ལམ་ལྔ་རིམ་གྱིས་བགྲོད་ཚུལ་དང་ས་བཅུའི་ཡོན་ཏན་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པ།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-011
Wylie title lam lnga rim gyis bgrod tshul dang sa bcu'i yon tan thob tshul bye brag tu bshad pa
Location dpal sprul bka' 'bum
Volume 4, Text 11, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Detailed Explanation - rnam bshad  ·  Detailed Classification - rnam bzhag  ·  Grounds and Paths - sa lam
Colophon

།ས་ལམ་དང་འབྲས་བུའི་རྣམ་བཞག་འདི་ཉིད་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཡོན་ཏན་མཛོད་འཆད་སྐབས་གཞི་ཆེན་སྤྲུལ་སྐུའི་ཟིན་བྲིས་སུ་གནང་བའོ།

/sa lam dang 'bras bu'i rnam bzhag 'di nyid chos rje dpal sprul rin po che'i yon tan mdzod 'chad skabs gzhi chen sprul sku'i zin bris su gnang ba'o/

[edit]
༄༅། །ལམ་ལྔ་རིམ་གྱིས་བགྲོད་ཚུལ་དང་ས་བཅུའི་ཡོན་ཏན་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པ་བཞུགས་སོ། །


དེ་ལ་འདིར་ལམ་ལྔ་རིམ་གྱིས་བགྲོད་ཚུལ་དང་། ས་བཅུའི་ཡོན་ཏན་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མི་སློབ་པའི་ལམ་དང་ལྔའི། ཚོགས་ལམ་ལ། རྟེན་ངོ་བོ་དབྱེ་བ་སྒྲ་དོན་ས་དང་ལྔ་ལས། དང་པོ་ལ་ལུས་རྟེན་དང་། སེམས་རྟེན་གཉིས་ལས། ལུས་རྟེན་ལ་འདོད་གཟུགས་ཀྱིས་བསྡུས་པ་གང་རུང་། བྱང་སེམས་ཀྱི་རྟེན་དང་ལུས་འདྲ། ཐེག་དམན་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཀྱི་ལུས། སེམས་རྟེན་ནི་འདོད་སེམས་རྩེ་གཅིག་པའམ། བསམ་གཏན་ས་དྲུག་གིས་བསྡུས་པའོ། །གཉིས་པ་ཚོགས་ལམ་གྱི་མངོན་པ་ཀུན་བཏུས་ཀྱི་དགོངས་པ་རྣལ་འབྱོར་བདུན་ཏེ། སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་། དབང་པོའི་སྒོ་བསྡམ་པ་དང་། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་དང་། བླང་དོར་གྱི་གནས། ཤེས་བཞིན་དུ་གནས་པ་ལ་མངོན་པར་དགའ་བ་དང་། དགེ་བ་ལ་མི་འགྱོད་པ་དང་། སྤྲོ་བ་དང་། དད་པ། མོས་པ་ལ་སོགས་པ་ཐར་བའི། རྒྱུར་གྱུར་པའི་དགེ་བ་གཞན་ལ་འབད་པ། ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་བསྐྱེད་པའོ། །གསུམ་པ་ལ་གསུམ་སྟེ། དེ་ཡང་སྦྱོར་ལམ་ནམ་སྐྱེ་མ་ངེས་པ་ཚོགས་ལམ་ཆུང་ངུ་། ཕྱི་མར་སྐྱེ་ངེས་པ་འབྲིང་པོ། ཚེ་འདིར་སྐྱེ་ངེས་པ་ཚོགས་ལམ་ཆེན་པོའོ། །དེ་ལ་ཚོགས་ལམ་ཆུང་ངུ་དྲན་པ་ཉེ་བར་བཞག་པ་བཞི། འབྲིང་པོ་ཡང་དག་པའི་སྤོང་བ་བཞི། ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞིས་བགྲོད་པའོ། །དང་པོ་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་སྟེ། དེ་ཡང་། ཡུལ་གང་དུ། ཚུལ་ཇི་ལྟར། ངོ་བོ་གང་། དགོས་ཆེད་ཅི། སྒྲ་དོན་དང་ལྔ། དང་པོ་ལུས་ཚོར་སེམས་ཆོས་བཞི། དེའང་ལུས་ལ་ཕྱི་དང་། ནང་དང་། ཕྱི་ནང་གི་ལུས་དང་གསུམ། དང་པོ་སེམས་ཅན་གྱི་དབང་པོ་གཏོགས་པ་ལུས་དང་ཡུལ་ལྔ། གཉིས་པ། རང་གི་དབང་པོ། གསུམ་པ་སེམས་ཅན་གྱི་དབང་པོ་དང་རང་གི་དབང་རྟེན་ནོ། །ཚོར་བ་ལ་བདེ་སྡུག་བར་མ་གསུམ། སེམས་ལའང་ཚོགས་བརྒྱད་དམ་དྲུག་གོ །གཙོ་སེམས་ཡིད་ཀྱི་རྣམ་ཤེས། ཆོས་ལ་ཚོར་བ་མ་གཏོགས་པའི། འདུ་བྱེད་ལྷག་མ་རྣམས་དང་ལྡན་མིན་འདུ་བྱེད་བཅུ་བཞི་འདུས་མ་བྱས་གསུམ་དང་བཅས་པའོ། །དེ་ཡང་རིམ་པ་ལྟར་བྱིས་པ་རྣམས་ལུས་ནི་བདག་གི་རྟེན། ཚོར་བ་ནི་བདག་གི་ལོངས་སྤྱོད་ཀྱི་གཞི། སེམས་ནི་བདག་གི་ངོ་བོ། ཆོས་ནི་བདག་ཀུན་བྱང་དུ་འགྱུར་བའི་གཞིར་རྟོག་པའོ། །ཀུན་ནས་ཉོན་མོངས་པས་ངན་སོང་དང་རྣམ་པར་བྱ ང་བའི་ཐར་བའི་འཕེན་པ་ཆོས་སོ་ཞེས་སོ་སོའི་སྐྱེ་བོས་དེ་ལྟར་ལོག་ཤེས་སུ་འཛིན། གཉིས་པ་ལ། ཐུན་མོང་ཐུན་མིན་གཉིས། དང་པོ་ལ་སྤྱི་མཚན་མི་རྟག་པ་སྡུག་བསྔལ་བ་སྟོང་པ་བདག་མེད་པ་དང་བཞི། དེ་ཡང་ལུས་ལ་ལུས་ཀྱི་རྗེས་སུ་བལྟ་བ་སོགས་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་བལྟ་བའི་བར་རོ། །དང་པོ་ལུས་ནི། རོ་རུལ་བ། འབུས་གཡེང་བ། དེ་ལྟ་བུའི་ཆོས་ཅན། དེ་ལྟ་བུའི་རང་བཞིན་ཅན། དེ་ལྟ་བུའི་ཆོས་ཉིད་ལས་མ་འདས་པ་ཤེས་པར་བྱའོ། །ཚོར་བ་ཐམས་ཅད་སྡུག་བསྔལ་བའོ། །ཚོར་བ་སྡུག་བསྔལ་ལ་མི་དགའ་ཞིང་བདེ་བར་སྲེད་ནའང་དོན་ལ་སྡུག་བསྔལ་ཡིན་པ་ཁྱབ་མཉམ་མོ། །དེ་ལས་བཟློག་ན་ཅི་ཙམ་སྤྱད་ཀྱང་དེ་ཙམ་བདེ་བ་ཡིན་དགོས་སོ། །སྔ་མའི་ཕྱིར་ན་གང་ཅི་ཚོར་བ་ཐམས་ཅད་སྡུག་བསྔལ་བའོ། །སེམས་ནི་ཡུལ་རྟེན་སོགས་ཐ་དད་ལས་གཞན་དང་གཞན་ཏུ་སྐྱེ་བས་མི་རྟག་པ། ཡུལ་ལྔ། རྟེན་དབང་པོ། རྟེན་པའི་ཤེས་པ་ཡང་གཞན་ཏུ་འགྱུར་བའི་སྐད་ཅིག་མར་མི་རྟག་གོ །ཆོས་ཐམས་ཅད་བདག་མེད་པ་སྟེ། གང་ཟག་གི་བདག་མེད་པས་སོ། །རང་མཚན་ས་སོགས་འབྱུང་བ་དང་། མིག་སོགས་འབྱུང་འགྱུར་གྱི་མཚན་ཉིད་ཅན་ལུས། ཉམས་སུ་མྱོང་བ་ཚོར་བའི་མཚན་ཉིད། ཡུལ་གྱི་རྣམ་པར་རིག་པ་སེམས་ཀྱི་མཚན་ཉིད། རང་རང་གི་མཚན་ཉིད་སོ་སོར་འཛིན་པ་ནི་ཆོས་སོ། །ཐུན་མིན་ལ། དམིགས་པའི་ཁྱད་པར་ཐེག་དམན་པས་རང་གི་ལུས་སོགས་ཁོ་ན་དང་། ཐེག་ཆེན་པས་རང་གཞན་གཉིས་ཀའི་ལུས་སོགས་དང་། ཡིད་བྱེད་ཀྱི་རྣམ་པ་ཁྱད་པར་ཐེག་དམན་གྱིས་མི་གཙང་བ་སོགས་དང་། ཐེག་ཆེན་པས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕབ་པ་དང་། འཐོབ་པའི་ཁྱད་པར་ཐེག་དམན་གྱིས་སྤང་བློ་དང་ཐེག་ཆེན་པས་མཚན་ཉིད་རྟོགས་ནས་སྤང་བླང་མེད་པར་མི་གནས་པའི་མྱང་འདས་སྒྲུབ་པ་ཐོབ་པའོ། །གསུམ་པ་ནི། ཤེས་རབ་དང་དྲན་པའོ། །བཞི་པ་ཚུལ་མིན་ཡིད་བྱེད་ཀྱི་ཕྱིན་ཅི་ལོག་བཞིར་ཞེན་པའི་གཉེན་པོར་འགྲོ་བ་དང་། འོ་ན་སྤྱིར་འགྲོ་དྲུག་ལས་ལ་བརྟེན། ལས་ཉོན་མོངས་པ་ལ། དེ་ཚུལ་མིན་ཡིད་བྱེད་ཀྱི་ཕྱིན་ཅི་ལོག་བཞི་ལ། དེ་སེམས་ཉིད་དམ་པ་འོད་གསལ་ལ་བརྟེན། དེ་བརྟེན་པ་མེད་པ་དཔེ་འབྱུང་བཞི་ནམ་མཁའ་ལ་བརྟེན་པ་ལྟ་བུའོ། །བདེན་བཞི་ལ་འཇུག་པའི་རྒྱུ་ཡང་ཡིན་ཏེ། དབུས་མཐའ་ལས། གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་བཞག་པ་བསྒོམ། །ལྔ་པ་ནི། ཐེག་དམན་གྱིས་དྲན་པའི་ཡུལ་དུ་ཤེས་རབ་འཇོག་པ། ཐེག་ཆེན་གྱིས་ཤེས་རབ་ཀྱི་ཡུལ་དུ་དྲན་པ་འཇོག་པའོ། །སྤྱི་མཚན་ལུས་ལ་སོགས་པའི་སྤྱི་དང་རང་གི་མཚན་ཉིད་ཤེས་རབ་ཀྱི ས་སོ་སོར་ཕྱེས་ནས་དེའི་རྒྱུན་དྲན་པས་སྐྱོང་བས་ན་ཤེས་རབ་ཀྱི་ཡུལ་ལ་དྲན་པ་ཉེ་བར་འཇོག་པ། དམིགས་པའི་ཡུལ་དྲན་པས་མི་བརྗེད་པར་ཤེས་རབ་ཀྱི་དཔྱད་པས་བདག་མེད་དུ་གཏན་ལ་འབེབས་པས་ན་དྲན་པའི་ཡུལ་ལ་ཤེས་རབ་ཉེ་བར་འཇོག་པའོ། །གཉིས་པ་རྩོལ་བ་ལས་བྱུང་བའི་ལམ་ཡང་དག་སྤོང་བ་བཞི་བསྒོམ་པ་སྟེ། དེ་ལ་ཡུལ་གང་ལ། ཚུལ་ཇི་ལྟར། ངོ་བོ་གང་གིས། དགོས་ཆེད་ཅི། སྒྲ་དོན་དང་ལྔ་ལས། དང་པོ་ནི་དགེ་བ་རྣམ་བྱང་དང་མི་དགེ་བ་ཀུན་ཉོན་གཉིས་སྐྱེས་པ་དང་། མ་སྐྱེས་པའི་དབྱེ་བས་བཞིའོ། །གཉིས་པ་ནི། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པའི་ཕྱིར། འདུན་པ་བསྐྱེད་དོ། །གནས་ཏེ་བརྩོན་འགྲུས་ཀྱི་སྔོན་དུ་འགྲོ་བའི་དོན་གཉེར། འབད་དོ། །ཞི་ལྷག་བཏང་སྙོམས་གསུམ་ཡིད་ལ་བྱེད་པའོ། །བརྩོན་འགྲུས་རྩོམ་མོ། །བྱིང་རྒོད་ཀྱི་གཉེན་པོའོ། །སེམས་རབ་ཏུ་འཛིན། བྱིང་ན་སྐུ་གཟུགས་སོགས་ཡིད་བྱེད་ཀྱིས་སེམས་གཟེངས་བསྟོད་དོ། །སེམས་རབ་ཏུ་འཇོག །རྒོད་ན་འཁོར་བ་ལ་ཡིད་འབྱུང་ཏེ་སྐྱོ་བས་སེམས་ནང་དུ་འདུའོ། །གསུམ་པ་ནི་བརྩོན་འགྲུས་སོ། །བཞི་བ་ནི། མི་དགེ་བ་ཉམས་ཤིང་དགེ་བའི་ཕྱོགས་འཕེལ་བའི་ཕྱིར་རོ། །ལྔ་བ་ནི་མི་དགེ་སྤོང་བའི་ཕྱོགས་གཅིག་གི་མིང་ངོ་། །ཡང་ན་སྒོ་གསུམ་ཡང་དག་འཇོག་པའི་དོན་ཡིན། གསུམ་པ། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བར་བྱེད་པའི་ལམ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་སྟེ། དེ་ཡང་ཡུལ་གང་། ཚུལ་ཇི་ལྟར། ངོ་བོ། དགོས་ཆེད། སྒྲ་དོན་དང་ལྔ་ལས། དང་པོ་རྫུ་འཕྲུལ་ལ་སོགས་པ་དགེ་བའི་ལམ་ལ་དམིགས་པའོ། །གཉིས་པ་ནི། ཉེས་པ་ལྔ་སྤང་ཞིང་འདུ་བྱེད་བརྒྱད་བརྟེན་པ་སྟེ། སྦྱོར་བ་བརྩམ་པའི་དུས་སུ་ལེ་ལོ་གེགས་ཆེ་སྟེ་དེའི་གཉེན་པོ་འདུན་པ་བརྩོན་འགྲུས། དང་པོ་གཉིས་རྒྱུ་འབྲས་དང་པོའི་རྟེན་གསུམ་པ་གསུམ་པར་བརྟེན་པ་བཞི་པའོ། །དད་པ། ཤིན་སྦྱང་བཞི་པོ་བརྟེན། འཇུག་པའི་ཚེ་གདམས་ངག་བརྗེད་པ་གེགས་ཆེ་སྟེ་དེའི་གཉེན་པོར་དམིགས་རྣམ་མི་བརྗེད་པའི་དྲན་པ་བརྟེན། བསྒོམ་པའི་ཚེ་བྱིང་རྒོད་གཉིས་གེགས་ཆེ་བས་དེའི་གཉེན་པོར་ཤེས་བཞིན་བརྟེན། བྱིང་རྒོད་སེལ་ཐབས་གཉེན་པོ་འདུ་མི་བྱེད་པའི་གཉེན་པོར་འཛིན་པ་རབ་འཇོག་གི་སེམས་པ་སྟེ། འདུ་བྱེད་ཀྱི་གཉེན་པོར་བཏང་སྙོམས་བསྒོམ་པའོ། །གསུམ་པ་ལ་སྤྱིར་ཏིང་ངེ་འཛིན་ནོ། །བྱེ་བྲག་ཏུ་འདུན་པ་བརྩོན་པ། སེམས་པ། དཔྱོད་པ། བཞིའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་ཞེས་སོ་སོར་སྦྱར་བའོ། །བསྒོམ་བྱའི་དོན་ལ་ཡིད་ཆེས་པས་དོན་དུ་གཉེར་བའི་འདུན་པ་སྤྲོ་བཞིན་འཇུག་པའི་བརྩོན་འགྲུས། དེའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་དུ་སོང་བ་ཏིང་ངེ་འཛིན། དེ་བྱིང་རྒོད་ལ་སོགས་པའི་སྐྱོན་ཞུགས་མ་ཞུགས་དཔྱོད་པ་ནི་དཔྱོད་པའོ། །བཞི་པ་ནི་རྫུ་འཕྲུལ་ལ་སོགས་གང་མངོན་དུ་བྱེད་པར་འདོད་པའི་འབྲས་བུ་ཐམས་ཅད་གྲུབ་པའོ། །ལྔ་པ་ནི། རྫུ་འཕྲུལ་ཞེས་པ་མངོན་ཤེས་ལྔ་སོགས་ཡོན་ཏན་ཐམས་ཅད་ཡིན་ལ། དེ་གྲུབ་བྱེད་ཀྱི་རྩ་བའམ་རྐང་པ་ལྟ་བུ་ཡིན་པས་དེ་ལྟར་དུ་བཏགས་པའོ། །བཞི་པ་སྒྲ་དོན་ནི་བྱང་ཆུབ་ཆེན་པོའི་རྒྱུ་ཚོགས་བསགས་པའི་ཕྱིར་དེ་སྐད་དུ་བརྗོད་པའོ། །ལྔ་པ་ནི་ཆོས་ཉིད་དོན་དམ་པར་ཡིད་ཆེས་འཇུག་པས་དད་པའི་སའོ། །འདིའི་སྐབས་གཉེན་པོ་ནི་ཉེས་དམིགས་སུ་བལྟ་བས་སུན་འབྱིན་ནོ། །གཉིས་པ་སྦྱོར་ལམ་ལ། རྟེན། ངོ་བོ། དབྱེ་བ། སྒྲ་དོན། ས་དང་ལྔའོ། །དང་པོ་ལ་ལུས་དང་སེམས་ཀྱི་རྟེན་གཉིས་ལས། སྔ་མ་ནི་ཚོགས་ལམ་དང་འདྲ་ལ། ཕྱི་མ་ནི་བསམ་གཏན་ས་དྲུག་གང་རུང་ངོ་། །གཉིས་པ་ནི། རྣལ་འབྱོར་བདུན་གཞིར་བཞག་གི་སྟེང་དུ་བསྒོམ་བྱུང་གི་ཤེས་རབ་སྟེ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའོ། །འདི་ལོ་ཆེན་གྱིས་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། ས་པཎ་གྱིས་རང་རིག་མངོན་སུམ་དུ་བཞེད་དོ། །གསུམ་པ་ལ་བཞི་སྟེ། དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དེའང་མཐོང་ལམ་མེ་ལྟ་བུ་དེ་དག་སྐྱེ་བའི་རྟག ས་དྲོད་དེ་འཁོར་བའི་རྒྱུ་འབྲས་ཀྱི་གཟུང་རྟོག་མ་གྲུབ་པའི་གསལ་བ་རང་རིག་ཞེས་པ་བེམ་པོ་ལས་ལོག་ཙམ་ཡིན། དེ་ཚེ་ཤེས་པ་རང་རིག་ཅེས་ཟེར་རོ་གསུངས། དེའང་སྣང་གསར་དུ་ཐོབ་པའོ། །རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན། རྩེ་མོ་ཐོབ་པ་རྩ་མི་འཆད། ཅེས་སོ། །དགེ་རྩ་གཡོ་བ་ཐམས་ཅད་ཀྱི་རྩེ་མོ་སྟེ་སྔ་མར་ངེས་པ་ཆེར་སོན་ནས་རྒྱུ་འབྲས་ཀྱི་གཟུང་རྟོག་ཀྱང་རང་བཞིན་མ་གྲུབ་པའོ། །བཟོད་པ་དེ་ཁོ་ན་ཉིད་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ནོ། །བཟོད་ཐོབ་ངན་སོང་ལྷུང་མི་སྲིད། ཅེས་སོ། །ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་ཐོབ་པ་སྟེ། ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་གཞི་བདག་རྫས་སུ་གྲུབ་པའི་རང་བཞིན་མ་གྲུབ་པའོ། །ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཏེ་སྦྱོར་ལམ་ངེས་འབྱེད་བཞིའོ། །འཇིག་རྟེན་པའི་ལམ་གྱི་ཆོས་ཐམས་ཅད་ཀྱི་རྩེ་མོ་ཡིན་ཏེ། གང་ཟག་གི་བདག་བཏགས་པའི་འཛིན་རྟོག་ཀྱང་མ་གྲུབ་པའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་རབ་སྟེ། དེ་རྣམས་ཀྱང་སྒྲ་དོན་འབྲེལ་བ་དོན་སྤྱིའི་ཚུལ་དུ་རྟོགས་པའོ། །དེ་དང་མེད་པ་གསལ་སྣང་དོན་གཅིག་ཅིང་། དཔེར་ན་ཟླ་བ་གཉིས་པ་དང་བསྐྱེད་རིམ་ལྟ་བུའོ། །སྒྲ་རྟོག་ཀྱང་ངོ་། །དེ་ཡང་དང་པོ་མངོན་པར་རྟོགས་པ་དང་སྦྱོར་བའི་ལམ་དྲོད་རྩེ་གཉིས་སུ་དབང་པོ་ལྔ་བསྒོམ་པ་དེ་ལ་ལྔ་སྟེ། དེ་ཡང་ཡུལ་གང་ལ། ཚུལ་ཇི་ལྟར། ངོ་བོ་གང་། དགོས་ཆེད་ཅིའི་ཕྱིར། སྒྲ་དོན་ནོ། །དང་པོ་བདེན་པ་བཞི་ལ་སྟེ། དེ་ལའང་སྒྲ་དོན། མཚན་གཞི། མཐོང་ལམ་ནམ་སྐྱེ་མ་ངེས་པ་མཚན་ཉིད། གཅིག་ཐ་དད། གྲངས་ངེས་གོ་རིམ་དང་དྲུག་ལས། དང་པོ་ནི་བསྟན་པ་མི་མཐུན་པ་མེད་པ་ནི་རྒྱལ་བས་ཇི་ལྟར་བསྟན་པ་བཞིན་ངེས་པ་དང་། དེ་མཐོང་ན་རྣམ་པར་དག་པའི་རྒྱུར་གྱུར་པས་བློ་ཕྱིན་ཅི་མ་ལོག་པར་སྐྱེ་བ་སྟེ་ཡུལ་དང་ཡུལ་ཅན་གཉིས་ཀྱི་ངོས་ནས་བདེན་པའོ། །དེ་ཡང་འཕགས་པའི་གཟིགས་དོར་བདེན་པས་ན་བདེན་པའོ། །གཉིས་པ་ལ་སྡུག་བདེན་གྱི་མཚན་གཞི་ནི། མ་དག་པའི་སྣོད་བཅུད་གཉིས་ཏེ། ཀུན་བཏུས་སུ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། དེ་ནི་སེམས་ཅན་སྐྱེ་བ་དང་། སྐྱེ་བའི་གནས་ཀྱང་རིག་པར་བྱའོ། །ཞེས་སོ། །ཀུན་འབྱུང་ནི། ཉོན་མོངས་དང་། ཉོན་མོངས་པའི་དབང་གིས་བྱུང་བའི་ལས་སོ། །འགོགས་པ་ནི། བརྡ་དང་འཇིག་རྟེན་པའི་ལམ་གྱིས་ས་བོན་ཉམས་སྨད་པའོ། །ཉོན་མོངས་པ་མངོན་གྱུར་མགོ་གནོན་པ་དང་། དོན་དམ་པ་འཕགས་པས་ས་བོན་དྲུང་ནས་ཕྱུང་བའོ། །ཡོངས་སུ་མ་རྫོགས་པ་དང་ཡོངས་སུ་རྫོགས་པའི་འགོགས་པའོ། །བཞི་པ་སངས་རྒྱས་ཀྱི་སའོ། །ཇི་ལྟ་བུ་ཞེ་ན། དེ་བཞིན་ཉིད་དང་། ལམ་དང་། ཉོན་མོངས་པ་སྟེ། གང་ཞིག །གང་གིས། གང་དུ་འགོགས་པའོ། །ལམ་ནི། ཤེས། སྤོངས། མངོན་བྱེད། བསྒོམ་པ་སྟེ་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཡང་ན་ལམ་ལྔ་ཀ་ལམ་བདེན་དུ་འདོད་པ་ཡིན་ནོ། །དེ་དག་ནི་མཚན་གཞི་ཡིན་ནོ། །གསུམ་པ་བདེན་པ་རེ་རེར་བཞི་བཞི་སྟེ་བཅུ་དྲུག་གོ །དེ་ཡང་དང་པོ་མི་རྟག་པ་སྐད་ཅིག་གིས་སྐྱེ་འགགས་བྱེད་པས། གང་ཅི་ཚོར་བ་ཐམས་ཅད་སྡུག་བསྔལ་ལས་མ་འདས་པས། སྡུག་བསྔལ་བ། ངར་འཛིན་གྱི་དངོས་པོ་རྣམས་ལ་བདག་པོ་མེད་པས། སྟོང་པ། གང་ཟག་གི་གདག་གཞི་མེད་པས་བདག་མེད་པའོ། །གཉིས་པ་ཀུན་འབྱུང་ལ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་གྱུར་པས་རྒྱུ། སྡུག་བསྔལ་ཐམས་ཅད་འབྱུང་ལ་ཀུན་འབྱུང་བ། སྡུག་བསྔལ་དྲག་པོ་ཕྲལ་ཏུ་སྐྱེ། བས་རབ་སྐྱེ། སྡུག་བསྔལ་ཉམས་སུ་མྱོང་བའི་མཚམས་སྦྱོར་བས་རྐྱེན་ནོ། །གསུམ་པ་འགོགས་པ་མ་འོངས་པའི་སྡུག་བསྔལ་དང་ཀུན་འབྱུང་གི་རྒྱུ་འགོགས་པས་འགོགས་པ། འཁྲུལ་བའི་ཉོན་མོངས་པ་ཐམས་ཅད་ཞི་བས་ཞི་བ། ཕུན་སུམ་ཚོགས་པ་མཆོག་གི་ཆོས་ཡིན་པས་གྱ་ནོམ་པ། སླར་མི་ཟློག་པར་འཁོར་བ་ལས་ངེས་པར་ཐར་བས་ངེས་པར་འབྱུང་བའོ། །ཉོན་མོངས་པ་བྲལ་བའི་ཕྱིར། སྡུག་བསྔལ་དང་བྲལ་བའི་ཕྱིར། མི་གཙང་བ་མེད་པའི་དངོས་པོ་ཡིན་པའི་ཕྱིར། རྟག་ཕན་གྱི་གཞིའོ། །བཞི་བ་ལམ་ལ། གོང་ནས་གོང་དུ་བགྲོད་པར་བྱ་བའི་ལམ། ཉོན་མོངས་པའི་གཉེན་པོ་བྱེད་པས་རིག་པ། སེམས་ཕྱིན་ཅི་མ་ལོག་པར་བསྒྲུབ་པས་སྒྲུབ་པ། གཏན་དུ་ཐར་བ་མྱང་འདས་ཀྱི་གནས་སུ་ཁྲིད་པས་ངེས་པར་འབྱིན་པའོ། །བཞི་པ་ནི། འགོགས་པ་དང་གཞན་གསུམ་པོ་གཅིག་པ་བཀག་པའི་ཐ་དད་དོ། །འཕགས་པའི་མཉམ་བཞག་གི་སྐབས