རིག་འཛིན་མཁའ་འགྲོ་དགྱེས་པའི་གསང་གཏམ། ཡིད་དཔྱོད་གྲུབ་མཐའ་འཇིག་པའི་ཐོ་ལུམ། སྙིང་ཕྱུང་ལག་མཐིལ་བཀྲམ་པའི་མན་ངག །གསང་བདག་དགའ་རབ་དཔའ་བོའི་ཐོལ་གླུ། ཀུན་མཁྱེན་ཞལ་ལུང་བདུད་རྩིའི་ཐིགས་པ།

From Khyentse Lineage - A Tsadra Foundation Project
JLKO-KABUM-12-NA-018
Wylie title rig 'dzin mkha' 'gro dgyes pa'i gsang gtam/ yid dpyod grub mtha' 'jig pa'i tho lum/ snying phyung lag mthil bkram pa'i man ngag/ gsang bdag dga' rab dpa' bo'i thol glu/ kun mkhyen zhal lung bdud rtsi'i thigs pa
Location 'jigs gling bka' 'bum
Volume 12, Text 18, Pages 489-513 (Folios 1a1 to 13a6)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. Rig 'dzin mkha' 'gro dgyes pa'i gsang gtam yid dpyod grub mtha' 'jig pa'i tho lum snying phyung lag mthil bkram pa'i man ngag gsang bdag dga' rab dpa' bo'i thol glu kun mkhyen zhal lung bdud rtsi'i thigs pa. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 12: 489-513. New Delhi: Shechen Publications, 2025.
Genre Commentary on Content - don 'grel
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

།ཅེས་པའང་དཔལ་གྱི་བསམ་ཡས་མཆིམས་ཕུའི་གནས་ཀྱི་ལྟེ་བ་འོག་མིན་བྲག །བྲེ་གུ་བརྩེགས་པའི་དགེའུ་འོག་གི་དབང་པོས་བསྲུངས་པའི་ཕྱོགས། གསང་ཆེན་མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་ཏུ་བཏགས་ཤིང་ངོས་འཛིན་བགྱིས་པའི་གནས་མཆོག་ག་ལ་བར། ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ། འཁྲུལ་བའི་སྣང་ཆ་ལ་ཀུན་མཁྱེན་ངག་གི་དབང་པོའི་ཞལ་ཐེངས་གསུམ་མཇལ་ཞིང་། གསུང་གི་བདུད་རྩིས་དབུགས་དབྱུང་ནས་རྒྱུད་བྱིན་གྱིས་བརླབས་པའི་སྐལ་བཟང་དཔག་ཏུ་མེད་པའི་མཐུ་ལས། མཉམ་རྗེས་རིས་མེད་དུ་སངས་ཤིང་ཐེག་པ་འདིའི་རྒྱུད་དང་མན་ངག་བསྟན་བཅོས་རྣམས་ཀྱི་གཞུང་ལ་ཕྱི་ནང་ཞུས་དག་ཕེར་བའི་ངེས་ཤེས་གཏིང་ཚུགས་པའི་སྤོབས་པ་ཅུང་ཟད་རྙེད་པ་ལ་བརྟེན་རང་བཞིན་རྫོགས་པ་ཆེན་པོའི་དོན་རྒྱུད་ཀྱི་དགོངས་པ་ཟབ་མོ་ནུབ་པར་ཕངས་ནས། པདྨ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་ཞེས་བགྱི་བའི་ཀུ་སུ་ལུ་པས་རང་ལོ་སོ་གཉིས་པར་སླེབས་ཤིང་། ཀུན་མཁྱེན་སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་ཀྱང་སྒྲུབ་གནས་འདི་ཉིད་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པར་བསྔགས་ནས་ཆུ་ཡོས་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པའི་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན། སྐུ་གདུང་ཉིད་ཆོས་སྐུའི་བཞུགས་སྟངས་ཀྱི་གདུང་ཆེན་ལྔ་དང་རིང་བསྲེལ་གྱི་འབྱུང་གནས་སུ་བཞག་ནས། འཇའ་འོད་ལ་སོགས་ཏེ་ཐེག་པ་མཆོག་གི་གདོད་མའི་ས་ལ་གྲུབ་མཐའ་སྙོགས་པའི་རྟགས་མཚན་ཕུལ་དུ་ཕྱིན་པས་འགྲོ་བ་རྒྱ་མཚོ་དད་པའི་ཞིང་ས་ལ་བཀོད་དེ། དགོངས་པ་གདོད་མའི་གཞི་དབྱིངས་སུ་རེ་ཞིག་ཐིམ་ནས་བགྲང་བྱའི་ཕུང་པོ་དུས་བུག་ཡོན་ཏན་གྱི་གྲངས་སུ་བརྒལ་བའི་དུས་ཀྱི་མཆོད་པར་ཉེ་བའི་ཚེ་ཡི་གེར་བཀོད་པ་ཤིན་ཏུ་གསང་བའི་སྡེ་ཚན་ནོ།།

ces pa'ang dpal gyi bsam yas mchims phu'i gnas kyi lte ba 'og min brag_/bre gu brtsegs pa'i dge'u 'og gi dbang pos bsrungs pa'i phyogs/_gsang chen mkha' 'gro'i tshogs khang me tog phug tu btags shing ngos 'dzin bgyis pa'i gnas mchog ga la bar/_lo gsum snying po'i sgrub pa la gzhol ba'i tshe/_'khrul ba'i snang cha la kun mkhyen ngag gi dbang po'i zhal thengs gsum mjal zhing /_gsung gi bdud rtsis dbugs dbyung nas rgyud byin gyis brlabs pa'i skal bzang dpag tu med pa'i mthu las/_mnyam rjes ris med du sangs shing theg pa 'di'i rgyud dang man ngag bstan bcos rnams kyi gzhung la phyi nang zhus dag pher ba'i nges shes gting tshugs pa'i spobs pa cung zad rnyed pa la brten rang bzhin rdzogs pa chen po'i don rgyud kyi dgongs pa zab mo nub par phangs nas/_pad+ma dbang chen mkhyen brtse'i 'od zer zhes bgyi ba'i ku su lu pas rang lo so gnyis par slebs shing /_kun mkhyen sangs rgyas gnyis pa de nyid kyis kyang sgrub gnas 'di nyid rgya gar dur khrod bsil ba'i tshal dang mtshungs par bsngags nas chu yos dgung lo lnga bcu rtsa drug bzhes pa'i rgyal zla ba'i tshes bco brgyad kyi nyin/_sku gdung nyid chos sku'i bzhugs stangs kyi gdung chen lnga dang ring bsrel gyi 'byung gnas su bzhag nas/_'ja' 'od la sogs te theg pa mchog gi gdod ma'i sa la grub mtha' snyogs pa'i rtags mtshan phul du phyin pas 'gro ba rgya mtsho dad pa'i zhing sa la bkod de/_dgongs pa gdod ma'i gzhi dbyings su re zhig thim nas bgrang bya'i phung po dus bug yon tan gyi grangs su brgal ba'i dus kyi mchod par nye ba'i tshe yi ger bkod pa shin tu gsang ba'i sde tshan no//

[edit]

༄༅། །རིག་འཛིན་མཁའ་འགྲོ་དགྱེས་པའི་གསང་གཏམ། ཡིད་དཔྱོད་གྲུབ་མཐའ་འཇིག་པའི་ཐོ་ལུམ། སྙིང་ཕྱུང་ལག་མཐིལ་བཀྲམ་པའི་མན་ངག །གསང་བདག་དགའ་རབ་དཔའ་བོའི་ཐོལ་གླུ། ཀུན་མཁྱེན་ཞལ་ལུང་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས།

༄༅། །དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་ལྟ་སྒོམ་སྤྱོད་འབྲས་དང་། །བྱ་རྩོལ་འཛིན་ཞེན་རང་སངས་གཉུག་མའི་ཀློང་། །ཐེག་པ་ཀུན་དང་མི་འདྲ་ས་ལམ་རྫོགས། །ཨ་ཏི་གསང་བ་ཆེན་པོར་ཕྱག་བགྱིའོ། །རིག་པའི་རྒྱུད་སྡེ་རང་བཞིན་རྫོགས་པ་ཆེའི། །རྣལ་མའི་དགོངས་པ་རིག་འཛིན་ཐུགས་ཀྱི་བཅུད། །མཁའ་འགྲོའི་སྲོག་ཏིག་ཀློང་ཆེན་རབ་འབྱམས་མཛོད། །འདི་ནི་སྙིང་དང་མིག་ལས་ངེས་པར་གཅེས། །དེང་སང་འདི་ན་ལོ་ཟླ་ཇི་སྙེད་དུ། །ལམ་ལ་ཞུགས་རློམ་ལྷག་མཐོང་རྟོག་མེད་ཀྱིས། །མ་ཟིན་དཔྱོད་པའི་འདུ་ཤེས་གྲུང་པོ་ཡིས། །བསླུས་དག་ཡང་དག་ལམ་ལ་གཟུང་ཕྱིར་བཤད། །རང་ལྟ་མཆོག་འཛིན་ང་རྒྱལ་བདུད་ཀྱི་བློས། །མཐོང་མ་ཐག་ཏུ་སུན་འབྱིན་མ་སྨྲ་བར། །གཟུ་བོའི་བློ་ཡིས་ཅུང་ཟད་ཡིད་གཞུངས་ལ། །ཇི་ལྟར་བདག་གིས་རྟོགས་བཞིན་བཤད་ཀྱིས་ཉོན། །ཞེས་གདམས་ཏེ། དེ་ལ་བགྲང་བྱའི་ཁུར་མང་པོར་དབེན་པའི་བརྟུལ་ཞུགས་ཀྱིས་དུབ་པའི་སྒོམ་ཆེན་པ་ཇི་སྙེད་ཅིག་དང་། དེ་དག་གི་བོགས་དབྱུང་བའི་བཤེས་གཉེན་ངེས་གསང་རྫོགས་པ་ཆེན་པོའི་དོན་ལས་རིང་བ་ཕལ་གྱིས་སྒོམ་དོན་མཐར་ཐུག་གི་སྐྱེལ་སོ་གནས་ཀྱང་ངོ་ཤེས། འགྱུས་ཀྱང་ངོ་ཤེས་ན་དེ་ལས་གཞན་པའི་ཐུགས་དམ་ཞིག་མི་དགོས་ཞེས་གསུང་གཅིག་ཏུ་བསྐྱུར་བས་ཀ་དག་ཕྱོགས་ཡན་ཆེན་པོའི་དགོངས་པ་ལ་སྔ་འདྲིས་གཅིག་གིས་ཀྱང་ཉེ་རུ་མ་སོང་བར་ཧ་ཅང་རང་ཚོ་ཟིན་དྲག་ཅིང་མི་ཚེ་སྟོང་པར་འཛད་པ་ཕངས་ཆེས་ནས་དྲེགས་པ་དང་རྒྱགས་པ་སོགས་མ་ཡིན་པར་དོན་དམ་ལྷག་བསམ་གྱི་ཀུན་མཁྱེན་ཞལ་ལུང་ཞེས་བྱ་བའི་ཨུ་པ་དེ་ཤ་འདྲི་བ་ལ་ཡིད་ཕྱོགས་སོ། །དེ་ལ་སྙིང་ཏིག་ཐུན་མོང་མ་ཡིན་པའི་དགོངས་པ་རང་ལ་གནས་ལུགས་ཡེ་གྲོལ་རྒྱུ་འབྲས་ལས་འདས་ཤིང་ལྟ་སྒོམ་སྤྱོད་འབྲས་ཀྱི་ཕན་གནོད་མེད་པར་སྟོན་ཏེ། འོད་གསལ་གྱི་རྒྱུད་སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །བསྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་རྩོལ་མེད་ལ། །དཔྱོད་པ་བྱས་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་གསུངས་ཤིང་། ཁྱད་པར་རང་རིག་ཡེ་ཤེས་ཟང་ཐལ་དང་སེམས་རྟོག་མ་རིག་འཁྲུལ་གཟུགས་གཉིས་དབྱེ་ནས་རིག་པ་ཀློང་ཆེན་ཡངས་པའི་ངང་དུ་མཐའ་གྲོལ་རྗེས་མེད་དུ་བསྐྱངས་པས། སེམས་རྟོག་འགྱུ་འཕྲོའི་བག་ཆགས་ཐད་ཀར་དག་སྟེ་གོལ་ཤོར་ལས་འདས་པར་འཆད་ཀྱང་། དབང་པོ་ཤིན་ཏུ་རྣོན་པོའི་གང་ཟག་ལས་སད་པར་ཙམ་གྱིས་མ་གཏོགས་ཇི་བཞིན་རྟོགས་དཀའ་བས། འདིར་ཆེད་དུ་སྨྲ་བའི་སྙིང་པོ་ངོ་བོ་ལ་འཕེལ་འགྲིབ་དང་བཟང་ངན་བྲལ་ཐོབ་མེད་ཀྱང་། རྩལ་གྱི་རྣམ་རྟོག་ཁོ་ནས་འཁོར་འདས་བར་ལག་འབྱེད་ཅིང་སྒོམ་ཆེན་པ་བསླུ་བའི་ཕྱིར་དེའི་རང་བཞིན་ཞིབ་ཏུ་སྙད་པ་ལ། དེ་ཡང་རིམ་སྐྱེས་པའི་དབང་དུ་བྱས་ན། རྣམ་རྟོག་ལ་གྲོལ་ལུགས་གསུམ་དུ་པཎ་ཆེན་བི་མ་ལའི་རྗེས་འབྲངས་རྣམས་བཞེད་པའི། འདི་ལྟར་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་གྲོལ་བ། རྣམ་རྟོག་ཁོ་རང་གྲོལ་བ་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་གྲོལ་བ། རྣམ་རྟོག་ཕན་གནོད་མེད་པར་ཆོས་སྐུར་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུར་གྲོལ་བ་ཞེས་མཚོན་དཔེ་རྣམ་གྲངས་གསུམ་གྱིས་བཤད་པའི་དང་པོ་ནི། ཤེས་པ་གསལ་སྟོང་རྩེ་གཅིག་ཏུ་གནས་དུས་དེའི་ངང་ལས་རྣམ་རྟོག་ཐོལ་གྱིས་འཆར་བ་རིག་པ་སྟེ་གཟུགས་མེད་ཀྱི་ལྷ་དང་རྗེས་མཐུན་པའི་མཉམ་གཞག་་་དབྱེ་ན་དབང་པོའི་ཡུལ་རྒྱུན་འགགས་པ་ནམ་མཁའ་མཐའ་ཡས། གཉིད་འཐུགས་ལྟར་བྱུང་ཚོར་འགགས་པ་ཅི་ཡང་མེད་པ། ཤེས་ངོ་ལ་གསལ་སྣང་། ངོ་བོ་ལ་འགགས་པ་རྣམ་ཤེས་མཐའ་ཡས། བདེ་བ་བྲིང་ཙམ་ཡོད་ཀྱང་སྣང་ངོ་ལ་ཅི་ཡང་མེད་པར་རྟོགས་པ་ཡོད་མིན་མེད་མིན་ཏེ་རང་བཞིན་རྒྱས་པ་ཀུན་མཁྱེན་ཆེན་པོའི་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་གིས་དབྱེའོ།་་་དང་པོ་སྐྱེ་དུས་ནས་ཡོད་ཅིང་། དེ་ལ་བལྟ་བྱའི་རྣམ་རྟོག་དང་། ལྟ་མཁན་གྱི་དྲན་པ་གཉིས་སུ་ཡོད་པས་གཉིས་འཛིན་ནི་འཁོར་བའི་རྩ་བ་སྡུག་བསྔལ་གྱི་འབྱུང་ཁུངས་ས་ལམ་གྱི་བཀག་སོ་ཡིན་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་རྟོགས་པ་ཀློང་དུ་གྱུར་པའི་ཚེ་ནོར་ས་རྔམ་པོ་ཆེ་ཡིན་ནོ། །འོ་ན་སྔོན་གྱི་མཁས་གྲུབ་ཁ་ཅིག་གིས་དྲིས་ལན་དུ་འདི་ལྟར་བཤད་འདུག་པས་ཇི་ག་སྙམ་ན། དེ་ནི་ལས་དང་པོ་པའི་གང་ཟག་མོས་པས་སྤྱོད་པ་རྣམས་ལ་དྲན་པ་སྒོམ་གྱི་དངོས་གཞིར་བསྟན་ནས་འཁྲིད་པའི་སྐབས་ལ་དགོངས་ཀྱི་རྫོགས་ཆེན་གྱི་ལམ་ཅིག་ཆར་དུ་སྒྲ་ཇི་བཞིན་པར་བསྟན་པའི་སྐབས་མ་ཡིན་པར་ཤེས་པར་བྱ་ལ། དེ་ལྟ་མ་ཡིན་སྙམ་ན་ཀུན་མཁྱེན་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོར། དེང་སང་གི་བསམ་གཏན་པ་ཁ་ཅིག་ད་ལྟའི་རིག་པ་འོག་འགྱུ་འཕྲེང་གསུམ་པོ་འདི་སྤྲོས་བྲལ་ཡིན། གང་ཤར་ཅི་འགྱུས་སེམས་སུ་ངོ་ཤེས་ན་དེས་ཆོག་ཅེས་སྐྱེ་འགག་གྲངས་སུ་འདེབས་པ་རྣམས་ཀྱང་གནས་ལུགས་ཀྱི་དོན་དང་གནམ་ས་བས་ཀྱང་རིང་བ་ཡིན་ནོ། །ཞེས་གསུངས་པས་ཁྱེད་རང་ལ་ཆོས་སྐལ་མེད་པ་ཞིག་གོ །གཉིས་པ་ནི། དེ་ལ་ཞེན་པ་མེད་པར་བསྐྱང་ཤེས་ན་བལྟ་བྱ་དང་ལྟ་མཁན་གྱི་འཛིན་སྟངས་ཞིག་ནས་མཉམ་གཞག་རྩེ་གཅིག་པས། ལྟ་མ་དགོས་པར་རྣམ་རྟོག་ཁོ་རང་གིས་ཁོ་རང་ངོ་ཤེས་ནས་རང་གྲོལ་དུ་སོང་བ་ལ་སྦྲུལ་གྱི་མདུད་པ་ལྟར་གྲོལ་བའི་ཐ་སྙད་བཏགས་ཤིང་། ཆོས་སྐད་ཀྱི་དབང་དུ་བྱས་ན། ཐབས་ཀྱིས་ཟིན་པས་རྗེས་ཐོབ་མཚན་ཉིད་པ་ཡིན་ལ། འདི་ལ་ཐེག་པ་གཞན་དག་ནས་རྩིས་ཅན་དུ་བྱེད་ཀྱང་རྫོགས་ཆེན་པས་ངོ་ཤེས་མཁན་གྱི་འདུ་ཤེས་གྲུང་པོ་དེ་ཁ་གོལ་སྒྲིབ་ཏུ་བཤད་ནས་གཉིས་སྣང་གི་ཤེས་སྒྲིབ་ཕྲ་མོ་ཡོད་པར་འདོད་ལ། དེའི་ཕྱིར་གནས་ཀྱང་ངོ་ཤེས་འགྱུས་ཀྱང་ངོ་ཤེས་པ་འདི་ལ་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པས་དཔྱད་ན་རྣམ་འབྱེད་ཤིན་ཏུ་ཕྲ་བ་ཡོད་པས་འདི་ཡང་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་དགོངས་པ་མིན་ནོ། །འདི་ལ་གྲུབ་པའི་མཐའ་ཁྱད་པར་ཅན་ལ་ཐོས་བསམ་གྱིས་དཔྱོད་པའི་མིག་ཟུམ་ཞིང་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཟང་ཀ་མ་བྲག་གི་སྐྱིབས་དང་མལ་གྱི་ནང་སོགས་དབེན་པར་མོས་གུས་ལམ་ལྷོངས་ཀྱི་ཕོ་ཚུགས་ཁོ་ནའི་མཐུ་ལས་ཀློང་ཆེན་དགོངས་པའི་གསང་མཛོད་མ་ལོངས་པའི་འཁྲུལ་ཞིག་ཏུ་རློམ་པ་ཁ་ཅིག་དང་རྟོག་གེ་པ་ན་རེ། འོ་ན་ངོ་ཤེས་མཁན་གྱི་རྟོག་པ་དེ་ཡང་མེད་ན་ཧ་ཤང་གི་ལྟ་བ་མུན་རྡོ་བ་དང་མཚུངས་སོ་ཞེས་ཟེར་རོ། །ལན་བཤད་པ་ཧ་ཤང་ལ་ཡུལ་སེམས་རྟོག་དང་ཡུལ་ཅན་རིག་པ་ཟང་ཀ་མ་འབྱེད་པའི་གནད་མེད་ནས། སེམས་རིག་སྐབས་མ་ཕྱེད་པའི་ཤེས་པ་ལུང་མ་བསྟན་གྱི་ངང་དུ་དྲན་བསམ་ཚོར་བ་ཐམས་ཅད་འགགས་ནས་བརྒྱལ་བའམ། གཉིད་འཐུག་ལྟ་བུའི་གཏི་མུག་ཕྱོགས་གཅིག་ཏུ་ལྷུང་ངོ་སྙམ་པ་དང།་་་་་ཁྱེད་ཅག་གི་འདོད་པར་ཧ་ཤང་ལ་ལྟ་བ་ནོར་བ་འདི་ལྟ་བུ་ཞིག་ཡོད་དོ་སྙམ་པ་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའི་ཕྱོགས་སྔ་ཇི་བཞིན་འདིར་བཀོད་ནས་བརྗོད་ཀྱི་གཞན་དུ་ན་སངས་རྒྱས་ཕལ་པོ་ཆེ་ལ་སོགས་པའི་གསུང་རབ་མང་པོ་ཧ་ཤང་གི་བློ་ལ་བཞུགས་ཤིང་། ཀཱ་མ་ལ་ཤི་ལས་སྒྲ་རྩོད་དྲིས་པའི་ཚེ་ཕྱགས་ཤིང་ཀླད་ལ་བསྐོར་བའི་བརྡས་འཁོར་བའི་རྒྱུ་དྲིས་པ་ན་བེར་གྱི་ཐུ་བ་གཉིས་སྤྲུགས་ནས་གཟུང་འཛིན་གྱིས་ལེན་བྱ་བའི་བརྡ་ལན་སྟོན་ནུས་པ་སོགས་དབང་པོ་ཤིན་ཏུ་རྣོན་པོའི་གང་ཟག་ཡིན་པར་བསྙོན་དུ་མེད་ལ། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ལ་སོ་སོར་རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་ན་སྐྱོན་འདི་རྒྱལ་བའི་ཡུམ་ལའང་འཇུག་པས་དོན་དམ་པར་ཧ་ཤང་གི་ལྟ་བ་ཡིན་མིན་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་གྱིས་གཞན་གྱིས་མ་ཡིན་ནོ།། རྫོགས་པ་ཆེན་པོ་ཡུལ་སེམས་རྟོག་ལ་ཡུལ་ཅན་ཡེ་ཤེས་ཀྱིས་རྟོག་དཔྱོད་མ་ཤོར་བས་རང་རིག་གི་དྲན་པ་ཤེལ་གོང་གཡའ་དག་པ་ལྟ་བུའི་ངང་དུ་ཀུན་རྟོག་བག་ལ་ཞ་ནས་རང་ངོ་ལ་བྲི་གང་དང་འཕོ་འགྱུར་མེད་པ་མཐའ་གྲོལ་ཀློང་ཡངས་ཆེན་པོའི་དགོངས་པ་ལ་བཞུགས་པ་གཉིས་མཚུངས་པའི་ཡུལ་མེད་ལ། ཁྱད་པར་རྟོག་གེའི་རིག་པ་ངན་སྐྱུགས་དང་འདྲ་བ་ལ་བདུད་རྩིར་མངོན་ནས་སྤྱོད་ཅིང་འོད་གསལ་རྡོ་རྗེ་སྙིང་པོའི་ལམ་ལ་གོམ་པའི་འདེགས་འཇོག་གཅིག་ཀྱང་མ་མྱོང་བར་རང་ས་ན་རྡོལ་ཐབས་སུ་ཟུག་པ་ཁ་ཅིག་གིས་ཐེག་པ་འདིའི་དགོངས་པ་ལ་ཧ་ཤང་མཚུངས་ཟླར་སྦྲན་ནས་སྤྱོ་བར་བྱེད་ན། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །དེ་ཉིད་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་དེ། །སྨན་པས་བཏང་བའི་ནད་པ་བཞིན། །གསུངས་པ་འདི་ཁོ་ནའི་དགོངས་པ་ལ་ཤེས་རབ་གསུམ་གྱི་མིག་སྒྲུབས་ཤིག །གཞན་ཡང་ཡུམ་ལས། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད་སོགས་ཀྱི་དོན་དཔྱིས་ཕྱིན་པར་སོམས་ལ། སེང་གེའི་ཕྱི་ལ་གད་མཆོང་གཡང་མཆོང་མ་བྱེད་ཅིག་ཅེས་གདམས་སོ། །ད་ནི་ཚུལ་མ་ཡིན་པ་དེ་དག་བླ་ན་མེད་པའི་ལུང་གིས་རྒྱབ་སྐྱོར་ནས་བཟློག་པ་ནི། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོགས་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་གསུངས་ལ། དེ་དག་གི་རྒྱུད་དོན་བདེ་བླག་ཏུ་བཀྲལ་བ་ནི་གདོད་མའི་མགོན་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ངག་གི་དབང་པོས་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་ལུང་གི་གཏེར་མཛོད་དུ། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་ངང་། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་པ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་བརྟགས་པའི་གཏི་མུག་གིས་ལུས་སྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་གྱིས་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག །རང་ཡང་ཉོན་མོངས་པ་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་ཉེས་པ་དག་དང་ཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ་གང་ཤར་ཆོས་སྐུའི་རང་བཞིན་རྟོག་པ་ཟང་ཁ་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ། །ཞེས་པ་དང་། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས་གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ། རྩལ་ལས་ཤར་བའི་རོལ་པ་ཞེས་བཤད་ཀྱི། རང་བྱུང་གི་ཡེ་ཤེས་ཉིད་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ངོ་ཤེས་མཁན་གྱི་འདུ་ཤེས་གྲུང་པོ་དེ་རྟོག་དཔྱོད་ཀྱི་རང་བཞིན་ཁོ་ན་སྟེ། ནམ་མཁའི་རྣལ་འབྱོར་ལྷ་བཙུན་ཆེན་པོས་ཀྱང་། སྒོམ་ཉམས་ཅན་གྱི་མདུན་སར། ལྷག་མཐོང་དང་བརྟག་དཔྱད་མ་ནོར་བ། ཞེས་གྲགས་ལ། དེ་བཞིན་དུ་གང་ཤར་གྱི་ངོ་བོ་ལ་ལྟ་བ་དང་། རང་ངོ་འཛིན་པ་དང་། གཤིས་ཐོག་ཏུ་གློད་པ་སྐད་དེང་སང་དར་ཆ་ཆེ་སྟེ་འདི་ཡང་ལམ་ཡང་དག་པ་མ་ཡིན་པའི་ཚུལ་ཀུན་མཁྱེན་བླ་མས། འདིར་ངོ་སྤྲད་ཀྱང་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་དང་ལྟ་བ་རང་ངོས་འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་བའི་གནད་མ་གོ་བ་ཡིན་ནོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སང་ངེ་བ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་གི་ཡེ་ཤེས་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་པས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ་ཞེས་གསུངས་སོ། །འོ་ན་འདིའི་སྐབས་སུ་སྒྲུབ་བྱེད་རྣམ་པར་དག་པ་དེ་གང་ཡིན་ཅེ་ན། གྲོལ་ལུགས་གསུམ་པ་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་དེ་ཉིད་རྣལ་འབྱོར་དབང་ཕྱུག་གི་ལམ་ཡིན་ཏེ་འདི་ལྟར་ཁང་པ་སྟོང་པའི་ནང་དུ་རྐུན་པོ་ཞུགས་ཀྱང་ཆོམ་རྐུན་ལ་ཐོབ་རྒྱུ་མེད། ཁང་སྟོང་ལ་ཤོར་རྒྱུ་མེད་པས་ཕན་གནོད་ཐོབ་ཤོར་གྱི་རང་བཞིན་ལས་ཡེ་ནས་འདས་པ་ལྟར། འདིར་རིག་པའི་ངོ་བོ་ཟང་ཐལ་རྟོག་དཔྱོད་ཀྱི་ཤེས་སྒྲིབ་དང་བྲལ་བའི་ཚུགས་མ་ཤོར་བ་དེ་ཉིད་སྒོམ་གྱི་སྙིང་རྡོའམ། གཉུག་མའི་དྲན་རིག་ཡིན་ལ། རྩལ་གྱི་རྣམ་རྟོག་ཇི་ལྟར་གཡོ་ཡང་དཔྱོད་བྱེད་ཀྱི་འདུ་ཤེས་དག་པས་ཤར་ས་ཤར་མཁན་མེད་པའི་རིག་སྟོང་རྗེན་པ་བློ་འདས་རྒྱ་ཡན་གྱི་ངང་དུ་ཆོས་སྐུ་འཕོ་མེད་རྒྱལ་པོའི་བཙན་ས་ཟིན་པའི་ཕྱིར་རྣམ་རྟོག་གིས་ཕན་གནོད་མ་བྱས་པའི་སྒྲ་བཤད་བཞག་ལ། འདི་ནི་ཤིན་ཏུ་རྣམ་དག་བཤད་དུ་ཕངས་པའི་ཨུ་པ་དེ་ཤ་སྟེ། གནས་འགྱུ་གང་ཡིན་ཡང་འདྲ་སྟེ་ངོ་ཤེས་མཁན་ཁོ་རང་ཡུལ་མེད་མཐའ་བྲལ་དུ་མ་སངས་ན། རིག་པ་རང་གསལ་མལ་ལས་གཡོས་ཏེ། ཡུལ་ཐོག་ཏུ་ཤོར་འབྱམས་ལ་གོམས་པའི་འཁྲུལ་སྣང་མཐུ་བརྟས་པ་ཉིད་ལས་རྟོགས་པ་མཐོན་པོར་ཇི་ལྟར་རློམ་ཡང་འཁོར་བའི་ས་བོན་རྒྱུན་ཆགས་སུ་གནས་ཤིང་། ད་ལྟ་ལམ་དུས་སུའང་དཔེར་མཚོན་ན་སྡུག་བསྔལ་དང་འཇིགས་སྐྲག་ལྟ་བུའི་རྣམ་རྟོག་དོས་དྲག་པ་ཤར་བའི་ཚེ་རྣམ་རྟོག་ཁོ་རང་ངོ་ཤེས་པ་ཙམ་གྱིས་ཁྱེད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་མཐའ་གྲོལ་དུ་སངས་པ་དེ་དགོད་འཆོར། འདི་ལ་ནི་ནམ་མཁའི་རྣལ་འབྱོར་ལྷ་བཙུན་རྒྱལ་པོ་ཉིད་དཔང་པོར་གྱུར་ཏེ། དྭགས་པོ་བཀའ་བརྒྱུད་པ་རྣམས་རྣམ་རྟོག་ཆོས་སྐུར་འདོད་དེ་ངེད་རང་རྫོགས་ཆེན་པ་རྣམས་མི་འདོད་དོ། །ཞེས་དང་། དོན་ལ་རྣམ་རྟོག་ངོས་བཟུངས་མེད་པ་ཡལ་བ་དགོས་ཚུལ་སོགས་ཀུན་མཁྱེན་གསང་མཛོད་དུ་གསུངས་པ་དེ་ཨ་ལ་ལ། འདི་ཁ་གཅིག་པུས་ཆོག་ཀྱང་། རྣམ་རྟོག་དང་ལག་གདང་སྦྲེལ་བའི་སྒོམ་ཆེན་པ་དག་ལ་ངེས་གསང་རྫོགས་པ་ཆེན་པོའི་ལས་འབྲེལ་མེད་པས་ཅི་ཚུག་དྲག །ད་དུང་སྙིང་འགས་པ་འདྲ་བའི་གདམས་ངག་ཟབ་མོའི་གནད་བསྟན་གྱིས་ལོག་པའི་འདུ་ཤེས་རྒྱང་རིང་པོར་ཐོང་ལ་དར་ཅིག་ཉོན་དང་ཁོ་བོ་ནི་འདི་ལྟར་སེམས་སོ། །རྣམ་རྟོག་གིས་ཕན་གནོད་མེད་པའི་གནད་ཀ་ནི་འོད་གསལ་རྫོགས་པ་ཆེན་པོའི་ཉམས་ལེན་མཐར་སོན་ཏེ་ཁྲེགས་ཆོད་ཀྱིས་ལུས་རྡུལ་ཕྲན་དུ་དེངས། སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་སར་གྲོལ་དུ་ཉེ་བ་དང་། ཐོད་རྒལ་གྱིས་སྣང་བཞི་ཟད་པའི་ཚེ་ལུས་རྡུལ་ཕྲན་དུ་དེངས་པ་འོད་དུ་གསལ་བས་སྐྱེ་འཇུག་ལ་རང་དབང་ཐོབ་ཅིང་འཕོ་བ་ཆེན་པོའི་སྐུར་བཞེངས་སུ་ཉེ་བ་ན། དེའི་ལམ་རྟགས་སུ་ལུས་དུར་ཁྲོད་ཀྱི་རོ་ལྟ་བུར་འགྱུར་རོ། །ངག་བྲག་ཅ་ལྟ་བུར་འགྱུར་རོ། །སེམས་བར་སྣང་གི་ན་བུན་ལྟ་བུར་འགྱུར་རོ། །ཞེས་བཤད་པ་འདི་ཁོ་ནས་ཤེས་ཏེ། ལུས་དུར་ཁྲོད་ཀྱི་རོ་ལྟ་བུ་ནི་གཤེད་མ་བརྒྱས་བསྐོར་ཀྱང་ཉམ་ང་དང་བག་ཚ་བའི་ཀུན་རྟོག་རིག་པ་གཏད་མེད་ཀྱི་ངང་དུ་སངས་པ་ཡིན་ཏེ། འགོག་པའི་སྙོམ་འཇུག་ལྟ་བུའམ་དྲན་མེད་ནི་མ་ཡིན་ནོ། །ངག་བྲག་ཆ་ལྟ་བུ་ནི་རིག་གདངས་ཀྱི་ཚོར་བ་གྲ་མ་ཉམས་པས་གཞན་གྱི་རྗེས་སུ་བཟློ་ཞིང་། སེམས་རྟོག་ཡུལ་དུ་འཛིན་པ་གཏན་ཟད་དུ་སོང་བས་ལན་འདེབས་པའི་འདུ་ཤེས་ཟད་པ་དེ་ལྟད་མོ་ཆེ། འཇའ་སྐུར་ཡལ་བའི་གང་ཟག་ལ་ཞལ་ཆེམས་ཡོད་པར་གླེང་བ་ནི། རྫོགས་པ་ཆེན་པོའི་རྒྱུད་དང་། མན་ངག་གི་སྲང་ལ་བཏེག་ཚེ་བློ་ཆུང་དེ་དག་ཐོས་པ་ཆུང་བའི་སྐྱོན་དུ་ངེས་ལ། སྐུ་གདུང་འབར་བའི་རྒྱུད་ནས་ཐོད་རྒལ་གྱི་ཐིག་ལེ་གོམས་པའི་ཚད་བསྟན་པའི་སྐབས་སུ་ཡང་། གཏམ་རྒྱུད་བརྗོད་པ་ཟད་པའི་ཕྱིར། གཞན་ལ་སྨྲ་བྱེད་བསམ་པ་ཡང་། །སྐྱེས་བུ་འདི་ལ་འབྱུང་མི་སྲིད། །སྒྲ་ཚིག་རྗེས་སུ་ག་ལ་འགྱུར། །ཞེས་དང་། འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་ལས་ཀྱང་། ངག་བྲག་ཆའི་རྣམ་པ་ལྟར་བརྗོད་འཛིན་མེད་པར་སོང་བ་ནི་རྩ་གནས་ཀྱི་ཡི་གེ་རླུང་གི་ཐིག་ལེར་ཚུད་པ་ལས་བྱུང་བ་སྟེ། རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲགས་པ་ལ་ཞུགས་ཏེ། རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