རྒྱལ་ཆེན་རྣམ་སྲས་ཀྱི་སྐོང་གསོལ་ཉུང་བསྡུས།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-031
Wylie title rgyal chen rnam sras kyi skong gsol nyung bsdus
Location 'jigs gling bka' 'bum
Volume 8, Text 31, Pages 761-762 (Folios 1a1 to 1b2)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Rgyal chen rnam sras kyi skong gsol nyung bsdus. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 761-762. New Delhi: Shechen Publications, 2025.
Genre Mending Rituals - bskang chog  ·  Protector Rituals - gsol mchod
Deity rnam thos sras
Colophon

ཅེས་པའང་སྡེ་པ་བཀའ་བློན་གྱི་དགོངས་བཞེད་ལྟར་རྒྱལ་མཁར་རྣམ་སྲས་ཀྱི་རྟེན་ལ་དམིགས་ནས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།།

ces pa'ang sde pa bka' blon gyi dgongs bzhed ltar rgyal mkhar rnam sras kyi rten la dmigs nas rdzogs chen pa rang byung rdo rjes so//

[edit]
༄༅། །རྒྱལ་ཆེན་རྣམ་སྲས་ཀྱི་སྐོང་གསོལ་ཉུང་བསྡུས་བཞུགས། རང་བཞིན་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །དབང་དང་དྲག་ཤུལ་སྤྱོད་པའི་རྣམ་འགྱུར་གྱིས། །སེམས་ཅན་དོན་ལ་དགོངས་པའི་རྣམ་ཐོས་སྲས། །ཅང་ཤེས་སྟེང་ན་འགྱིང་བ་རྣམས་ལ་བསྟོད། །བདག་པོས་བཟུང་དང་མ་གཟུང་ཇི་སྙེད་པའི། །ཉེ་བར་སྤྱོད་པའི་འདོད་ཡོན་མཁོ་དགུའི་མཛོད། །ཏིང་འཛིན་སྔགས་རྒྱའི་རྫུ་འཕྲུལ་གྱིས་སྤེལ་བའི། །ནམ་མཁའ་མཛོད་ཀྱི་འཁོར་ལོས་ཐུགས་དམ་བསྐང་། །རྟོག་པ་མེད་བཞིན་ཁམས་གསུམ་སྣོད་བཅུད་ཀྱི། །ཕུན་ཚོགས་ལོངས་སྤྱོད་ཆར་དུ་སྙིལ་བས་ཀྱང་། །ཕ་མཐར་ཐུག་མིན་ཚེ་དང་བསོད་ནམས་དཔལ། །ཆབ་སྲིད་སྙན་གྲགས་སྤེལ་བའི་གཡང་ཁུག་ཅིག །ཟ་ཐང་སྲིས་ལ་བརྐུ་བའི་ཐེའུ་རང་དང་། །འབྱུང་བའི་བཅུད་འཕྲོག་རྐང་བཞིའི་བླ་ལ་འཚེ། །འབྲུ་བཅུད་དཔལ་ལ་གཞོམ་པའི་བསེ་རག་དང་། །ཡི་དྭགས་སྨྱོ་བརྗེད་གྲིབ་གནོན་གདོན་ལས་སྲུངས། །བ་དན་གཡོ་བའི་རུ་མཚོན་གདེངས་པའི་མོད། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ཀྱི་དཔུང་། །མེ་ལྕེའི་ཟེར་གྱིས་ཕྱེ་མ་ལེབ་ལ་བཞིན། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་རྡུངས། །མདོར་ན་དུས་གསུམ་ཀུན་ཏུ་ཁྱོད་བརྟེན་ན། །གཞི་ལ་རྫོགས་ལྡན་གསར་པའི་ལྗོན་ཤིང་ཚུགས། །བྱེས་སུ་ལ་འཕྲང་ཡུལ་ངན་ཆོམ་རྐུན་སྐྱོབས། །འགྱེད་དང་དོན་གཉེར་ཀུན་ལས་རྒྱལ་ཁ་ལོངས། །བསམ་དོན་འབྲས་བུར་སྨིན་པའི་ཕྲིན་ལས་མཛོད། །ཅེས་པའང་སྡེ་པ་བཀའ་བློན་གྱི་དགོངས་བཞེད་ལྟར་རྒྱལ་མཁར་རྣམ་སྲས་ཀྱི་རྟེན་ལ་དམིགས་ནས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།