གསོ་རིག་ཕྲན་ཚེག་དྭངས་མ་ལེན་པའི་རྩ་དགུའི་རྣམ་བཤད།

From Khyentse Lineage - A Tsadra Foundation Project
PJCW-KABUM-01-KA-029
Wylie title gso rig phran tsheg dwangs ma len pa'i rtsa dgu'i rnam bshad
Location dpal sprul bka' 'bum
Volume 1, Text 29, Pages 635-647 (Folios 1a1 to 7a6)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation Dpal sprul rin po che. Gso rig phran tsheg dwangs ma len pa'i rtsa dgu'i rnam bshad. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 1: 635-647. Kathmandu: Tsadra Foundation and Shechen Publications, 2026.
Genre Detailed Explanation - rnam bshad  ·  Medicine Texts - gso ba rig pa
Colophon

།དཔལ་སྤྲུལ་པས་སོ། །དཔེ་དཀོན་ཡིན།

dpal sprul pas so/_/dpe dkon yin/

[edit]
༄༅། །གསོ་རིག་ཕྲན་ཚེག་དྭངས་མ་ལེན་པའི་རྩ་དགུའི་རྣམ་བཤད་བཞུགས།


༄༅། །ན་མོ་གུ་ཎ། རབ་སྙན་ལྷ་ཡི་རྒྱུད་མངས་དང་། །གླིང་བུའི་སྒྲ་སྙན་དངུལ་དཀར་གྱི། །གཟུང་འཛིན་ལས་བཞིའི་སྙེད་མེད་འཕྲུལ། །བརྒྱུད་འོས་འཇམ་དབྱངས་གུ་ཎ་འདུད། །འདིར་ཉི་ཟླ་ལྟ་བུ་བཤད་པ་སྐུའི་རྒྱུད་ལས་ལུས་ཟུངས་གི་གྱུར་ཚུལ་འཆད་པའི་སྐབས་སུ། དྭངས་མ་ལེན་པའི་རྩ་དགུར་མཆིན་ལམ་བརྒྱུད། །ཞེས་པ་འདི་ལ་སྔོན་ཆད་ཡང་དག་པའི་བཤད་པ་བྱེད་པའི་འགྲེལ་བྱེད་མ་བྱུང་འདུག་པ། འདིར་འཇམ་པའི་དབྱངས་ཀྱི་གསུང་བཞིན་ཤིན་ཏུ་གོ་བདེར་བཀྲལ་ན། ཇི་སྐད་དུ། ཟླ་བའི་རྒྱལ་པོར་དང་པོ་ཟས་དང་སྨན་དག་ནི། །ཕོ་བ་དག་གི་གནས་ཡིན་ཏེ། །བད་ཀན་དག་གིས་འཇིགས་པར་བྱེད། །མཁྲིས་པས་ཟས་དག་འཇུ་བར་བྱེད། །རླུང་གིས་ཟས་དག་དྭངས་སྙིགས་འབྱེད། །ཆ་གཅིག་ཕོ་བར་ལུས་ནས་ནི། །དྭངས་མ་མཆིན་པ་