་སུ་ལམ་བདེན་དང་སྡུག་བདེན་གཉིས་ཐ་དད་ཀྱང་རྗེས་ཐོབ་དུ་མི་འགལ་ལོ། །ལམ་ཀུན་གཉིས་ནི་རྫས་ཐ་དད་པའོ། །སྡུག་ཀུན་གཉིས་གཞི་གཅིག་ཀྱང་ཀུན་འབྱུང་ལ་སྡུག་བསྔལ་གྱིས་ཁྱབ་ཀྱང་སྡུག་བསྔལ་ལ་ཀུན་འབྱུང་གིས་མ་ཁྱབ་པོ། །ལྔ་པ་ནི་རྟོག་ལྡན་གྱི་བླང་དོར་བྱ་བའི་གནས་ཀུན་བྱང་གི་རྒྱུ་འབྲས་གཉིས་རེར་ངེས་པའི་ཕྱིར་རོ། །དྲུག་པ་ནི། དང་པོ་བསྒོམ་པ་པོས་རིམ་པ་དང་བསྟུན་ཏེ། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤངས་བྱ་ལ། །བདེན་གནས་ཐོབ་ཕྱིར་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་འགོག་པ་དེ་དང་དེ་བཞིན་ལམ། །ཤེས་བྱ་སྤངས་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་སོ། །གཉིས་པ་ནི། སྔ་མ་སྔ་མ་རྒྱུ་ཡོད་པ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་ལ་འཇུག་སྟེ། དེ་ཡང་རིམ་པ་ལྟར་བདེན་བཞི་ལ། ཡིད་ཆེས་པའི་དང་། སྤྲོ་བའི་དང་། དམིགས་རྣམ་མི་བརྗེད་པའི་དང་། སེམས་རྩེ་གཅིག་པའི་དང་། དེ་དག་སོ་སོར་རབ་ཏུ་རྣམ་པར་འབྱེད་པའི་སྒོ་ནས་བསྒོམ་པར་བྱའོ། །གསུམ་པ་ནི་རང་རང་གི་མཚན་ཉིད་དོ། །བཞི་པ་ནི། སྦྱོར་ལམ་བཞི་གྲུབ་པ་དང་། མཐོང་ལམ་ཐོབ་པར་བྱེད་དོ། །ལྔ་པ་ནི། རྣམ་བྱང་ཆོས་ལ་དབང་བསྒྱུར་བ་ལས་བདག་པོར་གྱུར་པའོ། །གཉིས་པ་མངོན་པར་རྟོགས་པ་དང་འབྲེལ་བའི་ལམ། བཟོད་ཆོས་གཉིས་སུ་སྟོབས་ལྔ་བསྒོམ་པ་དེ་ལ་ལྔ་སྟེ། མཐོང་ལམ་ཕྱི་མར་སྐྱེ་ངེས་དང་པོ། ཚེ་འདིར་སྐྱེ་ངེས་གཉིས་པ། ཡུལ་དང་ཚུལ་དང་ངོ་བོ་གསུམ་ནི་སྔ་མ་ལྟར་རོ། །དགོས་པ་ནི། སྦྱོར་ལམ་གཉིས་གྲུབ་པ་དང་། མཐོང་ལམ་ཐོབ་པར་བྱེད་དོ། །སྒྲ་དོན་ནི། མི་མཐུན་པའི་ཕྱོགས་གྱིས་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བས་ན་སྟོབས་ཞེས་བྱའོ། །བཞི་པ་སྦྱོར་ལམ་སྤྱིའི་སྒྲ་དོན་ནི། མཐོང་ལམ་གྱི་བདེན་པ་ལ་སྦྱོར་བས་སོ། །ལྔ་པ་ས་ནི། བསྒོམ་བྱུང་གིས་ངེས་ཤེས་འདྲོང་བ་མོས་པ་སྤྱོད་པའི་སའོ། །གསུམ་པ། མཐོང་ལམ་ལ། རྟེན་ངོ་བོ་དབྱེ་བ། སྒྲ་དོན། སའོ། །དང་པོ་ལུས་རྟེན་ནི། སྒྲ་མི་སྙན་མ་གཏོགས་པའི་མི་དང་འདོད་པའི་ལྷ་དྲུག་གོ །ངན་སོང་གསུམ་དང་སྒྲ་མི་སྙན་པ་རྣམས་སྤྲིན་གྱི་སྒྲིབ་པ་ཅན་དང་། ཁམ་གོང་མར་སྐྱོ་ཤས་མེད་པས་དེ་དག་གིས་བདེན་པ་མི་རྟོགས་སོ། །སེམས་རྟེན་བསམ་གཏན་ས་དྲུག་གང་རུང་ངམ་བཞི་པའི་དངོས་གཞིར་བརྟེན་ཞེས་པ་ཐེག་པ་ཆེན་པོ་པས་སོ། །གཉིས་པ་ནི་ཆོས་ཉིད་རང་མཚན་མ་གྲུབ་པའི་དོན་རྣལ་འབྱོར་མངོན་སུམ་དུ་རྟོགས་པའོ། །ཡུལ་ཡུལ་ཅན་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཁམས་གསུམ་གྱི་རྟོག་པ་ལས་གྲོལ་བའི་ཡིད་ཤེ ས་ཉམས་མེད་དུ་སྐྱེ་བ་གྲོགས་དང་བཅས་པ་སྒྲ་རྟོག་གི་ཡུལ་ལས་འདས་པའོ། །གསུམ་པ་སྐད་ཅིག་བཅུ་དྲུག་སྟེ། དེ་ལ་མཐོང་ལམ་དེར་སྐད་ཅིག་མ་དུ་མ་ཡོད་པ་དང་། མཐོང་སྤང་སྤོངས་ཚུལ་དང་། སྐད་ཅིག་མ་ཅི་ཙམ་གྱིས་ཡུན་དུ་སྐྱེ་བ་དང་གསུམ་ལས། དང་པོ་ནི། ཐེག་དམན་གྱི་མཛོད་ལྟར་སྐད་ཅིག་བཅོ་ལྔ་དང་། ཐེག་ཆེན་པས་ཡུམ་རྒྱན་དང་ཀུན་བཏུས་ལ་སོགས་པར་སྐད་ཅིག་བཅུ་དྲུག་ཏུ་འདོད་དོ། །གཉིས་པ་ནི་མངོན་མཛོད་དུ་ཆོས་བཟོད་བཞིས་འདོད་པའི་མཐོང་སྤང་སྤང་བའི་བར་ཆད་མེད་ལམ་དང་། ཆོས་ཤེས་བཞིས་རྣམ་གྲོལ་ལམ་མངོན་དུ་བྱེད་དོ། །རྗེས་བཟོད་བཞིས་སྔ་མ་གཉིས་ལ་དམིགས་ནས་འདི་ནི་འཕགས་པའི་ཆོས་རྣམས་ཀྱི་རྒྱུའོ། །ཞེས་འཛིན་ལ། རྗེས་ཤེས་བཞིས་དེའི་རྣམ་གྲོལ་རྗེས་བཟོད་ལ་དམིགས་ནས་སྔར་ལྟར་འཛིན། གསུམ་པ་ལ་ལུགས་དང་པོ་ལྟར་ན། སློབ་དཔོན་སེང་གེ་བཟང་པོའི་འགྲེལ་བ་དོན་གསལ་ལོ། །འབྲས་བུ་མངོན་རྟོགས་ལ་ལྟོས་ནས་སྐད་ཅིག་མ་གཅིག་ཡིན་ལ། སོ་སོར་རྟོགས་པའི་མངོན་རྟོགས་ལ་ལྟོས་ན་སྐད་ཅིག་བཅུ་དྲུག་གོ །ཞེས་ཟེར་རོ། །བྱ་བ་བྱེད་ཚུལ་ལ་ལྟོས་ནས་སྐད་ཅིག་མ་གཅིག་ཡིན་ཡང་། བདེན་པ། ལུགས་གཉིས་པ་ལྟར་ན། རེ་རེར་སྒྲོ་འདོགས་ཀྱི་རྣམ་པ་མི་འདྲ་བ་བཅད་ནས་རྗེས་སུ་ངེས་པ་སྐྱེ་བའི་རིམ་པ་ལ་ལྟོས་ནས་བཅུ་དྲུག །འདི་ལྟར་ན་ཞུགས་གནས་ཀྱི་རྣམ་བཞག་ཀྱང་རུང་ངོ་། །སོ་སོར་རྟོགས་པའི་མངོན་རྟོགས་ཀྱང་སྐད་ཅིག་གཅིག་ཡིན་ནོ། །བདེན་བཞིའི་དེ་ཁོ་ན་ཉིད་ཡུལ་ཅན་ཡིད་ཤེས་ཟག་མེད་དུ་སྐྱེ་བས་སླར་མ་མཐོང་བ་མཐོང་རྒྱུ་དང་བདེན་ཞེན་གྱི་རྩ་བ་ཆད་པས་སྒྲོ་འདོགས་ཀྱང་གཅོད་རྒྱུ་མེད་དོ། །ཡང་དབུ་མ་ནས་བཤད་པའི་རིག་པ་དྲུག་ཅུ་པར་གསུངས་པ་ལྟར་རྟེན་འབྲེལ་གྱི་ཆོས་ལ་སྐྱེ་འགགས་མེད་པར་ཤེས་པས་སྡུག་ཀུན་ལམ་གསུམ་གྱི་རང་བཞིན་ཡང་དེར་རྟོགས་ལ། དེ་ཉིད་འགོགས་པའི་རང་བཞིན་ཡིན་པས་ན་སྐད་ཅིག་གཅིག་ལས་རིམ་ཅན་དུ་རྟོགས་པ་མེད་དོ། །འོན་ཀྱང་སྐད་ཅིག་བཅོ་ལྔ་དང་བཅུ་དྲུག་ཏུ་བཞག་པ་ནི་སྤྲོས་པ་ལ་དགའ་བ་རྣམས་ལ་ཕན་པའི་ཕྱིར་ཤེས་པའི་ངོ་བོ་གཅིག་ཆར་བྱས་ནས་སོ། །གཏན་ལ་ཕབ་པ་བསྡུ་པར། བསྟན་པ་གནས་པ་རྒྱས་པ་རྣམ་པར་བཞག་པ་སྤྲོས་པ་དང་བཅས་པ་དང་། བདེན་གཞིའི་རང་བཞིན་ལ་མི་སྐྲག་པའི་ཆོས་བཟོད་བཞིའི་ཚུལ་བཞིན་དུ་རིག་པས་ཆོས་ཤེས། རྗེས་ཤེས་ཀྱི་ཆ་ཡང་དེ་ལྟར་མི་སྐྲག་ཅིང་རིག་པའི་ནུས་པ་དང་ལྡན་པས་རྗེས་བཟོད་རྗེས་ཤེས་སོ་ཞེས་བཞེད་དོ། །དོན་དམ་པར་རྣམ་པར་བཞག་པ་སོ་སོ་རང་གི་སྤྲོས་པ་མེད་པའོ། །དེ་ལྟ་བུའི་མཐོང་ལམ་དེར་མངོན་པར་རྟོགས་པའི་ལམ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པ་དེ་ལ་ལྔ་སྟེ། ཡུལ་གང་དུ། ཚུལ་ཇི་ལྟར། ངོ་བོ། དགོས་ཆེད། སྒྲ་དོན། དང་པོ་ནི་བདེན་པ་བཞིའོ། །གཉིས་པ་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་དྲན་པས་བདེན་བཞིའི་དམིགས་རྣམ་མི་བརྗེད་པར་འཛིན། ཆོས་རབ་རྣམ་འབྱེད་ཀྱིས་བདེན་བཞིའི་ཆོས་ཉིད་ཀྱི་མཚན་ཉིད་ཇི་བཞིན་གཏན་ལ་ཕབ། བརྩོན་འགྲུས་ཀྱིས་དེ་ལ་སྤྲོ་བཞིན་དུ་འཇུག །དགའ་བས་བདེན་བཞིའི་ཆོས་ཉིད་གསར་དུ་མཐོང་བ་ལ་དགའ་བ་སྐྱེ། ཤིན་ཏུ་སྦྱང་བས་ལུས་དང་སེམས་ལས་སུ་རུང་བར་བྱེད། ཏིང་ངེ་འཛིན་གྱིས་སེམས་གཞན་དུ་མི་གཡེང་པར་བྱེད། བཏང་སྙོམས་ཀྱིས་སེམས་བྱིང་རྒོད་མེད་པར་རྣལ་དུ་འདུག་པ་བྱེད་དོ། །སྡུག་བསྔལ་ལ་དམིགས་ནས་དེའི་དབེན་པ་ཚོལ་ཞིང་གནས། ཀུན་འབྱུང་ལ་དམིགས་ནས་དེའི་འདོད་ཆགས་དང་བྲལ་བ་ཚོལ་ཞིང་གནས། སྡུག་བསྔལ་འགག་པར་དམིགས་ནས་དེ་མངོན་དུ་བྱེད་པ་ཚོལ་ཞིང་གནས། སྡུག་བསྔལ་འགོག་པར་འགྱུར་བ་ལ་དམིགས་ནས་དེའི་བསྒོམ་པ་ཚོལ་བ་སྟེ་ལྷག་མ་དྲུག་ལའང་དེ་ལྟར་རོ། །གསུམ་པ་ནི། དྲན་པ་སོགས་བདུན་པོ་དེའང་བསྡུ་ན་ཡན་ལག་ལྔ་སྟེ། དབུས་མཐའ་ལས། རང་བཞིན་ཆོས་རབ་རྣམ་འབྱེད་ངོ་བོ་ཡན་ལག་ནས་ཡན་ལག་ཡན་ལག་གཞན་རྣམས་ལས་མི་གཡེང་བར། གསུམ་པ་ངེས་འབྱུང་ཡན་ལག་སོ་སྐྱེའི་ས་ལས་རིང་དུ་འདའ་བར་བྱེད་པའི་བརྩོན་འགྲུས། སྟེ། བཞི་བ་ཕན་ལུས་སེམས་ལ་ཕན་པ་དང་དགའ་བའོ། །ཡོན་ཡན་ལག་ཡིན། རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་ཤིན་སྦྱང་དང་གནས་ཏིང་ངེ་འཛིན་དང་ནི། ངོ་བ་བཏང་སྙོམས་ཉིད་དུ་བསྟན་པ་ཡིན། ཞེས་སོ། །བཞི་པ་ནི། མཐོང་སྤངས་རྣམས་སྤོང་བར་བྱེད་དོ། །ལྔ་པ་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་བྱང་ཆུབ་ཡིན་ལ་གཞན་རྣམས་དེའི་ཡན་ལག་ཏུ་འགྱུར་བས་ན་བྱང་ཆུབ་ཀྱི་ཡན་ལག་གོ །བཞི་པ་སྒྲ་དོན་ནི། སྔར་མ་མཐོང་བའི་ཡེ་ཤེས་གསར་དུ་མཐོང་བས་མཐོང་ལམ་མོ། །གསར་མཐོང་ཞེས་པའང་ཐ་སྙད་ཙམ་ལས་དོན་ལ་མཐོང་བ་མེད་པ་སྟེ་ནམ་མཁའ་མཐོང་ཞེས་པ་ལྟ་བུའོ། །སྐྱེ་བ་ཡོད་ན་འཇིག་པའང་ཡོད་པས་སོ། །ལྔ་པ་ས་ནི། ས་དང་པོར་རབ་ཏུ་དགའ་བའོ། །བཞི་པ་བསྒོམ་ལམ་ལ། རྟེན་ངོ་བོ་དབྱེ་བ་སྒྲ་དོན་ས་དང་ལྔའོ། །དང་པོ་ལ་ལུས་རྟེན་ནི། གླིང་གསུམ་གྱི་མི་དང་འདོད་ལྷའི་རིགས་དྲུག་དང་། གཟུགས་ཁམས་ལས་ཚངས་ཆེན་དང་འདུ་ཤེས་མེད་པ་མ་གཏོགས་སོ། །སྲིད་རྩེ་མ་གཏོགས་པའི་གཟུགས་མེད་ལྷག་མ་གསུམ་དང་བཅས་པའོ། །སེམས་རྟེན་ནི། བསམ་གཏན་ས་དྲུག་དང་གཟུགས་མེད་གསུམ་སྟེ་ས་དགུའོ། །ཟག་མེད་ཀྱི་རྟེན་དུ་རུང་བས་ས་དགུའོ། །འདི་ཁོ་ན་ལོག་ལྟའི་རང་བཞིན་ཅན་ནོ། །སྔར་མཐོང་ལམ་གྱི་ཡེ་ཤེས་དེ་ཀ་འཇིག་རྟེན་པའི་བསམ་གཟུག ས་ལ་བརྟེན་ནས་སྐྱེ་བ་སྒོམ་པ་ནི་སྒོམ་ལམ་གྱི་ངོ་བོ་རེད་གསུངས། གཉིས་པ་ནི། བདེན་བཞིའི་དོན་མངོན་སུམ་དུ་རྟོགས་པའི་མཁྱེན་པའོ། །གསུམ་པ་ལམ་དགུ་སྟེ། འཇིག་རྟེན་པ་དང་། འདས་པ་དང་། ཆུང་འབྲིང་ཆེ་གསུམ། སྦྱོར་བ། བར་ཆད་མེད། རྣམ་གྲོལ་གྱི་ལམ། ཁྱད་པར་གྱི་ལམ་མོ། །དང་པོ་གཉིས་ལ། གང་གིས་ཐོབ་བྱེད་ཀྱི་རྒྱུ། གང་གིས་ཐོབ་བྱའི་ངོ་བོ། །དེ་ལྟར་ཐོབ་པའི་རྟགས། ཐོབ་པ་པོའི་གང་ཟག་དང་བཞི་ལས། དང་པོ་ལ་སྤོང་བའི་ཡིད་བྱེད་བདུན་བསྒོམ་པ་སྟེ། དེའི་གྲངས་ངེས་ནི། མཚན་༡ཉིད་མོས་༢པ་དཔྱོད་༥པ་གསུམ་རྒྱུ། དབེན་༣པ་དགའ་༤བ་སྦྱོར་མཐའ་༦གསུམ་ངོ་བོ། སྦྱོར་བའི་༧འབྲས་བུ་ཡིད་བྱེད་འབྲས་བུའོ། །དེ་ཡང་དང་པོ་གཉིས་མ་སྐྱེས་པ་སྐྱེ་བར་བྱེད་པ་དང་ལྔ་པ་སྐྱེས་ཟིན་ཁྱད་པར་དུ་བྱེད་པའི་རྒྱུའོ། །སོ་སོའི་ངོས་འཛིན་ནི། དེ་ཡང་ཁམས་གོང་འོག་གི་སྤོང་ཐོབ་ཀྱི་ཞི་རགས་ཐོས་བསམ་འདྲེས་མའི་སྒོ་ནས་དེ་དག་གི་མཚན་ཉིད་རབ་ཏུ་རིག་པ་ནི་ཡིད་བྱེད་དང་པོ་དང་། དེ་ལྟའི་ཞི་རགས་ལ་ཡུན་རིང་དུ་བརྩོན་ཏེ་མོས་པར་བྱས་ཏེ་ཐོས་བསམ་ལས་འདས་པའི་ཞི་ལྷག་ཏུ་སོན་པ་ནི་གཉིས་པ་དང་། དེ་ཡུན་དུ་བསྒོམ་པས་འདོད་ཉོན་ཆེན་པོ་གསུམ་སྤངས་པའི་ལམ་གསུམ་པ་དང་། དགའ་བ་སྡུད་པས་ནི་འདོད་ཉོན་འབྲིང་གསུམ་སྤོང་བ་བཞི་བ་དང་། སླར་སྡུག་མཚན་ཡིད་ལ་བྱས་པས་འདོད་འདུན་འབྱུང་ན་སྤང་བྱའི་ལྷག་མ་ཞི་རགས་བསྒོམ་པ་ལྔ་པ་དང་། དེ་ལྟར་བསྒོམ་པས་འདོད་ཉོན་ཆུང་གསུམ་སྤོང་བ་དྲུག་པ་དང་། དེས་མཐུས་བསམ་གཏན་དང་པོའི་དངོས་གཞི་དང་ལྡན་པས་ཡིད་བྱེད་སྐྱེས་པ་ནི་ཡིད་བྱེད་བདུན་པའོ། །གཉིས་པ་ལ་འཇིག་རྟེན་པ་དང་སྤྱིར་འཇིག་འདས་ལ། ས་མཚམས་ཀྱིས་དང་། མཉམ་རྗེས་ཀྱིས་དང་། བསམ་གཟུགས་བརྒྱད་པོར་ཤེས་རབ་ཀྱིས་ཟིན་མ་ཟིན་ཏེ་གསུམ་ལས་འདིར་ཕྱི་མ་ལྟར་རོ། །དག་པའི་འཇིག་རྟེན་པ་ཟེར་མཆན། འཇིག་རྟེན་ལས་འདས་པ་དང་། དེ་དག་གི་རྣམ་བཞག་བཤད་པ་དང་གསུམ་མོ། །དང་པོ་ལ་ཉོན་མོངས་ཅན་དང་དག་པ་གཉིས་ཀྱི་དང་པོ་ནི། གང་ཉོན་མོངས་པར་བྱ་བའི་གཞི་ནི་བསམ་གཟུགས་ཀྱི་དངོས་གཞི་དག་པའོ། །གང་གིས་ཉོན་མོངས་པར་བྱེད་པའི་ཆོས་བསྒྲིབ་ལུང་མ་བསྟན། སྲེད་ལྟ་ང་རྒྱལ་མ་རིག་པ་བཞིའོ། །ཇི་ལྟར་ཉོན་མོངས་པར་བྱེད་ཚུལ་དེ་དང་དེར་མཚུངས་ལྡན་དུ་སོང་བའོ། །གཉིས་པ་ནི་རང་སའི་ཀུན་དཀྲིས་དང་བྲལ་བའི་བསམ་གཏན་སྐྱོན་མེད་དོ། །དེ་ལ་ཉམས་པ། གནས་པ། ཁྱད་པར། ངེས་འབྱེད་ཆ་མཐུན་དང་བཞི་ཡོད་དོ། །གཉིས་པ་ནི་བསམ་གཟུགས་དགུ་བོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའོ། །གསུམ་པ་ལ་གཉིས་སྟེ། བསམ་གཏན་ཡན་ལག་བཤད་པ་དང་། གཟུགས་མེད་དམིགས་རྣམ་བཤད་པའོ། །དང་པོ་ལ་བཞི་སྟེ། དེ་ཡང་བསམ་གཏན་དང་པོར་དེ་ཡང་བསམ་གཏན་རྟོག་དཔྱོད་གཉིས་ཡོད་པ་དངོས་གཞི་ཙམ་པོ་བ་དང་། རྟོག་མེད་དཔྱོད་བཅས་ཁྱད་པར་པའོ། །རྟོག་དཔྱོད་དགའ་བདེ་ཏིང་ངེ་འཛིན་དང་ལྔའོ། །གཉིས་པར་རབ་དང་། དགའ་བདེ། ཏིང་ངེ་འཛིན་དང་བཞིའོ། །གསུམ་པར་བཏང་སྙོམས་དྲན་ཤེས་བདེ་བ་ཏིང་ངེ་འཛིན་ལྔའོ། །བཞི་པར་བཏང་སྙོམས་དྲན་པ་ཚོར་བ་བཏང་སྙོམས་ཏིང་ངེ་འཛིན་བཞིའོ། །དེ་དག་གི་ཁྱད་པར་ནི། རྟོག་དཔྱོད་སྤངས་པ་གཉིས་པ། དང་པོ་གཉིས་པ་ལ་ཁྱད་པར་ཅི་ཡོད་ན་ཏིང་ངེ་འཛིན་ཡོངས་སུ་རྫོགས་པའི་ཁྱད་པར་ཡོད་དོ། །དགའ་བ་སྤངས་བ་གསུམ་པ་གཉིས་པ་གསུམ་པ་ལ་ཕན་འདོགས་ཡོངས་སུ་རྫོགས་པའི་ཁྱད་པར་རོ། །བདེ་བ་སྤངས་པ་བཞི་བ། གསུམ་པ་བཞི་བར་ཡོངས་སུ་དག་པ་རྫོགས་པའི་ཁྱད་པར་རོ། །བསམ་གཏན་བཞི་པའི་ཡན་ལག་ནི། རྟོག་དཔྱོད་གཉིས། དགའ་བདེ་གཉིས། སྡུག་བསྔལ་ཡིད་མི་བདེ་བ། འབྱུང་རྔུབ་གཉིས་ཏེ་སྐྱོན་བརྒྱད་དང་བྲལ་བའོ། །དེ་ལྟར་ཡན་ལག་བཞི་དང་། ལྔར་གྲངས་ངེས་པ་ཡང་། གཉེན་པོ་དང་། ཕན་ཡོན་དང་། གནས་ཀྱི་ཡན་ལག་གསུམ་གྱི་དབང་དུ་བྱས་ནས་སོ། །གཉིས་པ་གཟུགས་མེད་ཀྱི་དམིགས་རྣམ་བཞི་ལས་དང་པོ་ནི། བསམ་གཏན་བཞི་པ་ཐོབ་པ་དེའི་གཟུགས་ལ་སྐྱོན་དང་གཟུགས་མེད་པར་ཡོན་ཏན་དུ་མཐོང་ནས་གཟུགས་ཀྱི་འདུ་ཤེས་བཟློག་ཕྱིར་ཁ་དོག་དང་དབྱིབས་རེག་བྱ་སོགས་ཀྱི་མཚན་མ་བྲལ་བའི་ནམ་མཁའི་འདུ་ཤེས་ཁོ་ན་བསྒོམ་པས། རགས་པ་དེ་དག་གི་སྣང་བ་ནུབ་སྟེ། ནམ་མཁའི་འདུ་ཤེས་ཁོ་ན་འབྱུང་བ་དང་པོ། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། འདུ་ཤེས་མེད་འདུ་ཤེས་མེད་མིན་རྣམས་སྐྱེ་མཆེད་སྔ་མ་སྔ་མ་རགས་པར་མཐོང་ནས་དེ་དག་བཟློག་ཕྱི་མ་ཕྱི་མའི་སེམས་ལ་མོས་པའོ། །གསུམ་པ་ནི། བསམ་གཏན་ཐོབ་རྟགས་ལུས་ས་འོག་ཏུ་བྱིང་བ་ལྟ་བུའི་སྣང་བ་དང་། གཟུགས་མེད་ཐོབ་རྟགས་ནམ་མཁར་འཕྱོ་བ་ལྟ་བུའི་རྟགས་འབྱུང་ངོ་། །བཞི་པ་ནི། མཛོད་ལས། བསམ་གཏན་གཟུགས་མེད་རང་ས་དང་། །འོག་སའི་རྟེན་ཅན་འོག་དགོས་མེད། །ཅེས་སྤྱིར་བཏང་དང་། སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ནས་ཟག་པ་ཟད། །ཅེས་དམིགས་གསལ་ལོ། །དེ་ཡང་བསྒོམ་ལམ་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་བས་དགུ་དང་། དེ་དག་རེ་རེ་ལའང་། སྦྱོར་བ། བར་ཆད་མེད་པ། རྣམ་གྲོལ་དང་། ཁྱད་པར་གྱི་ལམ་སྟེ་སོ་དྲུག་གོ །དེ་ལྟ་བུའི་ལམ་དེ་བསྒོམ་པར་བྱེད་པ་ལ་རྣམ་དག་ངེས་འབྱིན་འཕགས་ལམ་ཡན་ལག་བརྒྱད་བསྒོམ་པ་སྟེ། ཡུལ་གང་ལ། ཚུལ་ཇི་ལྟར། ངོ་བོ་གང་། དགོས་ཆེད། སྒྲ་དོན་དང་ལྔ། དང་པོ་བདེན་པ་བཞི་ལའོ། །གཉིས་པ་ཚུལ་ཇི་ལྟར། ཡང་དག་པའི་ལྟ་བ་སྔར་མཐོང་ལམ་གྱི་དུས་ན་བདེན་བཞིའི་ཆོས་ཉིད་འདི་ལྟར་རྟོགས་ཞེས་ཡོངས་གཅོད་ཀྱི་སྒོ་ནས་ངེས་པར་བྱེད། རྟོག་པས་དེ་ལྟ་བུའི་རྟོགས་པ་དེ་རྟགས་དང་གཏན་ཚིག་གི་སྒོ་ནས་རྟོག་ཤིང་དེ་ཇི་ལྟར་གཞན་པ་མཚོན་པའི་ཚུལ་གཏན་ལ་འབེབས་ཤིང་གོ་བར་བྱེད། ངག་གིས་ཆོས་ཉིད་སྤྲོས་བྲལ་གྱི་རྟོགས་པ་དེའི་རང་བཞིན་ཐ་སྙད་ཙམ་དུ་ཚིག་གིས་མཚོན་པས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞན་ལ་སྟོན་ཞིང་ལྟ་བ་རྣམ་དག་ཏུ་ཡིད་ཆེས་པར་བྱེད། ལས་ཀྱི་མཐའ་སྤྱོད་ལམ་ཐམས་ཅད་ཆོས་དང་མི་མཐུན་པ་མེད་ཅིང་ཆོས་དང་མཐུན་པས་ཚུལ་ཁྲིམས་རྣམ་དག་ཏུ་ཡིད་ཆེས་པར་བྱེད། འཚོ་བས་ལོག་འཚོ་སྡིག་པའི་ཟས་དང་མ་འདྲེས་ཤིང་ཡང་དག་པའི་འཚོ་བ་རྣམ་དག་དུ་ཡིད་ཆེས་པར་བྱེད། རྩོལ་བས་ནི་མཐོང་ཟིན་ཆོས་ཉིད་ཀྱི་དོན་ལ་ཡང་དང་ཡང་དུ་གོམས་པར་བྱེད་པས་ཉོན་མོངས་པའི་གཉེན་པོ་བྱེད། དྲན་པས་ནི་ཞི་ལྷག་གི་དམིགས་རྣམ་མི་བརྗེད་པར་འཛིན་པས་ཉེ་ཉོན་བརྗེད་ངེས་ཀྱི་གཉེན་པོར་བྱེད། ཏིང་ངེ་འཛིན་གྱི་བྱིང་རྒོད་ལ་སོགས་པའི་སྐྱོན་མེད་པའི་ཏིང་ངེ་འཛིན་བསྒྲུབ་ཅིང་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་ནས་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བྱེད་དོ། །གསུམ་པ་ངོ་བོ་ནི། ཡང་དག་པའི་ལྟ་བ་སོགས་འཕགས་ལམ་ཡན་ལག་བརྒྱད་པོ་དེ་དག་ཀྱང་ཡན་ལག་བཞིར་འགྱུར་ཏེ། དབུས་མཐའ་ལས། ཡོངས་སུ་གཅོད་དང་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །ལྷག་མ་གཉེན་པོའི་ཡན་ལག་གོ །ཞེས་སོ། །བཞི་པ་དགོས་ཆེད་ནི། བསྒོམ་སྤང་རྣམས་སྤོང་བར་བྱེད་དོ། །ལྔ་པ་སྒྲ་དོན་ནི། ཆོས་ཉིད་ཀྱི་དོན་རྟོགས་པ་ནི་འཕགས་པའི་ལམ་སྟེ་དེའི་ཡན་ལག་གོ །བཞི་པ་སྒོམ་ལམ་སྤྱིའི་སྒྲ་དོན་ནི་མཐོང་ཟིན་གོམས་པར་བྱེད་པའོ། །ལྔ་པ་ས་ནི། ལམ་དགུ་པོ་དང་སྦྱར་ཏེ་དྲི་མ་མེད་པ་ནས་ཆོས་ཀྱི་སྤྲིན་གྱི་བར་དུའོ། །དེ་ལྟར་ཕྱོགས་ཆོས་སོ་བདུན་རྣམས་ཀྱང་རྫས་སུ་བསྡུ་ན་བཅུའམ་བཅུ་གཅིག་སྟེ། དད་བརྩོན་དྲན་པ་ཏིང་ངེ་འཛིན་ཤེས་རབ་ལྔ། དགའ་བ་ཤིན་ཏུ་སྦྱང་བ་བཏང་སྙོམས་རྟོགས་པ་ཚུལ་ཁྲིམས་དང་བཅུའོ། །དེ་ཡང་དྲན་པ་ཉེ་བར་བཞག་བཞི་ནི་ཤེས་རབ་ཏུ་འདུ། ཡང་དག་སྤོང་བཞི་ནི་བརྩོན་འགྲུས། རྫུ་འཕྲུལ་རྐང་བཞི་ནི་ཏིང་ངེ་འཛིན་དུ་འདུས་སོ། །ཆོས་རབ་རྣམ་འབྱེད་དང་ཡང་དག་པའི་ལྟ་བ་ནི་ཤེས་རབ། ངག་ལས་མཐའ་འཚོ་བ་གསུམ་ནི་ཚུལ་ཁྲིམས་སོ། །ཡང་ན་ངག་སོ་སོར་བསྒྲང་བས་བཅུ་གཅིག་གོ །ལྔ་པ་མི་སློབ་པའི་ལམ་ལ། རྟེན་ངོ་བོ་དབྱེ་བ་སྒྲ་དོན་ས་དང་ལྔའོ། །དང་པོ་ལུས་རྟེན་ནི། ཉན་ཐོས་ལྟར་འཛམ་བུའི་གླིང་གི་རྒྱལ་རིགས་སམ་བྲམ་ཟེ་གང་རུང་། ཐེག་ཆེན་པས་གཙང་གནས་ཀྱི་འོག་མིན་དུ་སངས་རྒྱས་པར་འདོད་པའི་ཕྱིར་གཟུགས་ཁམས་ཀྱི་རྟེན་ཅན་དུ་འདོད་དོ། །སེམས་རྟེན་ནི་བསམ་གཏན་བཞི་པར་ཐེག་ཆེན་པས་འདོད་དོ། །སྟོན་དང་བསེ་རུ་བྱང་ཆུབ་པ། བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། ཞེས་པ་ལྟར། ཐེག་དམན་པས་རྡོ་རྗེ་གདན་དུ་བྱང་ཆུབ་ཤིང་དྲུང་དུ་བཞུགས་པའང་སོ་སྐྱེའི་དབང་རྣོན་ཞིག་སྟེ། དེས་བསམ་གཏན་བཞི་བར་བརྟེན་ནས་ལམ་ལྔ་ས་བཅུ་སྟན་ཐོག་དེར་མངོན་དུ་མཛད་ཟེར། གཉིས་པ་ནི། སྤང་རྟོགས་མཐར་ཕྱིན་པའི་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་མངོན་དུ་བརྙེས་པའོ། །གསུམ་པ་ལ་བཞི་སྟེ། དེ་ཡང་རྟེན་སྐུ། བརྟེན་པ་ཡེ་ཤེས། ཆེ་བའི་ཡོན་ཏན། མཛད་པའི་ཕྲིན་ལས་རྣམས་སོ། །བཞི་པ་ནི། བསླབ་བྱ་ཐམས་ཅད་འགྲུབ་ནས་སློབ་རྒྱུ་མེད་པས་ན་མི་སློབ་པའི་ལམ་མོ། །ལྔ་པ་ནི། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་སྟེ། སྟོང་གསུམ་གྲངས་མེད་པ་ཅིག་ཆར་སྣང་བར་བྱེད་པའི་སྐུའི་འོད་ཟེར་འཕྲོ་བ་དང་། ནམ་མཁས་གར་ཁྱབ་དམ་པའི་ཆོས་ཀྱི་སྣང་བ་ཆེན་པོ་འཁོར་བ་མ་སྟོང་བར་དུ་བྱེད་དོ། །གཉིས་པ་ས་བཅུའི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ལ། ཁྱད་གཞི་སའི་ངོ་བོ་དང་། རྣམ་བཞག་དང་། ངེས་ཚིག་དང་གསུམ་ལས། དང་པོ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་བྱེད་པ་ཡེ་ཤེས་དང་སྙིང་རྗེ་ཆེན་པོ་དབྱེར་མེད་པ་སྐབས་འདིའི་སའི་ངོ་བོ། གཉིས་པ་ལ་ཤས་ཆེ་བའི་ཁྱད་པར་དང་། ཀུན་རྫོབ་པའི་ཡོན་ཏན་དང་། སྐྱེ་བ་འཛིན་ཚུལ། གཉེན་པོའི་རྟོགས་པ། སྤང་བྱ་མི་མཐུན་པའི་ཕྱོགས། ས་ཐོབ་རྟགས། འབྲས་བུའི་ཁྱད་པར་དང་བདུན་ལས། དང་པོ་ཤེས་ཆེ་བ་ནི། ཕར་ཕྱིན་བཅུ་ལ་ལྟོས་པ་དང་། བསླབ་པ་གསུམ་ལ་ལྟོས་པ་ནི། བསླབ་གསུམ་འབྲས་བུ། མཚན་མེད་འབད་རྩོལ་དང་བཅས་པས་བདུན་པ། ས་བརྒྱད་པར་མཚན་མེད་འབད་རྩོལ་དང་བྲལ། དགུ་བ་སེམས་ཅན་སྨིན་པར་བྱེད་པ། བཅུ་པ་གཟུང་དང་ཏིང་ངེ་འཛིན་ལ་དབང་འབྱོར་བའོ། །མདོ་སྡེ་རྒྱན་ལས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །བསླབ་པ་གསུམ་གྱི་རྟེན་ཆོས་ཉིད། ལྷག་པའི་ཚུལ་ཁྲིམས་ལྷག་སེམས་༢དང་། །ལྷག་པའི༤་ཤེས་རབ་ལ་རྗེས་སློབ། །ཤེས་རབ་སྤྱོད་ཡུལ༢་གཉིས་ཡིན་ཏེ། །ཆོས་ཀྱི་དེ་ཉིད་དང་༥དེ་ནི། །མི་ཤེས་ཤེས་སོགས་འཇུག་པ་ཉིད། །ཤེས་རབ་སྤྱོད་ཡུལ་དེ་ལྟ་བས། །དེ་ས་གཉིས་ལ་རྣམ་པར་གནས། །བསླབ་པ་རྣམས་དང་བསྒོམ་པ་ཡིས། །འབྲས་བུ་གཞན་ནི་རྣམ་པ་གཞི། །མཚན་མེད་༧འདུ་བྱེད་དང་བཅས་པར། །གནས་པ་འབྲས་བུ་དང་པོ་ཡིན། །དེ་ཉིད་མངོན་འདུ་བྱེད་མེད་དང་། །ཞིང་ནི་རྣམ་པར་དག་པ་དག །འབྲས་བུ་གཉིས་༩པར་འདོད་པ་ཡིན། །སེམས་ཅན་སྨིན་སོ་སོ་ཡང་དག་པར་འགྲུབ་ཉིད་དང་། །ཏིང་ངེ་འཛིན་དང་གཟུངས་རྣམས་ནི། །འགྲུབ་པ་འབྲས་བུ་དམ་པ་ཡིན། །འབྲས་བུ་རྣམ་པ་འདི་བཞི་ནི། །ས་བཞི་པོ་ལ་ཡང་དག་བརྟེན། །གེགས་བཞི་སྤང་རྣམ་པར་གྲོལ་བ་དང་། རྣམ་གྲོལ་ཡེ་ཤེས་གཟིགས་པ་ཐོགས་སྒྲིབ་ལས་གྲོལ་བའོ། །ཟག་མེད་ཀྱི་ཕུང་པོ་ལྔ་ལ་ལྟོས་པ་ནི། །རྒྱན་ལས། ཆོས་ཉིད་རབ་ཏུ་རྟོགས་ནས་འདིར། །ཟག་མེད་ཀྱི་ཕུང་པོ་ལྔའི་རྟེན་ཆོས་ཉིད། ཚུལ་ཁྲིམས་ཀྱི་ནི་ཕུང་པོ་སྦྱང་། །དེ་ཡི་འོག་ཏུ་ཏིང་འཛིན་དང་། །ཤེས་རབ་ཕུང་པོ་རྣམ་པར་སྦྱོངས། །དེ་ལས་གཞན་པ་དག་ལ་ནི། །སྒྲིབ་རྣམ་བཞི་དང་ཐོགས་པ་ཡི། །སྒྲིབ་པ་ལས་ནི་རྣམ་གྲོལ་དང་། །གྲོལ་བའི་ཡེ་ཤེས་རྣམ་པར་སྦྱོང་། །བྱང་ཕྱོགས་རྟོགས་པའི་ཤེས་རབ། བདེན་བཞི་ཤེས་པའི་ཤེས་རབ། རྟེན་འབྲེལ་ཤེས་པའི་ཤེས་རབ་པོ། །ཀུན་རྫོབ་པའི་ཡོན་ཏན་ནི། ས་དང་པོ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་སྟེ། ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་དེ་དག་ལ་འཇུག་པ་དང་། སངས་རྒྱས་བརྒྱའི་ཞལ་མཐོང་སྟེ་དེ་རྣམས་ཀྱི་བྱིན་གྱིས་བརླབ་པར་ཤེས། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང་། གདུལ་བྱ་འདུན་པར་བྱེད། ཞིང་ཁམས་བརྒྱར་འགྲོ་བ། བདེ་གཉིས་ནི་དེར་སོང་སྟེ་མཐོང་ནས་སྨིན་པར་བྱེད། དེ་དག་ཏུ་འོད་ཟེར་གྱི་སྣང་བར་བྱེད་པ། སེམས་ཅན་བརྒྱ་སྨིན་པར་བྱེད་པ། བསྐལ་པ་བརྒྱར་གནས་པར་བྱེད་པ། བསྐལ་པ་ སེམས་ཅན་གྱི་སྡིག་པ་བྲལ་བའི་ཆེད་དུ་དུས་ཀྱིས་འཁོར་བར་འགྲོ་བའི་ཚུལ་སྟོན་ནོ། །བརྒྱའི་སྔོན་དང་ཕྱི་མའི་མཐའ་གཟེགས་པ་ཆོས་སྒོ་བརྒྱ་འབྱེད་རང་གི་བློ་གྲོས་སྨིན་པའི་ཆེད་དུ་ཆོས་ཀྱི་རྣམ་གྲངས་རྣམས་ལ་བསམ་པའོ། །པར་བྱེད། ལུས་བརྒྱ་སྟོན་པ་དང་ལུས་རེ་རེ་ལའང་འཁོར་ཕུན་སུམ་ཚོགས་པ་བརྒྱ་རེས་བསྐོར་བར་སྟོན་པའོ། །ས་གཉིས་པ་ལ་སྟོང་འགྱུར་དང་། གསུམ་པ་ལ་འབུམ། བཞི་པ་ལ་བྱེ་བ་ཕྲག་བརྒྱ་དང་། ལྔ་པ་ལ་བྱེ་བ་འབུམ་ཕྲག་སྟོང་། དྲུག་པ་ལ་བྱེ་བ་བརྒྱ་ཕྲག་སྟོང་། བདུན་པར་བྱེ་བ་ཁྲག་ཁྲིག་འབུམ་དང་། བརྒྱད་པར་སྟོང་ཆེན་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པ་དང་། ས་དགུ་པ་ལ་སྟོང་ཆེན་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་གྱི་གྲངས་དང་མཉམ་པ་དང་། ས་བཅུ་པ་ལས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་རྣམས་འཐོབ་པོ། །གསུམ་པ་སྐྱེ་བ་འཛིན་ཚུལ་ནི། དབང་རྣམ་སྨིན་གཉིས་ལས། དང་པོ་ནི། རྒྱན་ལས། བློ་ལྡན་རྣམས་ཀྱི་ལས་དང་ནི། །གཞན་ཡང་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་པ་ལྟར་བཞི། གཉིས་པ་ནི། འཁོར་ལོས་སྒྱུར་བ་སོགས། མོས་སྤྱོད་རྣམས་འདོད་པར་སྐྱེ་བ་ལས་སོ། །བཞི་པ་གཉེན་པོ་རྟོགས་པ་ནི། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གོ་དོན། །རྒྱུ་མཐུན་དོན་གྱི་མཆོག་གཉིས་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དེ་ཡང་མཚན་འཛིན་བཟློག་གོ །དད་མེད་པར་རྟོགས་པས་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་བཅུའི་མཉམ་པར་རྟོགས་སོ། །དོན་དང་། །ཉོན་མོངས་རྣམ་དག་མིན་དོན་དང་། །འཁོར་འདས་ལ་བླང་དོར་འཛིན་པ་བཟློག་གོ །ཐ་དད་མེད་པའི་དོན་ཉིད་དང་། །འབྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་སོ། །ས་བརྒྱད་པར་འབྲི་མེད་འཕེལ་བ་མེད་པའི་དོན་དུ་རྟོགས་པ་དང་། རྣམ་པར་མི་རྟོགས་པ་ལ་དབང་བའི་གནས་སུ་དེའང་ཉོན་མོངས་པ་ཅན་གྱི་ཡིད་གནས་འགྱུར་བས་རྣམ་པར་མི་རྟོག་པ་ལ་དབང་ཐོབ་པ་དང་། ཞིང་དག་པ་ལ་དབང་བའི་གནས་སུ་འཛིན་པ་སྒོ་ལྔའི་རྣམ་ཤེས་གནས་འགྱུར་བས་ཞིང་དག་པ་ལ་དབང་ཐོབ་པའོ། །དགུ་པ་སོ་སོ་ཡང་དག་རིགས་བཞིའི་ཡེ་ཤེས་ལ་དབང་། ཡིད་ཀྱི་རྣམ་ཤེས་གནས་འགྱུར་བ་སོ་སོ་ཡང་དག་རིགས་བཞི་ལ་མངའ་བརྙེས་ཤིང་ཕྲིན་ལ ས་ཕུན་སུམ་ཚོགས་པ་ལ་དབང་ཐོབ་པས་སེམས་ཅན་སྨིན་པར་བྱེད་པའོ། །བཅུ་པར་ཕྲིན་ལས་ལ་དབང་བའི་གནས་སུ། རྟོགས་པ་སྟེ་ཡིད་ཤེས་ཀྱི་འཆར་གཞི་ཀུན་གཞིའི་རྣམ་ཤེས་གནས་འགྱུར་བས་ཡེ་ཤེས་མེ་ལོང་ལྟ་བུ་ལ་དབང་ཐོ བ་སྟེ་ཕྲིན་ལས་ཆེན་པོ་སངས་རྒྱས་དང་བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་འདྲ་རུང་དུ་བྱེད། དེའང་ས་བརྒྱད་པར་མཉམ་པ་ཉིད་དང་སོ་སོར་རྟོགས་པ། དགུ་པར་བྱ་བ་གྲུབ་པ། བཅུ་པར་མེ་ལོང་ལྟ་བུའི་ཡེ་ཤེས་བཞི་ལ་དབང་ཐོབ་ནས་རྒྱུན་མཐར་བག་ཆ གས་སྣ་ཚོགས་པའི་ཀུན་གཞི་གནས་འགྱུར་མ་ཐག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་པ་དབང་ཐོབ་སྟེ་འཚང་རྒྱ་བ་ཡིན་ནོ། །རྒྱུན་མཐར་འོད་ཟེར་ཆེན་པོའི་དབང་བསྐུར་བ་ཡིན་ནོ། །ལྔ་པ་སྤང་བྱའི་སྒྲིབ་པ་བཤད་པ་ལ། སྒྲིབ་གཉིས་སྤྱིའི་ངོས་འཛིན་དང་། བྱེ་བྲག་གི་མཚན་ཉིད་དོ། །དང་པོ་ལ་རྒྱུ་ཉོན་མོངས་ཅན་མ་ཡིན་པས་འཁོར་བར་འཕེན་བྱེད་ཀྱི་ལས་མི་གསོག་ཀྱང་། ཤེས་བྱ་ཆུང་ངུས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་བར་སྒྲིབ་བྱེད་དུ་འགྱུར་བ་ནི་ཤེས་སྒྲིབ་དང་། འདི་ལ་ཉན་ཐོས་ཀྱི་མི་ཤེས་པའི་རྒྱུ་བཞི་སོགས་དང་། ཤེས་སྒྲིབ་ནི་ཆོས་བདག་ཉོན་སྒྲིབ་དུ་མི་འདོད་ཚད་ཀྱི་ཐེག་ཆེན་པའི་འཁོར་གསུམ་བདེན་ཞེན་ཏུ་འདོད་གསུངས། དེ་ཡང་ཆོས་བདག་དང་གཅིག་ཡིན། དེ་ཡང་ཤེས་སྒྲིབ་ཀྱི་མཚན་ཉིད་ཡིན། ཡང་རྒྱུ་ཉོན་མོངས་པས་བསྐྱེད་ཅིང་འཁོར་བར་འཕེན་པའི་ལས་གསོག་པའི་ནུས་ལྡན་ཐར་ལམ་ལ་སྒྲིབ་བྱེད་དུ་འགྱུར་བ་ཉོན་སྒྲིབ་པོ། །དེ་དག་ལ་ལྷན་སྐྱེས་དང་ཀུན་བརྟག་གཉིས་རེ་སྟེ། ལྷན་སྐྱེས་ནི་ཡེ་ནས་སེམས་དང་ལྷན་ཅིག་ཏུ་སྐྱེས་པའི་སྒྲིབ་པ་དཔེར་ན་ལྕགས་ལ་བཙའ་ཞུགས་པ་ལྟ་བུ་བསྒོམ་ལམ་རྣམས་མ་གཏོགས་སྤང་མི་ནུས་པའི་ཕྲ་བའི་ཆའོ། །ལྷན་ཅིག་སྐྱེས་ཞེས་པ་འདི་སེམས་དང་སྒྲིབ་པ་ན་ཚོད་མཉམ་པ་ལྟ་བུ་ལས་མེ་དང་ཚ་བའི་རང་བཞིན་དུ་འདོད་པ་ནི་མེད་མོད། ཡོད་ན་སྤོང་མི་རུང་ངོ་། །དཔེར་ན་དྲི་མ་རྣམས་ནི་གློ་བུར་བ་འཕྲལ་དུ་སྤང་རུང་འདོད་པ་ལ་ཟེར་གྱིས། བྲལ་མི་ཤེས་པར་འདོད་པ་ནི་ནང་བའི་གྲུབ་མཐའ་གང་དུའང་མེད་མོད། འོན་ཀྱང་ཕྱི་རོལ་བ་བདེན་པར་རྨོངས་པས་ལམ་ཕྱིན་ཅི་ལོག་གིས་དོན་མེད་པར་འགྱུར་བ་དང་། ནང་པའི་ཐེག་དམན་གྱིས་ཀྱང་ཟད་དང་མི་སྐྱེ་ཞེས་བདེན་གྲུབ་ཀྱི་སྒྲིབ་པ་སྤང་རུང་དུ་འདོད། ཐེག་ཆེན་པས་ནི་ཐ་སྙད་འཁྲུལ་ཤེས་ཀྱི་ངོར་དེ་བཞིན་ཏུ་སྣང་བ་ནམ་མཁའི་སྐྲ་ཤད་ལྟར་དོན་ལ་ཡོད་མ་མྱོང་བས་སྤངས་བྱའི་གཞི་མ་གྲུབ་པའི་ཟད་མེད་སྐྱེ་མེད་དུ་འདོད་མཆན། བདེན་པ་མཐོང་བ་ཙམ་གྱིས་བྲལ་འགྲོ་བ་རགས་པའི་ཆ་ཡིན་ནོ། །ཀུན་བཏགས་ནི་གྲུབ་མཐས་གསར་དུ་བསྒྱུར་བའི་བློ་དཔེར་ན་མིན་ན་ཡིན་རློམ་རྫུན་རྡུལ་ཕྲན་དང་ཤེས་པ་སྐད་ཅིག་དང་གཉེན་པོའི་མཆོག་འཛིན་ལྟ་བུ་ནང་པའི་གྲུབ་མཐས་སོ། །གྱི་མ་གོ་བ་ཕྱི་རོལ་བའི་གྲུབ་མཐའ་བློ་ཕྱིན་ཅི་ལོག་གི་ལམ་ལ་གསར་དུ་བསྒྱུར་བའོ། །ལྟ་བུའོ། །སྤྱིར་ཉོན་སྒྲིབ་ཡིན་ན་ཤེས་སྒྲིབ་ཡིན་པས་ཁྱབ་ལ། ཤེས་སྒྲིབ་ནི་ཉོན་སྒྲིབ་ཡིན་པས་མ་ཁྱབ་པོ། །གཉིས་པ་ལ་གཉིས་ཏེ། ཤེས་ཉོན་དག་གི་བྱེ་བྲག་གི་དབྱེ་བས་གཉིས་སོ། །དང་པོ་ཤེས་སྒྲིབ་ལ་ཐུན་མོང་ཐུན་མིན་གཉིས་ཀྱི། དང་པོ་ནི། འཁོར་བའི་རྒྱུ་འབྲས་གཉིས་པོ་རང་བཞིན་མེད་དོ་བ་ཀུན་ཉོན་ཕྱོགས་ཀྱི་དང་། མྱང་འདས་ཀྱི་རྒྱུ་འབྲས་གཉིས་རང་བཞིན་མེད་དོ་བ་རྣམ་བྱང་ཕྱོགས་ཀྱི་གཟུང་རྟོག །བདག་གང་ཟག་རྫས་སུ་གྲུབ་པ་མེད་དོ་བ་རྫས་འཛིན་དང་། བཏགས་པས་གྲུབ་པ་མེད་དོ་བ་བཏགས་འཛིན་གྱི་སྟེ་གཟུང་འཛིན་གྱི་རྟོག་པ་བཞིའོ། །དོན་སྤྱིའི་ཚུལ་དུ་རྟོགས་པའི་དགག་རྟོག་བཞིའི་ངོ་བོ་རྣལ་མ་ཡིན་གསུངས། མཆན། ཡང་ན་སྒྲུབ་རྟོག་བཞི་པོ་ཤེས་སྒྲིབ་དུ་འདོད་པའང་ཡོད་དེ། དེ་ལྟར་ན་རྫས་འཛིན་གྱི་སྒྲུབ་རྟོག་ནི་གང་ཟག་གི་གདག་གཞིའི་ཕུང་ལྔའི་ཆོས་རྫས་སུ་གྲུབ་པར་ཡོད་པའོ། །མདོར་ན་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཤེས་སྒྲིབ་ཡིན་གསུངས། གཉིས་པ་ཐུན་མིན། ས་བཅུ་པོའི་རེ་རེར་ཞིང་རྨོངས་གཉིས་དང་གནས་ངན་ལེན་གཅིག་བཅས་གསུམ་རེ་ཡོད། གཉིས་པ་ཉོན་སྒྲིབ་ལ་མཐོང་སྤངས་ལོག་ཞུགས་དང་། བསྒོམ་སྤང་བའི་སྒོ་ནས་སོ། །དང་པོ་ལ་གཉིས་ཏེ། ལོག་པར་ཞུགས་ཚུལ་དང་། རྣམ་གྲངས་ཀྱི་འདོད་ཚུལ་དགོད་པའོ། །དང་པོ་གང་འཇུག་ན། གཙོ་བོ་སྲིད་པའི་ཕྲ་རྒྱས་བཅུ་སྟེ། འཇིག་མཐར་ལོག་གསུམ་དང་། ལྟ་བ་དང་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཏེ་ལྟ་བ་ལྔ་དང་། འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་ཐེ་ཚོམ་སྟེ་ལྟ་མིན་ལྔའོ། །གང་ལ་ན་བདེན་བཞིའོ། །ཚུལ་ཇི་ལྟར་ཞུགས་ན་དངོས་བརྒྱུད་དབང་གིས་ལོག་ཞུགས་གསུམ་སྟེ། དང་པོ་ནི། འཇིག་མཐར་ལོག་གསུམ་དང་ལྟ་མིན་མ་རིག་པ་ཐེ་ཚོམ་གཉིས་དང་ལྔ་པོ་བདེན་པ་ལ་དངོས་སུ་ལོག་པར་ཞུགས་པའོ། །གཉིས་པ་ནི་ལྟ་བ་མཆོག་འཛིན་ལྟ་ངན་དེ་ལ་མཆོག་ཏུ་རློམ་པས་སོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ལྟ་ངན་དེ་དང་འབྲེལ་བའི་སྤྱོད་ངན་ལ་དག་གྲོལ་ངེས་འབྱིན་ཏུ་ལྟ་བས་སོ། །འདོད་ཆགས་ལྟ་ངན་ལ་སྲེད་པའོ། །ང་རྒྱལ་ཏེ་བཞི་པོ་དངོས་སུ་ལོག་ཞུགས་ཀྱི་ལྟ་ངན་ལ་དམིགས་ནས་འཇུག་པས་བརྒྱུད་དེ་ལོག་པར་ཞུགས་པའོ། །གསུམ་པ་ནི་ཁོང་ཁྲོ་སྟེ་རང་གི་ལྟ་ངན་དང་མི་མཐུན་པའི་ལྟ་བར་མི་བཟོད་པར་དབང་གིས་ལོག་པར་ཞུགས་པའོ། །ལྟ་ངན་དང་ལྡན་པའི་གང་ཟག་བདག་མཆོག་གོ་སྙམས་ནས་སེམས་ཁེང་པས་སོ། །གཉིས་པ་རྣམ་གྲངས་ཀྱི་འདོད་ཚུལ་ལ་གསུམ་སྟེ། དང་པོ་ནི། ཀུན་བཏུས་ལས་གསུངས་པ་ལྟར་སྡུག་བདེན་གྱི་མཐོང་སྤང་ལའང་འདོད་ཁམས་ལ་ཕྲ་རྒྱས་བཅུ། ཁམས་གོང་མ་གཉིས་སུ་ཁོང་ཁྲོ་དོར་བས་ལྷག་མ་དགུ་སྟེ་ཁྱོན་ཉེར་བརྒྱད་བདེན་པ་གཞན་གསུམ་ལའང་ཉེར་བརྒྱད་རེ་དྲིལ་བའི་བརྒྱ་དང་བཅུ་གཉིས་སོ། །གཉིས་པ། གཏན་ལ་དབབ་པ་བསྡུས་པ་ལྟར་ན། སྡུག་བདེན་སྔར་ལྟར་ཉེར་བརྒྱད་དང་། ཀུན་འགོག་གཉིས་པོར་འཇིག་མཐར་དང་ཁམས་གོང་མ་གཉིས་ལ་ཁོང་ཁྲོ་བཅས་དོར་བས་ལྷག་མ་དྲིལ་བས་གོ་བཞིར་བཤད་དོ། །གསུམ་པ་མངོན་མཛོད་ལྟར་ན། སྡུག་བདེན་སྔར་ལྟར་ཉེར་བརྒྱད་དང་། ཀུན་འགོག་གཉིས་པོར་འཇིག་མཐར་གཉིས་མཆོག་འཛིན་ཐ་མ་གསུམ་དང་། ལམ་ལ་འཇིག་མཐར་གཉིས། ཁམས་གོང་མ་གཉིས་སུ་ཁོང་ཁྲོ་བཅས་དོར་བས་ལྷག་མ་གྱ་བརྒྱད་དོ། །དེ་དག་ཀྱང་བསྡུ་ན་ཀུན་ཏུ་སྦྱོར་བ་གསུམ་ལ་འདུའོ། །འཇིག་མཐར་ལོག་གསུམ་མོ། །མདོར་ན་མཐོང་ལམ་ཐོབ་ཕྱིན་ཆད་སྐྱབས་དཀོན་མཆོག་གསུམ་དང་ཆོས་བདེན་པ་བཞི་ལ་ངེས་ཤེས་གཏིང་ནས་རྙེད་པས་གང་དང་གང་དུ་སྐྱེས་ཀྱང་བློ་ལྟ་ལོག་གིས་བསྒྱུར་མི་བཏུབ་སྟེ་ལོག་ཞེན་གྱི་རྩ་བ་ཆད་པས་སོ། །གཉིས་པ་བསྒོམ་སྤང་ལ། སྤང་བྱའི་དབྱེ་བ་དང་། ཇི་ལྟར་སྤོང་ཚུལ་ལོ། །དང་པོ་ལ་དབྱེ་གཞི་ནི། མ་རིག་པ། འདོད་ཆགས། ང་རྒྱལ། ཁོང་ཁྲོ། འཇིག་ལྟ། མཐར་འཛིན་གྱི་ལྟ་བ་དང་དྲུག་གོ །ཇི་ལྟར་ན་ལམ་གྱི་དབྱེ་བའི་སྒོ་ནས་དབྱེ་ན་བཅུ་དྲུག་དང་། འདོད་ཁམས་སུ་དེ་དྲུག་པོ་དང་ཁམས་གོང་མ་གཉིས་སུ་ཁོང་ཁྲོ་དོར་ལྷག་ལྔ་རེ་སྟེ་བསྡོམ་པས་བཅུ་དྲུག་གོ་མཆན་སའི་སྒོ་ནས་སྤང་བྱའི་རྟེན་གྱི་ས་དགུའོ། །དབྱེ་ན་ཞེ་དྲུག་པ་དང་ཆེ་འབྲིང་གི་དབྱེ་ན་བཞི་བརྒྱ་དང་བཅུ་བཞིའོ། །གཉིས་པ་ལ། སྤོང་བྱ། སྤོང་བྱེད། སྤོང་ཚུལ་གསུམ་ལ་ཐེག་པ་ཆེ་ཆུང་གི་བཞེད་ཚུལ་གཉིས་སོ། །དེ་ལ་དང་པོ་ལ་སྤང་བྱ་བག་ཉལ་དེ་ཡང་མངོན་གྱུར་ནི་འདི་ཡི་སྦྱོར་ལམ་སྐབས་ནས་མགོ་ནོན་གྱི་གཉེན་པོས་སྤང་ཀྱང་སླར་སྐྱེ་ན་སྤོང་བའི་གོ་མི་ཆོད། ས་བོན་གནས་ངན་ལེན་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཏེ་དེ་ཉིད་དྲུང་ནས་བྱུང་ངོ་། །གཉིས་པ་ནི། ཞི་ལྷག་ཟུང་དུ་འབྲེལ་བའི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སོ། །གསུམ་པ་ནི། ཅིག་ཆར་སྟེ་ཁམས་གསུམ་གྱི་སྒྲིབ་པ་ཆེ་ཆུང་རྣམས་དྲིལ་ནས་སྤངས་པར་འདོད་དེ། ཇི་ལྟར་ན་ཁམས་གསུམ་གྱི་ཉོན་སྒྲིབ་ཆེན་པོའི་ཆེན་པོ་ཞེ་དྲུག་པོ་བསྒོམ་ལམ་ཆུང་ངུའི་ཆུང་ངུས་སྤོང་ཞིང་ས་གཉིས་པ་དྲི་མ་མེད་ཀྱིས་སོ། །དེ་བཞིན་དུ་རིམ་པ་ལྟར་སྦྱར་ནས་སྒྲིབ་པ་ཆུང་ངུའི་ཆུང་ངུ་བསྒོམ་ལམ་ཆེན་པོའི་ཆེན་པོས་སྤོང་བའི་བར་རིགས་འགྲེས་སོ། །བཅུ་པ་ཆོས་ཀྱི་སྤྲིན་ནོ། །དེ་དག་དེ་རེ་རེ་ནས་སྦྱོར་ལམ། མཐོང་ཟིན་གོམ་པའི་ས་རྗེས་མར་བརྩོན་ཏེ་དེའི་སྒྲིབ་པ་ཉམས་སྨད་པས་མགོ་ནོན་གྱི་གཉེན་པོའོ། །དེ་བར་ཆད་མེད་པའི་ལམ། སྤང་གཉེན་འཐབ་སྟེ་རགས་པའི་སྒྲིབ་པ་སྤང་ཚར་བའི་བར་ཆད་དེ་ལ་སྤོང་བའི་གཉེན་པོའོ། །རྣམ་གྲོལ་ལམ། རགས་པའི་སྒྲིབ་པ་བྲལ་ནས་གཉེན་པོའི་ཡེ་ཤེས་རྫོགས་པ་རྟེན་གཉེན་པོའོ། །ཁྱད་པར་ལམ་རགས་པའི་ཡེ་ཤེས་ཁྱད་པར་གྱུར་ནས་ལམ་གོང་མར་སྦྱོར་བའི་ཐག་བསྲིང་གི་གཉེན་པོའོ། །སྟེ་བཞི་རེས་བགྲོད་པར་བྱེད་དོ། །དེ་ཡང་བྱང་སེམས་ཀྱི་ཡེ་ཤེས་སྟོབས་དང་ལྡན་པས་ཉོན་སྒྲིབ་ཟིལ་གྱིས་མནན་ནས་སྤང་བྱའི་གཙོ་བོ་ཤེས་སྒྲིབ་དང་། ཉན་ཐོས་རྣམས་ཀྱི་ཉོན་སྒྲིབ་སྤང་བྱའི་གཙོ་བོ་བྱེད་དོ། །དེ་གཉེན་པོ་ཆུང་རིམ་ནས་སྐྱེ་ཚུལ་དང་བསྟུན་སྤང་བྱ་ཆེ་རིམ་ནས་བྲལ་རྒྱུ་ཡིན་པས་དཔེར་ན་སྲང་མདའི་མཐོ་དམན་ལྟར་རོ། །གཉིས་པ་ཐེག་དམན་གྱི་བཞེད་པ་ལྟར་ན་དང་པོ་ནི་མྱོང་བྱར་གྱུར་རམ་ཀུན་དཀྲིས་སོ། །གཉིས་པ་ནི་བསམ་གཏན་དྲུག་དང་གཟུགས་མེད་སྔ་མ་གསུམ་གྱིས་སྤང་བར་འདོད། གསུམ་པ་ནི། རིམ་གྱིས་ཏེ་ཁམས་གོང་འོག་གི་སྒྲིབ་པ་སོ་སོར་ཕྱེ་ནས་སོ། །དེ་བསམ་གཏན་དང་པོའི་ཉེར་བསྡོག་མི་ལྕོགས་པ་མེད་ལ་རབ་ཏུ་དབེན་པའི་ཡིད་བྱེད་སྐྱེས་པས། འདོད་ཁམས་ཀྱི་ཉོན་མོངས་ཆེན་པོ་གསུམ་དང་། ཡང་དགའ་བ་སྡུད་པས་འདོད་ཉོན་འབྲིང་གསུམ་དང་། སྦྱོར་བ་མཐར་ཐུག་པས་འདོད་ཉོན་ཆུང་ངུ་གསུམ་དང་དགུ་པོ་སྤང་ངོ་། །དེ་བཞིན་རིམ་པ་ལྟར་བསམ་གཏན་རང་རང་ཐོབ་བྱེད་ཀྱི་ཉེར་བཟློག་གི་ངོ་བོ་གསུམ་པོས་ས་འོག་མ་འོག་མའི་སྒྲིབ་པ་ཆེ་འབྲིང་ཆུང་གསུམ་སྤང་བར་བྱེད་དོ། །འཇིག་རྟེན་པའི་ལམ་ལའང་སྦྱོར་ལམ་སོགས་བཞི་པོའི་རྣམ་བཞག་འདོད་ཚུལ་ཡོད་པར་གསུངས། མཆན། ཡང་སྲིད་རྩེའི་སྒྲིབ་པ་ཁོ་ན་གཅོད་བྱེད་ཀྱི་ཤེས་རབ་དེ་ཀ་ནང་པའི་ཁྱད་ཆོས་ལས་གཞན་བརྒྱད་པོའི་སྒྲིབ་པ་ཟག་མེད་ཀྱི་ལམ་མིན་ཡང་གཏན་སྤོང་ནུས་ཟེར་བ་ཐེག་དམན་ནོ། །དྲུག་པ་ས་ཐོབ་པའི་རྟགས་ནི། ས་དང་པོ་ལ་སྟོང་གསུམ་གཏེར་གྱིས་གང་བ། གཉིས་པ་ལ་འཇིག་རྟེན་ཐམས་ཅད་དུ་རིན་པོ་ཆེ་དུ་མས་བརྒྱན་པ། གསུམ་པ་ལ་གོ་ཆ་ཐོགས་ནས་ཕས་རྒོལ་འཇོམ་པ། བཞི་པ་ལ་ཕྱོགས་བཞིར་རླུང་གིས་མེ་ཏོག་སྣ་ཚོགས་འཐོར་བ། ལྔ་བར་རྒྱན་གྱིས་བརྒྱན་པའི་བུད་མེད་ཀྱི་མགོ་ལ་མེ་ཏོག་གི་ཕྲེང་བ་འདོགས་པ། དྲུག་པར་ཐེམ་སྐས་བཞི་རྫིང་བུ་གསེར་གྱི་བྱེ་མ་བརྡལ་བ་དྭངས་ཞིང་རྙོགས་མེད་ཆུ་བོ་ཡན་ལག་བརྒྱད་ལྡན། ཨུཏྤལ་དང་། ཀུ་མུད་ཏ་དང་། པདྨ་དཀར་པོས་བརྒྱན་པ། བདུན་པར་རང་གི་གཡས་གཡོན་ན་དམྱལ་བའི་གཡང་སར་མ་སྨས་མ་ཉམས་པར་སླར་ལྡོག་པ། བརྒྱད་པར་འཕྲག་པ་གཉིས་སུ་སེང་གེ་རལ་བ་ཅན་གཉིས་ཀྱིས་སྲོག་ཆགས་ཕྲ་མོ་ཟིལ་གྱིས་གནོན་པ། དགུ་པ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སྐྱེ་བོའི་ཚོགས་ཀྱིས་བསྐོར་བ། བཅུ་པ་ལ་དེ་བཞིན་གཤེགས་པའི་སྐུ་མཐོང་བའོ། །བདུན་པ་སའི་འབྲས་བུ་ནི་གནས་སྐབས་ཀྱི་འབྲས་བུས་ཕྱི་མ་ཕྱི་མའི་ཡོན་ཏན་དང་མཐར་ཐུག་གི་འབྲས་བུ་སངས་རྒྱས་འགྲུབ་པའོ། །གསུམ་པ་ཁྱད་པར་དེ་ལྡན་གྱི་ངེས་ཚིག་ནི། མདོ་སྡེ་རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང་། །སེམས་ཅན་དོན་བསྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བརྗོད། །ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །གཉིས་པོ་སྲེགས་པའི་འོད་འཕྲོ་ཅན། །སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང་། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་པའི་ཕྱིར། །མངོན་ཏུ་གྱུར་པའི་ས་ཞེས་བཤད། །བགྲོད་གཅིག་ལམ་དང་འབྲེལ་བའི་ཕྱིར། །རིང་དུ་སོང་བའི་སར་འདོད་དོ། །འདུ་ཤེས་གཉིས་ཀྱིས་མི་གཡོའི་ཕྱིར། །མི་གཡོ་བ་ཡི་ས་ཞེས་བརྗོད། །སོ་སོ་ཡང་དག་རིག་བློ་བཟང་། །ས་དེ་ལེགས་པའི་བློ་གྲོས་ཡིན། །སྤྲིན་བཞིན་གཉིས་ཀྱི་ནམ་མཁའི་ཆོས། །ཁྱབ་པའི་ཕྱིར་ན་ཆོས་ཀྱི་སྤྲིན། །ཞེས་བྱེ་བྲག་གི་ངེས་ཚིག་དང་། སྤྱིར་ངེས་ཚིག་ནི། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་འགྲོ་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་སོ། ། ༈ མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་མཐོང་སྤང་དང་བསྒོམ་སྤང་ཉོན་མོངས་པའི་འབྱུང་པོ་དཔག་ཏུ་མེད་པའི་འཇིགས་པ་ལས་སྐྱོབ་པ། ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་ཉིད་མཚན་ཅན། །ཞེས་དང་། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམ་འཇུག་དགུ་ཡི་བདག་ཉིད་དང་། །ཟད་པར་བཅུ་ཡི་བདག་ཉིད་དང་། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང་། །ཉོན་མོངས་མེད་དང་སྨོན་མཁྱེན་དང་། །མངོན་ཤེས་སོ་སོ་ཡང་དག་རིགས། །རྣམ་པ་ཐམས་ཅད་དག་བཞི་དང་། །དབང་བཅུ་དང་ནི་སྟོབས་བཅུ་དང་། །མི་འཇིགས་པ་ནི་བཞི་དག་དང་། །བསྲུང་བ་མེད་པ་རྣམ་གསུམ་དང་། །དྲན་པ་ཉེར་བཞག་རྣམ་གསུམ་དང་། །བསྙེལ་བ་མི་མངའི་ཆོས་ཉིད་དང་། །བག་ཆགས་ཡང་དག་བཅོམ་པ་དང་། །སྐྱེ་ལ་ཐུགས་རྗེ་ཆེན་པོ་དང་། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང་། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། །ཞེས་སོ། །མ་འདྲེས་པ་བཅོ་བརྒྱད་ནི། ༡རྒྱུད་བླ་མ་ལས། འཁྲུལ་༢དང་ཅ་ཅོ་བསྙེལ་༣དང་ཐུགས་གཡོ་༤ཐ་དད་ཀྱི་ནི་འདུ་ཤེས་དང་༥། །༦ངང་གི་བཏང་སྙོམས་དྲང་སྲོང་ལ་མེད་འདུན་པ་༧དང་ནི་བརྩོན་འགྲུས་༨དང་། །དྲན་༩པ་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་། །

ཤེས་བྱའི་དོན་ཀུན་གཟིགས་ལ་གྲོལ་བའི་ཡེ་ཤེས་ལས་ནི་ཉམས་མི་མངའ། །གང་གི་ལས་གསུམ་ཐམས་ཅད་ཡེ་ཤེས་སྔོན་འགྲོ་རྗེས་སུ་འཇུག་པ་དང་། །དུས་གསུམ་རྟག་ཏུ་ཐོགས་པ་མེད་པ་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། །ཞེས་སོ། །སངས་རྒྱས་ཀྱི་ཡོན་ཏན་སྡེ་ཚན་ཉེར་གཅིག་སྟེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་བཅོ་བརྒྱད་དང་། སྤྱན་ལྔའོ། །དེ་ལ་ཤའི་སྤྱན་ནི། གཟུགས་མཐོང་བྱེད་ཀྱི་དབང་པོའི་ཡོན་ཏན་ཁྱད་པར་ཅན་དང་། ལྷའི་སྤྱན་གྱིས་འཆི་འཕོ་བ་དང་སྐྱེ་བ་གཟིགས་པའི་མིག་ཤེས་ཀྱི་ཡོན་ཏན་ཏེ་འདི་གཉིས་པོ་སྔོན་གྱི་ལས་ལས་འབྱུང་བར་བཞེད་དོ། །ཤེས་རབ་ཀྱི་སྤྱན་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས། ཆོས་ཀྱི་སྤྱན་གསུང་རབ་ཡན་ལག་བཅུ་གཉིས་ལ་ཐོགས་མེད་དུ་འཇུག་པ་དང་། འཕགས་པའི་གང་ཟག་དབང་པོ་རྣོ་རྟུལ་ཐམས་ཅད་མཁྱེན་པ། སངས་རྒྱས་ཀྱི་སྤྱན་ནི་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ཆགས་ཐོགས་མེད་པར་མངོན་སུམ་དུ་གཟིགས་པའོ། །བཞི་པ་མངོན་ཤེས་དྲུག་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་སེམས་འགྱུ་བ་མཐའ་དག་མངོན་པར་ཤེས་པ་དང་། སྔོན་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་མངོན་པར་ཤེས་པ་དང་། དེ་དག་ཀྱང་ཉན་རང་གིས་རང་འདྲ་ལ་གཟིགས་པ་དང་། བྱང་སེམས་ལྷག་པ་དང་། སངས་རྒྱས་ཀྱི་ཐམས་ཅད་གཟིགས་པའོ། །ལྔ་པ་ནི། རྟེན་དང་བརྟེན་པ་བཤད་བྱ་དང་། ཞེས་པ་ལས། རྟེན་ཆོས་གསུང་རབ་ཀྱི་སྡེ་སྣོད་ཐམས་ཅད་དང་། བརྟེན་པ་དེའི་དོན་ཐམས་ཅད་སོ་སོར་རིག་པའི་བཤད་བྱ་དང་། གསུམ་དང་མཁྱེན་པ་འཆད་བྱེད་པ། ཞེས་པས། གསུངས་ཚུལ་ཚིག་གི་ངེས་པ་སྟེ་སྐད་རིགས་སོགས་མིང་གི་ཐ་སྙད་དུ་གདགས་པའི་ཚུལ་ཐམས་ཅད་དང་ཐུགས་མཁྱེན་པའི་སྤོབ་པ་གང་ཟད་མི་ཤེས་པས་འཆད་པར་བྱེད་པའོ། །དྲུག་པ་ནི། གཟུངས་ཀྱི་སྒོ་བཞི་སྟེ། བཟོད་པ་ཐོབ་པའི་སྒོའི་གཟུངས་ནི། དཔེར་ན་ཡི་གེ་ཨ་ལྟ་བུ་ཞིག་གིས་མཚོན་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་འབྲེལ་འགགས་མེད་དུ་ཤེས་ནས་བརྗོད་མེད་ཀྱི་དོན་རྟོགས་ནུས་པ་དང་། སྔགས་ཀྱི་གཟུངས་ནི་དཔེར་ན་ཕན་གནོད་ཐམས་ཅད་སྒྲིབ་བྱེད་ཀྱི་སྔགས་བརྩམ་པ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པ་དེའི་ནུས་པ་བསམ་གྱིས་མི་ཁྱབ་པ་འབྱུང་བའོ། །ཚིག་དོན་གྱི་གཟུང་གཉིས་ནི་ནོར་འཁྲུལ་མེད་པར་བློ་ལ་འཛིན་ནུས་པ་སྟེ། དེ་དག་གི་ངོ་བོ་ནི་དྲན་པ་དང་ཤེས་རབ་དང་ཏིང་ངེ་འཛིན་གསུམ་མོ། །བདུན་པ་ཟད་པ་ནི། ངོ་བོ་ཏིང་ངེ་འཛིན་དང་ཤེས་རབ་ཁྱད་པར་ཅན་ཡིན་ལ། དབྱེ་ན་ས་ཆུ་མེ་རླུང་བཞི་དང་ཁ་དོག་སྔོ་སེར་དཀར་དམར་བཞི་ཟད་པར་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང་། དེ་བཞིན་དུ་ནམ་མཁའ་དང་རྣམ་ཤེས་མཐའ་ཡས་ཀྱི་ཏིང་ངེ་འཛིན་མངོན་དུ་བྱེད་པའོ། །དེ་དག་བསྒོམ་ཚུལ་ཡང་ཆུའི་སྟེང་གི་ཟམ་པ་ལྟ་བུ་དང་། ནམ་མཁའ་ནས་ཆུ་འབེབ་པ་དང་། ཤིང་གི་མེ་སྦར་བ་དང་། རླུང་གི་རེག་བྱ་ལ་བསྒོམ་པ་དང་། ཁ་དོག་བཞི་པའི་ཟླུམ་གོར་ལྟ་བུ་ཅན་ལ་བརྟེན་པ་དང་། བུག་པའི་ནམ་མཁའ་དང་། ཉི་ཟེར་གྱི་ཐིག་ལེ་གཞན་དུ་ཤར་བ་སོགས་ལ་བརྟེན་ནས་བསྒོམ་པའོ། །འགྲུབ་རྟགས་ནི་དེ་དག་གྱེན་དུ་འཕགས་པ་སོགས་འབྱུང་ངོ་། །བརྒྱད་པ་ཟིལ་གནོན་ནི། དབྱིབས་དང་ཁ་དོག་གིས་དབྱེ་བས་བརྒྱད་དོ། །དང་པོ་དབྱིབས་ནི། ནང་གཟུགས་སུ་འདུ་ཤེས་ནས་ཕྱི་རོལ་གྱི་གཟུགས་ཆེན་པོ་ཐམས་ཅད་ཟིལ་གྱིས་མནན་ཏེ་ཤེས། ཞི་གནས། ཟིལ་གྱིས་མནན་ཏེ་མཐོང་ལྷག་མཐོང་དེ་ལྟར་འདུ་ཤེས་པའོ། །མངོན་པའི་ང་རྒྱལ། ཡང་ཕྱི་རོལ་གྱི་གཟུགས་ཆུང་ངུ་ལ་ཡང་དེ་བཞིན་དུ་བསྒོམ་པ་དང་། ནང་གཟུགས་མེད་པར་འདུ་ཤེས་ཏེ་ཕྱི་རོལ་གྱི་གཟུགས་ཆེ་ཆུང་གཉིས་སྔ་མ་ལྟར་བསྒོམ་ལྷག་མཐོང་བ་དང་བཞི་ཡང་ནང་གཟུགས་མེད་པར་འདུ་ཤེས་ནས་ཕྱི་རོལ་གྱི་ཁ་དོག་སྔོ་སེར་དཀར་དམར་བཞི་ཟིལ་གྱིས་མནོན་ཏེ་ཤེས་པ་སོགས་སྔར་ལྟར་རོ། །དགུ་པ་ཐུགས་རྗེ་ཆེན་པོ་ནི། ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཉིན་ལན་གསུམ་མཚན་ལན་གསུམ་དུ་གཟིགས་ནས། སུ་ནི་རྒུད་སུ་ནི་དར་བ་སོགས་ལེགས་པར་མཁྱེན་པའོ། །བཅུ་བ་ཉོན་མོངས་མེད་པ་ནི། ཉོན་མོངས་མེད་པའི་ཏིང་ངེ་འཛིན་ཏེ། དེ་ལ་ཉན་རང་རྣམས་ཀྱིས་བསོད་སྙོམས་སོགས་ལ་རྒྱུ་བའི་ཐོག་མར་བརྟགས་ཏེ། གལ་ཏེ་བདག་ལ་བརྟེན་ནས་དེ་དག་ཉོན་མོངས་པར་གྱུར་ན་བྱོལ། སངས་རྒྱས་ནི་དཔེར་ན་གླང་པོ་ནོར་སྐྱོང་བཏུལ་བ་ལྟ་བུའོ། །ཉོན་མོངས་པ་བསྐྱེད་པའི་སེམས་ཅན་གྱི་གནས་དེ་མི་འདོར་བར་དེར་ངེས་པར་བྱོན་ནས། དེའི་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་འཇོམས། པར་མཛད་པའོ། །བཅུ་གཅིག་པ་སྨོན་མཁྱེན་ནི། ཉན་ཐོས་རྣམས་ཀྱི་སྨོན་གནས་མཁྱེན་པ་སྟེ། གནས་འདི་ཤེས་པར་བྱ་སྙམ་ནས། རབ་མཐའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ནས་ཤེས་པ་ལྟ་བུ་སྟེ། དཔེར་ན་མོའུ་འགལ་གྱི་བུས་ཤཱཀྱའི་རྒྱལ་རྒྱུད་བརྗོད་པ་ལྟ་བུའོ། །རྫོགས་པའི་སངས་རྒྱས་ཀྱི་ནི་འབད་རྩོལ་མི་དགོས་པར་ལྷུན་གྱིས་གྲུབ་པ་དང་། ཆགས་པ་མེད་པ་དང་། ཐོགས་པ་མེད་པ་དང་། དུས་འཁོར་བ་མ་སྟོང་བར་དུ་རྟག་པ། མཉམ་པར་མ་བཞག་པ་མེད་བཞིན་དུ་སེམས་ཅན་རྣམས་ཀྱིས་དྲི་བ་མི་འདྲ་བ་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་དྲིས་པའི་ལན་ཀུན་དུས་གཅིག་ལ་ལྡོན་ཏེ། ཁྱད་ཆོས་ལྔ་དང་ལྡན་པ་ནི་སྨོན་གནས་མཁྱེན་པའོ། །བཅུ་གཉིས་པ་དབང་བཅུ་ནི། ཚེ་སེམས་ཡོ་བྱད་ལ་དབང་བ་གསུམ་ནི་སྦྱིན་པའི་འབྲས་བུ་དང་། ལས་དང་སྐྱེ་བ་ལ་དབང་བ་ནི་ཚུལ་ཁྲིམས་ཀྱི་འབྲས་བུ། མོས་པ་ལ་དབང་བ་ནི་བཟོད་པའི་འབྲས་བུ་དང་། སྨོན་ལམ་ལ་དབང་བ་ནི་གནས་ཀྱི་དབང་དུ་བྱས་ནས་སྨོན་ལམ་ཐམས་ཅད་འགྲུབ་པ་སྟེ་བརྩོན་འགྲུས་ཀྱི་འབྲས་བུ་དང་། རྫུ་འཕྲུལ་ལ་དབང་བ་ནི་བསམ་གཏན་གྱི་འབྲས་བུ་དང་། ཡེ་ཤེས་དང་ཆོས་ལ་དབང་བ་ནི་ཤེས་རབ་ཀྱི་འབྲས་བུའོ། །བཅུ་གསུམ་པ་གོང་གི་ཕྱོགས་ཆོས་དང་། བཅུ་བཞི་པ་ཚད་མེད་བཞི་དང་། གཞུང་འདིར་མི་གསལ་བ། བཅོ་ལྔ་པ་རྣམ་ཐར་བརྒྱད་ནི། གཟུགས་ལ་རྣམ་ཐར་ནི་ནང་གཟུགས་སུ་འདུ་ཤེས་ནས། གཟུགས་ཅན་མ་ཡིན་པ་ནི་ནང་གཟུགས་མེད་པར་འདུ་ཤེས་ནས། སྡུག་པའི་རྣམ་པ་ཅན་བསྒོམ་པ་དང་གསུམ་མོ། །མངོན་མཛོད་ལྟར་ན་མི་སྡུག་པ་བསྒོམ་པར་ཡང་འདོད། དེ་ཡང་རྣམ་ཐར་ནི། གཟུགས་མེད་དང་འགོག་པ་རྣམས་རང་སའི་སྒྲིབ་པ་ལས་གྲོལ་བའོ། །བཅུ་དྲུག་པ་མཐར་གནས་དགུ་ནི་རིམ་གྱིས་གནས་པའོ། །སྙོམས་འཇུག་དགུ་ཞེས་པ་ནི་ལུས་ཀྱི་འབྱུང་བ་སྙོམས་པ་དང་སེམས་དང་སེམས་བྱུང་ཐམས་ཅད་སྙོམས་པའོ། །དེ་ཡང་བསམ་གཟུགས་བརྒྱད་པོ་མ་གཏོགས་འགོག་པ་ལ་ཚུལ་ཙམ་ལས་དངོས་སུ་མི་འཇུག་པའོ། །འགོག་པ་ནི་འདུ་ཤེས་དང་ཚོར་བ་འགོག་པ་སྟེ་ཀུན་གཞི་མ་གཏོགས་པའི་རྣམ་ཤེས་བདུན་པོ་བཀག་པའོ། །བཅུ་བདུན་པ་ནི་སྐུ་གསུང་ཐུགས་ཀྱི་མཛད་པ་ལ་གསང་བྱ་ཅི་ཡང་མེད་པས་ཡེ་བསྲུང་ཏེ་བསྲུང་བ་མེད་པ་གསུམ། བཅོ་བརྒྱད་པ་དྲན་པ་ཉེ་བར་བཞག་པ་གསུམ་ནི། འཁོར་གྱིས་གུས་པར་ཉན་པ་དང་། མ་དད་པར་ཉན་པ་གཉིས་མཉམ་པར་ཆགས་པ་མེད་པ་དང་སྡང་བ་མེད་པ་དང་ཆགས་སྡང་གཉིས་མེད་པ་དང་གསུམ་མོ། །བཅུ་དགུ་པ་བསྙེལ་བ་མི་མངའ་བའི་ཆོས་ཉིད་བརྗེད་པ་མེད་པའོ། །ཉི་ཤུ་པ་ཡོངས་དག་བཞི་ནི། རྟེན་ཡོངས་སུ་དག་པ་ནི་ལུས་གཏོང་ལེན་སོགས་ཡོངས་སུ་དག་པ་དང་། དམིགས་པ་ཡོངས་སུ་དག་པ་ནི་སྤྲུལ་པ་དང་བསྒྱུར་བ་ཡོངས་སུ་དག་པ་དང་། ཐུགས་ཡོངས་སུ་དག་པ་ནི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་དང་། ཡེ་ཤེས་ཡོངས་སུ་དག་པ་ནི་ཤེས་བྱ་ཐམས་ཅད་དག་པར་མཁྱེན་པའོ། །༼༢༡༽ཉེར་གཅིག་པ་ནི། ཉོན་མོངས་པའི་བག་ཆགས་ཡང་དག་པར་བཅོམ་པ་དང་། མཁྱེན་གསུམ་ནི། གཞི་ཤེས་ནི། ཕུང་པོ་ཁམས་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ཤེས་པ་དང་། ལམ་ཤེས་ནི་ཉན་རང་བྱང་སེམས་ཀྱི་ལམ་ཐམས་ཅད་ཤེས་པ་དང་། ཐམས་ཅད་མཁྱེན་པ་ནི་རྣམ་པ་ཐམས་ཅད་ཀུན་ནས་རྟོགས་པར་མཁྱེན་པའོ། །དེ་ལྟ་བུའི་ཡོན་ཏན་དེ་དག་ལས་དྲུག་ཅུ་རྩ་བཞི་ནི་ཐུན་མིན་ཡིན་ལ། ལྷག་མ་རྣམས་ཐུན་མོང་ངོ་། །དེ་ལྟར་ཡོན་ཏན་སྡེ་ཚན་ཉེར་གཅིག་ཏུ་བཅད་པ་དེ་དག་དབྱེ་ན་བརྒྱ་དང་ཞེ་བཞི་དང་གཞུང་འདི་ནས་བཤད་པའི་སྤྱན་ལྔ་དང་བཅས་བརྒྱ་དང་ཞེ་དགུར་བསྡུས་སོ། །དགེའོ། །ས་ལམ་དང་འབྲས་བུའི་རྣམ་བཞག་འདི་ཉིད་ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཡོན་ཏན་མཛོད་འཆད་སྐབས་གཞི་ཆེན་སྤྲུལ་སྐུའི་ཟིན་བྲིས་སུ་གནང་བའོ། །