རྒྱལ་སྲས་བྱང་ཆུབ་སེམས་དཔའི་ས་དང་ལམ་གྱི་རྣམ་གྲངས་མདོར་བསྡུས།

From Khyentse Lineage - A Tsadra Foundation Project
PJCW-KABUM-04-NGA-010
Wylie title rgyal sras byang chub sems dpa'i sa dang lam gyi rnam grangs mdor bsdus PJCW-KABUM-04-NGA-010.pdf
Location dpal sprul bka' 'bum
Volume 4, Text 10, Pages 277-292 (Folios 1a1 to 8b4)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Rgyal sras byang chub sems dpa'i sa dang lam gyi rnam grangs mdor bsdus. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 4: 277-292. Kathmandu: Tsadra Foundation and Shechen Publications, 2026.
Genre Enumerated Lists - rnam grangs  ·  Grounds and Paths - sa lam  ·  Synopsis - mdor bsdus
Colophon

།ཞེས་པའང་མཁས་དབང་མང་པོའི་ངོར་དང་། ཁྱད་པར་འཇིགས་དར་གྱིས་ཞུས་ངོར་བྱ་བྲལ་ཤྲཱི་ནིརྨ་ཀས་སྦྱར་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཕྱོགས་དུས་ཐམས་ཅད་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །།དགེའོ། །མངྒལམ།

zhes pa'ang mkhas dbang mang po'i ngor dang /_khyad par 'jigs dar gyis zhus ngor bya bral shrI nirma kas sbyar bas snga 'gyur rdo rje theg pa'i ring lugs phyogs dus thams cad du 'phel zhing rgyas par gyur cig_//dge'o/_/mang+galam/

[edit]
༄༅། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ས་དང་ལམ་གྱི་རྣམ་གྲངས་མདོར་བསྡུས་བཞུགས།


༄༅། །བླ་མ་དང་མགོན་པོ་འཇམ་དཔལ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་བྱང་ཆུབ་སེམས་དཔའི་ས་ལམ་གྱི་རྣམ་གྲངས་མདོར་བསྡུས་གོ་བདེར་བཀྲལ་ན། ལམ་ལྔ་དང་། ས་བཅུ་སྟེ། དེ་ལ་ལམ་ལྔ་ནི། ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་དང་། མི་སློབ་པའི་ལམ་དང་ལྔའོ། །ས་བཅུ་ནི་བསྒོམ་ལམ་གྱི་སྐབས་འོག་ནས་འཆད་དོ། །དང་པོ་ཚོགས་ལམ་ནི། བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས་པོ་གང་ཞིག་བསམ་པ་བཟང་པོ་བྱང་ཆུབ་ཀྱི་སེམས་སྨོན་འཇུག་གཉིས་ཏེ། དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡང་དག་པ་བསྐྱེད་ནས། དོན་དམ་བྱང་ཆུབ་ཀྱི་སེམས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མོས་པ་ལམ་དུ་བྱེད་པས་ན་མོས་སྤྱོད་ཀྱི་ས་སྟེ། དབྱེ་ན་ཚོགས་ལམ་ཆེ་འབྲིང་ཆུང་གསུམ། བསོད་ནམས་ཀྱི་ཚོགས་ལ་ལྷག་པར་བརྩོན་པའི་སྐབས་ཡིན་ཞིང་། འདིར་བསྐལ་པ་གྲངས་མེད་མང་པོར་ཚོགས་བསགས་པའི་འགོ་ཡིན་པས་ཚོགས་ལམ་ཞེས་བྱའོ། །དེ་ཡང་སྦྱོར་ལམ་རང་རྒྱུད་ལ་སྐྱེ་བའི་དུས་མ་ངེས་པ་ཚོགས་ལམ་ཆུང་ངུ་། སྐྱེ་བ་ཕྱི་མར་སྦྱོར་ལམ་སྐྱེ་ངེས་པས་ཚོགས་ལམ་འབྲིང་། ཚེ་འདིར་སྦྱོར་ལམ་སྐྱེ་ངེས་པས་ཚོགས་ལམ་ཆེན་པོ་ཡིན་ནོ། །རྩ་བ་ལས། དེ་ཡང་དྲན་པ་ཉེར་སོགས་ནས་འཇུག་པར་ཤོག་ཅེས་པའི་དོན་ནི་འདིར་ཚོགས་ལམ་ཆུང་ངུའི་སྐབས་སུ་དྲན་པ་ཉེར་བར་བཞག་པ་བཞི་གཙོ་བོར་སྒོམ་སྟེ། དེ་ལ་དང་པོ་ལུས་དྲན་པ་ཉེར་བར་བཞག་པ་ནི། ཕྱིའི་ལུས་སྣོད་ཀྱི་འཇིག་རྟེན་དང་། ནང་རང་ལུས་དང་། བར་སེམས་ཅན་གཞན་གྱི་ལུས་དང་གསུམ་པོར་ཤེས་རབ་ཀྱིས་བརྟགས་ཏེ་ཏིང་ངེ་འཛིན་གྱིས་མ་གྲུབ་པ་ནམ་མཁའ་ལྟ་བུའི་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག་ཅིང་། རྗེས་ཐོབ་ཀྱི་སྐབས་སུ་སྒྱུ་མ་དང་རྨི་ལམ་ལྟ་བུར་སྒོམས་ཤིང་། ཁྱད་པར་འདོད་ཆགས་ཀྱི་གཉེན་པོ། ལུས་འདི་མི་གཙང་བ་ཁྲག་ཆུ་སེར་གྱི་སྣོད་ནད་རིགས་བཞི་བརྒྱ་རྩ་བཞི་གདོན་སྟོང་ཕྲག་དྲུག་ཅུའི་འབྱུང་ཁུངས་སྲིན་བུའི་རིགས་ཀྱི་རྟེན་དང་། ནམ་ཞིག་ཚེ་འཕོས་པའི་རྗེས་སུ་རུལ་བ་དང་ཀེང་རུས་འཐོར་བ་སོགས་རྣམས་བསྒོམ། ཚོར་བ་དྲན་པ་ཉེར་བཞག་ནི། ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བཏང་སྙོམས་པ་དང་གསུམ་པོ་ཤེས་རབ་ཀྱིས་བརྟགས་སྟེ་མ་སྐྱེས་པ་དང་སྐྱེ་བ་མེད་པའི་ངང་དུ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་ཚོར་བ་ཐམས་ཅད་ཆུ་ཤིང་ལྟར་སྙིང་པོ་མེད་པ་དང་། སྡུག་བསྔལ་གྱི་རང་བཞིན་དུ་བསྒོམ་པའོ། །སེམས་དྲན་པ་ཉེ་བར་བཞག་པ་ནི། འདུ་ཤེས་རྒྱ་ཆེན་པོ་ཆུང་བ་བར་མ་གསུམ་པོ་ཤེས་རབ་ཀྱིས་དཔྱད་ནས་རང་བཞིན་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་འཇོག་ཅིང་། རྗེས་ཐོབ་ཏུ་སེམས་ཀྱི་རང་བཞིན་མི་འགོགས་ལ་མི་གནས་པའི་ཚུལ་ཤེས་པར་བྱའོ། །ཆོས་དྲན་པ་ཉེ་བར་བཞག་པ་ནི། འདུ་བྱེད་རྣམས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་རང་བཞིན་མཉམ་པ་ཉིད་དུ་འཇོག་ཅིང་། རྗེས་ཐོབ་ཏུ་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་སྨིག་རྒྱུ་མིག་ཡོར་ཆུ་ཟླ་དང་བྲག་ཆ་དང་དྲི་ཟའི་གྲོང་ཁྱེར་དང་སྤྲུལ་པ་ལྟར་སྒྱུ་མའི་དཔེ་བརྒྱད་དུ་བལྟ་བར་བྱ་སྟེ། དེ་ཡང་ཤེས་རབ་ཀྱིས་དཔྱོད་པའི་ཡུལ་ལུས་ཡིན་པས་ལུས་ཞེས་བྱ་ལ་ལུས་སོ་སོར་རྟོག་པས་དཔྱད་པ་བྱས་པས་ལུས་ཀྱི་རང་བཞིན་བདེན་པར་གྲུབ་པ་བཤིག །དེའི་རྗེས་སུ་ནམ་མཁའ་ལྟ་བུའི་སྟོང་ཉིད་དེ་ལ་དྲན་པ་ཉེ་བར་བཞག་པ་ཞེས་བྱ་སྟེ། གཞན་པ་གསུམ་ནི་དེའི་རིགས་འགྲེ་ཞིང་། །འདིར་དྲན་པ་ཉེར་བཞག་བཞིའི་རང་གི་དམིགས་ཡུལ་ཐ་དད་པའི་ཉམས་ལེན་གྱི་ངོ་བོ་མཉམ་གཞག་ནམ་མཁའ་ལྟ་བུ། རྗེས་ཐོབ་སྒྱུ་མ་ལྟ་བུ་གཉིས་ལ་མ་འདུས་པ་མེད་དོ། །ཚོགས་ལམ་འབྲིང་པོའི་སྐབས་སུ་ཡང་དག་པར་སྤོང་བ་བཞི་གཙོ་བོ་བསྒོམ་སྟེ། དེ་ལ་དང་པོ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། གཉིས་པ་ནི་མི་དགེ་བའི་ཆོས་ཤིག་རྒྱུད་ལ་སྐྱེས་ན་སྐྱེས་པ་དེ་མྱུར་དུ་གཅོད་པ་དང་། གསུམ་པ་ནི། དགེ་བའི་ཆོས་རྣམས་རྒྱུད་ལ་མ་སྐྱེས་པ་བསྐྱེད་པར་བྱེད་པ་དང་། བཞི་པ་ནི། སྐྱེས་པ་རྣམས་གོང་དུ་འཕེལ་བར་བྱེད་པ་ལ་བརྩོན་འགྲུས་བརྩམས་པ་སྟེ་བཞིའོ། །དེ་ཡང་མི་དགེ་བའི་ཆོས་ཀྱི་དངོས་པོ་ཐམས་ཅད་སྤོང་བ་དང་། དགེ་བ་ལ་བར་དུ་གཅོད་པའི་ཆ་སྤོང་བས་སྤོང་བ་བཞི་ཞེས་བྱ། གཙོ་བོ་སྒོ་གསུམ་གྱི་སྤྱོད་པ་ཤུགས་ཆེའོ། །ཚོགས་ལམ་ཆེན་པོ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་སྟེ། དེ་ལ་དང་པོ་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པས། མ་དད་པ་དང་ལོག་པར་ལྟ་བ་ལ་སོགས་པས་སེམས་མི་གཡོ་བར་ཏིང་ངེ་འཛིན་ལ་མོས་ཤིང་དགའ་བས་འཇུག་ཅིང་བསྒོམ་པའོ། །གཉིས་པ་ནི་བརྩོན་པའི་རྫུ་འཕྲུལ་གྱི་རྐང་པས་ཏིང་ངེ་འཛིན་གྱི་སྒོ་ལ་མཉམ་པར་འཇོག་པ་ལ་རབ་ཏུ་བརྩོན་པས་དེ་དག་གི་སྐྱོན་དང་གེགས་སེལ་བ་དང་། ཡོན་ཏན་སྒྲུབ་པ་ལ་རབ་ཏུ་བརྩོན་ཞིང་རྐྱེན་དབང་དུ་མི་གཏོང་བའོ། །གསུམ་པ་ནི་སེམས་པའི་རྫུ་འཕྲུལ་གྱི་རྐང་པས་སེམས་རྩེ་གཅིག་ཏུ་གནས་ཤིང་རྣམ་རྟོག་དང་གཞན་དབང་སོགས་ཀྱི་ཆ་གཉིས་སུ་མ་གྱུར་ཞིང་བསམ་གཏན་ཏིང་ངེ་འཛིན་མངོན་དུ་བྱེད་པའོ། །བཞི་པ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པས་སྤྱོད་ལམ་ཐམས་ཅད་དུ་ཏིང་ངེ་འཛིན་དེའི་རྒྱུན་སྐྱོང་སྟེ། དེ་ཡང་མངོན་པར་ཤེས་པ་ལ་སོགས་པ་ནི་རྫུ་འཕྲུལ་ཡིན་དེ་རང་རྒྱུད་ལ་ཐོབ་པར་བྱེད་པའི་ཐབས་ཡིན་ནོ། །འདིར་ཏིང་ངེ་འཛིན་གྱི་རྩལ་དུ་རྣམ་པ་མང་པོར་བརྫུ་ཞིང་འཕྲུལ་བ་ནི་ཏིང་ངེ་འཛིན་ཏེ། དེའི་ཕྱིར་ན་རྐང་པ་ཞེས་བྱའོ། །དེ་ལྟ་བུའི་ཚོགས་ལམ་ཆེན་པོ་རྫུ་འཕྲུལ་དུ་མ་མངོན་དུ་གྱུར་ནས་སངས་རྒྱས་དངོས་སུ་བཞུགས་པའི་ཞིང་རྣམས་སུ་རྫུ་འཕྲུལ་གྱིས་བྱོན་ནས་ཆོས་ཀྱི་སྒོ་བརྒྱ་སྟོང་གྲངས་མེད་ཉན་པ་ལ་དབང་ཞིང་དེ་དག་ཤེས་རབ་ཀྱི་རྩལ་གྱིས་འཛིན་ནུས་པའི་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའོ། །འདིར་གོང་དུ་བཤད་པ་ལྟར་ཚོགས་བསོགས་པ་གཙོ་བོར་སྟོན་པས་ན་ཚོགས་ལམ་ལམ་ལྔའི་ནང་ནས་དང་པོ་ཡིན་ནོ། །གཉིས་པ་སྦྱོར་ལམ་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་སུ་མཐོང་བ་ལ་སྦྱོར་བས་སྦྱོར་ལམ་དེ་ཡང་མཐོང་ལམ་སྐྱེ་བའི་དུས་མ་ངེས་པ་ནི་དྲོད་དང་རྩེ་མོ། །སྐྱེ་བ་འདིར་མཐོང་ལམ་སྐྱེ་ངེས་པ་བཟོད་པ་ཆོས་མཆོག་གོ །རྩ་བ་ལས། དྲོད་དང་རྩེ་མོ་སོགས་ནས་འཇུག་པར་ཤོག །ཅེས་པའི་དོན་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་སྒྲིབ་པ་བསྲེག་པའི་མེ་ལྟ་བུ་དེ་རང་རྒྱུད་ལ་སྐྱེ་བའི་སྔ་ལྟས་སུ། དཔེར་ན་གཙུབ་ཤིང་དང་གཙུབ་སྟན་བརྡར་བའི་ཚེ་མེ་འབྱུང་བའི་སྔོན་དུ་ཤིང་ལ་དྲོད་འབྱུང་བ་དང་འདྲ་བར་རང་རྒྱུད་ལ་སྔར་དང་མི་འདྲ་བའི་དྲོད་རྟགས་འབྱུང་ཞིང་། ཉོན་མོངས་པར་རགས་པ་མགོ་ནོན་པས་ན་སྦྱོར་ལམ་དྲོད། འཇིག་རྟེན་པའི་དགེ་བའི་རྩ་བ་རྣམས་ཀྱི་རྩེ་མོ་ཡིན་པས་རྩེ་མོ། གནས་ལུགས་སྟོང་པ་ཉིད་ཀྱི་དོན་ལ་མི་སྐྲག་པའི་བཟོད་པ་ཐོབ་པས་ན་བཟོད་པ། འཇིག་རྟེན་པའི་སྒོམ་བྱུང་གི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཆོས་མཆོག །འདི་ལ་སྦྱོར་ལམ་ངེས་འབྱེད་ཆ་བཞིའོ། །དེ་ནས་དྲོད་རྩེ་གཉིས་ལ་དབང་པོ་ལྔ་བསྒོམ་པ་ནི། དང་པོ་དད་པའི་དབང་པོས་མཐོང་ལམ་གྱི་ཡེ་ཤེས་ལ་ལྷག་པར་མོས་ཤིང་། བརྩོན་འགྲུས་ཀྱི་དབང་པོས་གཡེལ་བ་མེད་པར་མཐོང་ལམ་གྱི་ཡེ་ཤེས་རང་རྒྱུད་ལ་བསྐྱེད་པའི་ཐབས་ལ་འབད་པར་བྱེད་དོ། །དྲན་པའི་དབང་པོས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མི་ཉམས་པར་བསྲུང་བ་དང་། ཏིང་ངེ་འཛིན་གྱི་དབང་པོས་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་མཉམ་པར་འཇོག །ཤེས་རབ་ཀྱི་དབང་པོས་ལྷག་པ་ཤེས་རབ་ཀྱི་བསླབ་པས་གནས་ལུགས་ཀྱི་ལྟ་བ་རང་རྒྱུད་ལ་བསྐྱེད་དེ་ཉམས་སུ་ལེན་ནོ། །བཟོད་པ་དང་ཆོས་མཆོག་གཉིས་ཀྱི་སྐབས་སུ་གོང་གི་དབང་པོ་ལྔ་པོ་དེ་ཉིད་ཀྱང་རང་རང་གི་སྒྲིབ་པ་དང་བྲལ་བར་ཉམས་སུ་ལེན་ཏེ། དེ་ཡང་མ་དད་པ་དང་། ལེ་ལོ། བརྗེད་ངེས། རྣམ་གཡེངས་དང་། ཤེས་བཞིན་མ་ཡིན་པའི་བར་ཆད་ཀྱིས་གཏན་ནས་བརྫི་མི་ནུས་པའི་དད་༡བརྩོན་༢དྲན་པ་༣ཏིང་ངེ་འཛིན་༤ཤེས་རབ་༥དང་ལྔ་པོ་དེ་དག་སྟོབས་སུ་གྱུར་པའོ། །གསུམ་པ་མཐོང་ལམ་ནི་འཇིག་རྟེན་ལས་འདས་པའི་འཕགས་པའི་ཡེ་ཤེས་དང་པོར་མཐོང་བས་མཐོང་ལམ་ཞེས་བྱའོ། །རྩ་བ་ལས། དྲན་དང་ཆོས་རབ་སོགས་ས་ཐོབ་ཤོག །བར་གྱི་དོན་ཆོས་རབ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། སྤྱིར་ཆོས་ཐམས་ཅད་རང་རང་གི་རྣམ་པ་རབ་ཏུ་འབྱེད་པ་ནི་ཤེས་རབ་སྟེ། དེ་ཡང་འདིར་བདེན་པ་བཞི་ལ་སོགས་པ་རྣམས་ཀྱི་རང་རང་གི་ཆོས་ཤེས་དང་ཆོས་བཟོད། རྗེས་ཤེས་དང་རྗེས་བཟོད་དེ་ཆོས་ཐམས་ཅད་ཀྱི་རང་རང་གི་མཚན་ཉིད་ཐམས་ཅད་ཆོས་ཉིད་གནས་ལུགས་ཀྱི་གཤིས་སྤྲོས་པ་ཐམས་ཅད་དང་བྲལ་བར་བསྟན་པ་ལ་མི་སྐྲག་ཅིང་བཟོད་པ་ལ་བཟོད་ཤེས་སྐད་ཅིག་མ་བཅུ་དྲུག་གོ །དེ་བཞིན་དུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས། དགའ་བ། ལུས་སེམས་ཤིན་ཏུ་སྦྱངས་པ། ཏིང་ངེ་འཛིན། བཏང་སྙོམས་ཡང་དག་བྱང་ཆུབ་ཡན་ལག་དང་བདུན་ནོ། །འདིར་བཏང་སྙོམས་ཞེས་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་གང་ཞིག་རྣམས་ལ་གཡས་ནས་ཙནྡན་གྱི་ལྡེ་གུ་བྱུག་པ་དང་གཡོན་ནས་སྟེ་འུས་ཤ་བཅད་པ་གཉིས་ལ་ཆགས་སྡང་མེད་ཅིང་མཉམ་པའོ། །དེ་ལྟ་བུའི་མཐོང་ལམ་གྱི་ཡེ་ཤེས་ལྟ་བ་ཡང་དག་པར་ངོ་སྤྲོད་ཅིང་མཐར་ཕྱིན་ནས། སོ་སོའི་སྐྱེ་བོ་ལས་ཁྱད་པར་དུ་འཕགས་པའོ། །འདིའི་སྐབས་སུ་སེར་སྣའི་སྒྲིབ་པ་བག་ཆགས་དག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་དུས་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལ་སྙོམས་པར་འཇུག་ཅིང་ལྡང་བ་དང་སངས་རྒྱས་བརྒྱའི་ཞལ་བལྟ་བ་དང་། སངས་རྒྱས་བརྒྱའི་བྱིན་གྱིས་བརླབ་པར་ཤེས་པ། སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། ཞིང་ཁམས་བརྒྱ་གཡོ་བར་བྱེད་པ། ཞིང་ཁམས་བརྒྱར་འོད་ཀྱིས་འགེངས་པ། སེམས་ཅན་བརྒྱ་སྨིན་པར་བྱེད་པ། དུས་སྐད་ཅིག་གཅིག་ལ་བསྐལ་པ་བརྒྱར་སྟོན་པ་དང་། སྔོན་དང་ཕྱི་མའི་མཐའ་བརྒྱ་ལ་ཡེ་ཤེས་ཀྱིས་གཟིགས་པ་འཇུག་པ། ཆོས་ཀྱི་སྒོ་བརྒྱ་འབྱེད་པ། རང་གི་ལུས་བརྒྱར་སྟོན་པ། ལུས་རེ་རེ་ལ་འཁོར་ཕུན་སུམ་ཚོགས་པ་བརྒྱ་རེ་སྟོན་པ་སྟེ་བཅུ་གཉིས་སོ། །འདི་སྐབས་འཛམ་བུའི་གླིང་གི་རྒྱལ་པོར་སྐྱེ་བ་འཛིན་ནུས་སོ། །དེ་ལྟ་བུའི་འཕགས་པའི་ས་བཅུའི་ནང་ནས་ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་བས་ན་མཐོང་ལམ། སྔར་དང་མི་འདྲ་བའི་དགའ་བ་དུ་མ་དང་ལྡན་པས་ན་རབ་ཏུ་དགའ་བའོ། །བཞི་པ་བསྒོམ་ལམ་ནི། འདིར་མཐོང་ལམ་གྱི་ཡེ་ཤེས་མཐོང་ཟིན་གོམས་པར་བྱེད་པས་ན་སྒོམ་ལམ་སྟེ། འདིའི་སྐབས་སུ་འཕགས་ལམ་ཡན་ལག་བརྒྱད་བསྒོམ་པ་ནི། རྩ་བ་ལས། ལྟ་དང་རྟོགས་དང་ངག་དང་སོགས་ནས། བགྲོད་པར་ཤོག །ཅེས་པའི་བར་གྱི་དོན་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་མཐོང་བས་ན་གནས་ལུགས་ཀྱི་ལྟ་བ་ཡང་དག་པར་རྟོགས་པ་ནི་ཡང་དག་པའི་ལྟ་བ། དེའི་མཐུས་ཉོན་མོངས་པ་ཐམས་ཅད་རྒྱུད་ལ་མི་སྐྱེ་ཞིང་རྟོག་པ་ཐམས་ཅད་ཤུགས་ཀྱིས་དགེ་བ་ནི་ཡང་དག་པའི་རྟོག་པ། སེམས་དགེ་བ་ལས་ངག་དང་ལུས་ཀྱི་མི་དགེ་བ་མི་འབྱུང་ཞིང་སྨྲས་ཚད་འགྲོ་ལ་ཕན་པ་ནི་ཡང་དག་པའི་ངག །བྱ་བ་བྱེད་པ་གང་བྱས་ཀྱང་གཞན་དོན་དུ་འགྱུར་བ་ཡང་དག་པའི་ལས་ཀྱི་མཐའ་དང་ལོག་པའི་འཚོ་བ་ལྔས་མ་བསླད་པ་རྟག་པར་ཆོག་ཤེས་པ་ནི་ཡང་དག་པའི་འཚོ་བ་དང་། ལོག་འཚོ་ལྔ་ནི། ཁ་གསགས། ཚུལ་འཆོས། གཞོག་སློང་། རྙེད་ཚོལ། ཐོབ་འཇལ་ཏེ་ལྔ་པོ་སྤོངས་པར་བྱས་སོ། །གཞན་དོན་དུ་སྐྱོ་ངལ་མེད་པ་གཡེལ་བ་སྤངས་ནས་བརྩོན་པ་ནི་ཡང་དག་པའི་བརྩོན་འགྲུས། རྟག་ཏུ་དྲན་པའི་རྒྱུན་སྐྱོང་བ་ནི་ཡང་དག་པའི་དྲན་པ། བསམ་གཏན་བཞི་ལ་སོགས་པར་མཉམ་པར་འཇོག་ཅིང་ཏིང་ངེ་འཛིན་དུ་མ་ལ་འཇུག་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་སྒོམ་མོ། །བསྒོམ་ལམ་ས་དགུ་རིམ་གྱིས་བགྲོད་པ་ནི། བསྒོམ་ལམ་ཆུང་ངུའི་ཆུང་ངུའི་དུས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། ཚུལ་ཁྲིམས་འཆལ་བའི་སྒྲིབ་པ་ཡོངས་སུ་དག །དུས་སྐད་ཅིག་མ་རེ་རེ་ལའང་ཏིང་ངེ་འཛིན་སྟོང་ཕྲག་རེ་ལ་འཇུག་ལྡང་སོགས་སྔར་གྱི་མཐོང་ལམ་དུས་སུ་བཤད་ཟིན་ཏེ། ཁྱད་པར་ནི་འདིར་ཡོན་ཏན་གྱི་རྣམ་པ་སྟོང་ཕྲག་བཅུ་གཉིས་ཡིན་ནོ། །གླིང་བཞིར་དབང་བའི་རྒྱལ་པོར་སྐྱེ་བ་འཛིན་ནུས། ཚུལ་འཆལ་གྱི་དྲི་མ་དང་བྲལ་བས་ན་ས་གཉིས་པ་དྲི་མ་མེད་པ་ཞེས་བྱའོ། །བསྒོམ་ལམ་ཆུང་ངུའི་འབྲིང་པོའི་དུས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། ཁོང་ཁྲོའི་སྒྲིབ་པ་ཡོངས་སུ་དག །སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་འབུམ་ཕྲག་རེ་ལ་འཇུག་ལྡང་སོགས་སྔར་ལྟར་ཡོན་ཏན་རྣམ་པ་བཅུ་གཉིས་པོ་འདིར་འབུམ་ཕྲག་རེ་གོང་དུ་འཕེལ་བའོ། །སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་ལྟ་བུའི་སྐྱེ་བ་འཛིན་ནུས། སེམས་ཅན་བག་ཆགས་ངན་པའི་མུན་པ་འཐིབ་པ་རྣམས་ལ་དམ་པའི་ཆོས་ཀྱིས་འོད་སྣང་བར་བྱེད་པས་ན་ས་གསུམ་པ་འོད་བྱེད་པ་ཞེས་བྱའོ། །བསྒོམ་ལམ་ཆུང་ངུའི་ཆེན་པོའི་དུས་སུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། ལེ་ལོའི་སྒྲིབ་པ་ཡོངས་སུ་དག །དུས་སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་རེ་ལ་འཇུག་ལྡང་སོགས་གོང་ལྟར་དང་། འདིར་བྱེ་བ་ཕྲག་རེ་གོང་དུ་འཕེལ་ལོ། །མཚེ་མའི་རྒྱལ་པོར་སྐྱེ་བ་འཛིན་ནུས། དེ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རབ་ཏུ་བསྲེགས་པར་བྱེད་པའི་ཡེ་ཤེས་ཀྱི་མེ་ལྟ་བུར་འཕྲོ་བས་ན་ས་བཞི་པ་འོད་འཕྲོ་བའོ། །བསྒོམ་ལམ་འབྲིང་པོའི་ཆུང་ངུའི་དུས་སུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། གཡེངས་བའི་སྒྲིབ་པ་ཡོངས་སུ་དག །དུས་སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་སོགས་བཅུ་གཉིས་གོང་ལྟར་ལ་འདིར་བྱེ་བ་བརྒྱ་ཕྲག་རེ་གོང་དུ་འཕེལ་བའོ། །འཕྲུལ་དགའི་རྒྱལ་པོར་སྐྱེ་བ་འཛིན་ནུས། འདིའི་སྐབས་སུ་རང་དོན་དུ་ཏིང་ངེ་འཛིན་ལ་གནས་པ་དང་གཞན་དོན་བརྩོན་པ་གཉིས་ཀ་མཉམ་དུ་མཛད་པས་ན་ས་ལྔ་པ་སྦྱངས་དཀའ་བ་ཞེས་བྱའོ། །བསྒོམ་ལམ་འབྲིང་པོའི་འབྲིང་པོའི་དུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། མི་ཤེས་པ་དང་གཏི་མུག་གི་སྒྲིབ་པ་དག །དུས་སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་བྱེ་བ་སྟོང་ཕྲག་ལ་འཇུག་ཅིང་ལྡང་བ་སོགས་གོང་ལྟར་འགྲེས་སོ། །དགའ་ལྡན་ལྷའི་རྒྱལ་པོར་སྐྱེ་བ་འཛིན་ནུས། འདིའི་སྐབས་སུ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་མངོན་དུ་གྱུར་པས་ན་ས་དྲུག་པ་མངོན་དུ་གྱུར་པ་ཞེས་བྱའོ། །བསྒོམས་ལམ་འབྲིང་པོའི་ཆེན་པོའི་དུས་སུ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། ཐབས་མི་མཁས་པའི་སྒྲིབ་པ་ཡོངས་སུ་བྱང་ཞིང་དག །དུས་སྐད་ཅིག་རེ་རེ་ལ་ཏིང་ངེ་འཛིན་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་གཅིག་ལ་འཇུག་ལྡང་སོགས་གོང་ལྟར་གཞན་འཕྲུལ་དབང་བྱེད་ཀྱི་རྒྱལ་པོར་སྐྱེ་བ་འཛིན་ནུས། འདིར་འཁོར་བ་ལས་རིང་དུ་སོང་བས་ན་ས་བདུན་པ་རིང་དུ་སོང་བ་ཞེས་བྱའོ། །འདི་མན་ཆད་མ་དག་པའི་སྣང་བ་དངོས་སུ་སྣང་བས་ན་མ་དག་ས་བདུན་ནོ། །བསྒོམ་ལམ་ཆེན་པོའི་ཆུང་ངུའི་དུས་སུ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། སྟོབས་ཞན་པའི་སྒྲིབ་པ་དག །དུས་སྐད་ཅིག་ལ་སྟོང་ཆེན་པོ་འབུམ་ཕྲག་གཅིག་གི་རྡུལ་གྱི་གྲངས་དང་མཉམ་པའི་ཏིང་ངེ་འཛིན་ལ་འཇུག་ཅིང་ལྡང་པ་སོགས་གོང་ལྟར་བཅུ་གཉིས་སོ། །མཚན་བཅས་དང་མཚན་མ་མེད་པའི་འདུ་ཤེས་ཀྱིས་མི་གཡོ་བས་ན་ས་བརྒྱད་པ་མི་གཡོ་བ་ཞེས་བྱའོ། །འདིའི་སྐབས་སུ་སྒོ་ལྔ་དང་ཉོན་ཡིད་གནས་འགྱུར། ཞིང་དག་པ་ལ་དབང་ཞིང་བྱ་བ་གྲུབ་པ་དང་སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་བྱེད། སྟོང་དང་པོའི་རྒྱལ་པོའི་སྐྱེ་བ་འཛིན་ནུས། བསྒོམ་ལམ་ཆེན་པོའི་འབྲིང་པོའི་སྐབས་སུ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། སྨོན་པའི་དོན་མི་འགྲུབ་པའི་སྒྲིབ་པ་དག །འདིའི་དུས་སུ་སྟོང་ཆེན་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་དང་མཉམ་པའི་ཏིང་ངེ་འཛིན་སོགས། ཡོན་ཏན་བཅུ་གཉིས་གོང་ལྟར་འགྲེས་སོ། སྟོང་གཉིས་པའི་བདག་པོ་ཚངས་པའི་སྐྱེ་བ་འཛིན་ནུས། སོ་སོར་ཡང་དག་པར་རིག་པ་ལ་སོགས་པ་མངའ་བས་ན་ས་དགུ་པ་ལེགས་པའི་བློ་གྲོས་ཞེས་བྱའོ། །བསྒོམ་ལམ་ཆེན་པོའི་ཆེན་པོའི་སྐབས་སུ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས། ཤེས་བྱའི་སྒྲིབ་པ་དང་བྲལ། དུས་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཞིང་གི་རྡུལ་གྱི་གྲངས་དང་མཉམ་པའི་ཏིང་ངེ་འཛིན་ལ་འཇུག་ཅིང་ལྡང་བའོ། །སོགས་ནས་འཁོར་ཕུན་སུམ་ཚོགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཞིང་དག་གི་རྡུལ་གྱི་གྲངས་དང་མཉམ་པས་བསྐོར་བའོ། །འདིར་གཟུང་དང་ཏིང་ངེ་འཛིན་གྱི་སྤྲིན་ལྟ་བུའི་གདུལ་བྱའི་སེམས་ཅན་གྱི་ཞིང་ལ་ཆར་འབེབ་པས་ན་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་བྱའོ། །གནས་གཙང་མའི་ལྷའི་རྒྱལ་པོའི་སྐྱེ་བ་འཛིན་ནུས། སངས་རྒྱས་ཀྱི་རྒྱལ་ཚབ་བྱེད། གཞན་དོན་རྒྱ་ཆེན་པོ་མཛད་དོ། །ལྔ་པ་མི་སློབ་པ་ནི། རང་གི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་སངས་རྒྱས་ཐམས་ཅད་ལ་མཆོད་པས། དེ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར། ཤེས་སྒྲིབ་ཕྲ་མོ་བག་ལ་ཉལ་བ་དེ་དག་གཉེན་པོའི་ཡེ་ཤེས་ཆེན་པོ་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་གྱིས་བཅོམ་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །འདི་ལམ་ལྔའི་ནང་ནས་མི་སློབ་པ་སྟེ་སླར་ལམ་གང་ལ་མི་སློབ་པས་ན་མི་སློབ་པའི་ལམ་མངོན་པར་རྫོགས་པར་སངས་རྒྱས་པས་ཀུན་ཏུ་འོད་ཀྱི་ས་སྟེ་བཅུ་གཅིག་གོ །ཞེས་པའང་མཁས་དབང་མང་པོའི་ངོར་དང་། ཁྱད་པར་འཇིགས་དར་གྱིས་ཞུས་ངོར་བྱ་བྲལ་ཤྲཱི་ནིརྨ་ཀས་སྦྱར་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ཕྱོགས་དུས་ཐམས་ཅད་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག །།དགེའོ། །མངྒལམ། །