དག་ཏུ་འགྲོ། །ཞེས་པ་ལྟར། དང་པོ་ཟས་སྐོམ་ཟོས་པ་དེ་ཉིད་ཕོ་བའི་གནས་སུ་བད་ཀན་མྱག་བྱེད་ཀྱི་རླན་གྱིས་བཤིག་ནས་མཁྲིས་པ་འཇུ་བྱེད་ཀྱི་དྲོད་ཀྱིས་བཞུས། རླུང་མེ་མཉམ་ཀྱིས་དྭངས་སྙིགས་གཉིས་སུ་དབྱེ་སྟེ་དྭངས་མ་མཆིན་པའི་གནས་སུ་འགྲོ་ཞིང་། མཆིན་པ་ནས་གཟོད་དྭངས་མ་ལེན་པའི་རྩ་དགུར་བརྒྱུད་དགོས་པས། ཕོ་བ་ནས་མཆིན་པར་དྭངས་མ་འགྲོ་བའི་རྩ་ནི་མི་བགྲང་སྟེ། གཞུང་རང་དུའང་རྩ་དགུར་མཆིན་ལམ་བརྒྱུད་ཞེས། རྩ་དགུ་རུ་གཟོད་མཆིན་ལམ་ནས་བརྒྱུད་དགོས་པར་གྲུབ་པ་ཡིན་ལ། རྩ་དགུའི་ངོས་འཛིན་ནི། མཆིན་པ་ནས་གློ་སྙིང་དང་འབྲེལ་བ་རྦ་རླབས་ཀྱི་རྩ། གློ་སྙིང་ནས་དབང་པོ་ལྔར་འབྲེལ་བའི་རྩ་ལྔ། མཆིན་པ་ནས་མཚེར་པ། མཁལ་མ། མཁྲིས་པ་གསུམ་ལ་འབྲེལ་བའི་རྩ་གསུམ་དང་དགུ་པོ་ཡིན་སྟེ་ཟླ་བའི་རྒྱལ་པོར། ཁོམ་བུ་འཕར་བྱེད་རླུང་དག་གིས། །གློ་སྙིང་རྦ་རླབས་རྩར་དྲངས་ནས། །གློ་བའི་ནང་འགྲོ་ཆ་གཅིག་རླུང་། །རྩ་བཞི་དག་ཏུ་འདྲེན་པར་བྱེད། །བད་ཀན་དག་གིས་འཇིགས་པར་བྱེད། །མཁྲིས་པ་དག་གིས་འཇུ་བར་བྱེད་། །རླུང་གིས་དྭངས་སྙིགས་འབྱེད་པ་བྱེད། །དྭངས་མས་རྩ་དང་དབང་པོ་རྒྱས། །དྭངས་མའི་དྭངས་མ་བཀྲག་ཏུ་སྟེ། །ལུས་ཀུན་རྒྱས་པར་བྱེད་པ་དང་། །རྩ་དང་བ་སྤུ་རྒྱས་པ་དང་། །སྙིགས་མ་ལུད་པ་མཆིལ་མའོ། །དེ་ནས་དྭངས་མ་ཀླད་པར་འགྲོ། །སྙིགས་མ་སྣབས་དང་མིག་རྣག་དང་། །རྣ་སྤབས་དབང་པོའི་སྙིགས་མ་བྱུང་། །སྨིན་མ་ནུས་ན་པགས་པའི་ནད། །གློ་དང་སྙིང་གི་ནད་དང་ནི། །དབང་པོ་དག་གི་ནད་དུ་འགྱུར། །ཞེས་པ་འདིས་དང་པོ་དྲུག་བསྟན་ཏེ། །དེ་དག་ཇི་ལྟར་བསྟན་ཞེས་ན། དང་པོ་མཆིན་པ་ནས་གློ་སྙིང་དུ་འགྲོ་རྦ་རླབས་ཀྱི་རྩ་ནི་དངོས་སུ་གསལ་བར་བསྟན་པ་དེས་གོ་ནུས་ལ། གློ་སྙིང་ནས་དབང་པོ་ལྔར་འབྲེལ་བའི་རྩ་ལྔར་འགྲོ་ཚུལ་ནི་དང་པོ་གློ་བའི་ནང་འགྲོ་ཆ་གཅིག་རླུང་། རྩ་བཞི་དག་ཏུ་འདྲེན་པར་བྱེད་ཅེས་པ་འདིས་མིག་རྣ་བ་སྣ་ལྕེ་བཞིར་འབྲེལ་བའི་རྩར་དྭངས་མ་འགྲིམ་ཚུལ་བསྟན། དེ་ནས་དབང་པོ་བཞི་པོ་རང་རང་གི་གནས་ནས་རླུང་མཁྲིས་བད་ཀན་གསུམ་གྱིས་འཇིག་འཇུ་འབྱེད་པ་བསྟན་ནས་། དེས་དྭངས་མ་ལུས་ཀྱི་བཀྲག་དུ་འགྱུར་བར་བཤད་ཀྱང་འདི་ལུས་ཐམས་ཅད་ལ་སྙོམས་པར་ཁྱབ་པར་བྱེད་པ་ལྟ་བུ་ཡིན་པས་རྩ་སྦུབས་དངོས་སུ་མ་བསྟན། རྩ་སྦུབས་བཞིའི་དྭངས་མས་རྩ་དང་དབང་པོ་བསྐྱེད་པར་བཤད་པ་ནི་དབང་པོ་རང་དང་འབྲེལ་བའི་རྩ་རྣམས་དང་དབང་པོ་བཞི་རྣམས་ཡིན་ཞིང་དེའི་སྙིགས་མ་ལུད་པ་མཆིལ་མར་འགྱུར་བ་བསྟན། དེ་ནས་དྭངས་མ་ཀླད་པར་འགྲོ་ཞེས་པ་ནི་ལུས་ཀྱི་དབང་པོ་རྒྱས་པར་བྱེད་པ་སྟེ། རྒྱུད་སྡེ་དག་ལས་ཀྱང་སྐུ་རྡོ་རྗེ་དཔྲལ་བར་བསྒོམ་པ་ལུས་ཀྱི་རྟེན་ཀླད་པ་ཡིན་པའི་དོན་གྱིས་ཡིན་ཞེས་བཤད་པ་དང་ཡང་ལེགས་པར་མཐུན་ཞིང་། དེའི་དྭངས་མ་དེ་སྨིན་པར་མ་ནུས་ན་པགས་པའི་ནད་བསྐྱེད་པར་བཤད་པས་ལུས་དབང་ཡིན་པ་ལེགས་པར་ཁ་ཆོད་ཅིང་། འདི་ཡང་གློ་སྙིང་ནས་ཀླད་པར་འབྲེལ་བའི་རྩ་ཡིན་ལ། དེ་ལྟར་གློ་སྙིང་གི་གནས་སུ་དྭངས་སྙིགས་དབྱེ་བ་དེའི་དྭངས་མ་དབང་པོ་ལྔ་སོ་སོར་འགྲོ་བས་དབང་པོ་དེ་རྒྱས་པར་བྱེད། དེ་དག་གི་སྙིགས་མ་སྣབས་དང་མིག་རྣག་རྣ་སྤབས་ལ་སོགས་དབང་པོའི་སྙིགས་མ་རྣམས་ཡིན་ཞིང་། གལ་ཏེ་དེ་སྨིན་མ་ནུས་ན། དབང་པོ་བཞི་པགས་པ་དང་ལྔ། གློ་སྙིང་གི་ནད་དག་བསྐྱེད་པར་བཤད་པ་ཡིན་ནོ། །གློ་སྙིང་གཉིས་སུ་འགྲོ་བའི་རྩ་སྦུབས་ནི་ཐ་དད་དུ་མི་བགྲངས་ཏེ་གློ་སྙིང་རྦ་རླབས་ཀྱི་རྩ་ཞེས་གཅིག་ཏུ་བཤད་ཅིང་། རླུང་མཁྲིས་བད་ཀན་གྱི་བྱ་བ་བྱེད་ཚུལ་དང་། དྭངས་མ་དབང་པོར་འགྲོ་ཚུལ་འཆད་པའི་སྐབས་ཐམས་ཅད་དུའང་སོ་སོར་མ་བཤད་པའི་ཕྱིར། ལྷག་མ་གསུམ་པོ་ནི་རྒྱས་ཤིང་གསལ་བར་གཞུང་རང་དུ་བསྟན་པ་ཡིན་ཏེ། དེ་ཡང་། མཆིན་པའི་དྭངས་མ་ཆ་གཅིག་མེ་ལྕེ་ཞེས་བྱ་བའི་རླུང་གིས་དྲངས་ནས་མཆིན་པ་དང་མཚེར་པར་འབྲེལ་བའི་རྩ་སྦུབས་སུ་འགྲོ། ཆ་གཅིག་ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་གིས་དྲངས་ནས་མཆིན་མཁྲིས་འབྲེལ་བའི་རྩ་སྦུབས་སུ་འགྲོ། ཆ་གཅིག་ལུས་ཟུངས་འཛིན་བྱེད་ཀྱི་རླུང་གིས་དྲངས་ནས་མཁལ་མའི་སྦུབས་སུ་འགྲོ་ཞིང་། དེ་ལས་མཚེར་གནས་ཀྱི་དྭངས་མས་ལུས་ཀྱི་ཤ་ཐམས་ཅད་སྐྱེད་ཅིང་། སྙིགས་མ་ཕོ་ལོང་དུ་སྲིན་བུ་རྣམས་ཀྱིས་ཟ། དེ་བད་མཁྲིས་རླུང་གིས་ལེགས་པར་མ་སྨིན་ན། ཕོ་མཚེར་ཀྱི་ནད་དང་སྐྲན་སོགས་བསྐྱེད་པར་བྱེད། དེ་བཞིན་དུ་མཁྲིས་གནས་ཀྱི་དྭངས་མས་ལུས་ཀྱི་རྩ་ཐམས་ཅད་སྐྱེད་པར་བྱེད་ཅིང་སྙིགས་མ་ལོང་དུ་ལྷུང་ནས་རྒྱུ་མར་འགྲོ། ལེགས་པར་སྨིན་མ་ནུས་ན་མཁྲིས་པའི་ནད་ཐམས་ཅད་སྐྱེད། མཁལ་གནས་ཀྱི་དྭངས་མས་ལུས་ཀྱི་རུས་པ་དང་ལྷ་བ་ཐམས་ཅད་རྒྱས་ཤིང་བདེ་བ་རྒྱས་པ་དང་སྲོག་འཛིན་པའི་བྱ་བ་བྱེད། སྙིགས་མ་སྒང་བར་འགྲོ། ལེགས་པར་མ་སྨིན་ན་མཁལ་མའི་ནད་ལ་སོགས་པར་འགྱུར་བ་ཡིན་ལ། དེ་ལྟར་མཚེར་བ་ནས་ཤ་ཐམས་ཅད་རྒྱས་པར་བྱེད་པ་དང་། མཁྲིས་པ་ནས་རྩ་ཐམས་ཅད་རྒྱས་པར་བྱེད་པ་དང་། མཁལ་མ་ནས་རུས་པ་ཐམས་ཅད་རྒྱས་པར་བྱེད་པ་ཡིན་ཀྱང་དེ་དག་ཐམས་ཅད་དོན་སྣོད་རང་རང་དང་འབྲེལ་བའི་རྩ་ཐམས་ཅད་རིགས་གཅིག་ཏུ་སྡུད་པ་ལས་སོ་སོར་དབྱེར་མེད་དེ། དེ་ཡང་། མཚེར་རྩ་ཤ་ལ་བལ་འདབ་རྩམ། །མཁྲིས་རྩས་སྣོད་དང་དོན་ལ་ཁྱབ། །མཁལ་རྩས་རུས་ལ་ཁྱབ་པའི་རྩ། །དབང་རྩ་རེ་རེ་དག་ལས་མེད། །ཞེས་ལྟར། མཆིན་པ་ནས་མཚེར་མཁྲིས་མཁལ་གསུམ་དང་འབྲེལ་བ་དང་། དེ་དག་ནས་ཤ་རྩ་རུས་ལ་ཁྱབ་པའི་འབྲེལ་རྩ་རྣམས་རིགས་གསུམ་ཏུ་བསྡུས་ཏེ་དོན་དུ། ཤ་རྒྱས་པར་བྱེད་པ་དང་། རྩ་རྒྱས་པར་བྱེད་པ་དང་། རུས་པ་རྒྱས་པར་བྱེད་པའི་རྩ་དང་གསུམ་ཡིན་ནོ། །དེའང་དྭངས་མ་དེ་དག་རྩ་སྦུབས་སུ་འདྲེན་པར་བྱེད་པ་རླུང་གི་རྣམ་གྲངས་ཀྱིས་ཀྱང་རྒྱུད་སྡེ་ནས་བཤད་པའི་རླུང་བཅུ་པོ་རྫོགས་པར་བསྟན་པ་ཡིན་ཏེ། ཕོ་བར་མེ་མཉམ་གྱི་རླུང་དང་དེ་བཞིན་དུ་མཚེར་མཁྲིས་མཁལ་གསུམ་དུ་འགྲོ་བའི་རླུང་གསུམ། གློ་སྙིང་དུ་འགྲོ་བའི་ཁོམ་བུ་འཕར་བྱེད་ཀྱི་རླུང་དང་རྩ་བའི་རླུང་ལྔ་རྫོགས་པར་བཤད་ཅིང་དབང་པོ་ལྔར་འགྲོ་བའི་རླུང་ལྔ་པོ་ཡིག་འབྲུ་ཡི་རླུང་དངོས་བསྟན་ཡིན་སྟེ། དེ་དག་རྒྱུད་སྡེ་ཆེན་མོ་དག་ནས་ཡིག་འབྲུ་ཡི་རླུང་ལྔ་ཀ་ཡང་སྲོག་འཛིན་གྱི་རླུང་གི་ཡན་ལག་ཡིན་པར་བཤད་པ་དང་ཡང་ཞིབ་པར་བརྟག་ན་ཤིན་ཏུ་འབྱོར་མོད་ཀྱི་ཟླ་བའི་རྒྱལ་པོའི་གཞུང་འདིར་སྲོག་འཛིན་ལྟེ་བར་གནས་པ་དང་། ཐུར་སེལ་གློ་ལོང་དུ་གནས་པ་སོགས་བཤད་སྲོལ། རྒྱུད་བཞི་རང་དང་ཅུང་ཟད་མི་མཐུན་པར་སྣང་བས་དེ་དག་ཞིབ་པར་བཀྲལ་བའི་སྤྲོས་པ་མ་བྱས་ལ་འོན་ཀྱང་སྔགས་ཀྱི་རྒྱུད་སྡེ་དམ་པ་དང་། གསོ་རིག་གི་གཞུང་ལུགས་རྣམས་ལས་རྩ་རླུང་སོགས་ཀྱི་གནས་ཚུལ་ཐ་དད་པ་མང་པོ་བཤད་པ་དག་ཀྱང་དོན་དུ་དངོས་འགལ་ཁོ་ན་མིན་ཏེ་ཐམས་ཅད་དགོངས་དོན་གཅིག་པའི་བཤད་སྲོལ་ཡོད་པ་ནི་ཤེས་པར་བྱ་དགོས་པ་ཡིན་ནོ། །དེ་ལ་ཁ་གཅིག་ན་རེ། འདིར་བཤད་པའི་རླུང་རྣམས་ནི་རྩ་བའི་རླུང་ལྔ་པོ་མ་ཡིན་ཏེ། དེ་དག་མཆིན་མཚེར་མཁྲིས་མཁལ་རྣམས་སུ་གནས་པར་གཞུང་གང་ནས་ཀྱང་མ་བཤད་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། རླུང་གི་བྱ་བ་བྱེད་པ་དེ་དག་དེར་གནས་མི་དགོས་ཏེ། དཔེར་ན་ཉི་མ་ནམ་མཁའ་ལ་གནས་ཀྱང་། ས་གཞིའི་ལོ་ཏོག་སྨིན་པར་བྱེད་པ་དང་འདྲ་ཞིང་། བརྒྱད་པར་ཡང་མུན་པའི་ནད་ཐུར་སེལ་གྱི་བྱེད་པ་ཡིན་པར་བཤད་ཀྱང་ཐུར་སེལ་སྟོད་ན་གནས་པར་མ་བཤད་དེ་བཤད་པ་གཅིག་ཁོ་ནས་གུ་དོག་པར་མི་བྱའོ། །ཡང་རྒྱུད་བཞིར་སྙིང་དང་ལྕེ་མཆིན་པ་དང་མིག་སོགས་དབང་ལྔ་དོན་ལྔ་དང་འབྲེལ་བར་བཤད་ཀྱི་དབང་པོ་ཐམས་ཅད་གློ་སྙིང་དང་འབྲེལ་བར་བཤད་པས་ཁྱེད་ཀྱི་བཤད་པ་འདི་མི་འཐད་དེ་ཟེར་ན། རྒྱུད་བཞི་ནས་གློ་སྙིང་མཚེར་མཁལ་མ་ལྔའི་མེ་ཏོག་སྣ་ལྕེ་མིག་མཆུ་རྣ་བ་ལྔ་ཡིན་པར་བཤད་པ་བདེན་མོད་ཀྱང་དེ་དག་ཕྱིའི་དབང་རྟེན་རགས་པ་ལ་དགོངས་པ་ཡིན་ཏེ། དཔེར་ན་མཁལ་མའི་ཆེ་ཆུང་དབྱིབས་སོགས་རྣ་བ་དང་མཐུན་པར་བཤད་ཀྱང་རྣ་བ་ཕྱིའི་མཁལ་མའི་དབྱིབས་ལྟར་ཡོད་པ་དེ་ནི་རྟེན་མཛེས་པར་བྱེད་པ་ཞེས་རྣ་བའི་རྒྱན་ཙམ་ཡིན་གྱི་རྣ་བའི་དབང་རྟེན་དངོས་མིན་པ་ཤེས་སླ་བ་བཞིན་ཡིན་ལ་འདིར་བཤད་པ་ནི་དབང་རྟེན་ཤིན་ཏུ་དྭངས་པ་བརྟེན་ཞིང་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་ལམ་གྱི་རྩ་སྦུབས་ལ་དབང་པོ་ལྔར་བཤད་པ་ཡིན་པས་གློ་སྙིང་དང་འབྲེལ་བར་བཤད་པ་ཤིན་ཏུ་འབྱོར་བ་ཡིན་ནོ། །ཡང་གློ་བ་ལྕགས་ཁམས་དང་། སྙིང་མེ་ཁམས་གཉིས་སུ་དྭངས་མ་རྒྱུ་བའི་རྩ་སྦུབས་གཅིག་ཏུ་འཆད་པ་མི་རིགས་སོ་ཞེ་ན་འབྱུང་ལྔའི་ཁམས་དབྱེ་བའི་ཚེ་གློ་བ་ལྕགས་ཁམས་དང་སྙིང་མེ་ཁམས་ཡིན་པར་ཐ་དད་པའི་རགས་པ་ཙམ་བདེན་ཀྱང་། ཞིབ་ཏུ་དཔྱད་ན་མེ་ཁམས་ཞེས་དྲོད་ཡིན་ཞིང་། མཁའ་ཁམས་ཞེས་པ་སྦུབས་དང་རྣམ་ཤེས་ལས་མ་འདས་པས་དྲོད་དང་རྣམ་ཤེས་གཉིས་ཀྱི་རྟེན་བྱེད་པ་ནི་འདོད་ཁམས་འདིར་སྲོག་གི་དབང་པོ་ཞེས་གཅིག་ཏུ་བགྲང་པ་གསུང་རབ་སྤྱིའི་དགོངས་པ་ཡིན་ཞིང་། དེས་ན་སྙིང་མེའམ་དྲོད་རྟེན་དང་། གློ་བ་ལྕགས་སམ་མཁའ་ཁམས་རྣམ་ཤེས་ཀྱི་རྟེན་གཉིས་པོའི་དྭངས་མ་མཉམ་དུ་འཇུག་པ་ནི་སྲོག་གི་དབང་པོ་ཞེས་དབང་པོ་གཞན་ལྔའི་རྟེན་མ་ནོར་བ་ཡིན་ལ་དེ་ལྟར་ན་རྟེན་ལུས་ལ་ཤ་རྩ་རུས་པ་རྒྱས་པར་བྱེད་པའི་རྩ་གསུམ་དང་། བརྟེན་པ་དབང་པོ་དྲུག་པོ་རྒྱས་པར་བྱེད་པའི་རྩ་དྲུག་དང་དགུའོ། །ཞེས་བཤད་ཀྱང་ཆོག་པ་ཡིན་ལ། གློ་སྙིང་གཉིས་དྭངས་མའི་འཇུག་ལ་གཅིག་ཚུལ་ནི་ཕྱི་རྒྱུད་རྩ་མདོའི