བརྒལ་བའི་ལོག་རྟོག་སྨྲ་ངན་ཞི་བྱེད།

From Khyentse Lineage - A Tsadra Foundation Project
Wylie title brgal ba'i log rtog smra ngan zhi byed
Location dpal sprul bka' 'bum
Volume 4, Text 12, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre Polemical Literature - dgag lan
[edit]
༄༅། །བརྒལ་བའི་ལོག་རྟོག་སྨྲ་ངན་ཞི་བྱེད་བཞུགས། །


བརྒལ་བའི་ལོག་རྟོག་སྨྲ་ངན་ཞི་བྱེད། བདེ་སྟོང་རྒྱལ་བ་ཀུན་གྱི་ཐུགས། །ཟབ་གསལ་གཉིས་མེད་ཡེ་ཤེས་མཆོག །གཉུག་མ་སེམས་ཀྱི་རྡོ་རྗེ་དེས། །རྣམ་པ་ཀུན་ཏུ་བརྩེ་བས་སྐྱོངས། །བདེ་སྟོང་རོལ་མོས་དུས་འདའ་བའི། །བླ་མ་ཞབས་པད་ལ་བསྙེན་ཞིང་། །སྡུག་བསྔལ་ཁུར་དང་མ་བྲལ་བའི། །ལས་ངན་སྡུག་བསྔལ་སྒོམ་བཞིན་དུ། །གཟིམས་ཁང་ཉིད་དུ་ཉལ་བའི་ཚེ། །དྲི་བ་ཚངས་པའི་འཁོར་ལོ་ཞེས། །དོན་མེད་ཤོག་བུའི་གྲོན་ཞིག་མཐོང་། །ཅ་ཅོ་དེ་ལས་འདི་སྐད་དུ། །སྦྱངས་དང་མ་སྦྱངས་མཁས་བླུན་གྱི། །གང་ཟག་མཆོག་དམན་ཐམས་ཅད་ལ། །རྣམ་རྟོག་གཟེབ་ནས་ཤུགས་འབྱུང་དུ། །སྤྲོས་བྲལ་འོད་གསལ་དོན་དམ་གཤིས། །འཆར་བར་རྒྱལ་བས་མ་གསུངས་ལོ། །གསེབ་ནས་ཞེས་པ་ཐ་སྙད་ཙམ། །ཕལ་བའི་སྐད་དང་བསྟུན་ནས་སུ། །གོ་བར་བྱ་ཕྱིར་བརྗོད་པའམ། །སྨད་པར་འདོད་ནས་ཚིག་གི་སྒྲོས། །ངན་དུ་འཇུག་ཕྱིར་ཁོ་རང་གིས། །རང་བཟོ་བྱས་པར་ཆ་མ་འཚལ། །དོན་དུ་རྣམ་རྟོག་ཐམས་ཅད་ཀྱི། །རང་བཞིན་སྤྲོས་བྲལ་དོན་དམ་པ། །འོད་གསལ་ཡིན་ཞེས་རྒྱལ་བ་དང་། །དེ་སྲས་ཀུན་གྱིས་ལན་བརྒྱར་གསུངས། །རྟེན་འབྲེལ་སྒྱུ་མའི་སྣང་བ་ཞེས། །མདོ་རྒྱུད་ཀུན་ནས་གང་བཤད་པ། །རྣམ་དག་སྒྱུ་མ་འདི་ཁོ་ན། །འདི་ཡི་རང་བཞིན་སྐྱེ་འགག་སོགས། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །དྲི་མ་གཤིས་ལ་མ་ཞུགས་པར། །དག་ཕྱིར་འོད་གསལ་བ་ཞེས་བརྗོད། །རྟེན་འབྲེལ་སྒྱུ་མ་ཙམ་འདི་ལས། །ལོག་ན་དོན་དམ་འོད་གསལ་བ། །ཡོད་པར་འདོད་ན་ཐེག་ཆེན་གྱི། །ལམ་བཟང་ཀུན་དང་འགལ་འགྱུར་ཞིང་། །ཁྱད་པར་རྒྱལ་བ་ཙོང་ཁ་བའི། །རིང་ལུགས་མཆོག་དང་རྒྱབ་འགལ་འགྱུར། །རྣམ་རྟོག་འོད་གསལ་མ་ཡིན་ཡང་། །འོད་གསལ་མིན་པའི་རྣམ་རྟོག་མེད། །ཆབ་རོམ་ཆུ་དངོས་མ་ཡིན་ཡང་། །ཆུ་ལས་གཞན་པའི་ཆབ་རོམ་མེད། །གནད་འདི་རྟོགས་ན་ལོས་རེ་སླ། །ཡང་ཅིག་དེ་ལས་འདི་སྐད་དུ། །ལས་རླུང་དྷུ་ཏིར་ཞུགས་གནས་ཐིམ་གསུམ་མཐུས། །ངེས་དོན་ཙཎྜལི་ཡི་རྡུལ་གྱི་མེ། །སྦར་བའི་ཞུ་བདེའི་སྟོབས་ཀྱིས་དྲངས་པ་ཡི། །དགའ་བཞིའི་ལྷན་ཅིག་སྐྱེས་པའི་ཡུལ་ཅན་དེ། །མཐའ་བྲལ་སྟོང་ཉིད་ཟབ་མོ་ཡུལ་མཆོག་དང་། །དབྱེ་བ་མེད་པར་རྩེ་གཅིག་སྦྱོར་བ་སྟེ། །དོན་དམ་འོད་གསལ་ཡེ་ཤེས་དངོས་ཡིན་ལོ། །ཐབས་དང་ཐབས་བྱུང་ཁྱད་པར་མ་ཕྱེད་ཅིང་། །གཉུག་མ་གློ་བུར་ཁྱད་པར་མ་ཕྱེད་པས། །རང་བཟོ་ཁོ་ནས་བརྟགས་པའི་ཆོས་སྐད་འདི། །ཚད་ལྡན་མཁས་གྲུབ་སུས་ཀྱང་བཞེད་པ་མིན། །དོན་དམ་འོད་གསལ་གཉུག་མ་སེམས་ཀྱི་གཤིས། །སྨྲ་བསམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་དོན། །ཚིག་གིས་མཚོན་པའི་སྤྱོད་ཡུལ་མ་ཡིན་ཏེ། །ལམ་བཟང་ཐབས་ལ་བརྟེན་ནས་མངོན་དུ་འགྱུར། །དེ་ཕྱིར་ཐབས་ཀྱིས་བསྐྱེད་པའི་དགའ་བདེ་དང་། །རིགས་པས་དཔྱད་པའི་སྟོང་ཉིད་བསྒོམ་པ་སོགས། །ཐབས་ཙམ་ཡིན་གྱིས་ཐབས་བྱུང་འོད་གསལ་མིན། །འོད་གསལ་བ་འདི་དུས་རྣམས་ཐམས་ཅད་དུ། །འགྲོ་བ་ཀུན་ལ་རང་བཞིན་གནས་མོད་ཀྱི། །ཀུན་རྟོག་རླུང་གིས་སྒྲིབ་ཕྱིར་སྣང་མ་ནུས། །རྟོག་ཚོགས་གཡོ་བ་གཅོད་ཕྱིར་ཐབས་ལམ་གསུངས། །དེ་ཕྱིར་གཞི་ལམ་འབྲས་བུའི་འོད་གསལ་དོན། །དབྱེར་མེད་སེམས་ཀྱི་རྡོ་རྗེ་གཉུག་མའི་གཤིས། །རང་གནས་རང་བྱུང་ཡེ་ཤེས་དེ་ཁོ་ན། །དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