ལ་དབང་བའོ། །ཞེས་གསུངས་པས་ཀྱང་གོ་ལ་དེས་ན་ཐེག་པ་གཞན་གྱིས་བསྐྱེད་རིམ་ལ་གོམས་ནས་འདོད་གཟུགས་ཀྱི་ལྷ་དང་རྗེས་མཐུན་པར་རགས་ལུས་དྭངས་མར་གནས་འགྱུར་ནས། ཞིང་ཁམས་རྣམ་དག་ཏུ་སོང་སྟེ་ལམ་ལྷག་མ་བགྲོད་པ་ལ་འཇའ་ལུས་ཀྱི་མིང་བཏགས་པ་དང་། རྫོགས་པ་ཆེན་པོའི་སྣང་བཞི་མཐར་སོན་པ་དགའ་རབ་རྡོ་རྗེ་ལྟ་བུའི་འཇའ་ལུས་གཉིས་གོ་འཕང་མཆོག་དམན་ཡོད་པ་མ་རྟོགས་པས་ནོངས་ཏེ། གནད་འདི་ནི་ཁོ་བོས་ཀུན་མཁྱེན་ཆེན་པོའི་མན་ངག་ལ་བརྟེན་ནས་རིག་སྟེ། འདིར་བཀོད་པ་ལ་རིག་འཛིན་གྱི་ས་ལ་བཞུགས་པའི་བླ་མ་དམ་པ་རྣམས་མཉེས་ནས་ཨེ་མ་ཧོ། ཨ་ལ་ལ་ཞེས་གསུང་པར་གདོན་མི་ཟའོ། །སེམས་བར་སྣང་གི་ན་བུན་ལྟ་བུ་ཞེས་པ་ནི། ཀློང་དྲུག་པ་ལས། རང་རིག་བསམ་ངོ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་པ་ལྟར་རང་བཞིན་རྫོགས་པ་ཆེན་པོའི་དགོངས་པ་ཐུན་མོང་མ་ཡིན་པར་སེམས་དང་རིག་པ། ཀུན་གཞི་དང་ཆོས་སྐུ་ཐ་དད་དུ་དབྱེ་བའི་ཕྱིར། རིག་པའི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཁྱད་ཆོས་དྲུག་དང་ལྡན་པའི་གཞི་དབྱིངས་ཀུན་ཏུ་བཟང་མོའི་ཀློང་ཡངས་པར་འཁྱིལ་ཞིང་སེམས་རྟོག་དཔྱོད་བྱེད་ཀྱི་འདུ་ཤེས་བར་སྣང་ལ་ན་བུན་ཡལ་བ་ལྟར་གཞི་མེད་དུ་དེང་པའི་དགོངས་པ་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས་ཀྱང་། ནམ་མཁའི་ངང་དུ་སྣོད་བཅུད་སྟོང་པ་བཞིན། །དགག་སྒྲུབ་ཆགས་སྡང་དང་པོའི་དབྱིངས་སུ་ཡལ། །འདིར་སོང་མེད་པའི་རྟོག་ཚོགས་རྗེས་མེད་དེ། །བར་མེད་རིག་པའི་ངང་དུ་ཕྱལ་ཡས་ནས། །རེ་དོགས་འཛིན་པའི་ཆོས་ལས་འདས་པ་ཡིན། །གཟུང་འཛིན་སེམས་ཀྱི་བརྟོད་ཕུར་ཐོན་པ་ཡིན། །འཁྲུལ་སྣང་འཁོར་བའི་གྲོང་ཁྱེར་སྟོངས་པ་ཡིན། །དེ་ཕྱིར་ཕྱི་རོལ་ཡུལ་སྣང་ཆོས་རྣམས་དང་། །ནང་གི་རང་སེམས་འཆར་ཚུལ་རོལ་པའི་རྩལ། །ཐམས་ཅད་ཡེ་སྟོང་ཕྱལ་བར་སུས་ཤེས་པ། །ཕྱལ་བའི་གནད་དུ་ཆོས་རྣམས་བཀྲོལ་བ་ཡིན། །ཞེས་དང་། འཛིན་པས་མ་བཅིངས་གཟུང་བའི་ཡུལ་ལས་འདས། །དམིགས་གཏད་ཆོས་མེད་ཧར་སངས་རྒྱ་ཡན་པ། །མ་ཡེངས་དྲན་པ་ཟད་པའི་དགོངས་པ་ནི། །མཁའ་ལྟར་ཕྱལ་ཡས་སྒོམ་དང་མི་སྒོམ་མེད། །འདི་ནི་ཀུན་བཟང་དགོངས་པའི་ཀློང་ཆེན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུ་མཚན་འདི་ལྟ་བུའི་རྡོ་རྗེའི་ཚིག་བཀྲོལ་ནས་གསལ་བར་བཤད་ཀྱང་ད་དུང་ཡིད་ཆེས་མི་སྐྱེ་བར་གྱུར་ན་ནི་གདོད་མའི་མགོན་པོ་མིའི་རྫུ་ལ་ཞུགས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་གྱིས་འདི་སྐད་དུ་ཨ་ལ་ལ་འདིའི་ཐེག་པ་དང་གཞན་ལ་ཁྱད་པར་གནམ་ས་བས་ཀྱང་ཆེ་སྟེ། བསྟན་ཡང་མི་རྟོགས། བཤད་ཀྱང་མི་གོ །ད་དུང་ཆོས་ཀྱི་ཁ་འཛིན་ཙམ་ལས་ངོ་སྤྲོད་སྔ་མའི་སྟེང་དུ་འཇོག་པ་རྣམས་ལ། རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་གི་ལས་འབྲེལ་མེད་པས་ཅི་བྱས་ཀྱང་སངས་རྒྱས་པ་ལ་སྔ་འདྲིས་གཅིག་གིས་ཉེ་རུ་མ་སོང་བ། ཡི་མུག་ལ་དགོད་འཆོར་བ་མཚར་ཆེའོ་ཞེས་གསུངས་པའི་དོན་ཐོག་ཏུ་ཕེབས་པ་ཉིད་དོ། །འདི་ལྟར་ཁོ་བོས་རྒྱུད་ལུང་དཔང་པོར་བཞག །ཉམས་མྱོང་དཔའ་གདེང་དུ་བསྐྱེད་ནས་རྫོགས་པ་ཆེན་པོའི་ལམ་དྲང་པོར་བཤད་ཅིང་། རིག་པ་མ་ཡིན་པ་སུན་ཕྱུང་བ་ཡང་སྡང་ཞེན་གྱི་ཕྱོགས་སུ་རྒྱུག་པ་མ་ལགས་ཏེ། མདོ་སྡེ་རྒྱན་ལས། ཆོས་བཟང་རིག་པས་རྣམ་དཔྱོད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་པ་མེད། ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོགས་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །ཞེས་གསུངས་པས་ན་དེང་སང་སྙིགས་མའི་དུས་ཐེག་པ་འདིའི་དགོངས་པ་ཀློང་དུ་གྱུར་ནས་གྲུབ་མཐའ་སློང་ཤེས་པའི་བཤེས་གཉེན་དཀོན་ཅིང་། ཀུན་མཁྱེན་ཆེན་པོ་དངོས་དང་མཚུངས་པའི་རྒྱལ་ཚབ་རྫོགས་ཆེན་སྡེ་གསུམ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་བ་མཛོད་བདུན་རྩ་འགྲེལ་དང་སྙིང་ཐིག་གི་དགོངས་གཏེར་ཆོས་སྐུའི་རིང་བསྲེལ་དུ་ལྷུན་གྱིས་གྲུབ་པའི་བསྟན་བཅོས་རྣམས་ཀྱི་གཞུང་ལ་བལྟ་བར་མི་ནུས་ཤིང་དཔྱོད་པའི་ཤེས་རབ་ཀྱིས་ཕོངས་པས། ཐེག་མཆོག་སྙིང་པོའི་ལྟ་བའི་ཉིང་ཁུ་ཡིད་དཔྱོད་ཀྱི་ལྟ་སྒོམ་དང་འདྲེས་ནས་ཆོས་སྐད་གྱ་གྱུར་སྨྲ་ཞིང་འཆལ་བར་ཤིན་ཏུ་ཕངས་ནས་ཚིག་ཉུང་དོན་གསལ་གྱི་མན་ངག་