གནོད་སྦྱིན་ཙི་དམར་བའི་གསོལ་ཁ་རྒྱས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་གཏེར་བྱོན་རྩ་བའི་དོན་རྒྱ་ཆེར་བཀྲལ་བ་དབང་དྲག་དུས་ཀྱི་ཕོ་ཉ།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-030
Wylie title gnod sbyin tsi dmar ba'i gsol kha rgyas pa mnga' ris paN chen rin po che'i gter byon rtsa ba'i don rgya cher bkral ba dbang drag dus kyi pho nya
Location 'jigs gling bka' 'bum
Volume 8, Text 30, Pages 723-760 (Folios 1a1 to 19b4)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Gnod sbyin tsi dmar ba'i gsol kha rgyas pa mnga' ris paN chen rin po che'i gter byon rtsa ba'i don rgya cher bkral ba dbang drag dus kyi pho nya. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 723-760. New Delhi: Shechen Publications, 2025.
Genre Protector Rituals - gsol mchod
Deity gnod sbyin tsi'u dmar po
Colophon

།ཞེས་པའང་པུར་རྒྱལ་བོད་ཀྱི་མངའ་རིས་སུ་སྲིད་པའི་མྱུ་གུ་བསྐྱེད་བསྲིངས་པའི་རྣལ་འབྱོར་པ་པདྨ་དབང་ཆེན་གྱིས་ཆུ་ཁམས་བཱ་ལ་ཧའི་བགྲང་བྱ་གསར་དུ་ཚེས་པའི་མཉན་ཡོད་མཆོད་པའི་དུས་སྟོན་གྱི་ཐུན་མཚམས་སུ་རྟ་མཆོག་རོལ་པའི་ཕོ་བྲང་དུ་སྦྱར་བའོ།། །།དགེའོ།།

zhes pa'ang pur rgyal bod kyi mnga' ris su srid pa'i myu gu bskyed bsrings pa'i rnal 'byor pa pad+ma dbang chen gyis chu khams bA la ha'i bgrang bya gsar du tshes pa'i mnyan yod mchod pa'i dus ston gyi thun mtshams su rta mchog rol pa'i pho brang du sbyar ba'o//_//dge'o//

[edit]

༄༅། །གནོད་སྦྱིན་ཙི་དམར་བའི་གསོལ་ཁ་རྒྱས་པ་མངའ་རིས་པཎ་ཆེན་རིན་པོ་ཆེའི་གཏེར་བྱོན་རྩ་བའི་དོན་རྒྱ་ཆེར་བཀྲལ་བ་དབང་དྲག་དུས་ཀྱི་ཕོ་ཉ་བཞུགས། །

༄༅། །སྤྲོས་བྲལ་གཞི་དབྱིངས་ཀློང་ལས་སྙིང་རྗེའི་ཉམས། །གསུང་གི་དབང་ཕྱུག་རྟ་མཆོག་ཧེ་རུ་ཀར། །བཞེངས་དང་རྣམ་དབྱེར་མེད་པའི་རྡོ་རྗེ་འཛིན། །མཆོག་སྤྲུལ་མངའ་རིས་པཎ་ཆེན་གཙུག་ན་འབར། །དམ་པ་འདི་ཉིད་ཀྱིས་གཏེར་གནས་རྣམ་པ་གཉིས་ནས་སྤྱན་དྲངས་པའི་དམ་ཅན་ཆེན་པོ་གནོད་སྦྱིན་ཡང་ལེ་བེར་གྱི་གསོལ་མཆོད་དུས་ཀྱི་ཕོ་ཉ་བྱ་བར་འདོད་པས། རུང་མཐུན་གྱི་གནས་སུ། གཏོར་མཆོད། མཐུན་རྫས་སྤྱན་གཟིགས། ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་རྟེན་དགྲམ་པ་སོགས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བར་མ་ཆད་པ་དཔེའུ་རིས་ལྟར་བཤམས་ཏེ་སྔགས་དྲུག་གིས་བརླབ། རང་ཉིད་གཉེན་པོ་སྟོབས་ཀྱི་ལྷ་རྟ་མཆོག་ཧེ་རུ་ཀ་གསལ་བའི་ངང་ནས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། རང་གི་མདུན་ཐད་ངོས་ཅུང་ཟད་དམའ་བར་བཙན་ཡུལ་ཟངས་ཐང་དམར་པོ་ཟངས་བྲག་གནམ་ལ་སྙེག་པ། རྩེ་ལ་རྒོད་སྨུག་ལྡིང་བ། ལོགས་ལ་བཙན་རྐྱ་རྒྱུ་བ། སྐེད་ན་གཅན་ཟན་ངུར་བ། རྩ་བར་དུག་ཆུ་ཁོལ་བ། བྲག་རི་དམར་པོའི་ནང་དུ་ཁྲག་མཚོ་ཁོལ་ཞིང་བསེ་མཁར་སྨུག་པོ་ཟངས་ཀྱི་སྒོ་ལྕགས་ཅན་བཙན་མཁར་འཇིགས་སུ་རུང་བའི་དབུས་ན་ཏྲི་བདུན་ཡོངས་སུ་གྱུར་པ་ལས་ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཙི་དམར་་་མཆོག་སྤྲུལ་མངའ་རིས་པ་ཆེན་པོས་དྲེགས་པ་རང་རྒྱུད་པ་ཡིན་པས་བསྐྱེད་མི་དགོས་གསུངས་པ་དོན་ལ་གནས་ཀྱང་། མངོན་རྟོགས་ཡིད་ངོར་གསལ་བའི་སླད་དུ་རྒྱལ་དབང་ལྔ་པས་བཙན་མདོས་སུ་གསུངས་པ་ལ་ཚིག་ཕྲད་ཅུང་ཟད་བསྒྱུར་ཏེ་བཀོད་པ།་་་བ་སྐུ་མདོག་དམར་ལྗང་རལ་པ་དམར་པོ་མེ་འོད་འཁྲིགས་པ། སྤྱན་ནས་མེའི་སྐར་མདའ་འཁྲུགས་པ། ཞལ་ནས་ཁྲག་གི་སེར་ཆེན་འབེབས་པ། མཆེ་བ་རྣོན་པོ་གངས་རི་ལྟར་གཙིགས་པ། ལྗགས་གློག་ལྟར་འཁྱུག་པ། ཁྲོ་ཞིང་འཇིགས་ལ་རྔམས་ཤིང་གཏུམ་པ། སྐུ་ལ་དར་དམར་གྱི་བེར་ཆེན་ཟ་འོག་སྔོ་ཁྲའི་གོང་ལག་ཅན་གསོལ་བར་རིན་ཆེན་གསེར་གྱི་སྐ་རགས་བཅིངས་པ། དབུ་ལ་དར་དམར་གྱི་འགྱིང་ཐོད་ཅན། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ། ཕྱག་གཡས་བཙན་གྱི་ཞགས་པ་དམར་པོས་དགྲ་བོ་འཆིང་ཞིང་། གཡོན་བསེ་མདུང་དམར་པོ་དར་དམར་གྱི་རུ་མཚོན་ཅན་སྙིང་ལ་བསྣུན་པ། རྟ་བྲ་བོ་སྒབ་ནག །དར་གདན་དམར་པོ། སྒ་ཁྲ་བོ་དངུལ་གྱི་ཡོབ་ཐག །ཟངས་ཀྱི་ཡོབ་ཆེན། གསེར་གྱི་སྲབ། གཡུའི་མཐུར་མདའ། དར་དམར་གྱི་སྲབ་སྐྱོགས། སྦྲུལ་ནག་གིས་གོང་སྨེད་བྱས་པ་ལ་ཆིབས་ནས་སྟོང་གསུམ་བསྐོར་བ། སྐུ་ལྷ་ཞལ་གྱི་ལྷ་བཙན་སྐུ་མདོག་དཀར་སེར་ཁྲོ་གཏུམ་ཅན་སྐུ་ལ་ཟ་འོག་དམར་ཁྲའི་གོས་དང་། དར་དམར་གྱི་ཐོད་གསོལ་བ། གཡས་སུ་སྟག་དོང་དང་གཡོན་གཟིག་ཤུབས་འཕྱང་བ། ཕྱག་གཉིས་བསེ་མདའ་བསེ་གཞུ་བཀང་སྟེ་དགྲ་བོའི་སྙིང་ལ་བརྡེག་པ། སྨུག་པོ་ཤག་དོང་སྒ་སྲབ་ཅན་ལ་ཆིབས་པ། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་སྐུ་མདོག་དམར་པོ་མེ་འོད་འབར་བ་རྔམས་ཤིང་འཇིགས་པ་སྐུ་ལ་ལེབ་རྒན་གྱི་འཇོལ་བེར་དང་། དར་དམར་གྱིས་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡོན་ཟངས་ཞགས་དམར་པོས་དགྲ་བོ་བཅིངས་ཏེ། གཡས་ཀྱིས་ཤང་ལང་བརྡེག་པ། མཚའ་ལུ་རྟིང་དཀར་སྒ་སྲབ་ཅན་ལ་ཆིབས་པ། ར་ཙ་གོས་སྔོན་གྱི་ཀླུ་བཙན་སྐུ་མདོག་དམར་ནག་འཇིགས་སུ་རུང་བ། སྐུ་ལ་ཆུ་དར་སྔོན་པོའི་རལ་ག་ལ་དུག་སྦྲུལ་གྱི་སྐ་རགས་བཅིངས་པ། དར་སྔོན་གྱི་ཐོད་ཅན། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་ལྕགས་མདུང་ནག་པོ་དང་གཡོན་སྦྲུལ་གྱི་ཞགས་པ་འཕེན་པ། རྟ་སེར་པོ་སྒ་སྲབ་ཅན་ལ་ཆིབས་པ། རྡོ་རིང་དམར་པོའི་གྲིབ་བཙན་སྐུ་མདོག་དམར་པོ་འཇིགས་པའི་གཟུགས་ཅན། བེར་དམར་གྱི་སློག་པ་དང་། དར་དམར་གྱི་ཐོད་གསོལ་བ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་དང་། གཡོན་བཙན་གྱི་རྒྱུ་ཞགས་བསྣམས་པ། རྐྱང་དམར་སྦོ་དཀར་སྒ་སྲབ་ཅན་ལ་བཅིབས་པ། ཀང་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་ནག་ཤིན་ཏུ་འཇིགས་པ། སྐུ་ལ་དར་ནག་བེར་ཆེན་དང་། བདུད་དར་ནག་པོ་ཐོད་དུ་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་དར་ནག་གི་རུ་མཚོན་འཕྱར་ཞིང་། གཡོན་པ་འབྲིང་ཞགས་བླ་ལ་འདེབས་པ། རག་པ་གཞུང་ནག་སྒ་སྲབ་ཅན་ལ་བཅིབས་པ། རྩལ་ཐོག་རྒྱུག་གི་གྲིབ་བཙན་སྐུ་མདོག་ཁྲག་ལྟར་དམར་བ། སྐུ་ལ་ཟངས་ཁྲབ་དམར་པོ་དང་། དབུ་ལ་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་མེ་འོད་འཕྲོ་བ་གསོར་ཞིང་། གཡོན་ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག་པ། རྟ་མཆོག་རླུང་གི་གཤོག་པ་སྒ་སྲབ་ཅན་ལ་བཅིབས་པ། བདུན་ཀའང་རི་ཁྱི་སྤྱང་ཀི་རོལ་དུ་ཁྲིད་པ། རི་བྱ་ཕོ་རོག་སྟེང་དུ་ལྡིང་བ། བཙན་དམག་འབུམ་སྡེའི་འཁོར་གྱིས་བསྐོར་བ། རུ་འདྲེན་སྡེ་བཞིའི་ཕོ་ཉ་འགྱེད་པ། སྡེ་བརྒྱད་དྲེགས་པའི་དམག་དཔུང་འཁྲིགས་པར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས། བྱང་ཤམ་བྷ་ལ། ལི་ཡུལ་ལྕང་ར་སྨུག་པོ། བཙན་ཡུལ་ཟངས་ཐང་དམར་པོ། པེ་ཧར་དཀོར་མཛོད་གླིང་ལ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་བྱ་རྒོད་ཤ་ལ་བབས་པ་ལྟར་སྤྱན་དྲངས་པར་གྱུར། ཧཱུྃ་རྒྱལ་བ་ཀུན་གྱི་་་བཙན་རྒྱུད་སྤུ་གྲི་དམར་པོའི་ཚིག་ཡིན།་་་གསུང་མཆོག་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧྲཱིཿལས་རྔམས་པའི་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །ཀྱཻཿ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་རྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤུ་ལ་ཏྲིཿབཛྲ་ས་མ་ཡ་ཛ༔ ཞེས་པའི་བར་བརྗོད་རྗེས། སྐྱེས་བུའི་གཡས་ཀྱི་རུ་་་རུ་འདྲེན་སྡེ་བཞི་པེ་ཧར་གྱི་སྒོས་ཆོས་ཡིན་ཡང་རྗེ་བློན་འདི་གཉིས་དཔོན་འབངས་རེས་མོས་ཀྱི་རྣམ་པ་ལྟ་བུ་འབྲེལ་ཆགས་པ་ཡིན་པས་ཡིག་རྙིང་དུའང་བྲིས་འདུག་པས་འཐད་པར་སེམས་ཤིང་། མན་ངག་སྙིང་གཟེར་ནག་པོ་ནས་དཔུང་བསྐྱེད་གསུངས་པ་ལྟར་བཀོད་པ།་་་འདྲེན་པ། །དཔའ་བོ་དེ་ནི་སྟག་ཆས་བརྒྱ། །མདའ་སྒྲ་དེ་ནི་ཤ་ར་ར། །གཞུ་སྒྲ་དེ་ནི་སྒྲེངས་སེ་སྒྲེང་། །ཁ་ནས་བསྭོ་སྒྲ་དི་རི་རི། །བསྭོ་སྒྲ་གནོད་པའི་བགེགས་ལ་གཟིར། །མདའ་སྒྲ་སྡང་བའི་དགྲ་ལ་རྒྱོབ། །གཡས་ཀྱི་རུ་འདྲེན་གཤེགས་སུ་གསོལ། །སྐྱེས་བུའི་གཡོན་གྱི་རུ་འདྲེན་པ། །ཉན་ཐོས་དེ་ནི་དགྲ་བཅོམ་བརྒྱ། །ཕྱག་ན་གསེག་ཤང་སི་ལི་ལི། །ཞལ་ནས་འདོན་པ་ཤ་ར་ར། །ཀ་ལི་རྒྱབ་ན་ཁྲིགས་སེ་ཁྲིག །མདོ་འདོན་ངན་སྔགས་ཤ་ར་ར། །གསེག་ཤང་སྡང་བའི་དགྲ་ལ་རྒྱོབ། །དམོད་སྔགས་གནོད་པའི་བགེགས་ལ་གཟིར། །གཡོན་གྱི་རུ་འདྲེན་གཤེགས་སུ་གསོལ། །སྐྱེས་བུའི་སྔོན་གྱི་ཤུལ་མཚོན་པ། །བུད་མེད་དེ་ནི་ནག་མོ་བརྒྱ། །དར་ནག་གཡབ་མོ་ལིངས་སེ་ལིང་། །ཁ་ནས་དམོད་ངན་ཤ་ར་ར། །དམོད་ངན་སྡང་བའི་དགྲ་ལ་བཤོར། །གཡབ་མོ་གནོད་པའི་བགེགས་ལ་རྒྱོབ། །སྔོན་གྱི་ཤུལ་མཚོན་གཤེགས་སུ་གསོལ། །སྐྱེས་བུའི་སླད་ཀྱི་རྗེས་འབྲེང་བ། །བནྡེ་དེ་ནི་སྔགས་ནག་བརྒྱ། །སྔགས་ནག་ཕུར་པ་ཧྲི་ལི་ལི། །རཀྴའི་ཕྲེང་བ་ན་ར་ར། །ཁ་ནས་དྲག་སྔགས་ཤ་ར་ར། །དྲག་སྔགས་གནོད་པའི་བགེགས་ལ་གཟིར། །ཕུར་ནག་སྡང་བའི་དགྲ་ལ་རྒྱོབ། །སླད་ཀྱི་རྗེས་འབྲང་གཤེགས་སུ་གསོལ། །སྐྱེས་བུའི་སྐུ་ཡི་སྐྱོ་བསངས་པ། །ན་ཆུང་དེ་ནི་མཛེས་མ་བརྒྱ། །ཁ་ནས་གླུ་ལེན་ཀྱུ་རུ་རུ། །དངུལ་དཀར་མེ་ལོང་ཏ་ལ་ལ། །གསེར་ཁྲི་རྒྱུ་མ་ཕྱོད་དེ་ཕྱོད། །གར་འབག་སུམ་བརྒྱའི་ཚོགས་དང་བཅས། །ཅང་ཏེའུ་དེ་ནི་ཁྲ་ལ་ལ། །གསེར་གྱི་གདུ་བུ་སི་ལི་ལི། །སྐུ་ཡི་སྐྱོ་གྲོགས་གཤེགས་སུ་གསོལ། །ཕྱི་བློན་ནང་བློན་གཤེགས་སུ་གསོལ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ས་མ་ཡ་ཛཿ བྷྱོཿབཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱེ་སྐྱེས་བུ་རོལ་པ་མཆེད་བདུན་ནི༔ ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པ༔ དམ་ཚིག་གཉེར་གཏད་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་ཆབ་དང༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རཱུ་པ། དྷཱུཔཱེུ། པུཥྤེ། ཨཱ་ལོ་ཀེ། གྷནྡེ། ནཻ་ཝིདྱ། ཤབྡ་པུཙྪ་ཧོཿ ཀྱེ་སྐྱེས་བུ་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང༔ བཙན་འཁོར་འབར་བའི་ཐུགས་དམ་བསྐང༔ སྡེ་བརྒྱད་སྡོང་ཟླའི་ཐུགས་དམ་བསྐང༔ དཀོར་སྲུང་དམ་ཅན་ཐུགས་དམ་བསྐང༔ ལས་བྱེད་ཕོ་ཉའི་ཐུགས་དམ་བསྐང༔ ཧཱུྃ། བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང༔ དྲེགས་པས་མདའ་འཕེན་བྲེངས་སེ་བྲེང༔ ལས་བྱེད་བཤན་པ་རོལ་ལོ་ལོ༔ བཤུགས་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེ་བཙན་རྗེ་རིགས་དང༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་ལ༔ སྐུ་ལ་བསྡོ་བའི་རིགས་བརྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆོམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་དབྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་བསྐྱེད༔ ཡལ་ཡོལ་བྲི་ཀོལ་མ་མཛད་ཅིག༔ ངོ་སྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ ཞེས་བརྗོད། དེ་ནས་ཁྱད་པར་གྱི་སྐོང་བ་ནི། ༈ ཧྲཱིཿ དབང་་་རྒྱུད་དང་བསྟུན་པའི་ཁྱད་པར་གྱི་སྐོང་བ་གསར་སྤྲོས།་་་དྲག་པདྨའི་བཀའ་སྡོད་དྲེགས་པའི་རྗེ། །མྱུར་མགྱོགས་ཤུགས་ལྡན་རོལ་པ་རྐྱ་བདུན་ཚོགས། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་མཚོ་ལྟར་བསྐྱིལ། །དཔའ་བོ་གཡུལ་དུ་བསད་པའི་སྙིང་ཁྲག་རྒྱུན། །མྱོས་ལྡན་ཆང་གིས་བྲན་པའི་བཏུང་བ་དང་། །དབང་ལྔའི་མེ་ཏོག་ཤ་གསུར་དུད་སྤྲིན་འཐུལ། །དགྲ་ཚིལ་དྲོན་མོར་བཞུས་པའི་སྣང་བྱེད་བཀྲ། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་བརྗིད། །སྣ་ཚོགས་རོལ་མོའི་བྱེ་བྲག་འབྱམ་ཀླས་ཤིང་། །མྱོས་བྱེད་ཁྲག་མཚོས་སྦྲུས་པའི་བཤོས་བུ་ཆེ། །བཙན་མཁར་འབར་བའི་དབྱིབས་ཅན་མཁའ་ལ་སྙོགས། །གྲོ་དམར་བྷེ་ཏའི་ཤ་ཁྲག་སྙིང་གིས་བརྒྱན། །ཕོ་བྲང་དོག་པོར་བྱེད་པའི་མཆོད་རྫས་དང་། །ནམ་མཁའི་གཟའ་སྐར་ལ་ཡང་ཅོ་འདྲི་ལྟའི། །ཤ་རུ་ཟངས་ཡག་མཚལ་གྱིས་བྱུགས་པའི་དབྱིབས། །སྲིན་ཕྱོགས་མཁར་གྱི་རྩེ་ལྟར་བསྒྲེངས་པ་སོགས། །དམ་ཅན་སྤྲིན་ལྟར་འདུ་བ་ཕྱི་ཡི་རྟེན། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །གནོད་སྦྱིན་ཙིའུ་དམར་པོའི་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐྱ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །སྤྲུལ་འཁོར་རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྤྱང་འབག་སེང་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །མཚམས་སྤྲིན་ཞུན་མའི་མདངས་ཀྱི་དར་ཟབ་ལ། །ཧ་རི་ཙན་དན་དྲི་ཡིས་ཆུས་བསྐུས་ཏེ། །སྐྱེས་དར་གྲི་རུ་བཀུམས་པའི་སྙིང་ཁྲག་གིས། །བླ་རྟེན་སྲོག་གི་འཁོར་ལོའི་ཕྱག་རྒྱ་བཅོས། །ཕ་ཝང་ལོང་བུ་ཏྲི་ཡིག་སྙིང་པོ་ཅན། །སྦ་ལྕགས་ཚིགས་པ་བདུན་ནམ་གསུམ་པའི་ནང་། །བལྟམས་པ་དར་སྣའི་ཅོད་པན་འཕུར་ལྡིང་ཅན། །ཏིང་འཛིན་རྡོ་རྗེའི་གར་གྱིས་བྱིན་བརླབས་ཏེ། །ལུས་དང་གྲིབ་བཞིན་མི་འབྲལ་བཅངས་པ་སོགས། །དམ་ཅན་ཁྱི་ལྟར་འབྲེང་བ་ནང་གི་རྟེན། །དངོས་འབྱོར་ཡིད་ཀྱིས་སྤུལ་ཏེ་ཕུལ་བ་ཡིས། །གནོད་སྦྱིན་ཙིའུ་དམར་པོའི་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐྱ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །སྤྲུལ་འཁོར་རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྤྱང་འབག་སེང་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །རྣལ་འབྱོར་གར་བཞུགས་རྡོ་རྗེའི་ཕོ་བྲང་ཆེ། །དེ་ཡི་ནུབ་ཕྱོགས་ཐ་གྲུ་ཡངས་པའི་གཞིར། །ཁྱོད་ཀྱི་ཡིད་གཟུགས་ཆགས་པའི་རྟེན་མཁར་ས། །གཤིན་རྗེར་ཕྱོགས་པའི་ཀླུ་ཡི་མིག་ཆུས་སྦྲུས། །རིན་ཆེན་ལྔ་དང་སྨན་སྤོས་ཕབས་ཀྱིས་བྲན། །བརྫིས་ཤིང་འཐམས་པའི་སྐུ་མཁར་དམར་པོའི་སྲོག །དྲག་པོའི་ཤིང་ལ་བརྟེན་པའི་རྩེ་མོ་རུ། །རུ་མཚོན་དམར་པོ་འཇིགས་རུང་གཡོ་བའི་ཉམས། །མཚན་ཉིད་ལྡན་པའི་སྲོག་གི་ཙཀྲའི་བཅུད། །ནམ་མཁའ་ཆག་དང་ས་གཞི་རལ་པའི་དུམ། །ལྷ་འདྲེའི་བླ་རྡོ་གྲུ་བཞི་ཏྲི་ཡིག་ཅན། །དར་སྣས་དྲིལ་བ་མཁར་གྱི་སྙིང་པོར་བྱས། །ཏིང་འཛིན་རྡོ་རྗེའི་གར་གྱིས་བྱིན་རླབས་པས། །དམ་ཅན་ཕྲུ་ལྟར་ཆགས་པ་གསང་བའི་རྟེན། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །གནོད་སྦྱིན་ཙིའུ་དམར་པོའི་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐྱ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་།སྤྲུལ་འཁོར་རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྤྱང་འབག་སེང་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །ཤིན་ཏུ་གསང་བ་དགྲ་བོའི་སྲོག་གི་གཤེད། །མདུང་ཞགས་དམར་པོ་གཡུལ་ལས་རྣམ་རྒྱལ་རྟེན། །སེ་བའི་གནམ་རུ་སྐྱེར་པའི་ཉག་ཕྲན་མདའ། །དུག་ཁྲག་ངར་མས་སྦགས་པའི་ཐུན་རྫས་དང་། །མདའ་མོ་ལྟོང་དམར་བྱ་རྒོད་སྒྲོ་ལྡན་ལ། །གྲོ་དམར་གཡང་མོ་ལུག་གི་སུག་བྲང་གདགས། །ལེ་བརྒན་དར་གྱི་ཅོད་པན་པུ་རུ་རུ། །ཟ་འོག་དམར་ཁྲའི་ཁུག་མར་གསེར་གཡུ་དང་། །རིན་ཆེན་འབྲུ་སྨན་རྒྱ་སྤོས་ཡུངས་ཀར་བླུགས། །སྟག་གཟིག་རས་མའི་འཕྱང་འཕྲུལ་གཡོ་བ་དང་། །མི་རྟ་གྲི་རུ་ཤི་བའི་སྙིང་ཁྲག་གིས། །འབོད་རྦད་བསད་པའི་ལིང་ག་གཏའ་རུ་གཟུགས། །ཉི་མ་དམར་ཐག་ཆོད་པའི་དུས་གཉན་ལ། །ཇག་པ་རྟ་རྒྱུག་རྦད་པའི་མཐུན་རྫས་རྣམས། །དྲག་པོའི་ཕྲིན་ལས་དུས་ལ་བབས་པའི་ཚེ། །ངན་སྔགས་ཅོག་བརྡུངས་ནག་པོའི་རྟེན་དུ་འཛུགས། །གནོད་སྦྱིན་ཙིའུ་དམར་པོའི་ཐུགས་དམ་བསྐང་། །བཙན་རྒོད་རོལ་པ་རྐྱ་བདུན་ཐུགས་དམ་བསྐང་། །ཐུགས་ཀྱི་དགྱེས་སྡེ་བཙུན་མོའི་ཐུགས་དམ་བསྐང་། །བཀའ་བློན་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །སྤྲུལ་འཁོར་རུ་འདྲེན་སྡེ་བཞིའི་ཐུགས་དམ་བསྐང་། །ལས་མཁན་ཁྱི་སྤྱང་འབག་སེང་ཐུགས་དམ་བསྐང་། །ཐུགས་དམ་བསྐངས་ལ་ལས་བཞིའི་དངོས་གྲུབ་སྩོལ། །དེ་ནས་མངའ་གསོལ་ནི། ཧྲཱིཿ གཞི་་་གནས་དུས་དང་བསྟུན་པའི་མངའ་གསོལ།་་་གྲོལ་ཀ་དག་དྲི་མེད་སིནྡྷུའི་མཚོར། །ལྷུན་གྲུབ་འདབ་སྟོང་བཀྲ་བའི་ཆུ་སྐྱེས་སྦུབས། །སྐུ་ལྔ་ཡེ་ཤེས་དགྱེས་པའི་རྣམ་རོལ་ཅན། །ཐོད་ཕྲེང་རིགས་ལྔའི་བརྗོད་དོན་ལྕི་བར་མཛོད། །མ་བཅོས་འོད་གསལ་རིག་སྟོང་གཉུག་མའི་གཤིས། །ལྟ་སྒོམ་བྱ་རྩོལ་ཞིག་པ་གདོད་མའི་ངང་། །ཕན་གནོད་ལྷ་འདྲེའི་ཀུན་རྟོག་རྣམ་དག་ཀྱང་། །རོལ་རྩལ་ཐུགས་རྗེའི་རྣམ་རོལ་ཅིར་ཡང་སྟོན། །སྣང་ཆར་འཛིན་པའི་རྟེན་འབྲེལ་ཤར་བ་ལས། །འཁོར་འདས་བར་ལག་བྲལ་བ་སྲིད་པའི་མཚོ། །བྱང་ཕྱོགས་ལི་ཡུལ་ལྕང་ར་སྨུག་པོ་རུ། །ལི་རྗེ་ཨུཏྤལ་སྲས་མཆོག་འཕྱོར་བར་གྲགས། །དེ་ཚེ་བག་ཆགས་དཀར་པོའི་དྲོད་གཤེར་གྱིས། །དད་པའི་མྱུ་གུ་ཆོས་སུ་སྨིན་པ་ལས། །ནགས་ཚལ་དབེན་པར་སྐྱོ་བའི་འདུ་ཤེས་ཀྱིས། །བག་ཡོད་དཀའ་ཐུབ་བསྟེན་ཏེ་གནས་པ་ན། །རྒྱལ་པོའི་བུ་མོ་ལྷ་ལྕམ་བདེ་འབྱིན་མ། །རྫིང་བུར་ཁྲུས་ལ་རྩེ་བ་སྦྲུལ་གྱིས་བདས། །དེ་ཉིད་སྲོག་ལ་བསྐྱབས་ཤིང་ཕན་བཏགས་པས། །བློན་པོའི་ཁ་ན་མ་ཐོ་རྗེ་ལ་བསྒྲགས། །མ་བརྟགས་ཕྲ་མར་ཉན་པའི་བཙན་པོ་དེས། །ལི་སྲས་དགེ་སློང་བཀུམ་དུ་ཕྱོགས་པ་ལས། །ལྷ་ལྕམ་ལོ་རྒྱུས་བསྙད་ཀྱང་མ་ལྡོག་པས། །ངན་པའི་སྨོན་ལམ་བཏབ་སྟེ་གཡང་ལ་ལྕེབས། །དགེ་སློང་སྲོག་གི་འཇིགས་པས་ཉེར་སྐྲག་སྟེ། །ཁ་བ་ཅན་གྱི་རི་ལ་བསྐུངས་ནས་བྲོས། །དྲིན་ལན་ལོག་པ་བསླན་ལ་བློ་ལོག་པས། །ཡུལ་དེའི་ཕོ་རིགས་བསད་ཅིང་མོ་རིགས་སྤྱད། །ནམ་ཞིག་རྒྱལ་པོ་དྷརྨ་ཤྲཱི་ཡི། །གྱད་དམག་བསྐུལ་ཏེ་ལི་སྲས་ལྔ་པར་བཏང་། །དེ་ཚེ་ལོག་སྨོན་དྲག་པོས་མཚམས་སྦྱར་ཏེ། །དམུ་བཙན་གཉིས་མེད་བཤོས་པའི་བུམ་དུ་ཆགས། །ནམ་ཞིག་སྨོན་ལམ་དུས་སུ་སྨིན་པའི་ཚེ། །ལྷུམས་ནས་ཁྲག་གི་སྒོ་ང་དམར་པོ་སྐྱེས། །སྒོ་ང་ཆག་པའི་ནང་ནས་གདུག་པའི་བཙན། །གནོད་སྦྱིན་རྒྱལ་པོ་ཙིའུ་དམར་པོ་བྱུང་། །ཆགས་སྡང་གདུགས་སེམས་ཆེ་བའི་རྟེན་འབྲེལ་གྱིས། །རང་གི་ལུས་ལས་གདུག་པའི་བཙན་དྲུག་བྱུང་། །ཀུན་ཀྱང་གྲི་ཐང་དམར་པོར་གནས་བཅས་ནས། །སྲིད་གསུམ་ཕུང་བར་བྱེད་པའི་གཤེད་དུ་ཆེ། །དེ་ཚེ་དབང་དྲག་གདོད་མའི་ཧེ་རུ་ཀས། །རང་སྣང་རིག་པ་དོན་གྱི་འོག་མིན་དུ། །ཆགས་སྡང་རང་གར་ཤོར་བའི་བཙན་རྒོད་བདུན། །དམ་ལ་བཏགས་ཏེ་བསྟན་པའི་སྲུང་མར་བསྐོས། །དང་པོ་འདུལ་ཁྲིམས་བསྲུངས་པའི་དགེ་སློང་ཆེ། །བར་དུ་ཚངས་སྤྱོད་ཉམས་པའི་གདུག་པ་ཅན། །ཐ་མ་སྲིད་གསུམ་ཕུང་བ་སྲོག་གི་གཤེད། །ད་ལྟ་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །ཁྱོད་ནི་སྔོན་གྱི་ལས་དང་བག་ཆགས་མཐུས། །རྒྱལ་རིགས་བསྟན་བཤིག་ཡོངས་ཀྱི་བདུད་དུ་ཆེ། །རྣལ་འབྱོར་ཡོངས་ཀྱི་མགོན་སྐྱབས་དགྲ་ལྷར་ཆེ། །དེ་ཕྱིར་དབུ་འཕང་གཉེན་པོ་བསྟོད་པར་བགྱི། །རྟོགས་ན་གདོད་མའི་མགོན་དང་རོ་གཅིག་ཀྱང་། །མ་རྟོགས་སྣང་ངོར་རང་རྒྱུད་དྲེགས་པའི་ཚུལ། །ང་བདག་གཟུང་འཛིན་བྲལ་བའི་དབྱིངས་ཆེན་པོར། །ལས་རླུང་རྣམ་རྟོག་འཇོམས་པར་མངའ་གསོལ་ལོ། །རྨད་བྱུང་ལུང་རྟོགས་མཁྱེན་བརྩེ་ནུས་པའི་མཐུས། །ཐར་མེད་སྲིད་མཚོར་དུབ་པའི་འགྲོ་བ་རྣམས། །རྣམ་མཁྱེན་རིན་ཆེན་གླིང་དུ་ཁྲིད་ནུས་པའི། །དེད་དཔོན་ཐམས་ཅད་མཁྱེན་པར་མངའ་གསོལ་ལོ། །ཀུན་བརྟགས་སྣང་བའི་གྲོང་ཁྱེར་ཆེན་པོ་བཞིར། །དག་པ་ཡེ་ཤེས་རྩལ་གྱིས་དབང་བསྒྱུར་ནས། །གདོད་མའི་རྒྱལ་ཐབས་སྦྱིན་པའི་ཆོ་ག་མཁན། །རྩིབས་སྟོང་ལྡན་པའི་འཁོར་ལོར་མངའ་གསོལ་ལོ། །འབད་རྩོལ་རྒྱུ་འབྲས་ཆོས་ལ་ལྟོས་མིན་པར། །མ་བཅོས་ལྷུག་པར་བཞག་པའི་ཐུགས་རྗེས་རྒྱུན། །དགོས་འདོད་ཆར་དུ་འབེབས་པའི་དཔལ་ཡོན་ཅན། །ཡིད་བཞིན་ནོར་བུ་མཆོག་ཏུ་མངའ་གསོལ་ལོ། །སྟོང་ཉིད་ལང་ཚོ་བདོ་བའི་བཞིན་བཟང་མ། །མཐོང་བས་སྲིད་པའི་རྣམ་རྟོག་འཇོམས་ནུས་ཤིང་། །བདེ་སྟོང་ཡེ་ཤེས་སྟེར་བའི་མཛའ་ན་མོ། །ཉམས་རྟོགས་སྦར་བའི་བཙུན་མོར་མངའ་གསོལ་ལོ། །ཤེས་བྱར་སྲིད་ཚད་མཁྱེན་པའི་བློ་གྲོས་ཀྱིས། །གཞུང་ལུགས་ཉེ་འཁོན་མེད་པར་སྐྱོང་མཁས་ཤིང་། །ཕྱི་ནང་གྲུབ་མཐའ་འབྱེད་པའི་ནོར་ཉམས་ཅན། །ཤེས་རབ་གསུམ་གྱི་བློན་པོར་མངའ་གསོལ་ལོ། །ཉལ་ཚེ་སྡེ་སྣོད་བསླབས་པས་ཤིན་ཏུ་དུལ། །ལྡངས་ཚེ་རྒྱུད་སྡེ་རྒྱ་མཚོ་ཐེག་པ་ཆེ། །འཁོར་བའི་གཡུལ་ངོར་ཕྱོགས་ལས་རྣམ་རྒྱལ་གྱི། །བརྟུལ་ཞུགས་སྤྱོད་པའི་གླང་པོར་མངའ་གསོལ་ལོ། །རྫུ་འཕྲུལ་རྐང་བཞིས་བཏེགས་པའི་ལང་ཚོས་མཛེས། །དབང་པོ་ལྔ་དང་སྟོབས་ལྔའི་བང་འགྲོས་མགྱོགས། །ས་བཅུ་ཅིག་ཆར་བགྲོད་པའི་རླུང་གཤོག་ཅན། །རྟ་མཆོག་རིན་ཆེན་མཆོག་ཏུ་མངའ་གསོལ་ལོ། །རྟག་ཆད་ཕྱོགས་སུ་མ་ལྷུང་མངོན་སུམ་གནད། །འོད་གསལ་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་ལ། །སྣ་ཚོགས་གཡོ་སྒྱུས་རྒོལ་བའི་ལོག་རྟོག་བདུད། །འཇོམས་པའི་དམག་དཔོན་ཆེན་པོར་མངའ་གསོལ་ལོ། །རྒྱལ་སྲིད་རིན་ཆེན་བདུན་གྱི་མཐུ་ཆེན་པོས། །ཁ་ན་མ་ཐོར་གཡེང་བའི་རྒྱལ་ཕྲན་རྣམས། །རང་དབང་༥བརྟན་པ་འཕྲོག་སྟེ་སྤ་བཀོང་བའི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་མངའ་གསོལ་ལོ། །སྙིགས་མའི་རང་སྟོབས་བདོ་བའི་མུན་གླིང་དུ། །སྡུག་བསྔལ་གསུམ་གྱི་ཁུར་པོས་ཉམ་ཐག་ཚེ། །བདེ་སྐྱིད་རྫོགས་ལྡན་གསར་པའི་ཁྲི་གདུགས་ཅན། །མགྲོན་དུ་འབོད་པའི་ཕོ་ཉར་མངའ་གསོལ་ལོ། །རིགས་གསུམ་སྒྱུ་འཕྲུལ་མེས་དབོན་རྣམ་གསུམ་གྱི། །ཆོས་སྲིད་ཁྲིམས་ཀྱི་ཉི་མ་ཆུ་ལྷར་ཕྱོགས། །སྣོད་བཅུད་ཀུན་གྱི་བཀྲག་མདངས་ཉམས་པའི་ཚེ། །མང་པོས་བཀུར་བའི་རྗེ་བོར་མངའ་གསོལ་ལོ། །སྲིད་པའི་ཕུན་ཚོགས་དྲི་ཟའི་གྲོང་ཁྱེར་ལ། །བདེན་ཞེན་ཨ་འཐས་ཆགས་སྡང་རྨོངས་པའི་མདས། །དགེ་བཅུའི་སྙིང་ག་འབུགས་པའི་སེམས་ཅན་གྱི། །སྣང་བ་དགེ་ལ་བསྒྱུར་བར་མངའ་གསོལ་ལོ། །སྟོབས་འབྱོར་དྲེགས་པའི་མ་དཱ་ནས་མྱོས་ཏེ། །བག་ཡོད་དྲན་པ་ཉམས་པའི་སྡེ་དཔོན་རྣམས། །ངན་སོང་སྡུག་བསྔལ་དྲན་ཏེ་སྤ་བཀོང་བའི། །དགེ་བཅུའི་ཁྲིམས་ཀྱི་བདག་པོར་མངའ་གསོལ་ལོ། །ཐ་སྙད་རྟོགས་པའི་དྲྭ་བར་གནས་བཅས་ཏེ། །རྟག་ཆད་གྲུབ་མཐའི་རྒྱངས་གླུ་ལེན་བཞིན་དུ། །རྣམ་དག་རྒྱུད་ལུང་མན་ངག་ཁྱད་གསོད་པའི། །འགོང་པོའི་ཀླད་ཁྲག་འགེམས་པར་མངའ་གསོལ་ལོ། །འདོད་ལྷ་བཤད་སྒྲུབ་བསྟན་པའི་གྲར་མཆིས་ནས། །ཕྱོགས་ཆའི་སྡེ་རིས་འབྱེད་དང་ཆབ་གཅིག་པར། །བསྟན་སེལ་སྡེ་འཁྲུག་སློང་བའི་རྔ་བོང་མགོ། །སྐྲོད་པའི་གིང་ཆེན་སྡེ་བཞིར་མངའ་གསོལ་ལོ། །ཆེ་དགུ་དུ་མའི་སྙིང་ལ་གནས་བཅས་ནས། །མཛད་སྤྱོད་ལོག་པར་བསྒྱུར་དང་ཆབ་གཅིག་པར། །ནད་མཚོན་མུ་གེའི་སྣ་འདྲེན་བྱེད་པ་ཡི། །རྒྱལ་འགོང་འཇོམས་པའི་གཤེད་པོར་མངའ་གསོལ་ལོ། །རྣམ་དག་སྨོན་པའི་རི་མོ་བྲིས་མིན་པར། །ལོག་སྤྱོད་བསོད་ནམས་དཔུང་པའི་ཤེ་མོང་གིས། །བོད་ཀྱི་མངའ་རིས་འཕྲོག་པའི་དམ་སྲིའི་དཔུང་། །གསོན་སྙིང་དམར་པོར་འདོན་པར་མངའ་གསོལ་ལོ། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོ་རུ། །བཀའ་བསྒོས་དམ་ལ་བཞག་པའི་སྲུང་མ་རྣམས། །ཁྱད་གསོད་གློ་བུར་ལྷག་པའི་འདྲེ་རྒོད་དཔུང་། །བརླག་པའི་དྲང་སྲོང་ཁྲོ་བོར་མངའ་གསོལ་ལོ། །དབེན་པར་ཆོས་བཞིན་སྤྱད་ཀྱང་མི་བཟོད་པར། །དུག་ལྔའི་འཐོར་རླུང་དྲག་པོས་རྒྱུད་དཀྲུག་ཅིང་། །ཡོན་སྦྱོར་སློབ་མར་བཅས་ལ་གཤེ་བ་ཡི། །དམ་ལོག་སྲོག་གི་གཤེད་མར་མངའ་གསོལ་ལོ། །ཕྲག་དོག་རླུང་དམར་འཚུབས་པའི་བན་སྔགས་ཀྱིས། །མཐུ་བྱེད་མེ་དཔུང་སྦར་བའི་རྣོ་དབལ་མཚོན། །དྲང་སྲོང་དམོད་པའི་གནམ་ལྕགས་ཐོག་མདའ་ཡིས། །རང་གཤེད་རང་ལ་དབབ་པར་མངའ་གསོལ་ལོ། །འབྲོག་དགོན་བས་མཐར་སྐྱོ་བའི་ཡིད་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་སྒོམ་པའི་རྣལ་འབྱོར་ལ། །རྐུ་འཕྲོག་ཇག་ཆོམས་བྱེད་པའི་ལོག་འདྲེན་གྱི། །མིག་འབྲས་ཐང་ལ་འབྱིན་པར་མངའ་གསོལ་ལོ། །མདོར་ན་བརྟན་གཡོ་སྲིད་ཞིའི་དཔལ་འབྱོར་དང་། །མཐུ་སྟོབས་ནུས་རྩལ་བཀྲག་མདངས་གཟི་བྱིན་ཀུན། །ཏིང་འཛིན་དགོངས་རྒྱུད་དག་པས་ཡོངས་བསྡུས་ཏེ། །དགྲ་ལྷའི་སྲོག་གི་ཐིག་ལེར་མངའ་གསོལ་ལོ། །མངའ་གསོལ་བྱས་སོ་བརྟེན་ན་རྒྱང་མ་རིང་། །མངའ་གསོལ་བྱས་སོ་བོས་ན་སྙན་མ་སྲ། །མངའ་གསོལ་བྱས་སོ་བསྐུལ་ན་སྒབ་མ་ལྗི། །མངའ་གསོལ་བྱས་སོ་རྦད་ན་མཐུ་མ་ཆུང་། །བླ་མ་ལྟར་དུ་མངའ་གསོལ་བྱིན་གྱིས་རློབས། །ཡི་དམ་ལྟར་དུ་མངའ་གསོལ་དངོས་གྲུབ་སྩོལ། །མཁའ་འགྲོ་ལྟར་དུ་མངའ་གསོལ་ཕྲིན་ལས་སྒྲུབས། །ཆོས་སྐྱོང་ལྟར་དུ་མངའ་གསོལ་མེལ་ཚེ་གྱིས། །ཡབ་གཅིག་ཕ་ལྟར་མངའ་གསོལ་རྒྱུད་མ་ཞན། །དྲིན་ཅན་མ་ལྟར་མངའ་གསོལ་རིགས་མ་ངན། །འཕྲོད་པའི་སྤུན་ལྟར་མངའ་གསོལ་སྙིང་མ་རིང་། །མཛའ་བའི་གྲོགས་ལྟར་མངའ་གསོལ་གཞུང་མ་ངན། །གཅུགས་པའི་སྲིང་ལྟར་མངའ་གསོལ་དུངས་མ་ཆུང་། །ཉན་པའི་གཡོག་ལྟར་མངའ་གསོལ་སྒབ་མ་ངན། །དབུ་འཕང་རི་རྒྱལ་ལྷུན་པོ་ལྟ་བུར་བསྟོད། །གཟི་བྱིན་ཉི་ཟླའི་དཔལ་ལས་ཆེ་བར་མཛོད། །ལས་སྒྲུབ་དམིགས་བསལ་གྱི་ཚེ་དང་སྒྲུབ་པའི་སྐབས་དཔུང་བསྐྱེད་པར་འདོད་ན། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྣང་སྲིད་ཀྱི་དྲེགས་པ་ཆེ་དགུ་ཐམས་ཅད་ཀྱི་མཐུ་སྟོབས་དང་གཟི་བྱིན་བསྡུས་ནས་གནོད་སྦྱིན་འཁོར་བཅས་ལ་བསྟིམས་པས་མཐུ་རྩལ་གཟི་བྱིན་བསམ་གྱིས་མི་ཁྱབ་པར་བསམས་ལ། སྙིང་གཟེར་ནག་པོ་ལས་བྱུང་བའི་མན་ངག །ཧཱུྃ་ཧཱུྃ་ཧཱུྃ། ཨ་ཨ་ཨཿ ཕཊ་ཕཊ་ཕཊ༔ ཨོཾ་རཀྴ་རཀྴ་སྙིང་ལ་ཧཱུྃ་ཧཱུྃ༔ ཤུ་ལ་གྷྲྀ་ཝ་ཏྲི་ཤུ་ལ་ཧྲིཾ་ཧྲིཾ་ཛ་ཛཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏི་སྟྭམ་བྷ་ཡ་རཀྴ༔ ཀ་པ་ཡ་ཏྲི་པ་ལ༔ ཞེས་བཟླའོ། །དེ་ནས་ཟས་སྒྲུབ་དང་། ལས་དམིགས་བསལ་གྱི་ཚེ་ཇག་པ་རྟ་རྒྱུག་གི་བསྐུལ་བྱ་བ་ན། དམར་གཏོར་ཤ་ཁྲག་གིས་བརྒྱན་པར་བསོད་ནམས་ཟ་ཐང་འགུགས་དང་བླ་ཚེ་སྲོག་དབུགས་འགུགས་པ་སོགས་དབང་དྲག་གི་དམིགས་པའི་རྣམ་དབྱེ་ཕྱེད་པར་བྱས་ལ། དེ་དང་དེའི་རང་བཞིན་དུ་བསྒྱུར་ལ་བསྔོ། ཁྲག་ཆང་གི་སྐྱེམས་དང་ཤ་གསུར་གྱི་དུད་པ་འཐུལ་ཞིང་རོལ་མོའི་ཚམ་རྔམས་དང་བཅས། བྷྱོཿ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ ཟངས་བྲག་གནམ་དུ་ཟིངས་སེ་ཟིང༔ རྩེ་ལ་རྒོད་སྨུག་ལིངས་སེ་ལིང༔ ལོགས་ལ་བཙན་རྐྱ་ཤ་ར་ར༔ སྐེད་ན་གཅན་ཟན་ངུ་ཞིང་ཟུག༔ རྩ་བར་དུག་ཆུ་ཟུ་ལུ་ལུ༔ ཟངས་བྲག་དམར་པོའི་ནང་ཤེད་ན༔ ཁྲག་མཚོ་ཁོལ་མ་མེ་རེ་རེ༔ བསེ་མཁར་སྨུག་པོ་ལྡེམས་སེ་ལྡེམ། ཟངས་ཀྱི་སྒོ་ལྕགས་ཁྲིགས་སེ་ཁྲིག༔ འཇིགས་པའི་བཙན་མཁར་ནང་ཤེད་ན༔ ཀླུ་བཙན་ཚོགས་པའི་རོལ་པོ་ནི༔ སྐུ་མདོག་དམར་ལྗང་བརྗིད་པ་ལ༔ རལ་པ་དམར་པོ་མེ་འོད་འཁྲིགས༔ སྤྱན་ནས་མེ་ཡི་སྐར་མདའ་འཁྲུགས༔ ཞལ་ནས་ཁྲག་གི་སེར་ཆེན་འབེབས༔ སྐུ་ལ་དར་དམར་བེར་ཆེན་གསོལ༔ ཟ་འོག་སྔོ་ཁྲའི་གོང་ལག་ཅན༔ དབུ་ལ་དར་དམར་འགྱིང་ཐོད་བཅིངས༔ རིན་ཆེན་གསེར་གྱི་སྐ་རགས་ཅན༔ ཆིབས་སུ་སྔོན་པོ་སྒབ་ནག་བཅིབས༔ དར་སྟན་དམར་པོ་ལྷུབས་སེ་ལྷུབ༔ རྟ་སྒ་ཁྲ་བོ་ཝངས་སེ་ཝང༔ དངུལ་གྱི་ཡོབ་ཐག་ཁྱུགས་སེ་ཁྱུག༔ ཟངས་ཀྱི་ཡོབ་ཆེན་ཁྲོ་ལོ་ལོ༔ གསེར་སྲབ་གཡུ་མཐུར་ཤ་ར་ར༔ དར་དམར་སྲབ་སྐྱོགས་པུ་རུ་རུ༔ སྦྲུལ་ནག་གོང་རྨེད་ཁྱུགས་སེ་ཁྱུག༔ སྟག་དོང་གཡས་ན་ཝལ་ལེ་ཝལ༔ གཟིག་ཤུབས་གཡོན་ན་ཁྲུགས་སེ་ཁྲུག༔ བཙན་གྱི་གཟེར་ནད་དགྲ་ལ་འཕེན༔ བསེ་ཕུབ་དམར་པོ་ཆིལ་ལི་ལི༔ གཡས་པ་བཙན་ཞགས་དགྲ་ལ་འཕེན༔ དམིགས་པའི་དམ་ཉམས་ལུག་ལྟར་འཛིན༔ གཡོན་པ་བསེ་མདུང་དམར་པོ་ལ༔ དར་དམར་རུ་མཚོན་པུ་རུ་རུ༔ བཙན་གྱི་ཇག་པ་དགྲ་ལ་འགྱེད༔ ཟངས་ཀྱི་འཚུབས་མ་རྗེས་སུ་ཁྲིད༔ བཤུགས་པའི་གླུ་ལེན་ཆེན་པོ་རུ༔ རྒྱ་གར་སྐད་དུ་མཚན་གསོལ་བ༔ གནོད་སྦྱིན་ཆེན་པོ་ཙི་དམར་ཡིན༔ ཆོས་རྒྱལ་བོད་རྗེས་བཙན་འཇིགས་པ༔ ལྷ་བཙན་དགྲ་ལྷའི་རྒྱལ་པོ་བྱ༔ ཆོས་འཁོར་གཉན་པོ་སྐྱོང་བའི་ཚེ༔ ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ༔ མི་བསྲུན་གཏུམ་པོ་གྲི་འཐབ་གཏོང༔ མི་གཅིག་པོ་ལ་མིང་མང་པོ༔ དམར་སེར་གྲོ་དམར་གཏའ་རུ་གཟུགས༔ ལུག་སྨུག་བྱ་དམར་འབེན་དུ་འཆའ༔ ཤ་ཁྲག་གཏོར་མ་མཆོད་པར་འབུལ༔ སྡང་བའི་དམ་ཉམས་དགྲ་བོ་ལ༔ ཁྲག་སྐྱུགས་གྲི་འཐབ་མྱུར་དུ་ཐོང༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ བྷྱོཿཡང་ཅིག་བཙན་གྱི་ཇག་པ་ནི༔ སྐུ་ལྷ་ཞལ་གྱི་ལྷ་བཙན་ནི༔ སྐུ་མདོག་དཀར་སེར་འོད་དང་ལྡན༔ སྐུ་ལ་ཟ་འོག་དམར་ཁྲ་གསོལ༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་སྨུག་པོ་ཤ་གདོང་ཆིབས༔ ཕྱག་ན་བསེ་མདའ་བསེ་གཞུ་བསྣམས༔ འགེངས་ཤིང་དགྲ་བོའི་སྙིང་ལ་བསྡིགས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང༔ བྷྱོ༔ ཡང་ཅིག་བཙན་གྱི་ཇག་པ་ནི༔ གྲོ་ཤོད་བོད་ཀྱི་སྒང་དམག་རྗེ༔ ཟངས་བྲག་དམར་པོའི་མངའ་བདག་པོ༔ སྐུ་མདོག་དམར་པོ་མེ་འོད་འབར༔ སྐུ་ལ་ལེ་བརྒན་འཇོལ་བེར་གསོལ༔ ཆིབས་སུ་མཚའ་ལུ་རྟིང་དཀར་ཆིབས༔ གཡས་ན་གསོད་པའི་ཤང་ལང་ཐོགས༔ གཡོན་པས་ཟངས་ཞགས་དགྲ་ལ་འདེབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང༔ བྷྱོཿཡང་ཅིག་བཙན་གྱི་ཇག་པ་ནི༔ ར་བ་གོང་གི་ཀླུ་བཙན་ནི༔ སྐུ་མདོག་དམར་ནག་འཇིགས་པ་ལ༔ སྐུ་ལ་ཆུ་དར་རལ་ག་གསོལ༔ གདུག་པ་སྦྲུལ་གྱི་སྐ་རགས་བཅིངས༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ ཆིབས་སུ་སེར་པོ་སྟག་ལག་ཆིབས༔ གཡས་པ་ལྕགས་མདུང་ནག་པོ་བསྣམས༔ གཡོན་པ་དུག་སྦྲུལ་ཞགས་པ་ཐོགས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང༔ བྷྱོཿཡང་ཅིག་བཙན་གྱི་ཇག་པ་ནི༔ རྡོ་རིང་དམར་པོའི་གྲིབ་བཙན་ནི༔ སྐུ་ནི་དམར་པོ་འཇིགས་པ་ལ༔ སྐུ་ལ་བེའུ་དམར་སླག་པ་གསོལ༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན། །གཡས་ན་བསེ་མདུང་དམར་པོ་བསྣམས༔ གཡོན་ན་བཙན་གྱི་རྒྱུ་ཞགས་བསྣམས༔ ཆིབས་སུ་རྐྱང་དམར་སྦོ་དཀར་བཅིབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང༔ བྷྱོཿཡང་ཅིག་བཙན་གྱི་ཇག་པ་ནི༔ ཀཾ་ཀ་ཐོད་ནག་བདུད་བཙན་ནི༔ སྐུ་མདོག་ལྗང་སྔོན་ཤིན་ཏུ་འཇིགས༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་ལ་བདུད་དར་ནག་པོ་བཅིངས༔ ཆིབས་སུ་རག་པ་གཞུང་ནག་ཆིབས༔ གཡས་ན་དར་ནག་རུ་མཚོན་བསྣམས༔ གཡོན་ན་འབྲིང་ཞགས་བླ་ལ་འདེབས༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང༔ བྷྱོཿཡང་ཅིག་བཙན་གྱི་ཇག་པ་ནི༔ རྩལ་ཐོག་རྒྱུག་གི་གྲིབ་བཙན་ནི༔ སྐུ་ནི་ཁྲག་མདོག་དམར་པོ་ལ༔ ཟངས་ཁྲབ་དམར་པོ་སྐུ་ལ་གསོལ༔ དབུ་ལ་དར་དམར་འགྱིང་ཐོད་བཅིངས༔ སྟག་དོང་གཡས་ལ་གཟིག་ཤུབས་གཡོན༔ བསེ་ཕུབ་དམར་པོ་མེ་འོད་ལྡན༔ ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག༔ དར་དམར་རུ་མཚོན་རླུང་ལྟར་འཚུབས༔ བཙན་རྟ་དམར་ཞུར་གློག་ལྟར་འཁྱུག༔ རི་ཁྱི་སྤྱང་ཀི་རོལ་དུ་ཁྲིད༔ རི་བྱ་ཕོ་རོག་སྟེང་ན་ལྡིང༔ གྲི་རྔམས་བླ་ཚེ་སྟེང་ནས་འདེད༔ གྲི་འཐབ་ཆོ་འཕྲུལ་དགྲ་ལ་ཐོང༔ བཙན་གྱི་ཇག་པ་རྐྱ་བདུན་པོ༔ ང་རྒྱལ་ཁྲོ་གཏུམ་བཙན་གྱི་སྡེ༔ སྡང་བའི་དགྲ་ལ་བཙན་དམག་དྲངས༔ མཚོན་གྲི་འགག་གྲི་དགྲ་ལ་ཐོང༔ རྟིབ་གྲི་ཆུ་གྲི་དགྲ་ལ་ཐོང༔ སྤོས་གྲི་གཡང་གྲི་དགྲ་ལ་ཐོང༔ རྦབ་གྲི་ཐོག་གྲི་དགྲ་ལ་ཐོང༔ ལྕེབས་གྲི་དྲག་པོ་དགྲ་ལ་ཐོང༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོདཿ ཟས་སྒྲུབ་དང་བསད་པའི་དུས་སུ་བསྐུལ་ལོ། །ཞེས་དབང་དྲག་གི་ལས་ཐུན་མོང་དུ་འཇུག་པའི་བསྐུལ་བ་དང་། ཁྱད་པར་དབང་གི་ཕྲིན་ལས་དམིགས་བསལ་དོན་དུ་གཉེར་ན་རྒྱལ་ཁ་བློན་གྱིས་བསྒྱུར་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པ་ཙམ་དུའང་མ་ཟད། སྲིད་པའི་གཏེར་ཁྱིམ་དང་། མན་ངག་སྙིང་གཟེར་ནག་པོ་སོགས་ལ་ཤུགས་ཀྱིས་བསྟན་པ་ལྟར་རྒྱབ་དཔུང་དང་ཚན་བསྐྱེད་པའི་ཕྱིར་དུ་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཀྱི་སྒོས་བསྐུལ་ཤིན་ཏུ་ཟབ་པ་ནི། སྡེ་བརྒྱད་རེ་རེ་ནས་དམར་གཏོར་དང་ཁྲག་ཆང་སྐྱེམས་ཕུལ་ཞིང་། དབང་ཆེན་འཁོར་བཅས་རྔམས་བྲོ་བརྡུང་བའི་དམིགས་གནད་ཁྱད་པར་ཅན་གྱི་ཞལ་ཤེས་དང་ལྡན་པས། ཧྲཱིཿ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཡ་ལས་སྐྱེས་པའི་མཐུ་བོ་ཆེ༔ ཡ་མ་ར་ཙ་མཐིང་ནག་འབར༔ ཕྱག་ན་བེ་ཅོན་ཞགས་པ་བསྣམས༔ མ་ཧེ་ཞོན་ནས་ལས་གཤིན་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བདག་ལ་གནོད་བྱེད་དགྲ་བོ་ཀུན༔ འཇིགས་ཤིང་སྐྲག་ནས་སྤ་བཀོང་ལ༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ བཞད་པའི་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ བདུད་ཀྱི་སྡེ་ཚོགས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཡ་མ་རཱ་ཙ་ས་མ་ཡ་ཧཱུྃ༔ ཧྲཱི༔ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ མ་ལས་སྐྱེས་པའི་མཐུ་མོ་ཆེ༔ མ་མོ་སྲིད་པའི་རྒྱལ་མོ་ནག༔ འབྲུག་ཞོན་རལ་གྲི་ནེའུ་ལེ་འཛིན༔ མ་ཡམས་སྨན་ཕྲན་ཚོགས་ཀྱིས་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སྲིད་པ་མོ་རྒྱུད་ཐམས་ཅད་ཀུན༔ ཆགས་པའི་སྙིང་རྩ་ཁོང་ནས་སློང༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ གཡེང་བྱེད་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ མོ་རྒྱུད་འདོད་སེམས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་རཀྨོ་ས་མ་ཡ་ཧཱུཾ༔ ཧྲཱིཿ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ར་ལས་སྐྱེས་པའི་མཐུ་བོ་ཆེ༔ སྲོག་བདག་ཚངས་པ་འོད་ཀྱི་རྒྱལ༔ དཀར་སྨུག་རྒྱལ་མཚན་ནོར་བུ་འཛིན༔ སེང་ཞོན་གིང་ཕྲན་ཚོགས་ཀྱིས་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ ཆེ་བཙན་རྒྱལ་བློན་ཐམས་ཅད་ཀུན༔ དགའ་དང་གུས་པ་གྱ་ནོམ་པས༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ བསླུ་བྲིད་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ རྒྱལ་བློན་ཁེངས་དྲེགས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ར་ཙ་ར་ཏྲི་ས་མ་ཡ་ཧཱུྃ༔ ཧྲཱིཿ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཙ་ལས་སྐྱེས་པའི་མཐུ་བོ་ཆེ༔ བཙན་རྒོད་ཤན་པ་མིག་དམར་ཆེ༔ རུ་མཚོན་ཕྱར་ཞིང་བཙན་ཞགས་འགྱེད༔ རྟ་དམར་ཞོན་ནས་བཙན་དམག་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བན་བཙུན་ཕོ་མོ་ཐམས་ཅད་ཀུན༔ མོས་གུས་སྣང་བློ་ཡེང་ཡེད་དུ༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ ཟིལ་གནོན་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ བན་བཙུན་སྣང་བ་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཙ་ཤུ་ཏྲི་ཙ་ས་མ་ཡ་ཧཱུྃ༔ ཧྲཱིཿ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ དུ་ལས་སྐྱེས་པའི་མཐུ་བོ་ཆེ༔ ཡ་བདུད་ནག་པོ་གཅིག་རྒྱུག་པ༔ དར་ནག་ཕྱར་ཞིང་བདུད་ཞགས་འགྱེད༔ རྟ་ནག་ཞོན་ནས་བདུད་དམག་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བན་སྔགས་བོན་པོ་ཐམས་ཅད་ཀུན༔ མོས་དང་གུས་པ་མི་ཕྱེད་པ༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ དྲག་རྩལ་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ སྔགས་བོན་རློམ་སེམས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དུ་ཏྲི་དྷརྴ་ས་མ་ཡ་ཧཱུྃ༔ ཧྲཱིཿ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཏྲི་ལས་སྐྱེས་པའི་མཐུ་བོ་ཆེ༔ དམུ་བདུད་རྡོ་རྗེ་ལེགས་པ་སྐྱོང༔ སྨུག་ནག་རྡོ་རྗེ་རླུང་ཞགས་འཛིན༔ སྟག་ཞོན་ཐེའུ་རང་ཡུལ་འདྲེས་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སྐྱེ་བོ་ཕོ་མོ་ཐམས་ཅད་ཀུན༔ མོས་དུང་ལྷང་ལྷང་ཁྱེད་ཤེས་ཀྱིས༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ དགྱེས་པའི་རྩལ་གྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ སྐྱེ་བོའི་སྣང་སེམས་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཏྲི་ཙ་ས་དྷུ་ས་མ་ཡ་ཧཱུྃ༔ ཧྲཱིཿ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཕུ་ལས་སྐྱེས་པའི་མཐུ་བོ་ཆེ༔ ནཱ་ག་ཕེ་ལམ་ཀླུ་བདུད་སྔོ༔ གཏེར་བུམ་ཡིད་བཞིན་ནོར་བུ་འཛིན༔ སྦྲུལ་ཞོན་ཀླུ་གཉན་ས་བདག་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སྡེ་དཔོན་དྲེགས་པ་ཐམས་ཅད་ཀུན༔ མྱོས་ཤིང་དཔའ་རྩལ་ངོམ་ཞུམ་པའི༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ རྨོངས་པའི་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ སྡེ་དཔོན་ང་རྒྱལ་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ནཱ་ག་ཕེ་ལམ་ས་མ་ཡ་ཧཱུྃ༔ ཧྲཱིཿ འཇིག་རྟེན་སྲིད་པ་ལས་ཀྱི་བདག༔ ཏི་ལས་སྐྱེས་པའི་མཐུ་བོ་ཆེ༔ གཟའ་བདུད་ནག་པོ་མགོ་དགུ་པ༔ ཁྱབ་འཇུག་སྲིད་པའི་མདའ་གཞུ་འགེངས༔ གློག་ཞོན་གཟའ་དང་རྒྱུ་སྐར་བསྐོར༔ རྔམ་སྒྲ་འབྲུག་སྟོང་དི་རི་རི༔ པདྨ་དབང་གི་བཀའ་བཞིན་དུ༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ བླ་མ་མཁས་བཙུན་ཐམས་ཅད་ཀུན༔ གཉིས་མེད་དགྱེས་པ་དཔག་མེད་པས༔ རང་དབང་མེད་པར་བླ་ཡིད་ཕྲོགས༔ སྨོན་ལམ་སྟོབས་ཀྱིས་དབང་དུ་སྡུས༔ ལུས་ངག་ཡིད་གསུམ་དམ་དུ་ཆིངས༔ མཁས་བཙུན་ལས་རླུང་ཆམ་ལ་ཕོབ༔ རྣལ་འབྱོར་བདག་གི་བྲན་དུ་བཀོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཏི་པ་ཤ་མི་ཀི་ས་མ་ཡ་ཧཱུྃ༔ ཧཱུྃ་བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས༔ རང་རང་མངོན་རྟོགས་རྟགས་བཞིན་དུ༔ དབང་གི་ཕྲིན་ལས་མངོན་ཕྱུང་ལ༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་གཏོར་མ་འབུལ་ལ་གཉེར་དུ་གཏད༔ བསད་ལས་རྐྱང་བའི་ཚེ༔ གོང་གི་དབང་གི་བསྐུལ་བྱང་ཚབ་ཏུ། ཧཱུྃ་བྷྱོཿ སྡེ་བརྒྱད་ཤན་པ་ཕོ་མོའི་ཚོགས༔ སྐུ་ཤུགས་ཕྱུང་ལ་མཐུ་རྩལ་སྐྱེད༔ སྟོང་གསུམ་སྤྲུལ་པའི་དམག་གིས་ཁོངས༔ གོ་ཁྲབ་མཚོན་ཆ་སི་ལི་ལི༔ རེག་ཕུང་དུག་མདའ་གཟེར་རེ་རེ༔ སྲོག་གཅོད་སྤུ་གྲི་ཆེམས་སེ་ཆེམ༔ བདག་ལ་བརྣག་པའི་དགྲ་བོ་འདི༔ སྲོག་རྩ་ཆོད་ལ་དོན་སྙིང་ཕྱུང༔ བདུན་རྒྱུད་མི་རབས་རྩད་ནས་ཆོད༔ སྒོ་ནོར་ཡུལ་ཞིང་རླུང་ལ་སྐུར༔ དགྲ་དཔུང་ཐལ་བའི་རྡུལ་དུ་རློགས༔ ལོ་ཟླ་ཞག་ཏུ་མ་འགྱངས་བར༔ ད་ལྟ་ཉིད་དུ་དུས་ལ་བབས༔ འུར་བ་འུར་བ་དགྲ་ལ་རྒྱུགས༔ ཡ་མ་ར་ཙ་དུ་ཏྲི་ཕུ་ཏི་དགྲ་བོ་ྖྒཻ་མོ་ཧུར་ཐུཾ་ཛཿ མཱ་ར་ཡ་རྦད༔ ཅེས་བསྐུལ་ལོ། །དེ་ལྟར་དབང་དྲག་གི་བསྐུལ་བྱང་རྣམས་རྫོང་ཕྲང་སྲོག་གསུམ་གྱི། གནད་ལ་རང་བྱན་ཆུབ་ཅིང་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་ལ་མངའ་བརྙེས་ནས་དྲེགས་པའི་སྟོང་སྲོག་ལ་དབང་བསྒྱུར་ནུས་པའི་གང་ཟག་གིས་དགོས་པ་ཁྱད་པར་ཅན་དང་འབྲེལ་བའི་ཚེ་ན་བྱ་བ་ལས། གསོལ་ཀ་དཀྱུས་མ་ལ་སྦྱར་རྒྱུ་མིན་པས་འཁུ་ལྡོག་ཤིན་ཏུ་ཆེ་བ་ཤེས་པར་བྱའོ། །དེ་ནས་ཕྲིན་བཅོལ་བྱ་བ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་ཀུན་བཟང་རྟ་མཆོག་ཧེ་རུ་ཀས། །འོག་མིན་ཆོ་འཕྲུལ་བསྟན་པའི་ཞིང་ཁམས་སུ། །དམ་ལ་བཏགས་ཤིང་བཀའ་ཡི་རྩིས་རྒྱར་བཞག །རྡོ་རྗེ་ཐེག་པའི་བསྟན་པའི་གཉེར་དུ་བསྐོས། ༡ །བར་དུ་དུར་ཁྲོད་མེ་རི་འབར་བའི་གནས། །བཙན་བྲག་དམར་པོ་སྲིན་མོ་ལངས་འདྲ་རུ། །རིག་འཛིན་སློབ་དཔོན་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་འཁོར་ལོའི་ཕྱག་རྒྱར་བཞུགས་པ་ལས། ༢ །ནམ་གུང་མུན་པའི་སྨག་ལ་བབས་པའི་ཚེ། །སྤྱང་ཀི་ཁྲག་གི་རལ་ཅན་བདུན་བརྫུས་ནས། །ངུ་ཞིང་བར་གཅོད་དྲག་པོའི་གླགས་བལྟས་ཚེ། །བཀའ་རྟགས་ཕྱག་རྒྱས་ཟིལ་འོག་བཅུག་མིན་ནམ། ༣ །ཐ་མར་མཆོག་སྤྲུལ་མངའ་རིས་པཎ་ཆེན་ལ། །བུ་ཚལ་ཤར་སྒོར་དངོས་སུ་གཟུགས་བསྟན་ནས། །རང་རྟགས་སྲོག་སྙིང་ཕུལ་ཞིང་བྲོ་བོར་ཏེ། །བསྟན་དང་དེ་འཛིན་བསྐྱང་བར་མ་ཆད་དམ། ༤ །སྔོན་དུས་ཁྲི་སྲོང་ལྡེའུ་བཙན་དགྲ་ལྷ་ཆེ། །ད་ལྟ་ཆོས་འཁོར་སྐྱོང་བའི་མངའ་བདག་པོ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙུག་ན་བརྗིད། །ཆེ་བཙན་འགྲན་ཟླ་བྲལ་བ་ཁྱེད་ལས་སུ། ༥ །བདག་ནི་རིག་འཛིན་པདྨའི་བརྒྱུད་པ་འཛིན། །བདུད་འདུལ་དབང་ཆེན་གྲུབ་པའི་རིག་སྔགས་འཆང་། །དོ་ནུབ་མགུ་བའི་ཟས་ཤིག་ཁྱོད་ལ་འདྲེན། །བཅོལ་བའི་ཐ་ཚིག་ཆེན་པོ་གཉེར་དུ་ལོངས། ༦ །སངས་རྒྱས་བསྟན་པའི་སྙིང་པོ་ལུང་རྟོགས་ཆོས། །བཤད་སྒྲུབ་ཐོས་བསམ་སྒོམ་པའི་ལང་ཚོ་ཅན། །དཀོན་མཆོག་རིན་ཆེན་གསུམ་གྱི་དབུ་འཕང་བསྟོད། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། ༧ །སྡེ་སྣོད་རྒྱ་མཚོའི་གྲོང་ལ་གནས་བཅས་ཤིང་། །སྦྱངས་པའི་ཡོན་ཏན་བཅུ་གཉིས་ཁྱད་ནོར་ཅན། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་དུལ་བའི། །དགེ་འདུན་སྡེ་ཚོགས་གང་ན་འདུག་པ་སྐྱོངས། ༨ །གནས་ལྔ་ཤེས་བྱར་སྲིད་པའི་ཆོས་སོ་ཅོག །ཐུགས་ཀྱི་དཔལ་བེར་འཁྱིལ་དང་ཆབ་གཅིག་པར། །སྣང་བ་སྒྱུ་མར་རྟོགས་པའི་མཁས་གྲུབ་རྣམས། །མཛད་པ་ཕྲིན་ལས་ནམ་མཁའི་ཕ་མཐར་རྡོལ། ༩ །ཐ་སྙད་ཤེས་བྱའི་གོས་ཀྱིས་བཀླུབས་མིན་ཡང་། །ཟབ་དོན་བསྐྱེད་རྫོགས་ལང་ཚོ་གསར་པའི་གཟི། །རི་སུལ་དབེན་པར་ངོམ་པའི་གྲུབ་ཐོབ་རྣམས། །འཇའ་ལུས་མཁའ་སྤྱོད་འགྲུབ་པའི་ཐེམ་སྐས་ཚུགས། ༡༠ །གཞན་དོན་རླབས་ཆེན་སྤྱོད་པའི་མཐུ་ཆུང་ཡང་། །རང་དོན་ཆོས་བཞིན་སྤྱོད་པའི་ཀུ་སུ་ལུ། །ཉམ་ཆུང་གྱི་ནས་འཚེ་བའི་ཆོས་ལྡན་རྣམས། །འཚོ་སྐྱོང་ཡོན་གྱི་བདག་པོ་ཁྱོད་ཀྱིས་གྱིས། ༡༡ །བསྐལ་པར་ལས་ཉོན་ས་བོན་བཏབ་པའི་མཐུ། །སྡུག་བསྔལ་གསུམ་གྱི་འབྲས་བུར་སྨིན་པའི་རོ། །མྱོང་བའི་སེམས་ཅན་གངྒཱའི་རྡུལ་སྙེད་གྲངས། །བདེ་སྐྱིད་དཔལ་ལ་སྤྱོད་པའི་སྒོ་འཕར་ཕྱེས། ༡༢ ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅག་གི། །སེམས་བསྐྱེད་སྨོན་པའི་རང་གཟུགས་སྨིན་པ་ལས། །གཞན་ཕན་ཕར་ཕྱིན་དྲུག་གི་ལམ་པོ་ཆེར། །འཇུག་པའི་ཕྲིན་ལས་གསར་པའི་རྒྱལ་རྔ་རྡུངས། ༡༣ །དོན་བརྒྱུད་འཕོ་བ་ཐོབ་པའི་རྟེན་འབྲེལ་གཤིས། །བརྒྱུད་འཛིན་བུ་སློབ་ཡར་ངོའི་ཟླ་ལྟར་རྒྱས། །གྲུབ་ཐོབ་བརྒྱུད་པས་རི་སུལ་གང་ནས་ཀྱང་། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ལམ་སྲོལ་ཐོད། ༡༤ །སྣང་བ་དབང་དུ་འདུས་པའི་རྟེན་འབྲེལ་གྱིས། །ཕོ་རྒྱུད་རང་དབང་མེད་པར་བརྟན་པ་ཕྲོགས། །སྡེ་དཔོན་དྲེགས་པའི་རྔམ་སེམས་ཟིལ་གྱིས་ནོན། །བན་བཙུན་ཕོ་མོའི་སྣང་བློ་གཡེང་དུ་ཆུག ༡༥ །རྩ་རླུང་ལས་སུ་རུང་བའི་རྟེན་འབྲེལ་གྱིས། །མོ་རྒྱུད་བདེ་སྐྱོང་འཁོར་ལོའི་རྩ་འཁོར་དཀྲུགས། །མཛངས་དང་གཡོ་སྒྱུའི་རྫུན་ཕུགས་རང་སར་རྡིབ། །འབྲེལ་ཚད་དགེ་ལ་སྦྱོར་བའི་རྟེན་འབྲེལ་སྒྲིགས། ༡༦ །བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་བདེན་མཐུ་ཡིས། །ཤུགས་སྒྲོལ་དམོད་པའི་ལས་ལ་མ་ལྟོས་པར། །དོ་བསྡོ་ཕོད་དུ་འཛུགས་པའི་དགྲ་བོ་རྣམས། །གྲི་འཐབ་དམར་བཤལ་དྲག་པོས་དུས་མཐའ་སྟུངས། ༡༧ །སྐུ་གསུང་ཐུགས་རྟེན་མཆོད་ཆ་མན་ཆོད་ནས། །བརྒྱུད་འཛིན་བུ་སློབ་ཡོན་བདག་ཡན་ཆོད་དུ། །དགོངས་པའི་རྒྱུད་ལ་འབྱོར་པའི་བརྟན་གཡོ་ཀུན། ཁྱོད་ལ་གཉེར་དུ་གཏད་དོ་མེལ་ཚེ་གྱིས། ༡༨ །སྲིད་དང་ཞི་བའི་ཕུན་ཚོགས་མགྲོན་དུ་ཁུག །རྩོད་དང་དོན་གཉེར་ཀུན་ལས་རྒྱལ་ཁ་ལོངས། །སྙན་པའི་བ་དན་སྲིད་པའི་རྩེ་མོར་སྒྲེངས། །གྲགས་པའི་མུ་ཁྱུད་གླིང་བཞིའི་མཐའ་ལ་སྐོར། ༡༩ །མདོར་ན་བསམ་པའི་དོན་དང་གཉེར་བའི་ལས། །ཐེ་ཚོམ་ནེམ་ནུར་མེད་པར་ཁྱོད་ཀྱིས་སྒྲུབས། །གཞི་བྱེས་ལམ་གསུམ་ཀུན་ཏུ་སྟོང་གྲོགས་མཛོད། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། ༢༠ །དུང་དུང་སྙིང་ནས་མི་བརྗེད་གསོལ་འདེབས་ཤིང་། །ཡང་ཡང་མཆོད་ཅིང་བསྟོད་ན་བདག་སོགས་ཀུན། །འཇིགས་འཇིགས་བར་ཆད་དགྲ་ལས་རྣམ་རྒྱལ་ཞིང་། །འཛུམ་འཛུམ་དགྱེས་པའི་སྒོ་ནས་དངོས་གྲུབ་སྩོལ། ༢༡ །ཞེས་བརྗོད་ཅིང་མཆོད་གཏོར་གཙང་སར་གཤེགས་པར་བྱའོ། །འདིར་སྨྲས་པ། བེམ་པོའི་རང་བཞིན་རྡོས་བཅས་སྒྱུ་མའི་ལུས། །རིན་ཆེན་སྲོག་གི་ཟུངས་དང་བྲལ་བའི་གཤིས། །བསམ་ཚེ་དཀོན་མཆོག་རིན་ཆེན་རྣམ་གསུམ་ལས། །དྲེགས་པའི་སྐྱབས་གནས་ནམ་མཁའི་པད་མོར་མཚུངས། །དེ་ལྟ་ན་ཡང་འཁོར་བ་མཐའ་མེད་ཀྱི། །བག་ཆགས་ཚང་ཚིང་སྟུག་པོའི་ནགས་ཀླུངས་ནས། །ཕུན་ཚོགས་སྤུ་གྲར་ཆགས་པའི་སྡེར་ཆགས་གཙོ། །ང་རོའི་སྒྲ་དང་སྟོབས་དཔུང་སྲིད་པར་འཚོལ། །ཀྱེ་ཧོ་འདི་ནི་དེ་ལྟ་མ་ལགས་ཏེ། །རྒྱལ་བའི་བསྟན་དང་དེ་འཛིན་སྐྱོང་བ་དང་། །རིས་ཆད་གདུལ་བྱ་རྗེས་སུ་འཛིན་པའི་སླད། །ཡིན་ཕྱིར་ལྷག་བསམ་དཀར་པོའི་ཆོ་རིགས་བཙུན། །དཔེ་མཐོང་གདམས་པ་བརྐུ་བའི་གྱ་ཚོམ་ལས། །མ་ཡིན་བརྒྱུད་ལྡན་བླ་མས་དྲག་སྔགས་སྲོག །སྦྱིན་ཚེ་ཡིད་གཟུགས་བསྟན་ཅིང་དུས་གསུམ་གྱི། །ལྐོག་གྱུར་རི་མོར་བྲིས་ལ་རང་གནས་བྱས། །ཞེས་པའང་པུར་རྒྱལ་བོད་ཀྱི་མངའ་རིས་སུ་སྲིད་པའི་མྱུ་གུ་བསྐྱེད་བསྲིངས་པའི་རྣལ་འབྱོར་པ་པདྨ་དབང་ཆེན་གྱིས་ཆུ་ཁམས་བཱ་ལ་ཧའི་བགྲང་བྱ་གསར་དུ་ཚེས་པའི་མཉན་ཡོད་མཆོད་པའི་དུས་སྟོན་གྱི་ཐུན་མཚམས་སུ་རྟ་མཆོག་རོལ་པའི་ཕོ་བྲང་དུ་སྦྱར་བའོ།། །།དགེའོ།། །།