པ་ཡིན། །གནད་འདི་མངོན་དུ་བྱེད་ཕྱིར་མདོ་སྔགས་ཀྱི། །ལམ་ཟབ་བགྲང་ལས་འདས་པ་གསུངས་པ་ཀུན། །གདུལ་བྱའི་བློ་དང་སྐལ་བའི་ཁྱད་པར་བཞིན། །རྒྱལ་བའི་ཐུགས་རྗེ་བྱིན་རླབས་སྟོབས་ཀྱིས་སྣང་། །དེ་ཕྱིར་འདྲ་དང་མི་འདྲའི་ལམ་མང་པོ། །གཅིག་ལ་ཀུན་དགོས་པ་ཡང་མ་ཡིན་ལ། །གཅིག་དང་ཀུན་བསྟུན་དགོས་པ་དེ་ཡང་མིན། །ཀུན་ཡང་གདུལ་བྱའི་བློ་དང་བསྟུན་པའི་ཕྱིར། །ཀུན་ལ་གཅིག་གིས་ཆོག་པ་དེ་ཡང་མིན། །དེ་ཕྱིར་བསྟན་པ་ཐམས་ཅད་རང་ས་ནས། །བདེན་གྱིས་འགལ་འདུ་བསྒྲིགས་པའི་ཁུར་བོར་ནས། །རང་ཡིད་ཆེས་པའི་ལམ་དེར་འབད་ན་ལེགས། །སེམས་ཀྱི་རང་བཞིན་འོད་གསལ་བ། །གཉུག་མ་དེ་མངོན་བྱེད་པའི་ཕྱིར། །ཐམས་ཅད་མཁྱེན་པས་ཐབས་མང་པོ། །ཇི་སྙེད་བསྟན་པ་ཐམས་ཅད་ཀྱང་། །འབད་བཅས་འབད་མེད་གཉིས་སུ་འདུ། །བཅོས་ནས་བསྒོམ་པ་འབད་བཅས་ཏེ། །མ་བཅོས་འཇོག་པ་འབད་མེད་ཡིན། །བསྐྱེད་རྫོགས་ཞེས་ཀྱང་འདི་ལ་ཟེར། །དེ་ཕྱིར་རྩ་རླུང་ཐིག་ལེ་སོགས། །སྣ་ཚོགས་ཐབས་ལ་འབད་བྱེད་པ། །བཅོས་པའི་བསྒོམ་པ་ཇི་སྙེད་ཀུན། །བཏགས་པ་ཙམ་ཞིག་མ་གཏོགས་པ། །རྫོགས་པའི་རིམ་པ་དངོས་ཉིད་མིན། །མ་བཅོས་གཉུག་མ་ཕྱག་རྒྱ་ཆེ། །རྩོལ་མེད་ཨ་ཏི་ཡོ་གའི་ལམ། །རྒྱལ་བ་ཀུན་གྱི་དགོངས་པ་སྟེ། །གྲུབ་ཐོབ་ཀུན་གྱི་ཞེ་ཕུག་ཡིན། །ཆོས་འདིར་འཕྲད་པའི་སྐལ་ལྡན་ལས། །རྟོག་གེ་གཞན་གྱིས་ཤེས་མི་ནུས། །རང་ལུགས་འཛིན་དང་གཞན་ལུགས་སྐྱོངས། །ཕལ་ཆེར་གནས་འདིས་མགོ་འཁོར་ནས། །དོན་མེད་ཁྱི་རྒན་གཞོང་སྟོང་སྟེང་། །རྩོད་པ་བྱེད་པ་ཨ་ཐང་ཆད། །འཁྲུལ་རྟོག་གཞི་མེད་རྩ་བྲལ་དུ། །གཏན་ལ་ཕབ་པ་དེའི་ཆོས་ཉིད། །འོད་གསལ་ཡེ་ཤེས་ངོ་སྤྲོད་དེ། །རྟོག་པ་ཤར་གྲོལ་ཁྱད་མེད་དུ། །སྐྱོབ་པའི་ལམ་གནད་མ་གོ་བར། །སེམས་ཀྱི་གསལ་རིགས་ངོ་སྤྲོད་ནས། །དེ་སྟེང་མི་རྟོག་པར་འཇོག་པ། །ཕྱག་རྫོགས་དགོངས་པ་ཡིན་སྙམ་ནས། །གྲུབ་མཐའ་འཛིན་དང་དེ་གཞུང་འགོགས། །གཉིས་ཀ་སྨྱོན་པའི་ཅ་ཅོར་ཟད། །ལས་རླུང་དབུ་མར་འགོག་པ་ལ། །སྙིང་གའི་ཐིག་ལེ་སེམས་འཛིན་དང་། །ཁ་སྦྱོར་བུམ་ཅན་སྒོམ་པ་སོགས། །རང་གཞུང་གཅིག་ལས་གང་བཤད་པ། །དེ་ལས་ཐབས་གཞན་མེད་སྙམས་དང་། དེ་ཀ་ཀུན་ལ་དགོས་སྙམས་སོགས། །ཤིན་ཏུ་བླུན་པའི་རང་རྟགས་ཡིན། །རླུང་ལ་འབྱུང་ཆེན་འབྱུང་ཆུང་གཉིས། །འབྱུང་ཆེན་སྣ་སྒོ་ནས་རྒྱུ་བ། །འདི་ཉིད་ཤིན་ཏུ་རགས་པ་སྟེ། །ཕྲ་བ་ཀུན་རྟོག་ཇི་སྙེད་ཅིག །གཡོ་བའི་བཞོན་པ་དེ་ཉིད་ཡིན། །དེ་ཕྱིར་སེམས་དང་རླུང་གཉིས་པོ། །འདྲེས་པར་གྱུར་པ་རྣམ་རྟོག་སྟེ། གཡོ་བའི་ཆ་ནི་རླུང་ཡིན་ལ། །ཤེས་རིག་ཆ་ནི་སེམས་ཡིན་ནོ། །རྣམ་པར་རྟོག་པ་འདི་ཁོ་ན། །འཁོར་བ་ཞེས་སུ་མིང་གདགས་ཏེ། །བདག་ལྟའང་འདི་ཡི་བྱེ་བྲག་ཡིན། །འོན་ཀྱང་གཡོ་བྱེད་རླུང་བྲལ་ན། །འོད་གསལ་སེམས་ཀྱི་ཆོས་ཉིད་ཕྱིར། །མྱ་ངན་འདས་པ་ཞེས་བྱ་སྟེ། །དེ་ཕྱིར་འཁོར་འདས་དབྱེར་མེད་ཡིན། །འཁྲུལ་བའི་ཀུན་རྟོག་ཇི་སྙེད་ཀུན། །གཉུག་མ་སེམས་ཀྱི་ཆོས་ཉིད་ཀློང་། །མ་བཅོས་རང་དག་སྐྱོང་ཤེས་ན། །ལས་རླུང་དབུ་མར་འདིས་འཇུག་སྟེ། །དབུ་མ་ཞེས་པའང་མཐའ་བྲལ་བའི། །སེམས་ཉིད་གཉུག་མ་འདི་ལས་གཞན། །རགས་པའི་རྩ་ལ་སོགས་བཤད་པ། །དྲང་དོན་ཡིན་གྱིས་ངེས་དོན་མིན། །འོད་གསལ་དོན་དམ་བདེན་པ་དང་། །དེ་ཉིད་རྒྱལ་བའི་ཐུགས་ཡིན་སོགས། །གཞུང་ནས་བཤད་བཞིན་འདོད་དགོས་ན། །ཡེ་ནས་སེམས་ཀྱི་ཆོས་ཉིད་དུ། །བཞུགས་པའི་གཉུག་མ་ཁས་བླང་གིས། །གསར་དུ་བཟོས་པའི་དོན་དམ་ཞིག །འདོད་ན་དེ་ལས་ཐ་ཆད་ཅི། །མི་ཕྱེད་ཕྱིར་ན་དོན་དམ་པ། །ཡིན་ཕྱིར་ཡུལ་དང་ཡུལ་ཅན་དང་། །བདེ་སྟོང་གཉིས་སུ་འབྱེད་པ་སོགས། །གོ་བར་སླ་ཕྱིར་འཆད་དུས་ཀྱི། །ཐ་སྙད་ཙམ་ཞིག་མ་གཏོགས་པ། །དོན་དུ་འདོད་ན་འགལ་འདུ་མང་། །དེ་ཕྱིར་གསལ་ལེ་ཧྲིག་གེ་སོགས། །སྒོམ་ཆེན་རྣམས་ཀྱི་ཆོས་སྐད་ཀྱང་། །གོ་བར་སླ་ཕྱིར་འཆད་དུས་ཀྱི། །ཐ་སྙད་ཙམ་ཞིག་མ་གཏོགས་པ། །དོན་དུ་དེ་ལྟར་འདོད་པ་མིན། །རྟོག་པས་བཟོས་པའི་བསྐྱེད་རིམ་དང་། །ཐིག་ལེ་ཞུ་བའི་བདེ་བ་གཉིས། །བཅོས་མ་ཡིན་མིན་ཁྱད་མེད་པས། །རྫོགས་རིམ་དངོས་ཉིད་མིན་པ་འདྲ། །སྟོང་བཞིའམ་ནི་དགའ་བཞི་ཡིས། །དྲངས་པའི་འོད་གསལ་སྐྱེས་ནས་ཀྱང་། །སྟོང་ཉིད་ལོགས་སུ་ཚོལ་དགོས་ན། །དེ་ཉིད་ཇི་ལྟར་འཚོལ་བ་སྨོས། །སྔ་མ་ཐོས་བསམ་དུས་དཔྱད་པའི། །སྟོང་འཛིན་དེ་ཀ་ཡིན་ཟེར་ན། །སྔར་ནི་ཀ་བ་བུམ་པ་སོགས། །གཅིག་དང་དུ་བྲལ་ལ་སོགས་པའི། །རིགས་པ་དུ་མས་བརྟགས་བརྟགས་ནས། །རང་བཞིན་ཞེས་དང་བདེན་པ་ཞེས། །ཐ་སྙད་ཙམ་གྱི་སྦྱོར་ཚུལ་ལའང་། །ཀོ་ལོང་ཆེན་པོ་སྡོམ་བྱེད་པའི། །ལྟ་དེ་དུས་འདིར་ཇི་ལྟར་དྲན། །འོན་ཏེ་འོད་གསལ་དེ་ཁོ་ན། །སྟོང་པར་རིགས་པས་བརྟགས་དགོས་ན། །སུ་ལ་སུ་ཡིས་ཇི་ལྟར་དུ། །བརྟགས་པར་བྱ་བ་སྨྲ་དགོས་སོ། །དེ་ཕྱིར་ཁམས་ཀྱི་ཞུ་བདེ་དང་། །རིགས་པས་དཔྱད་པའི་སྟོང་ཉིད་གཉིས། །སྦྱར་ན་འོད་གསལ་ཡིན་པ་དང་། །དེ་ཉིད་རྒྱལ་བའི་ཐུགས་ཡིན་སོགས། །བསྟན་པ་དཀྲུགས་པའི་ཟོལ་གཏམ་ཡིན། །གཉུག་སེམས་མངོན་དུ་གྱུར་ན་ཡང་། །དེ་ཉིད་བདེ་བར་བསྐྱེད་དགོས་དང་། །འོད་གསལ་མངོན་དུ་བྱས་ནས་ཀྱང་། །སྟོང་ཉིད་ཕྱི་ནས་བཙལ་དགོས་པ། །མེ་ཉིད་ལག་ཏུ་ཐོག་ནས་ཀྱང་། །ཚྭ་བ་གཞན་ནས་ཚོལ་དང་མཚུངས། །དེ་སོགས་རང་བཟོས་ཆོས་སྐད་ཀྱིས། །མྱོས་པའི་རྟོག་གེ་འཆལ་བ་དག །རྒྱལ་བའི་བཀའ་ཡང་ལྷམ་ནང་གི། རྩྭ་ལྟར་འདོར་ན་གཞན་གྱིས་ཅི། །གྲུབ་པའི་ཉམས་མྱོང་ལག་རྗེས་དང་། །མཁས་པའི་ལུང་རིགས་རྣམ་དག་གིས། །ཕྲག་དོག་ཅན་གདུལ་མི་ནུས་ཏེ། །ཐུབ་པ་མཆོག་དང་ལྷས་སྦྱིན་བཞིན། །དེ་སླད་དོན་འདིར་རྣལ་མའི་ལན། །དུ་མ་སྨྲ་རྒྱུ་ཡོད་མོད་ཀྱིས། །མི་སྤྲོ་ཅུང་ཟད་བཤད་པ་འདིས། །ལོག་རྟོག་སྨྲ་ངན་ཞི་གྱུར་ཅིག །