འདི་ལྟར་ཆེད་དུ་བརྗོད་པའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱང་འཕེལ་ཏེ། རྩ་ལྟུང་གི་འགྲེལ་པར། ལྟ་བ་འོག་མ་གོང་མ་ལ་གཟུད་པ་དང་འདུལ་བའི་བསམ་པས་གཞན་དུ་གྲུབ་མཐའ་དམོད་པ་ནི་ཉེས་པ་མེད་དེ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ཞེས་བཤད་ལ། དེའི་མཐུས་ཡེ་ཤེས་ཀྱི་ཚོགས་ཆེན་པོར་འཕེལ་བ་ནི་གདོན་མི་ཟ་བ་ཉིད་དོ། །དེ་ལྟར་ཡང་མན་ངག་འདི་ཉིད་ལྟ་བ་གོ་ཡུལ་རྒྱས་འདེབས་སུ་ཤོར་བའི་གང་ཟག་ལ་བསྟན་ན་བྱ་ཤོར་ཁ་ལྟ་དྲེད་པོར་འགྲོ་ཞིང་། ལས་དང་པོ་པ་རྣམས་ནི་སོ་སོའི་རྒྱུད་ཚོད་ཉམས་དང་སྦྱར་ནས་རྣམ་རྟོག་ལམ་ཁྱེར་ལ་རིམ་པས་བསླབ་དགོས་ཕྱིར། འགའ་ཞིག་སྔངས་སྐྲག་སྐྱེས་ནས་འདོར་བའི་ཉེན་ཡོད་པས་ཁྱབ་གདལ་དུ་མི་སྟོན་པའི་བཀའ་རྒྱ་སྟོབས་བཅུ་མངའ་བ་ཉིད་ཀྱིས་གདམས་ཏེ་ཡུམ་བར་མ་ལས། རབ་འབྱོར་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའོ་ཞེས་ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་དག་གི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་སྔངས་ཤིང་སྐྲག་ནས་ལོག་པར་ལྟ་བས་འདོར་དུ་འོང་བའི་ཕྱིར་རོ་ཞེས་གསུངས་ལ། དེ་བཞིན་དུ་མུ་ཅོར་སྨྲ་བའི་རྟོག་གེ་བ་དག་ལའང་མན་ངག་འདི་དག་གི་ཟུར་ཙམ་ཡང་བསྟན་པར་མི་བྱ་སྟེ། རིན་པོ་ཆེ་སྤུངས་པའི་རྒྱུད་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་ཟུར་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས། སྐྲག་པ་དང་སྔངས་པ་དང་བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ། ཡིད་ཕྱུང་ནས་སྐུར་པ་འདེབས་པས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་དེ་ཉམས་སུ་མྱོང་བར་འགྱུར་བས་ན་བསྟན་ཅིང་ཐོས་པ་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གསུང་གི་རྡོ་རྗེས་གསོལ་པ། ཀྱེ་བཅོམ་ལྡན་འདས་ཉན་ཐོས་ལ་སོགས་པ་དེ་དག་ཀུན་དེ་ལྟར་འབྱུང་བ་དེ་ཅིའི་རྒྱུ་ལགས་ཞེས་དྲིས་སོ། །བཀའ་སྩལ་པ། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་བསྐལ་པ་གྲངས་མེད་ནས་གསང་སྔགས་ཀྱི་སྣོད་དུ་མ་གྱུར་ནས་བློ་ཆུང་བའི་ཕྱིར་ཏེ། དཔེར་ན་ཁབ་ཀྱི་མིག་ཏུ་རས་ཡུག་བརྫངས་པས་ཤོང་པ་མེད་ཅིང་འགྲོ་བའི་སྐབས་མེད་པ་དང་འདྲའོ། །ཞེས་གསུངས་པའི་དོན་ཐོག་ཏུ་བབ་ཕྱིར་ཤིན་ཏུ་གསང་བར་བྱ་ལ། དེ་ལས་གཞན་དུ་ཐེག་པ་འདི་ལ་མོས་པས་ཞུགས་ཤིང་ལམ་གྱི་གནད་མ་ལོངས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཆོས་ཉིད་ཟད་པར་ཐུགས་རྒྱལ་བ་རྣམས་ཀྱིས་འདི་ལ་གཟིགས་ཤིག །གཟིགས་ནས་ཀྱང་ཆོས་ཀྱི་དབྱིངས་ཅི་ཡང་མ་ཡིན་པའི་བདེན་པ་ཆེན་པོ་དང་། རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཐུགས་རྗེ་རྨད་བྱུང་དང་། ནགས་ཁྲོད་ཀྱི་སྤྲང་པོ་ཀུ་སུ་ལུ་པ་བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུ་རྣམས་ལས། འཆིང་བ་མཐའ་དག་སྐད་ཅིག་ལ་གྲོལ་ཏེ་མྱུར་དུ་ཀུན་ཏུ་བཟང་པོའི་དགོངས་པ་བརྗོད་མི་ཤེས་པ་ལ་རེག་པར་གྱུར་ཅིག །གལ་ཏེ་སྐལ་བ་དམན་ལ་ལོག་ལྟ་ཆེ་ཞིང་རང་རྩིས་ཀྱི་དྲེགས་པས་རྒྱགས་པ་མཐའ་དག་གིས་མི་མཐོང་བར་རིག་འཛིན་བརྒྱུད་པ་དང་བཅས་པས་བྱིན་གྱིས་རློབས་ཤིག །ཨ་ལ་ལ་ཧོ། ཀློང་ཆེན་པོའི་མཁའ། སྙིང་ཆེན་པོའི་ཏིག །མིག་ཆེན་པོའི་འགྲིའུ། མཛོད་བདུན་གྱི་བཅུད་ལྟ་བུའི་ཤོག་དྲིལ་འདི་ཉིད་སྙིང་ཏིག་གཉན་པོའི་བཀའ་སྲུང་རྣམས་ལ་གཉེར་རོ། །ས་མ་ཡ། ས་མ་ཡ། ས་མ་ཡ། རྒྱ་རྒྱ་རྒྱ། ཧོ་ཧོ། སྣང་བ་ནི་གཏད་མེད་རིག་པ་ནི་ཡེ་གྲོལ། །ལྟ་སྒོམ་ནི་བྱར་མེད་ཚོགས་དྲུག་ནི་རང་ཡན། །དྲན་འཛིན་དང་གཉེན་པོར་ལྟོས་གཞག་ནི་མ་དགོས། །རྫོགས་ཆེན་གྱི་བྱ་བྲལ་ཆོས་ཟད་དུ་ཐལ་ཐལ། །ཐོས་བསམ་གྱིས་ཕོངས་པའི་བླུན་སྒོམ་གྱི་ཇོ་རྫུས། །རྒྱུད་ལུང་དང་མན་ངག་དགྲ་བོ་རུ་མ་མངོན། །ཐ་སྙད་ཀྱི་རྟོག་བཏགས་མུ་ཅོར་ལ་ཞེན་པས། །ཆོས་བརྒྱད་ཀྱི་གྲོང་དུ་མི་མགོ་ནི་མ་བསྐོར། །བྲག་ཕུག་ཏུ་སྙིང་པོའི་སྒྲུབ་པ་ལ་གཞོལ་བས། །རང་བྱུང་གི་སློབ་དཔོན་པདྨ་དང་ཡབ་ཡུམ། །ནམ་མཁའི་དང་རྣལ་འབྱོར་ཀློང་ཆེན་གྱི་བྱིན་རླབས། །སྙིང་དབུས་ཀྱི་མི་ཤིགས་ཐིག་ལེ་རུ་བབས་ནས། །འབད་རྩོལ་ལ་མ་ལྟོས་ལྷོད་གྲོལ་ལ་ལངས་སོང་། །སྣང་གྲགས་ནི་བརྡ་དང་དཔེ་ཆ་རུ་ཤར་མོད། །མགྲིན་པ་འདི་གདམས་པའི་བང་མཛོད་དུ་འདུག་གོ །གདམས་ངག་ནི་ཚིག་དང་དཔེ་ཧྲུལ་ལ་མ་ལྟོས། །ཀློང་ཆེན་གྱི་དགོངས་པའི་གསང་མཛོད་ནས་རྡོལ་བྱུང་། །གཟུང་འཛིན་གྱི་རྩ་རླུང་དབུ་མ་རུ་ཆུད་པས། །ཡེ་ཤེས་ལ་ཕོ་ཚོད་མ་དགོས་པ་ངོ་མཚར། །བྱིང་རྒོད་དང་འགྱུ་དྲན་གཏད་མེད་དུ་སངས་ནས། །རང་གྲོལ་ལ་གསལ་འགྲིབ་མེད་པ་འདི་སྐྱིད་དོ། །བསྒོམས་པའི་དང་སྡུག་བཙིར་བློས་བྱས་ཀྱིས་ཅི་བྱེད། །མི་སྒོམ་པའི་བློས་བཏང་ཐ་མལ་དང་མ་ནོར། །སྒོམ་པ་དང་མི་སྒོམ་ཞེ་འདོད་ལས་ཐར་བའི། །ད་ལྟ་ཡི་ཤེས་རིག་གདོང་གཏད་འདི་ཧོ་ཧོ། །ལོ་ཟླའི་དང་དཀའ་སྤྱད་སྡུག་བཙིར་གྱི་ཞེ་ཡུས། །མངོན་ཤེས་དང་རྫུ་འཕྲུལ་གྲུབ་རྟགས་ལས་འདས་ཀྱང་། །གཟུང་འཛིན་གྱི་རྩ་མདུད་སྙིང་ཁ་རུ་གྲོལ་བས། །རྫོགས་ཆེན་ཁོས་བསླུས་ཡོང་བསམ་པ་རང་མི་གདའ། །རྒྱ་གར་གྱི་རིག་འཛིན་པད་འབྱུང་དང་བི་མ། །བོད་ཡུལ་གྱི་བཻ་རོ་ཀློང་ཆེན་གྱི་དྲིན་ལས། །གངས་ཅན་འདིར་སྙིང་པོའི་བསྟན་པ་ནི་དར་ཟིན། །བྲག་ཕུག་ཏུ་ཆོས་ཉིད་ཟད་སར་རང་བསྐྱལ་གཏོང་། །དབང་བསྐུར་དང་བཀླགས་ལུང་བཤད་འབྱམས་ཀྱི་ཁྲིད་རྒྱུན། །འཇུག་སྒོ་ལས་བསྟན་པའི་སྙིང་པོ་ནི་མ་ཡིན། །མོས་གུས་དང་སྒྲུབ་ཚུགས་ཞེ་རུས་ཀྱི་ངང་ནས། །དོན་བརྒྱུད་དེ་སྙིང་ལ་བབ་པ་ཞིག་དགོས་སོ། །སྒྲུབ་བརྩོན་གྱི་སློབ་མ་ཀློང་གྲོལ་དང་སྐུ་གསུམ། །དག་སྣང་གི་བློ་ཅན་འོད་གསལ་དང་རིག་གྲོལ། །རྐྱེན་ངན་དང་ལྟ་སྒོམ་རྡོ་རུས་སུ་ཐུག་པས། །གྲུབ་ཐོབ་དེ་གོང་མའི་བཤུལ་ལམ་ལ་མཆོངས་ཤོག །མདོ་མེད་ཀྱི་སྤྲང་པོ་འཁོས་ཁྱེར་དང་བྲལ་ཡང་། །སྔོན་སྦྱངས་ཀྱི་ལས་འཕྲོ་ཅུང་ཟད་ཅིག་ཡོད་དྲག །ཨོ་རྒྱན་གྱི་རྒྱལ་ཚབ་དམ་པ་དང་མཇལ་ནས། །ཉམས་རྟོགས་ཀྱི་ཕ་ཕོགས་དངོས་གྲུབ་ཏུ་ཐོབ་བོ། །ཀུན་མཁྱེན་གྱི་བླ་མ་དྲི་མེད་དང་འོད་ཟེར། །ཀུན་རྟོག་གི་སྣང་ཆར་ཞལ་མཇལ་དང་དབུགས་དབྱུང་། །བརྡ་ཚིག་གིས་བྱིན་བརྒྱུད་སྙིང་དབུས་སུ་ཕབ་པས། །རྫོགས་ཆེན་གྱི་དགོངས་པ་འཁྲུལ་མེད་ཞིག་རྟོགས་སོ། །དེ་ཕྱིར་ན་འདི་རུ་ཀུན་མཁྱེན་གྱི་ཞལ་ལུང་། །ཡིད་དཔྱོད་དང་འདྲེས་པའི་རྫོགས་ཆེན་གྱི་ལྟ་བ། །ངང་པས་ནི་ཆུ་དང་འོ་མ་ལ་ཇི་བཞིན། །སོ་སོ་རུ་འབྱེད་པའི་ཕོ་ཉ་རུ་མངགས་སོ། །འདི་ཀོས་ཀྱང་སྙིང་པོའི་བསྟན་པ་ལ་ཕན་ནས། །རི་སུལ་ཀུན་འཁྲུལ་ཞིག་བྱ་བྲལ་གྱིས་ཁེངས་ཤིང་། །སྐྲ་སེན་ཙམ་སྙིགས་མའི་ལྷག་མ་རུ་བཞག་སྟེ། །དགའ་རབ་དང་འཇམ་དཔལ་བཤེས་གཉེན་ལྟར་གྱུར་ཤོག །ཅེས་པའང་དཔལ་གྱི་བསམ་ཡས་མཆིམས་ཕུའི་གནས་ཀྱི་ལྟེ་བ་འོག་མིན་བྲག །བྲེ་གུ་བརྩེགས་པའི་དགེའུ་འོག་གི་དབང་པོས་བསྲུངས་པའི་ཕྱོགས། གསང་ཆེན་མཁའ་འགྲོའི་ཚོགས་ཁང་མེ་ཏོག་ཕུག་ཏུ་བཏགས་ཤིང་ངོས་འཛིན་བགྱིས་པའི་གནས་མཆོག་ག་ལ་བར། ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ། འཁྲུལ་བའི་སྣང་ཆ་ལ་ཀུན་མཁྱེན་ངག་གི་དབང་པོའི་ཞལ་ཐེངས་གསུམ་མཇལ་ཞིང་། གསུང་གི་བདུད་རྩིས་དབུགས་དབྱུང་ནས་རྒྱུད་བྱིན་གྱིས་བརླབས་པའི་སྐལ་བཟང་དཔག་ཏུ་མེད་པའི་མཐུ་ལས། མཉམ་རྗེས་རིས་མེད་དུ་སངས་ཤིང་ཐེག་པ་འདིའི་རྒྱུད་དང་མན་ངག་བསྟན་བཅོས་རྣམས་ཀྱི་གཞུང་ལ་ཕྱི་ནང་ཞུས་དག་ཕེར་བའི་ངེས་ཤེས་གཏིང་ཚུགས་པའི་སྤོབས་པ་ཅུང་ཟད་རྙེད་པ་ལ་བརྟེན་རང་བཞིན་རྫོགས་པ་ཆེན་པོའི་དོན་རྒྱུད་ཀྱི་དགོངས་པ་ཟབ་མོ་ནུབ་པར་ཕངས་ནས། པདྨ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་ཞེས་བགྱི་བའི་ཀུ་སུ་ལུ་པས་རང་ལོ་སོ་གཉིས་པར་སླེབས་ཤིང་། ཀུན་མཁྱེན་སངས་རྒྱས་གཉིས་པ་དེ་ཉིད་ཀྱིས་ཀྱང་སྒྲུབ་གནས་འདི་ཉིད་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས་པར་བསྔགས་ནས་ཆུ་ཡོས་དགུང་ལོ་ལྔ་བཅུ་རྩ་དྲུག་བཞེས་པའི་རྒྱལ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན། སྐུ་གདུང་ཉིད་ཆོས་སྐུའི་བཞུགས་སྟངས་ཀྱི་གདུང་ཆེན་ལྔ་དང་རིང་བསྲེལ་གྱི་འབྱུང་གནས་སུ་བཞག་ནས། འཇའ་འོད་ལ་སོགས་ཏེ་ཐེག་པ་མཆོག་གི་གདོད་མའི་ས་ལ་གྲུབ་མཐའ་སྙོགས་པའི་རྟགས་མཚན་ཕུལ་དུ་ཕྱིན་པས་འགྲོ་བ་རྒྱ་མཚོ་དད་པའི་ཞིང་ས་ལ་བཀོད་དེ། དགོངས་པ་གདོད་མའི་གཞི་དབྱིངས་སུ་རེ་ཞིག་ཐིམ་ནས་བགྲང་བྱའི་ཕུང་པོ་དུས་བུག་ཡོན་ཏན་གྱི་གྲངས་སུ་བརྒལ་བའི་དུས་ཀྱི་མཆོད་པར་ཉེ་བའི་ཚེ་ཡི་གེར་བཀོད་པ་ཤིན་ཏུ་གསང་བའི་སྡེ་ཚན་ནོ།། །།