ་ལྟ་བུ་སྟེ། འདི་ཉེས་ན་ཁ་ཐལ་ན་ཉན་ཐོས་འགོག་པར་འགྲོ། ལེགས་ན་ལུས་ཤིན་སྦྱངས་ཐོབ་ནས་ཞི་གནས་ཕུལ་དུ་ཕྱིན་པ་ཡིན། ཉམས་ལྔ་བའི་སྐྱེ་ལུགས་ཡིན། འདི་དག་ཀྱང་གཙོ་ཆེ་བའི་དབང་དུ་བྱས་ཀྱི། གང་ཟག་སོ་སོའི་རྩ་ཁམས་དང་དབང་པོའི་རིམ་པ་ལ་གཅིག་ཏུ་མ་ངེས་པ་ཡང་སྲིད་དོ། །དེ་ཚོ་དབང་པོ་ཐ་མའི་རབ་ལ་རིམ་པས་ཡོང་མོད་ཀྱིས་འབྲིང་ཐ་གཉིས་ལ་གནས་པ་སྐྱེ་དཀའ་བས། ལུས་གནད་སྔར་ལྟར་ལ། མདུན་དུ་སྨིན་མཚམས་ཀྱི་ཐད་འདོམས་གང་ཙམ་གྱི་སར་ཤིང་བུ་གཅིག་བཙུགས་ནས། དེ་ལ་ཡིད་དམིགས་རླུང་གསུམ་དྲིལ་ལ་གཏད་དེ། སེམས་མི་འཕྲོ་བའི་རྟེན་ཙམ་དུ་བྱས་ལ། སྒྲིམ་ཆེ་ན་སུན་སྐྱེན། ལྷོད་ཆེ་ན་སྒོམ་འཆོར་བས་རན་པར་ཐུན་ཆུང་ལ་གྲངས་མང་བར་བྱ། དེ་ནས་རིམ་པར་ཐུན་ཆེ་ལ་གྲངས་ཉུང་ངུ་བཏང་། སེམས་གནས་པར་སོང་ན་ཤིང་བུ་དེའི་རྩེ་མོར་ཨ་དཀར་པོ་གཅིག་བསམ་ལ་སྔར་ལྟར་བསྒོམ། དེ་ནས་ཐིག་ལེ་དཀར་པོ་དང་སེར་པོ་ལ་སོགས་རིམ་པས་སྤོ་ཞིང་དམིགས་རྟེན་རེ་ལ་ཞག་གཅིག་གམ་གསུམ་ལ་སོགས་པར་མ་སུན་པར་བྱས་ལ་ཅི་རིགས་སུ་བསྒོམ། ཡང་ཤིང་བུའི་ཤུལ་དུ་རྡེའུ་གཅིག་བཞག་ལ་སྔར་ལྟར་རིམ་པས་བསྒོམ། དེ་ནས་རང་ལུས་ཀྱི་གནས་གསུམ་དང་། ནང་གི་མགྲིན་པ་སྙིང་ཁ་རྣམས་སུ་ཡིག་འབྲུ་དང་ཐིག་ལེ་སོགས་གང་རིགས་ལ་དམིགས་རྟེན་བཅས་ཏེ་བསྒོམས་པས་རིམ་གྱིས་གནས་པ་བརྟན་པར་འགྱུར་རོ། །དེ་ཡང་ངང་ཐུང་མི་བྱ་བར་རིམ་གྱིས་གོམས་བཅུག་ཅིང་མི་སུན་པ་བྱ་བ་གལ་ཆེའོ། །ཞི་གནས་ཀྱི་སྐབས་འདིར་སྡུག་བཙིར་དུ་མ་སོང་བར་སྔར་གྱི་འཇོག་ལུགས་ལ་མ་ཡེངས་པ་རལ་སྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ་གསུངས། དེ་ཡང་རལ་བསྐོར་མཁན་སྐད་ཅིག་ཀྱང་མ་ཡེངས་ན་མདའ་མཁན་གྱི་མདའ་འཕང་ཚད་རལ་གྲིས་བླངས་ཏེ་ཁོ་ལ་མི་ཕོག་པ་ལ། བུད་མེད་མཛེས་མའི་སྤྱོད་ལམ་ལ་མིག་སྐད་ཅིག་ཡེངས་བས་ཁོ་ལ་མདའ་ཕོག་སྟེ་འཆི་ཁ། མདའ་ཡིས་མ་ལན་ཡེངས་པས་ལན། །ཕྱིན་ཆད་རལ་བསྐོར་མཁན་པོ་ཀུན། །སྐད་ཅིག་ཙམ་ཡང་མ་ཡེངས་ཅིག །ཡེངས་ན་ང་བཞིན་སྲོག་དང་བྲལ། །ཟེར་ནས་ཤིའོ། །དཔེ་བཞིན་དུ་མ་ཡེངས་པ་གལ་ཆེའོ། །ད་ནི་ལྷག་མཐོང་སྟོན་ཏེ། ལྷག་མཐོང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ཡིན་ཏེ། འདི་མེད་ན་ས་ལམ་མི་བགྲོད་པས་ཕར་ཕྱིན་གཞན་རྣམས་མིག་མེད་པ་དང་འདྲ་བར་བཤད་ཅིང་། རྗེ་སྒམ་པོ་པས། མཉམ་བཞག་གཅིག་གིས་ཞག་བདུན་ཐུབ་པ་བྱུང་གསུངས་པ་ལ་རྗེ་མི་ལས་བསམ་གཏན་བཞིའི་ལྷའི་ཏིང་ངེ་འཛིན་དུ་སྤྲད་པ་ལྟ་བུའོ། །ལྷག་མཐོང་ལ་གསུམ་སྟེ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ལྷག་མཐོང་ནི། མདོ་སྔགས་ཐམས་ཅད་ཀྱི་དགོངས་དོན་གང་ཡིན་པའི་ལྷག་མཐོང་ཕྱིན་ཅི་མ་ལོག་པ་ཤེས་པ་ལ་ཟེར། སེམས་རང་བཞིན་གྱིས་རྣམ་པར་དག་པའི་གནས་ལུགས་ཇི་ལྟར་ཤེས་པའི་ལྷག་མཐོང་ནི། ད་ལྟ་ངོ་སྤྲད་ཅིང་བསྒོམ་པ་འདི་ཡིན། འདི་གོམས་པས་གནས་ལུགས་ཕྱིན་ཅི་མ་ལོག་པ་མངོན་དུ་གྱུར་པའི་ལྷག་མཐོང་ནི། འབྲས་བུ་སངས་རྒྱས་ཐོབ་པའི་དུས་དེར་འབྱུང་ངོ་། །ད་ཞི་གནས་ཀྱི་སྐབས་ལྟར་རྣམ་རྟོག་མཉམ་བཞག་ཏུ་བཤད་འདུག་ཀྱང་དེ་ངོ་ཤེས་ཙམ་ལ་བཞག་པས་ཆོག །རྣམ་རྟོག་སྣ་ཚོགས་སུ་འགྱུ་ན་ཡང་དེ་ངོ་ཤེས་ཙམ་གྱི་ངང་དུ་འཇོག །མདོར་ན་གང་ཤར་གང་བྱུང་ངོ་ཤེས་ཙམ་གྱི་ངང་དུ་འཇོག་པ་འདི་ཀ་ཡིན། བསྒོམ་ནས་བསྒོམ་རྒྱུ་ཅི་ཡང་མེད་དོ། །སྤང་གཉེན་དུ་བལྟས་ནས་རྩོལ་སྒྲུབ་གང་བྱས་འཁོར་བའི་རྒྱུ་འབྲས་ལས་མ་འདས་སོ། །དེ་ཡང་ཏིང་ངེ་འཛིན་གྱི་མི་མཐུན་པའི་ཕྱོགས་ནི་རྣམ་རྟོག་ཡིན་ལ། དེ་སྤངས་མི་དགོས་ཁོ་བའི་སྟེང་དུ་ཁོ་རང་བཞག་བཞག་པས་རང་དག་ལ་འགྲོ་བ་ཡིན། འཁྲུལ་སྣང་འཛིན་པ་བཟློག་སྤངས་མིན། །མི་མཐུན་པ་ཉིད་གཉེན་པོར་རྫོགས། །ཞེས་སོ། །དབང་པོ་ཐ་མའི་ཐབས་དེ་ལྟར་བྱས་ཀྱང་སེམས་ལས་སུ་མ་རུང་ན་རྣམ་རྟོག་གང་སྐྱེས་དེ་ངོས་བཟུང་ནས་དེ་ཇི་ལྟར་འདུག་དང་། གར་འགྲོ་བལྟས་པས་རང་དག་ཏུ་འགྲོ་ཞིང་། དེའི་རྒྱུན་བསྐྱངས་པས་ཕྱིས་ཆེད་དུ་རྩད་གཅོད་མི་དགོས་པར་རྣམ་རྟོག་ཁོས་ཁོ་རང་གྲོལ་བར་བྱེད་དེ་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འགྱུ་བའི་རྩ་གདར་བཅད་ན་དེ་གཅིག་པོས་དྲན་རྟོག་དབྱིངས་སུ་ཡལ། ཞེས་པའི་དོན་ཏོ། །སྤྱིར་ན་ཐ་མལ་གྱི་ཤེས་པ་ཞེས་བྱ་བ་རྣམ་རྟོག་གང་ཤར་ཀྱི་ངོ་བོ་ལ་བཟོ་བཅོས་མི་བྱེད་པ་འདི་ལས་མ་ཡེངས་ན་དེ་གཅིག་པུས་ཆོག་སྟེ། དབང་པོ་ཐ་མས་དེ་ལྟར་མི་འོང་བས་རྩོལ་བཅས་ཀྱི་མཉམ་བཞག་སྐྱོང་བ་ཡིན། རྣམ་རྟོག་གང་ཤར་ལ་བལྟས་ཀྱང་ཞི་མ་ནུས་པར་འཕྲོ་ཆེ་ན། ལུས་གནད་བཤིག །འཕྲོ་མཁན་ཁོ་རང་འཕྲོ་བཅུག་ནས་ཁོའི་ངང་དེ་ལ་བལྟས་པས་ཞི་མལ་གྱིས་འགྲོ། འཕྲོ་བ་དང་གནས་པ་གཉིས་ཀ་སེམས་ཡིན་པས་རང་མལ་དུ་གཅིག་ཏུ་འགྱུར་ཏེ། སྒོམ་སྲན་བསྐྱེད་པས་གཏིང་ཚུགས་པར་འགྱུར་རོ། །དེ་ཡང་། ཇི་ལྟར་གཟིང་ལས་འཕུར་བའི་བྱ་རོག་ནི། །བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པའི་དཔེས་སྟོན་ཏེ། རྒྱ་མཚོའི་ཟུར་ནས་བྱ་རོག་གི་རྐང་པར་ལྕགས་ཐག་ཕྲ་མོས་གཏོང་དགོས་ལ། མཚོ་དཀྱིལ་དུ་སླེབ་ནས་ཡར་འཕུར་ན་ནམ་མཁའ་སྟོང་པ་ཕར་ཚུར་ནི་བར་སྣང་སྟོང་པ། འོག་ཏུ་ནི་ཆུ་ལས་མ་འདས་པས་ཡར་མར་ཕྱོགས་མཚམས་གང་དུ་འཕུར་ཀྱང་འགྲོ་ས་དང་སླེབ་ས་མ་རྙེད་པས། སྔར་གྱི་ཤུལ་གཟིང་ཐོག་ཏུ་འབབ་པ་བཞིན་དུ། རྣམ་རྟོག་ཁོ་རང་འཕྲོ་རུང་སྟོང་པ། མི་འཕྲོ་རུང་སྟོང་པ། གནས་རུང་འགྱུ་རུང་སྟོང་པ་ལས་མ་འདས་པས། ཁོ་རང་གང་ཤར་དེ་ཁའི་ངང་དུ་བབས་པས་དབང་པོ་ཐ་མས་ཀྱང་རབ་ཀྱིས་སོར་འཇོག་ཏུ་འགྱུར་བས་ནན་ལྟར་གཟབ་པས་དཔྱད་ནས་འདི་ལ་བསླབ་ན་ལེགས་སོ། །དེ་ལྟར་དབང་པོ་རབ་འབྲིང་ཐ་གསུམ་དགུ་ཕྲུགས་སུ་ཕྱེ་ནས་ཉམས་སུ་ལེན་ཚུལ་བསྟན་པ་སྟེ་རྫོགས་ཆེན་སྙན་བརྒྱུད་ལས། དབང་པོ་རབ་ལྟ་ཐོག་ནས་བསྒོམ་ནུས། འབྲིང་བསྒོམ་ཐོག་ནས་བསྒོམ་ནུས་ལ། ཐ་མ་སྤྱོད་ཐོག་ནས་སྒྲུབ་ནུས་པའོ། །ཞེས་གསུངས་པའི་དགོངས་པའོ། །དེ་ཡང་བསྒོམ་ལ་སྙིང་རུས་བསྐྱེད་དགོས་སྟེ། ཆོས་ཟབ་ཀྱང་མ་སྒོམ་ན་གདམས་ངག་ཟབ་མོ་དཔེ་ཆའི་ལོགས་ལ་ལུས་ཟེར་བ་དེ་ཡིན་མོད། ད་རེས་སྒོམ་རྒྱུད་ལ་ཐེབས་ཀྱང་། དུས་རྒྱུན་དུ་མ་བསྒོམ་ན་བློ་དྲེད་ཆོས་དྲེད་ཉམས་ལེན་དྲེད་ནས་འཆི་དུས་མི་ཕན་པས་གཟབ་དགོས། རྒྱལ་བ་རྒོད་ཚངས་པས། ཕྱི་འཚམས་རི་ཁྲོད་དུ་སྡོད་ཚུགས་པ། ནང་འཚམས་སྤྱིལ་བུར་སྡོད་ཚུགས་པ། གསང་འཚམས་མལ་དུ་སྡོད་ཚུགས་པ། གཉིས་མེད་ལྟ་བའི་སྟེང་དུ་སྡོད་ཚུགས་པ། ཡེངས་མེད་བསྒོམ་པའི་སྟེང་དུ་སྡོད་ཚུགས་པ། ཆགས་མེད་སྤྱོད་པའི་སྟེང་དུ་སྡོད་ཚུགས་པ་དང་དྲུག་ཚང་དགོས་གསུངས། སྤྱིར་སྒོམ་ལ་ཕར་འཇུས་དང་ཚུར་འཇུས་གཉིས་ཡིན། སེམས་ལས་སུ་མ་རུང་བར་ལ་ཕར་འཇུས་བྱེད་དགོས་པས་དྲན་པ་དང་མི་བྲལ། དེ་ནས་རྣམ་རྟོག་ཁོ་རང་གིས་ཚུར་འཇུས་ནས་གང་ཤར་ཐམས་ཅད་སྒོམ་དུ་འགྲོ་བ་ཡིན། དེ་ཡང་ཐ་མལ་གྱི་ཤེས་པ་ཁོ་རང་ལ་འཛིན་པ་མེད་པའི་ངང་དུ་འགྲོ་བ་ཡིན་ནོ། །བསྒོམ་ཆེན་པས་བསྒོམ་བཏང་ཡང་། བསྒོམ་གྱིས་བསྒོམ་ཆེན་པ་མི་གཏོང་བའི་དུས་ཟེར། དེ་འོང་པ་ལ་བར་མ་ཆད་དུ་བསྒོམ་དགོས། མ་བསྒོམ་ན་ད་ལྟ་ཉམས་མྱོང་ཕྲན་བུ་རེ་སྐྱེས་ཀྱང་ཡལ་འགྲོ་བས་བསྒོམ་འཇའ་ཚོན་མ་བྱ་བ་ཡིན། ལྕགས་ཀྱུ་མ་བྱ་བ་དྲན་པས་ཟིན་དུས་ཡོད་ལ། མ་ཟིན་ན་མེད་པ་ཡིན་དེ་ལ་མ་ཡེངས་པ་བྱར་བསྒྲིམ་དགོས། ཡ་བྲལ་མ་བྱ་བ། དྲན་པ་ཡོད་ལ་སྙིང་རྗེ་དང་མ་འབྲེལ་བ་ཡིན། དེ་ལ་ཐུན་འགོར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྒོམ་མོ་སྙམ་པ་དང་། ཐུན་མཐར་དགེ་བས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག་པར་བསྔོ། ཨོ་རྒྱ༵ན་ཆེན་པོས། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །ཞེས་གསུངས་པས་གལ་ཤིན་ཏུ་ཆེ། བདག་མེད་མ་བྱ་བ་སྒོམ་སྐྱེས་ནས་མ་བསྐྱངས་པར་བོར་བ་ལ་ཟེར། བློ་ནང་དུ་བཀུག་ནས་སྒོམ་དུ་བཅུག །རེས་འཇོག་མ་བྱ་བ་རེས་སྒོམ་འོང་། རེས་མི་འོང་བ་དེ་ཡིན། དེ་ལ་བྱུང་མ་བྱུང་ཁྱད་པར་མེད་པའི་ཐོག་ཏུ་འཇོག་ཅིང་ཉམས་སུ་བླངས། འཁོར་ཡུག་མ་བྱ་བ་ཉིན་མོའི་དྲན་པ་མཚན་མོ་ཡང་འོང་བ་དེ་ཡིན། འདི་སྒོམ་གྱིས་ཚུར་འཇུས་པའི་དུས་དེ་ཡིན། རྣལ་འབྱོར་མཆོག་ཅེས་པ་རྫོགས་པ་ཆེན་པོ་བྱ་རྩོལ་དང་བྲལ་བའི་དུས་ཞེས་བྱ་བ་དེ་ཡིན། ཕྱག་རྒྱ་ཆེན་པོ་བསྒོམ་མེད་ཟེར་བ་ཡིན་ནོ། །ཡང་གང་ཟག་རིགས་ཆད་ཅེས་པ་ཁྲེགས་ཆོད་ཐོད་རྒལ་གྱི་སྣོད་དུ་མ་གྱུར་པ་དག་ཀྱང་ཡོད་པས། དེ་འདྲའི་རིགས་ལ་དབང་བསྐུར་རྩ་རླུང་སྦྱངས་ནས་ལས་ཀྱི་ཕྱག་རྒྱ་གཏད། དབང་པོ་གཉིས་སྦྱོར་གྱིས་དགའ་བཞི་འགྲོས་འདེད་ཀྱིས་བདེ་བའི་ངོ་བོ་སྟོང་པར་ངོ་སྤྲོད་དེ་གོང་བཞིན་སེམས་ཁྲིད་ལ་འཇུག །བར་གསུངས་ལ། དེའང་མི་ནུས་པ་ལ་ནི་བཏགས་གྲོལ་མཐོང་གྲོལ་མྱོང་གྲོལ་ལ་སོགས་པའི་ཐབས་ཀྱིས་རིམ་གྱིས་གྲོལ་བར་འགྱུར་བའི་ཚུལ་ལ་འཇུག་པར་བྱའོ། །སྤྱིར་སེམས་ཕྱོགས་དང་། ཕྱག་རྒྱ་ཆེན་པོ་ནི། ཡེ་ཤེས་སྤྱིར་གསལ་ཞེས་བྱ་སྟེ། བརྟན་པ་མ་ཐོབ་བར་དུ་ཡིད་དཔྱོད་འཛིན་པའི་ལྟ་བ་ཞེས་བཤད། འོན་ཀྱང་རྫོགས་ཆེན་པ་དེ་ངོ་སྤྲོད་ནས་བསྒོམ་ན་ཕྱི་སྣང་བའི་ཡུལ་དང་། ནང་འཛིན་པའི་སེམས་ཀྱི་འཕྲོ་གནས་ཐམས་ཅད་ཡེ་ཤེས་སུ་འཆར་བས། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་ཟེར་གཡེར་པོ་ཆེ་བྱེད། གང་ལྟར་རུང་སྟེ། སེམས་ངོ་འཕྲོད་ཕྱིན་ཆད་སྣང་ཐོག་ཏུ་ཉམས་ལེན་སྐྱོང་བ་ལ། ཐོད་རྒལ་ལ་ཞུགས་ཏེ་མུན་ཁྲིད་དམ། སྣང་ཁྲིད་བྱས་ནས་འོད་གསལ་སྟོང་གཟུགས་ཀྱི་ཐོག་ཏུ་ཉམས་ལེན་བསྐྱངས་ན་རང་བྱུང་གི་ཡེ་ཤེས་མངོན་སུམ་དུ་འགྱུར་ཏེ། ཆོས་ཉིད་ཀྱི་བར་དོ་ལ་གྲོལ་བར་ཐེ་ཚོམ་མེད་དོ། །བདག་ལྟ་བུའི་བསྒོམ་པའི་ཉམས་མྱོང་མེད་ཅིང་། ཐོས་པ་ཕལ་ཆེར་ཀྱང་བརྗེད་པའི་མན་ངག་ལ་མྱོང་བ་མེད་པ་འདི་འདྲ་བ། རྗེ་འབའ་ར་བས། བསྒོམ་པའི་ཉམས་མྱོང་མེད་པའི། །ཡིག་ནག་དཔེ་ཆའི་སྟེང་ནས། །བསྒོམ་ཁྲིད་འདེབས་བློ་བྱས་ཀྱང་། །ལམ་ལོག་གོམ་པར་སྒྱུར་ཏོ། །ཞེས་གསུངས་པ་བཞིན་དང་། ཡང་དེས་ས་ཐོབ་ཡོན་ཏན་མེད་ཀྱང་། །བཟོད་ཐོབ་ལས་བཞི་འགྲུབ་ཅིང་། །སྙིང་རྗེའི་རྩ་བ་བརྟན་པས། །འགྲོ་དོན་བྱས་ཀྱང་ཆོག་གོ །ཞེས་གསུངས་པས། བཟོད་པ་མ་ཐོབ་ཀྱང་རུང་རྒྱུད་ལ་སྙིང་རྗེ་ཅུང་ཟད་ཅིག་ཡོད་པ་དང་། ཁྱད་པར་དུ་སེམས་དང་ཆོས་སུ་འདྲེས་ཤིང་། ཏིང་འཛིན་ལས་སུ་རུང་བ་དང་། སངས་རྒྱས་ལྟ་བུའི་བླ་མ་དམ་པ་རྣམས་ཀྱི་གསུང་རྒྱུན་གང་དྲན་བཀོད་པ་ཡིན་ནོ། །སློབ་དཔོན་ཤྲཱི་སེང་ཧས། དང་པོ་ཐུག་སར་གཏུག །བར་དུ་འཇོག་སར་ཞོག །ཐ་མར་འགྲོ་སར་ཐོང་གསུངས། དེ་ལ་དང་པོ་ནི་ཁྲིད་སྟོན་ཤེས་པའི་བླ་མ་ལ་གཏུགས་ནས་སེམས་ཀྱི་རྩད་གདར་བཅད་དེ་ཞུན་གཏུག་བྱེད་པའོ། །བར་དུ་གང་ཤར་བཟོ་བཅོས་མེད་པར་འཇོག་པའོ། །ཐ་མ་ཉམས་མྱོང་ཏིང་ངེ་འཛིན་གྱི་རོ་ལ་ཞེན་པ་མེད་པར་འཛིན་མེད་དུ་གཏོང་བའོ། །རྫོགས་ཆེན་སེམས་སྡེའི་ཁྲིད་ཡིག་ལས་བཏུས་པའོ། །ཀུན་ལ་ཕན་པར་ཤོག ། ༈ གཞན་ཡང་ཞལ་ཤེས་འཐོར་བུ་ནི། ཉམས་རྟགས་སྣ་ཚོགས་སུ་ཤར་བ་བསྒོམས་པའི་ལག་རྗེས་བཟང་རྟོག་གི་མཐུ་བརྟས་པ་ཡིན་ཀྱང་རྟག་པ་མེད་པས་བདེན་འཛིན་མ་ཞུགས་པ་གནད་དུ་ཆེ། ད་ལྟ་གཟུང་དྲན་ལ་མ་ལྟོས་པར་གང་ཤར་རང་གྲོལ་རྗེན་པར་འགྲོ་བ་དེ་དག་རྣམ་དག་ལེགས་པའི་ལམ་དུ་གོ །བླ་མའི་སྐུའི་སྣང་བ་དང་ཡི་དམ་གྱི་བསྐྱེད་རིམ་སོགས་ཀྱང་སྣང་མེད་དུ་ཝ་ལེ་རྗེན་ནེ་བའི་ངང་ནས་བཟླས་པ་སོགས་བྱེད་པ་ལས། སྐུའི་སྣང་བ་དེ་དག་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་པ་མེད་པ་སྟེ་མཚན་ཉིད་གསུམ་ལྡན་སྟོང་པ་ཉིད་ཀྱི་རང་གདངས་སུ་མ་འགགས་པར་ས་ལེར་སྣང་བའི་ངང་ནས་བཟླས་བརྗོད་སོགས་གནང་ན་རྩལ་ཆེ་ཞིང་ཆེད་དུ་བླ་མ་སྤྱི་བོར་བསྒོམ་པ་སོགས་མི་དགོས། ལམ་དུས་ཀྱི་གཞི་ལམ་འབྲས་བུའི་བཞག་མཚམས་ནི། ལམ་གྱི་དུས་སུའང་སེམས་ཉིད་རྩ་བྲལ་རིས་མེད་ཁྱབ་གདལ་དེ་གཞི། དེའི་ངང་ལ་བསལ་བཞག་མེད་པར་ཡུལ་མེད་རང་གསལ་དུ་སྐྱོང་བ་དེ་ལམ། དེས་འབྲས་བུའི་རྫོགས་རིམ་གྱི་ལྷ་སྐུ་ཞུ་བདེ་དང་མཚུངས་ལྡན་དུ་རང་ཤར་བ་ནས་ལམ་གྱི་འབྲས་བུའི་གྲངས་སུ་འགྲོ་བ་ཡིན་ནོ། །དེ་འང་རྫོགས་ཆེན་གྱི་གཞུང་ནས་ངོ་རང་ཐོག་ཏུ་སྤྲད་པ་ཞེས་པ་ནི། དུས་གསུམ་རྟོག་པ་དང་བྲལ་བའི་ད་ལྟའི་ཤེས་པ་ལ་བཅོས་སླད་མ་བྱས་པར་གཉུག་མའི་ངང་དུ་ཝལ་ལེ་སང་ངེ་། ཆམ་བརྡལ་བ་ཉིད་བཙན་ཐབས་སུ་ངོས་བཟུང་ནས་རང་བྱུང་གི་ཡེ་ཤེས་ངོ་སྤྲོད་པ་དང་། ཐག་གཅིག་ཐོག་ཏུ་བཅད་པ་ཞེས་པ་ནི་དྲན་བསམ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་ཤེས་པ་རྟོག་བཅས་དྲན་བསམ་གྱི་བློ་འགགས་ནས་བཞི་ཆ་གསུམ་བྲལ་གྱི་རིག་པ་སོ་མ་རྣམ་པར་མི་རྟོག་པའི་ཡེ་ཤེས་རིག་གོ །སང་ངེ་། ཡེར་རེ། ཝལ་ལེ་བར་གནས་པ་འདི་ཉིད་དོ། །བཞི་ཆ་གསུམ་བྲལ་ཞེས་པ་ནི། འདས་མ་འོངས་ད་ལྟ་བ་སྟེ་རྟོག་བཅས་ཀྱི་དུས་གསུམ་དང་། རྟོག་མེད་ད་ལྟ་བའི་དུས་གསུམ་དྲན་བསམ་གྱིས་བཅོས་སླད་མེད་པའི་སོ་མ་སྟེ་ཆ་བཞི་ལས་རྟོག་བཅས་ཀྱི་དུས་གསུམ་དང་བྲལ་བའི་རྣམ་པར་མི་རྟོག་པའི་དུས་དེ་བཞི་ཆ་གསུམ་བྲལ་ཆོས་སྐུ་བློ་འདས་ཀྱི་དགོངས་པའོ། །གདེངས་གྲོལ་ཐོག་ཏུ་བཅའ་ཞེས་པ་ནི་གང་ཤར་གྱི་རང་ངོ་ལ་བཅོས་བསླད་མེད་པར་ཅེར་རེ་བལྟས་ཏེ་དེའི་ངང་ལ་གློད་པས། དྲན་རྟོག་རྗེས་མེད་དུ་ཡལ་བས་རྦ་རླབས་ཆུར་ཐིམ་པ་ལྟར་གང་ཤར་རང་གྲོལ་སྤང་གཉེན་དང་བྲལ་བའི་ངང་ལ་གདེངས་འཆོས་པའོ། ། ༈ རྫོགས་ཆེན་སེམས་ཀློང་གཉིས་ཀྱི་གནད་མན་ངག་གི་སྡེར་འདུས་སྟེ། ཀ་དག་གི་ངང་ལ་མཉམ་པར་བཞག་པས། སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་བརྗོད་བྲལ་ཆོས་སྐུར་ཐག་ཆོད་པས་སེམས་སྡེའི་གནད་འདུ་ལ། དེ་ཉིད་གང་ལའང་བྱ་རྩོལ་བྲལ་བའི་ཆོས་ཉིད་ཀྱི་ཀློང་དུ་ཐག་ཆོད་པས་ཀློང་སྡེ་འདུ། དེའི་ཕྱིར་སེམས་ཀློང་གཉིས་ཀྱི་ཉམས་ལེན་ཐམས་ཅད་མན་ངག་གི་སྡེའི་ཁྲེགས་ཆོད་ཀྱི་ཉམས་ལེན་གྱི་ཁོངས་སུ་འདུས་པས་རྫོགས་པ་ཆེན་པོའི་ལམ་གྱི་མཆོག་རྩེ་མོ་ནི་མན་ངག་གི་སྡེ་སྟེ། འཁོར་འདས་སྤང་བླང་དང་བྲལ་བའི་ཡིན་ལུགས་གནད་ཐོག་ཏུ་འབེབས་པའི་ཐབས་ཀྱིས་བློ་འདས་རང་བྱུང་གི་ཡེ་ཤེས་སྐད་ཅིག་ལ་འཆར་བར་བྱེད་པས། དོན་ལ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་གསལ་གྱི་གནས་ལུགས་མངོན་སུམ་དུ་གཏན་ལ་ཕབ་ནས་ཡེ་ཤེས་འོད་གསལ་ལྷུན་གྲུབ་གཞི་གནས་སུ་ངོ་སྤྲོད་པའི་ཐབས་མཆོག་བླ་ན་མེད་པའོ། །ཚོགས་དྲུག་གི་སྣང་བ་གང་ཤར་རང་གྲོལ་དུ་ལམ་དུ་འཁྱེར་བ་དང་ལྷ་སྔགས་སུ་རྒྱས་བཏབ་པ་གཉིས་སྔ་མ་ནུས་པ་ཆེ་མོད། འོན་ཀྱང་རང་གྲོལ་གཉུག་མའི་རྩལ་སྣང་ལྷ་སྔགས་ཀྱི་རང་གདངས་སུ་བྱ་རྩོལ་མེད་པར་ལམ་དུ་ཁྱེར་ཤེས་པ་ཟུང་འབྲེལ་གྱི་ལམ་ཁྱད་པར་ཅན་དུ་འགྲོ་བ་ལགས། ༈ རིག་པ་རྗེན་པར་འཆར་སྒོ་སྣ་ཚོགས་སུ་འཆར་ཡང་གང་ཤར་ཐམས་ཅད་དྲན་པ་ཁོ་རང་ལས་མ་གཡོས་པ་གཟུང་དྲན་ལ་མ་ལྟོས་པར་སྐྱོང་ཐུབ་པ་དེ། རྫོགས་ཆེན་པའི་ལུགས་ལ་ཉམས་ཀྱི་སྐྱེ་རིམ་བཞི་ལས་གནས་པའི་ཉམས་དང་། ཕྱག་ཆེན་པའི་ལུགས་ཀྱི་རྩེ་གཅིག་ཏུ་གནས་པ་ཕྱོགས་འདྲ་བས་སེམས་ཀྱི་ངོ་བོའི་ཕྱོགས་མཐོང་ཙམ་ལོས་ཡིན། འོན་ཀྱང་བརྟན་པ་ཐོབ་མ་ཐོབ་ཙམ་ལས་འདི་བས་ལྷག་པ་ཞིག་མཐོང་རྒྱུའམ་རྟོགས་རྒྱུ་མེད་དམ་སྙམས་པ་དེ། ཡིན་ལུགས་དང་མཐུན་པའི་གོ་མྱོང་གི་ཆ་ནས་བློ་མ་འཁྲུལ་པའི་ཡེ་ཤེས་འདྲ་ཡང་། འདི་ལས་ལྷག་པ་མེད་དམ་སྙམ་པའི་ཆོས་ཀྱི་བདག་འཛིན་གྱི་བློ་དང་བཅས་པའི་རྣམ་རྟོག་ཅན་དུ་འགྱུར་བས། རང་གི་རིག་པ་ལ་རྗེན་ཅེར་བལྟས་པའི་དུས་ཀྱི་གཤིས་སྤྲོས་བྲལ་ལ་བློས་གང་དུ་ཡང་གཟུང་དུ་མེད་པ་དེ་དང་། གོ་བའི་སྟོང་ཉིད་གཉིས་ལ་མྱོང་ལུགས་མི་འདྲ་བ་མཁྱེན་དགོས། འོན་ཀྱང་སེམས་ཀྱི་ངོ་བོ་མཐོང་བ་ཞེས་པ་ཡང་དོན་སྤྱི་ཙམ་མཐོང་བའི་དཔེའི་ཡེ་ཤེས་ལ་རང་ངོ་སྤྲོད་པའི་ཐབས་མཁས་ལས། རང་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོ་རང་མཚན་པ་ནི་འཕགས་པའི་ས་ཐོབ་ན་མ་གཏོགས་སྒོམ་བྱུང་ལ་རང་དབང་འབྱོར་བའི་སྤྱོད་ལམ་ངེས་འབྱེད་ཀྱི་དུས་སུའང་མེད་ན་ཚོགས་ལམ་པ་དང་ལམ་མ་ཞུགས་ཀྱི་བསམ་གཏན་པའི་རྒྱུད་ལ་ལྟ་ཅི་སྨོས། དེས་ན་ཤན་ཕྱེད་དགོས། རྨི་ལམ་རང་ངོ་ཤེས་པའི་དྲན་པའི་ངང་ནས་རྩལ་སྦྱོང་དང་རྨི་ལམ་མི་སྙམ་པའི་དྲན་ཤེས་མེད་པར་རྩལ་སྦྱོང་ཉིན་མོ་ལས་གསལ་དངས་ཆེ་བ་ཡོང་བ་དེ་རྨི་ལམ་ཟིན་སྦྱོང་སྤེལ་སྒྱུར་གྱི་ངོས་ནས་སྔ་མ་མི་འགྱུར་ཞིང་བརྟན་ལ་ཕྱིས་བོགས་ཆེ། ཕྱི་མ་དེ་ཉིན་མོའི་དགེ་སྦྱོར་གྱི་ཤུགས་ཀྱིས་སླེབ་པའི་ཉམས་སྣང་ཙམ་དུ་ཟད་པས་རྨི་ལམ་ཟིན་སྦྱོང་བརྟན་ཆགས་ཀྱི་གནད་དུ་འགྲོ་བ་ཉུང་། ཕལ་ནས་གཉིད་འཐུག་གི་སྐབས་སུ་གསལ་སྟོང་གི་རིག་པ་རྣམ་རྟོག་གི་གཡའ་དང་བྲལ་ཞིང་རང་ངོ་སྐྱོང་ཐུབ་ལ། དེའི་རྩལ་སྣང་རྨི་ལམ་གྱི་སྤྲུལ་བསྒྱུར་དུ་ལྡང་ཐུབ་པ་ཞིག་ཀྱང་འབྱུང་སྟེ། གཉིད་ཀྱི་འོད་གསལ་ལ་ཟིན་པའི་གྲངས་སུ་འགྲོ་ཞིང་། དེ་འདྲ་དེ་རྨི་ལམ་དུ་ལངས་ནས་ཀྱང་རྨི་ལམ་དུས་ཀྱི་དྲན་ཤེས་ཀྱིས་མ་ཟིན་ནའང་གནད་དུ་འགྲོ། ཐོད་རྒལ་གྱི་དུས་སྟོང་གཟུགས་ཀྱི་རྟགས་སྣང་ལ་ལྟ་སྣང་ཀྱི་ལམ་ནས་དྲངས་ཏེ་རྣམ་པར་རྟོག་མེད་ཀྱི་ངང་དུ་འཇོག་པ་དེ་ལ་གོམས་པས་ཞི་གནས་ཙམ་ལས་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་མེད་པས་ལྷག་མཐོང་མི་འགྲོ་བར་སྙམས་མཁན་མང་ནའང་། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གོམས་པ་ལས་མི་རྟོག་པའི་ཡེ་ཤེས་སྐྱེས་པར་གྱུར་པ་དེ་ཀ་སོ་སོར་རྟོག་པའི་ཤེས་རབ་ཀྱི་ལྷག་མཐོང་སྐྱེས་པ་ཡིན་པར་དུས་འཁོར་སོགས་ལས་ཀྱང་བཤད་ཅིང་། ཁྱད་པར་རྫོགས་པ་ཆེན་པོ་རང་གི་ལུགས་ལ། ལུས་བཞུགས་སྟངས། མིག་ལྟ་སྟངས། རླུང་མི་འགུལ་བ་གསུམ་ལ་གཞི་བཅས་པས་རིམ་པར་རྩ་རླུང་ལ་གནད་དུ་བསྣུན་པས་རྣམ་རྟོག་འགགས། མངོན་སུམ་ཡུལ་ལ་གསལ་བས་ཡིད་དཔྱོད་ཚིག་གི་སྒྲོ་འདོགས་དང་བྲལ། ཆོས་ཉིད་རང་ངོར་གནས་པས་མ་བུ་འདྲེས་ཏེ་གདོད་མའི་དབྱིངས་སུ་ལ་ཟློ་བ་ཡིན་པས་ཐིག་ལེ་ལུ་གུ་རྒྱུད་བཅས་པའི་རྟགས་སྣང་ལ་ལྟ་སྟངས་ཀྱིས་ཅེར་རེ་གཏད་དེ། རྟགས་སྣང་དེ་ཁའི་རང་བཞིན་ཧྲིག་གེ་བ་ངང་ལ་བཟོ་མེད་ཡེངས་མེད་དུ་འཇོག་པ་ཁོ་ནས་གནད་དུ་འགྲོ་བ་ལགས། ཆོས་ཉིད་བར་དོའི་སྐབས་ཀྱི་བསམ་གཏན་གྱི་ཞག་གི་ཚད་མཉམ་རྗེས་འདྲེས་ནས་ཏིང་ངེ་འཛིན་ཐུན་ཚོད་ལས་འདས་པ་ཡེ་ཤེས་ལྷུན་གྲུབ་ཀྱི་ཉམས་སྐྱེས་པ་ལ་མཐའ་འདི་ཙམ་ཞེས་ཚོད་འཛིན་དཀའ་མོད། སྤྱི་ཙམ་དུ་བསམ་གཏན་ལ་མཉམ་པར་བཞག་པས་རྣམ་རྟོག་གིས་བར་མ་ཆོད་པར་ཇི་ཙམ་གནས་པའི་ཡུན་དེ་ཙམ་དུ་འཇོག །ཆོས་ཉིད་བར་དོར་དེ་གྲོལ་ནུས་ཀྱི་ཚད་འོད་གསལ་སྣང་བ་བཞི་ལ་ད་ལྟ་ནས་རང་བྱན་ཆུད་པ་ཞིག་གལ་ཆེ་བས། རྨི་ལམ་གྱི་ཉམས་ལེན་ཚད་དུ་སོང་མ་སོང་གིས་འཛིན་པ་ལགས། མཉམ་བཞག་གི་ངོར་འཕྲོ་བར་སྣང་ཡང་དྲན་པ་ཁོ་རེ་འཁྱོངས་ཙམ་བདེ་གསལ་གྱི་ཉམས་དང་བཅས་ཤར་བ་དེ་ལ་མྱོང་བྱ་མྱོང་འདོད་ཀྱི་འཛིན་པ་མ་ཞུགས་ན་གནད་དུ་འགྲོ། གང་ཤར་རང་སེམས་སུ་ཐག་ཆོད་ཅིང་སེམས་ཉིད་རྩ་བྲལ་གསལ་སྟོང་འཛིན་མེད་དུ་ཤར་བས་མཉམ་བཞག་གི་ངོ་ནས་ལུས་སྣང་སེམས་སོགས་ཐ་དད་དུ་འཛིན་པ་རང་དག་ནས་ཕྱི་ནང་བར་མེད་ཧར་སང་རྗེན་པར་གནས་པས་རྣམ་རྟོག་རང་ག་མ་མི་འཆར་ལ། ཤར་ཡང་ངོ་ཤེས་ཙམ་གྱིས་ཆོག་པར་སྣང་བ་དེ། སྣང་སེམས་འདྲེས་ཏེ་སྣང་བ་སྒོམ་དུ་ཤར་ཤར་འདྲ་ཡང་ད་དུང་སྟོང་ཉིད་གཟུང་དྲན་མ་ལ་ལྟོས་དགོས་མི་དགོས་ཤན་འབྱེད་དགོས་པས། སྣང་རིག་སོ་མ་འདི་རང་རིག་རང་གསལ་ལ་རྩོལ་སྒྲིབ་དང་དགག་སྒྲུབ་བྲལ་བ་ཞིག་བྱུང་ན་སྣང་བ་སྒོམ་དུ་ཤར་བས་གཟུང་དྲན་ལ་རག་མ་ལུས་ལགས། དེས་བྱ་རྩོལ་བཅས་ཀྱང་འཛིན་པ་མ་ཞུགས་གང་ཤར་རང་གྲོལ་དུ་ཡངས་སུ་འཆར་ན་གནད་དུ་འགྲོ་ཞིང་། ལར་ནི་ཅོག་བཞག་གསུམ་གྱིས་རང་གི་དགེ་སྦྱོར་རྒྱུན་བསྐྱངས་ཏེ་དེ་རྟོགས་པའི་ངོ་བོ་ལ་ཅེར་གྲོལ་གྱིས་བལྟས་ནས། ཕྱི་ཆོས་ཅན་ལ་བལྟས་པས་འཁྲུལ་སྣང་བདེན་མེད་དུ་སྣང་བ་སྒྱུ་མ་ལྟ་བུར་རྟོགས་པའི་ངང་ལ་ཞེན་འཛིན་མེད་པར་གློད། ནང་ཆོས་ཉིད་ལ་བལྟས་པས་ཡུལ་མེད་ནམ་མཁའ་ལྟ་བུར་རྟོགས་པའི་ངང་ལ་འཛིན་མེད་དུ་གློད། གསང་བ་རིག་པའི་ངོ་བོ་ལ་བལྟས་པས་སྟོང་གསལ་འགགས་མེད་དུ་རྟོགས་ནས་དེའི་ངང་རྩོལ་སྒྲུབ་མེད་པར་གློད་དེ་མཉམ་པར་བཞག་པས་གནས་སྐབས་སུ་སྤྱན་དང་མངོན་ཤེས་སོགས་ཡོན་ཏན་དཔག་ཏུ་མེད་པ་ལ་རང་དབང་བསྒྱུར་ནུས་ཤིང་ཉོན་མོངས་པ་རང་སར་གྲོལ་བ་ལ་དཀའ་ཚེགས་མེད། དེའང་ལས་དང་པོ་དང་ཡོངས་སུ་སྦྱང་བ་བྱས་པ་དང་། གོམས་པ་