་སྐབས་སུ་སྙིང་གི་རྩེ་མོ་གཏོད་ཕྱོགས་ལས་ཕོ་མོའི་སྙིང་རྩ་གོ་ལྡོག་པའི་སྐབས་རྒྱུ་མཚན་མེད་པར་ཅིག་ཤེས་ལ་གློ་རྩ་བྱེད་ཆོག་པ་དེའི་དོན་གྱིས་ཡིན་ཞིང་འཕྲལ་དུ་གཉན་མི་གཉན་ཀྱང་འདྲ་བས་ཤེས་པར་ནུས་ལ། འོན་ཀྱང་ཁམས་དང་ནད་ཀྱི་དབྱེ་བ་རྣམ་པ་ཐམས་ཅད་དུ་གཅིག་མི་དགོས་པར་ནང་གསེས་དབྱེ་བ་ཡོད་པ་ཙམ་ཀྱིས་ནི་དྭངས་མའི་འཇུག་གཅིག་པ་ཙམ་ལ་ཅི་ཡང་མི་གནོད་དེ་ཐི་གུ་མང་པོ་སྒྲིལ་ན་ཐག་པའི་དངོས་པོར་གཅིག་ཡིན་ཀྱང་ནང་གསེས་དབྱེ་བ་ཡོད་པ་དང་འདྲ་ཞིང་། དེར་མ་ཟད་གློ་བ་མཁའ་ཁམས་རྣམ་ཤེས་ཀྱི་རྟེན་བྱེད་ཚུལ་ཀྱང་རྒྱུད་སྡེའི་ལུང་གིས་ལེགས་པར་བསྒྲུབས་རྒྱུ་ཡོད་མོད་ཀྱང་འདིར་གསང་སྒྲོགས་གུ་དོག་ནས་མ་བྲིས་སོ། །ཡང་རྒྱུད་བཞིར་དྭངས་མ་ཁྲག་ཤ་ཚིལ་རུས་རྐང་ཁུ་བ་ཞེས་རིམ་པ་བཞིན་དྭངས་སྙིགས་སུ་བཤད་པ་དང་། འདིར་ཤ་རུས་རྩ་སོགས་རྒྱས་པར་བྱེད་པ་ཐམས་ཅད་མཆིན་པ་དང་འབྲེལ་བར་བཤད་པ་འགལ་ལོ་ཞེ་ན་མི་འགལ་ཏེ། མཆིན་གནས་ཀྱི་དྭངས་མ་ཙམ་དུ་གཅིག་ཀྱང་། དྭངས་མའི་དྭངས་མ་དང་དེའི་དྭངས་མ་སོགས་དབྱེར་མེད་དེ། དཔེར་ན་ཆང་སྔ་ཕྱི་བར་གསུམ་གླུམ་ལས་བཙགས་པར་འདྲ་ཡང་མགོ་མ་དང་སོང་པོ་དྭངས་སྙིགས་སུ་བཞག་ཆོག་པ་བཞིན་དང་མ་ཟད་བཞེད་པ་གཉིས་ཀ་ཡིན་ཀྱང་འགལ་བ་ཅུང་ཟད་ཀྱང་མེད་དེ་རྒྱ་ཆེ་བར་སྤྲོས་པས་ཆོག་གོ །ཞེས་པའང་མཚུངས་བྲལ་མཆོག་གི་ཐུགས་རྗེ་དྲི་མ་མེད་པས་རྗེས་འཛིན་གྱི་རྟེན་འབྲེལ་དང་པོར་ཤེས་རབ་ཀྱི་རྩལ་ལ་ཐོལ་བྱུང་ལྟ་བུར་གནང་བ་ཕྱིན་ཆད་གཞུང་ལུགས་འདིའི་དཀའ་གནད་ཀྱི་སྒོ་འཕར་བརྒྱ་ཕྲག་ཏུ་དབྱེ་ནུས་པའི་རྟེན་འབྲེལ་གྱི་སྒོ་དང་པོར་བསམ་ཏེ་མཁས་པ་ཨ་བུ་རྒྱལ་པོས་ཟིན་བྲིས་སུ་བྱས་པའོ། །སྲས་བཅས་རྒྱལ་བའི་མཁྱེན་བརྩེ་འདུས་པའི་དཔྱིད། །ཐུགས་རྗེ་དུས་ལས་མི་ཡོལ་རྒྱལ་ཀུན་ལས། །སྨོན་ལམ་འཇུག་པ་ཆོས་མྱུར་སྨན་གྱི་བླ། །མཚུངས་བྲལ་གུ་ཎའི་ཞབས་ལ་ཕྱག་འཚལ་ལོ། །གང་སྐུ་ལང་ཚོའི་སྒེགས་པ་སྟོན་ཟླའི་ཞལ། །བལྟ་བའི་མོས་པ་སྔོན་འགྲོས་དད་ཤུགས་ཀྱིས། །སྤྱི་གཙུག་རྒྱན་ཏུ་བཀོད་ལ་རྒྱུད་བསྐུལ་བའི། །གསོལ་འདེབས་བསྙེན་གྲངས་བགྲངས་ན་ཐོག་མའི་འཕྲོར། །གང་ལ་བགྲངས་བ་བརྒྱ་ཕྲག་མི་མོ་རྩེན། །བཅུ་ཕྲག་འགྱུར་ཏུ་བརྩི་བའི་འཕྱང་འཕྲུལ་བཅས། །ཐོག་མེད་ཐུགས་རྗེ་འཇུག་པ་མཚུངས་བྲལ་རྗེ། །སྟོང་ཆེན་ཐིག་ལེར་བཞེས་པའི་བརྡ་རྟགས་སྣང་། །རྩེ་གཅིག་གདུངས་ཤུགས་ཕྲེང་བས་རྒྱུད་བསྐུལ་ན། །ཐུགས་རྗེ་རྗེས་སུ་འཕྲེང་བས་མི་འདོར་ཞིང་། །ཚེ་རབ་ཕྲེང་བར་རྗེས་སུ་འཛིན་པ་དང་། །མྱུར་བར་བྱིན་གྱིས་རློབས་པའི་མཚན་མར་གང་། །འབྲུ་འབུམ་བཟླས་པ་འཁྱོལ་དང་དེའི་བཅུའི་ཆའི། །གསོལ་འདེབས་གདུང་ཤུགས་འགྲུབ་པའི་དམ་བཅའི་མཐར། །དཔྱད་གསུམ་འཕྲུལ་གྱི་ཟོ་པུ་ལེགས་བཤད་འདི། །འགོག་མེད་དངོས་གྲུབ་སྟོང་གི་སྒོ་བཞིན་རྩལ། །འཁྲུལ་ལས་ཉིང་འཁྲུལ་གཏི་མུག་མུན་པའི་སྒོར། །བཟང་ཞེན་བག་ཆགས་སྣང་ལ་མཚར་རྩི་ན། །རྣམ་དཔྱོད་ཤེས་རབ་རྩལ་གྱི་ཕ་ཕོག་འདི། །རྗེས་འཛིན་དངོས་གྲུབ་སྐལ་བ་སྣོམ་སམ་སྙམ། །དགའ་བྲོད་རྟོག་པས་ཁེངས་བས་མ་ཡིན་ཀྱང་། །མི་གཡེལ་ཐུགས་རྗེ་མྱུར་བའི་ཞལ་བཞེས་ཀྱི། །བདེན་དཔང་མངོན་སུམ་སྣང་བའི་ལྟད་མོ་རུ། །བློ་གསལ་དོན་མཐུན་ཚོགས་ལ་སྟོན་མོར་བྱས། །གདུང་སེལ་རྣམ་རྒྱལ་བདུད་རྩིའི་མཆོག་སྦྱིན་ཅན། །གཞོན་མཛེས་ལང་ཚོའི་རྣམ་སྒེགས་སྐུའི་མཚན་དཔེ། །འདབ་སྟོང་སྙིང་གི་གེ་སར་འཛུམ་པ་ལ། །འཚོ་གཞེས་དམ་བཅའི་རི་མོ་བྲིས་པ་བཞིན། །གསང་ཆེན་བསྟོད་པའི་གདུང་གླུ་འབུམ་ཕྲག་གིས། །བསྐྱུད་མིན་སྙན་དབང་སྦྲོན་ན་ཐུགས་རྗེའི་རྒྱུན། །མི་ཟད་ཡིད་ཀྱི་ཡོལ་གོལ་ལོས་ཀྱང་རྩལ། །ཡང་ཡང་ཐུགས་རྗེས་སྐྱོངས་ཤིག་མཚུངས་བྲལ་རྗེ། །ཞེས་སྨྲས་སོ། །དཔལ་སྤྲུལ་པས་སོ། །དཔེ་དཀོན་ཡིན།