ཀློང་དུ་གྱུར་པའི་ཡོན་ཏན་རྣམས་སྐྱེ་རིམ་གྱིས་འཕེལ་ནས་སངས་རྒྱས་ཀྱི་ཡེ་ཤེས་འགྲུབ་པའི་ཐབས་ཟབ་མོར་འགྲོ་ཞེས་རྗེ་བླ་མ་དམ་པའི་ཞལ་ནས་མང་དུ་ཐོས་ཤིང་གསུང་དེ་ལ་ཡིད་ཆེས་ཀྱིས་ཚད་མར་བཟུང་ནས་གཞན་ལའང་འདོམས་པ་ལགས་པས་ཐུགས་ལ་བཅག་འཚལ། ལྟ་བའི་ངོ་བོ་གཉིས་ཆོས་སུ་སྣང་བ་ཐམས་ཅད་སོ་སོར་མ་དམིགས་པར་རང་རིག་ཡེ་གྲོལ་ལྷུན་གྲུབ་སྟོང་གསལ་སྤྲོས་བྲལ་རྒྱ་ཆད་ཕྱོགས་ལྟུང་བྲལ་བ་དུ་མ་རོ་གཅིག་ཏུ་རྟོགས་པས་ཅི་ལའང་ཡ་ང་བག་ཚ་མེད་པར་སྣང་ཡང་། ཡུལ་ལ་བརྟེན་ནས་ཆགས་སྡང་སོགས་འཆར་འཆར་འདྲ་བ་བྱུང་བ་བདག་འཛིན་གྱི་བློ་མ་ནུབ་ཀྱི་བར་ལྟ་བའི་གོ་ཡུལ་བཟང་ཡང་མྱོང་ཐོག་ཏུ་དེ་དང་འགལ་བ་ལྟར་སྣང་བའང་ཆོས་ཉིད་པས། དེ་ཚེ་གང་ཤར་རང་གྲོལ་རྗེན་པར་ལམ་དུ་ཁྱེར་བས་གནད་དུ་འགྲོ། དེས་ན་གྲུབ་མཐའི་རྟོག་དཔྱོད་དང་། ཞེན་པའི་སྣང་ཡུལ་དང་། ཡིད་ཀྱི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་མཐའ་གྲོལ་ཀློང་ཡངས་ཆེན་པོར་ཡེ་ནས་གནས་པ་ལྟར་དེའི་ངང་བསྐྱངས་པ་གནད་དུ་ཡིན། གང་ལྟར་ཡང་དབྱར་དུས་ཀྱི་ས་གཞི་ལ་མྱུ་གུ་གང་ཡང་སྐྱེ་བ་ལྟར་རྣལ་འབྱོར་པའི་ཉམས་ལ་མཐོ་དམན་མཐའ་གཅིག་ཏུ་མ་ངེས་པའི་བཟང་རྟོག་ངན་རྟོག་གིས་བསྡུས་པའི་རྟོག་པའི་རི་མོ་ལྟ་ཅི་སྨོས། མི་རྟོག་པའི་རང་གདངས་ཀྱི་རྩལ་ལ་མཐའ་དང་བྲལ་བའི་ལྟ་བ། གཉེན་པོས་མ་བཅིངས་པའི་སྒོམ་པ། གང་ཤར་རང་གྲོལ་དུ་གཏོང་བའི་སྤྱོད་པ། རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུའི་སྣང་བ་གང་ཤར་ཡང་མྱོང་འདོད་ཀྱི་བློ་ཞུགས་ན་སྨན་མ་ཞུ་བ་དུག་ཏུ་སོང་བ་དང་འདྲ་བས། དེའི་ཚེ་ཐག་ཆོད་པའི་དོན་དེ་ཁོའི་ངང་ལ་འཛིན་ཞེན་གྱིས་མ་བཅིངས་པར་མ་ཡེངས་མི་སྒོམ་པའི་རང་འགྲོས་ཀྱིས་རྟག་ཏུ་འཚོ་བར་མཛད་ན་འཚེངས་པ་ལགས། རྨི་་ལམ་རགས་པ་རྟག་ཏུ་ཟིན་པ་འདྲ་བ་དེའང་ཟིན་པ་ཙམ་གྱིས་མི་ཆོག་པས། ད་དུང་ཉིན་སྣང་ཚོགས་དྲུག་གི་སྣང་བ་ལ་འཛིན་པ་མ་ཞུགས་པར་འབད་རྩོལ་གྱིས་འཆུན་པར་མཛད་ནས་གཉིད་དུ་འགྲོ་དུས་ཉིན་པར་གྱི་དྲན་ཤུགས་ཤོར་བར་གཉིད་ལོག་པས་ཉམས་དང་རྟོགས་པ་འོད་གསལ་རྣམས་རིམ་པར་འཆར་བ་ཡིན་ནོ། །

༈ ཉམས་གང་ལྟར་སྐྱེས་ཀྱང་དགག་སྒྲུབ་དང་བླང་དོར་གྱི་རྟོག་པས་མ་བསླད་པར་གང་ཤར་གྱི་རང་ངོ་བསྐྱངས་པས་གཟུང་འཛིན་གྱི་རྟོག་ཚོགས་ནམ་མཁའ་ལ་སྤྲིན་དེངས་པ་ལྟར་སངས་ཤིང་འཁོར་བའི་ས་བོན་ཟད་དེ། དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཀློང་དུ་རིག་པ་རང་བཞིན་གྱིས་རྣམ་པར་དག་པ་ཐིམ་པས་མ་བུ་འདྲེས་ནས་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་འགྱུར་མེད་ཀྱི་དབྱིངས་སུ་གཏན་ལ་ཕེབས་ཏེ། རྦ་རླབས་ཆུར་ཐིམ་པ་བཞིན་དུ་རྣམ་རྟོག་དབྱིངས་སུ་དག་པས་འཁོར་འདས་ཀྱི་བར་ལག་འགྱེལ། ལམ་ལྔ་ས་བཅུ་རིམ་གྱིས་ལམ་ཅིག་ཅར་དུ་བགྲོད་དེ་གྲོལ་བར་འགྱུར་རོ། །