ཞིང་སྐྱོང་དུར་ཁྲོད་ལྷ་མོ་གསོལ་མཆོད་ཀྱི་རིམ་པ།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-027
Wylie title zhing skyong dur khrod lha mo gsol mchod kyi rim pa
Location 'jigs gling bka' 'bum
Volume 8, Text 27, Pages 699-710 (Folios 1a1 to 6b5)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Zhing skyong dur khrod lha mo gsol mchod kyi rim pa. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 699-710. New Delhi: Shechen Publications, 2025.
Genre Protector Rituals - gsol mchod
Deity dur khrod lha mo
Colophon

།དུས་ཀྱི་ཐ་མར་དབེན་གནས་གཉན་པོའི་གནས་རྟེན་བསྲུང་བའི་ཆེད་དུ་པདྨ་འོད་གླིང་དུ་བླ་རྡོ་སྲོག་འཁོར་འདུ་བྱས་ཤིང་གཉེར་དུ་གཏད་པའི་ཚེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་གུ་རུ་པདྨའི་མན་ངག་ལས་ཕྱུང་བ། འཁུ་ལྡོག་དང་ནུས་པ་ཤིན་ཏུ་ཆེ་བར་འདུག་པས་གང་དྲན་དུ་མ་གྱེར་བ་གཅེས་སོ།།

dus kyi tha mar dben gnas gnyan po'i gnas rten bsrung ba'i ched du pad+ma 'od gling du bla rdo srog 'khor 'du byas shing gnyer du gtad pa'i tshe rdzogs chen pa rang byung rdo rjes gu ru pad+ma'i man ngag las phyung ba/_'khu ldog dang nus pa shin tu che bar 'dug pas gang dran du ma gyer ba gces so//

[edit]

༄༅། །ཞིང་སྐྱོང་དུར་ཁྲོད་ལྷ་མོ་གསོལ་མཆོད་ཀྱི་རིམ་པ་བཞུགས། །

༄༅། །བཅོམ་ལྡན་འདས་དཔལ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གཙུག་ལག་ཁང་དང་དབེན་གནས་ཀྱི། །རྟེན་དང་དཀོར་ལ་རང་དགར་ཟ། །དགྲ་ཇག་ཆོམ་པོས་འཇིགས་པའི་ཚེ། །ཨེ་ཀ་ཙ་ཊཱིའི་ལས་མཁན་མ། །ཞིང་སྐྱོང་དུར་ཁྲོད་ལྷ་མོ་འདི། །བསྟེན་པས་ཆོག་པའི་དཀོར་སྲུང་ཡིན། །ཆགས་པའི་ཐབས་ལ་བརྟེན་རྫས་གཅེས། །མི་འབྲལ་བ་ལ་བླ་རྡོ་གཅེས། །མཆོད་པ་ལ་ནི་དམ་རྫས་གཅེས། །ཐན་དང་སྲོག་ལ་ཐོད་པ་གཅེས། །དེ་དག་གཞུང་དུ་ཤེས་བྱས་ནས། །ཐོད་པའམ་ནི་བསེ་ཕོར་ནང་། །དམར་གཏོར་ཟུར་གསུམ་བཤོས་བུ་དང་། །མཐེབ་ཀྱུ་བཅུའམ་རེ་རེས་སྐོར། །ར་ལུག་རྟ་བོང་ཤ་ཁྲག་བརྒྱན། །སྐྱེམས་དང་འོ་ཆོལ་ཉེར་སྤྱོད་བཤམ། །རང་ཉིད་རྡོ་རྗེ་ཕག་མོ་འམ། །ཁྲོས་མ་ནག་མོའི་ཏིང་འཛིན་གྱིས། །བྷྱོཿ ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །ཉི་མ་བྱང་ཤར་ཕ་ཀི་ན། །དུར་ཁྲོད་ཆེན་པོ་གསང་ལུང་ན། །དུག་མཚོ་ཁོལ་མའི་ནང་ཤེད་ན། །བྱང་བྲག་ལྡེམ་པའི་ཕོ་བྲང་ན། །མ་མོ་གནོད་སྦྱིན་མཛེས་ལྡན་མ། །གསང་སྔགས་བཀའ་ཡི་སྲུང་མ་ཁྱེད། །མཁས་བཙུན་དཀོར་གྱི་བདག་མོ་ཡིན། །ཁྱེད་ཀྱི་ཡབ་ལ་མཚན་གསོལ་བ། །ཡབ་ནི་འོད་དེ་འོད་པོ་ཆེ། །ཁྱེད་ཀྱི་ཡུམ་ལ་མཚན་གསོལ་བ། །ཡུམ་ནི་ལྷ་བཟང་ཨ་མོ་ལྕམ། །དེ་གཉིས་གངས་དཀར་སྟོངས་སུ་བཤོས། །སྲིད་པའི་ལྕམ་སྲིང་བརྒྱད་དུ་སྲིད། །ཆེ་ཞེས་ལྷ་མོ་ངན་ནེ་མ། །དམར་མོ་དུར་ཁྲོད་ཆས་ཀྱིས་བརྒྱན། །གཡས་གཡོན་ལྕགས་ཀྱུ་མེ་ལོང་འཛིན། །དར་ནག་གོ་ཟུ་གཙུག་ཕུད་ཅན། །དེ་འོག་ཀླུ་མོ་ནོར་ལ་ངན། །ལྕགས་ཀྱུས་འཛིན་ཞིང་ཕུར་བུས་སྒྲོལ། །དེ་འོག་གནོད་སྦྱིན་རྫས་ལ་ངན། །ལྕགས་ཀྱུས་འགུགས་ཤིང་བུམ་པར་བསྐྱིལ། །དེ་འོག་འདྲེ་མོ་ཟས་ལ་ངན། །མི་ལྤགས་གྱོན་ནས་རོ་ལངས་ཞོན། །ལག་ན་མཆོག་ཕུར་ལྕགས་ཕུར་ཐོགས། །དྲལ་པོ་དེ་ནི་མི་རིངས་སྐྱེས། །དེ་འོག་བསེ་མདུང་དམར་པོ་ཅན། །དེ་འོག་ཤན་པ་ར་མགོ་ནག །ཐ་ཆུང་ཟུ་ར་ར་སྐྱེས་ནི། །མི་ནག་རྟ་ནག་མདུང་ཐུང་ཅན། །ལྕམ་དྲལ་བརྒྱད་པོ་འཁོར་དང་བཅས། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས། །ལྷང་ལྷང་འབོད་དོ་ཙེར་ཙེར་བྱོན། །ཧཱུྃ་ར་ལི་པྲ་མ་ཡ་ཛཿཛཿསི་ལི་མ་ནི་ཛཿ ཞེས་བཟླས་པས་མྱུར་དུ་འོང་། བྷྱོཿ འཇིག་རྟེན་འཕྲུལ་གྱི་ལྷ་མོ་ཁྱོད། །ཟས་དང་དཀོར་གྱི་བདག་མོ་མཛད། །རིན་ཆེན་གཏེར་ལ་མངའ་སྒྱུར་བ། །ནོར་གྱི་བདག་མོ་རྫུ་འཕྲུལ་ཅན། །ནོར་གདུང་ཆེ་ཞིང་ནོར་ལ་བརྩེ། །ནོར་སྲུང་རྒྱལ་མོ་དབང་གི་ལྷ། །བང་མཛོད་ལྷ་མོ་གཟི་བརྗིད་ཅན། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ། །བོས་སོ་དཀོར་སྲུང་སྙན་མ་སྲ། །གཡབ་བོ་དཀོར་སྲུང་སྤྱན་མ་རྡུལ། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ། །གྲོགས་མོར་འབོད་དོ་ད་ཚུར་སྤྱོན། །མཛའ་མོར་འབོད་དོ་དམ་ལ་འདུ། །བསད་པའི་དགྲ་ཤ་གཏོར་མར་འབུལ། །བཅོས་པའི་གསེར་སྐྱེམས་མཆོད་པར་བཞེས། །བསྒྲལ་བའི་རཀྟས་ཐུགས་དམ་བསྐང་། །དམ་ཚིག་ཉམས་དང་གནས་རྟེན་འཕྲོག །དཀོར་ལ་བརྐུ་བའི་དོན་སྙིང་གིས། །དུར་ཁྲོད་ལྷ་མོའི་ཐུགས་དམ་བསྐང་། །ཀླུ་མོ་ནོར་སྙེག་ཐུགས་དམ་བསྐང་། །གནོད་སྦྱིན་ནོར་སྲུང་ཐུགས་དམ་བསྐང་། །འདྲེ་འབོད་ནག་མོའི་ཐུགས་དམ་བསྐང་། །དཀོར་སྲུང་རྒྱལ་མོའི་ཐུགས་དམ་བསྐང་། །མིང་པོ་སྡེ་བཞིའི་ཐུགས་དམ་བསྐང་། །མིང་སྲིང་བརྒྱད་པོ་གཏོར་མ་བཞེས། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །མི་ཕོར་འོ་ཕུད་མཆོད་པ་བཞེས། །གསེར་སྐྱེམས་ཆང་གི་མཆོད་པ་བཞེས། །འོ་ཆོལ་དཀར་གསུམ་མངར་གསུམ་དང་འདྲེས་པ་ཕུག་རོན་གྱི་དང་རུས་གཏོར་ཞིང་། ཧཱུྃ་ར་ལི་པྲ་མ་ཡ་པཱུ་ཙ་བ་ལིངྟ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གྱིས་བསྔོ། །དེ་ནས་རེ་མ་ཏི་མཆེད་བཞིའི་སྤྲུལ་པ་དུར་ཁྲོད་བརྒྱད་ཀྱི་ངན་ནེ་མ་མཆོད་པ་ནི། བྷྱོཿ དུར་ཁྲོད་ཆེན་པོ་གཏུམ་དྲག་ནས། །རྡོ་རྗེ་ཕོ་ཉ་གཏོར་མ་ལོངས། །ཚང་ཚིང་འཁྲུགས་པའི་དུར་ཁྲོད་ནས། །རྡོ་རྗེ་རོ་ལངས་གཏོར་མ་ལོངས། །དུར་ཁྲོད་འུར་འུར་འབར་བ་ནས། །རྡོ་རྗེ་དྲག་རྩལ་གཏོར་མ་ལོངས། །དུར་ཁྲོད་ཆེན་པོ་འཇིགས་རུང་ནས། །ཀ་ལི་ནག་མོ་གཏོར་མ་ལོངས། །དུར་ཁྲོད་ནགས་ཚལ་འཇིགས་རུང་ནས། །ནག་མོ་ལག་རིང་གཏོར་མ་ལོངས། །མུན་པ་མི་བཟད་དུར་ཁྲོད་ནས། །ཤ་ཟན་ནག་མོ་གཏོར་མ་ལོངས། །དུར་ཁྲོད་ཀཱི་ལིའི་སྒྲ་སྒྲོགས་ནས། །བྱི་ཏོ་ཏ་མ་གཏོར་མ་ལོངས། །དུར་ཁྲོད་ཧ་ཧ་སྒྲོགས་པ་ནས། །ལས་བྱེད་ནག་མོ་གཏོར་མ་ལོངས། །སིངྒ་ལ་ཡི་དུར་ཁྲོད་ནས། །ནག་མོ་རབ་འཇིགས་མ་ལ་སོགས། །ཀུན་ཀྱང་ཁྱེད་ཀྱི་སྤྲུལ་པ་ཡིན། །ནོར་སྲང་གང་གི་ཕྱིར་འབྲེང་ཞིང་། །རྩྭ་ཕྱག་གང་གི་རྗེས་གཅོད་མ། །ཁྱོད་ལ་གཙུག་ལག་ཁང་འདི་གཉེར། །སེམས་མེད་འབྱུང་བ་ཆེན་པོ་བཞིའི། །གནོད་པ་སྣ་ཚོགས་བསྲུང་ནུས་ན། །གཟུགས་ཅན་མི་དང་གཟུགས་མེད་ཀྱིས། །ལོག་པར་འདྲེན་ལ་སྨོས་ཅི་དགོས། །གནས་རྟེན་བསྲུང་ལ་ཡོན་བདག་གྱིས། །བསྟན་པ་དར་ཞིང་རྒྱས་པ་དང་། །ཡུན་དུ་གནས་པའི་ཕྲིན་ལས་མཛོད། །རྡོ་རྗེ་ཐེག་པའི་རིང་ལུགས་དང་། །དཀོན་མཆོག་དབུ་འཕང་སྨད་པའི་དགྲ། །དེ་དག་ཁྱོད་ཀྱི་ཟས་སྐལ་དུ། །གཏད་པའི་དམ་ཚིག་དྲན་གྱིས་ལ། །ལོ་ཟླར་མ་གཞག་མྱུར་དུ་སྒྲོལ། །ཁྱེད་ནི་མངོན་ཤེས་རྫུ་འཕྲུལ་བདག །གང་ལ་སེམས་པ་ཁྱོད་ཤེས་ཀྱིས། །རྡོ་རྗེ་ཕག་མོའི་དམ་ཚིག་དང་། །པདྨ་འབྱུང་གནས་བཀའ་མ་གཅོག །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས། །ཐུགས་དང་འགལ་བའི་ལས་བགྱིས་ན། །ནད་རིམས་དལ་ཁའི་རྡུར་མ་གཏང་། །འཁོན་དང་གོད་ཁ་དགྲ་ལ་བསྒྱུར། །བར་གཅོད་ཞི་ཞིང་ཚེ་དཔལ་རྒྱས། །ལྷ་མིའི་འདུ་བ་རྒྱུན་མ་བཅད། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །ལས་སྒྲུབ་དམིགས་བསལ་ལ་བསྐུལ་བྱ་དགོས་ན་དམར་གཏོར་བཟང་པོ་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། ཁྲག་ཆང་དང་འོ་ཕུད་འཐོར་ཞིང་། མ་བྷྱོཿ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །བྷྱོ་བྷྱོ་ནོར་རྐུན་ཕྱི་ལ་བྷྱོ། །དུར་ཁྲོད་ཆེན་པོ་གསང་ལུང་ན། །ནགས་ཚལ་གནམ་ལ་ཟངས་སེ་ཟང་། །དུག་མཚོ་ཁོལ་མ་ཆི་ལི་ལི། །ཤ་ཁྲག་ནང་ཁྲོལ་རོངས་སེ་རོང་། །མི་རོ་མང་པོ་ལིངས་སེ་ལིང་། །རོ་ལངས་མཆོངས་རྒྱུག་ཏ་ལ་ལ། །ཀེང་རུས་ལྷུ་དུམ་ཁྲོ་ལོ་ལོ། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་རོ་ཟན་ནག་མོ་བཞུགས། །དུར་ཁྲོད་བདག་མོ་དེ་ན་བཞུགས། །ཤན་པ་ནག་མོ་དེ་ན་བཞུགས། །གཅེར་བུའི་ལུས་ལ་ནག་མོའི་གཟུགས། །སྣུམ་དང་ཁྲག་གི་ཐིག་ལེས་བརྒྱན། །རལ་ནག་མ་རལ་སིག་ཅིང་རྒྱུག །རལ་པ་རེ་ལ་མི་ལག་རེ། །མི་ལག་ལན་ཚར་ཁྲོ་ལོ་ལོ། །རོ་ཡི་ཤུན་པ་གོས་སུ་གྱོན། །ཐོད་པ་ཇ་རིལ་མགོ་ལ་བརྒྱན། །ཐོད་ཆུང་མགོ་ཕྲེང་སེ་རལ་ཁ། །མཚན་མ་བསྒྲད་ཅིང་མཆེ་བ་གཙིགས། །ཁ་ནས་དགྲ་ལ་འོ་དོད་འབོད། །ནོར་རྐུན་ཁང་མཐའ་བསྐོར་ཞིང་རྒྱུག །ནོར་རྐུན་མིང་ནས་ལྷང་ལྷང་འབོད། །འོ་དོད་ཆེན་པོ་གནམ་དུ་གཏོང་། །མི་ལྤགས་གཡབ་མོ་ས་ལ་རྡེབ། །ཞིང་གི་ལྤགས་པ་གོས་སུ་གྱོན། །རོ་ལ་ཞོན་ནས་ཧར་རྒྱུག་བྱེད། །རླུང་ལ་ཞོན་ནས་གྲིབ་སོ་འགྲིམ། །སྡང་མིག་བགྲད་ནས་དཀོར་ནོར་གཟིགས། །ཟས་ནོར་གང་ཁྱེར་བྱ་ར་མཛད། །ནམ་གུང་འགྲིམས་ནས་དཀོར་རྗེས་གཅོད། །འགྲུལ་ཕྱིར་འབྲངས་ནས་ཆོ་འཕྲུལ་གཏོང་། །སྐད་ཕྱིར་འབྲངས་ནས་མལ་དུ་རྒྱུག །འདྲེ་གནོན་གཏོང་ཞིང་གྲང་རྡུལ་འབེབས། །སྐྲ་ནས་འཐེན་ཞིང་སྟེང་ནས་གནོན། །ཙིཏྟ་འབྱིན་ཅིང་སྙིང་ཁྲག་འཐུང་། །སྲོག་རྩ་གཅོད་ཅིང་ཤ་རུས་གཏུབས། །སྣ་ནས་ནད་ཀྱི་རླངས་པ་འཐུལ། །རིམས་ནད་ཡམས་ནད་ཆར་དུ་འབེབས། །ཁ་དབུགས་འགོག་ཅིང་མིག་རྩ་གཅོད། །ཁོང་སྲོག་གཅོད་ཅིང་བྲེང་སྔངས་གཏོང་། །རོ་ལ་ཟ་ཞིང་མི་རོ་སྲེད། །ཁྲག་ལ་འཐུངས་ཤིང་རྐན་སྒྲ་རྡེབ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ནོར་རྐུན་མ་རུངས་སྨྱོ་རུ་ཆུག །གསོད་བྱེད་ནག་མོའི་དུས་ལ་བབ། །མ་བྷྱོཿ དུར་ཁྲོད་ལྷ་མོ་རྫུ་འཕྲུལ་ཅན། །གཅེར་བུ་ལུས་ལ་མ་རལ་གྱོན། །ལ་ལ་གཅེར་བུ་མི་ལྤགས་གྱོན། །ལ་ལ་མི་ལྤགས་གཡབ་མོ་རྡེབ། །ལ་ལ་ཁྲག་གི་ཟོར་མདའ་འཕེན། །ལ་ལ་སྐྲ་འཐེན་སྟེང་ནས་གནོན། །ལ་ལ་སྙིང་འབྱིན་ལྟོ་ཚིལ་འདྲུ། །ནག་མོ་ཆེན་མོ་རྫུ་འཕྲུལ་ཅན། །རོ་ལངས་ཞོན་ནས་ཧར་རྒྱུག་འབྱོན། །དུར་ཁྲོད་ལྷ་མོ་སྤུ་གྲི་མ། །རླུང་ལ་ཞོན་ནས་གྲིབ་སོ་འགྲིམ། །ཁ་ནས་དགྲ་ལ་འོ་དོད་འབོད། །དགྲ་བོའི་མིང་འབོད་ལྷངས་སེ་ལྷང་། །ནོར་སྙེག་མང་པོ་ཤ་ར་ར། །ཐོད་པའི་རྔ་བརྡུང་ལྡི་རི་རི། །ནག་མོ་ཟོར་འཕེན་ཆེམས་སེ་ཆེམ། །མ་མོའི་ཚོམ་རྔམས་ཟིངས་སེ་ཟིང་། །འདྲེ་མོའི་འདྲེ་གནོན་ནེམས་སེ་ནེམ། །དགྲ་ལ་གཡབ་འདེབས་རུབས་སེ་རུབ། །ནོར་རྐུན་དམ་ཉམས་ལས་ངན་འདི། །མལ་ནས་གཅེར་བུར་ཁྲིད་ལ་ཤོག །སྙིང་རླུང་ཆོ་ངེ་འདེབས་སུ་ཆུག །ནག་མོ་ཆེན་མོ་དྲག་ཤུལ་ཅན། །གསང་སྔགས་བཀའ་ཡི་སྲུང་མ་ཁྱོད། །བཀའ་དང་བསྟན་པ་གཉན་པོ་སྲུངས། །མཁས་བཙུན་དཀོར་གྱི་སྲུང་མ་ཁྱོད། །དཀོར་ནོར་གང་ཁྱེར་བྱ་ར་མཛོད། །ཁྱོད་ནི་ནོར་གྱི་བདག་མོ་སྟེ། །ནོར་གདུང་ཆེ་ཞིང་ནོར་ལ་བརྩེ། །དཀོར་བདག་ཆེན་མོ་དྲག་ཤུལ་ཅན། །གསེར་སྲང་གང་དང་ནོར་སྲང་དོད། །མཛོ་རྟ་གང་ཁྱེར་ཕྱིར་འབྲེང་མ། །ནས་ཕུལ་གང་དང་རྩྭ་ཕྱག་གང་། །ཅི་དང་ཅི་ཁྱེར་རྗེས་གཅོད་མ། །དགྲ་ལ་འོ་དོད་ངུ་འབོད་རྒྱོབ། །ལྷང་ལྷང་ཙེར་ཙེར་མིང་ནས་བོས། །དཀོར་རྐུན་གང་ཡིན་ཁུག་ལ་ཤོག །སྲོག་རྩ་དམར་འབྱིན་རྦད་ཆོད་ཐོང་། །སྙིང་རྩ་དམར་འབྱིན་ཧུར་འདོན་གྱིས། །ཤ་ཁྲག་མ་ལུས་སྲིང་མོས་རོལ། །ནག་མོ་སྤུ་གྲིའི་དུས་ལ་བབ། །ཀླུ་མོ་ནོར་སྙེག་དུས་ལ་བབ། །གནོད་སྦྱིན་ནག་མོ་སྐད་གཏོང་མ། །ཁང་མཐའ་བསྐོར་ཞིང་འོ་དོད་བོས། །འདྲེ་མོ་ནག་མོ་སྒོ་བརྡུང་མ། །དགྲ་བོའི་ཁང་ཁྱིམ་བཤིག་ལ་ཤོག །ནག་མོ་ཆེན་མོ་མི་ཟན་མ། །དགྲ་བོའི་སྙིང་ཁྲག་ཆོད་ལ་ཤོག །དུར་ཁྲོད་ལྷ་མོའི་དུས་ལ་བབ། །དོ་ནུབ་སྡང་བའི་དགྲ་ལ་བྷྱོ། །དེ་རིང་ང་ཡི་ནོར་ཕྱིར་འབྲེང་། །ནོར་རྐུན་གང་ཡིན་ཁྲིད་ལ་ཤོག །ཤ་ཁྲག་གཏོར་མ་འདི་བཞེས་ལ། །མ་མོ་ནག་མོའི་དུས་ལ་བབ། །བྷྱོཿ དུར་ཁྲོད་བདག་མོ་དགྲ་ལ་བྷྱོ། །དཀོར་ནོར་སྲུང་མ་དགྲ་ལ་བྷྱོ། །མ་བདུད་ནག་མོ་དགྲ་ལ་བྷྱོ། །མིང་སྲིང་བདུན་པོ་དགྲ་ལ་བྷྱོ། །མི་དམར་སྐྱེས་ཅིག་དགྲ་ལ་བྷྱོ། །མི་རིངས་དམར་པོ་དགྲ་ལ་བྷྱོ། །ཤན་པ་ར་མགོ་དགྲ་ལ་བྷྱོ། །ཟུ་ར་ར་སྐྱེས་དགྲ་ལ་བྷྱོ། །བྷྱོ་བྷྱོ་དགྲ་བོའི་སྲོག་ལ་བྷྱོ། །བྷྱོ་བྷྱོ་དགྲ་བོའི་ཤ་ལ་བྷྱོ། །བྷྱོ་བྷྱོ་དགྲ་བོའི་ཁྲག་ལ་བྷྱོ། །དགྲ་བོའི་ཤ་ལ་ཧབ་ཟས་གྱིས། །དགྲ་བོའི་ཁྲག་ལ་ཧུབ་འཐུང་གྱིས། །དགྲ་བོའི་སྲོག་ལ་བསྐུལ་མ་གྱིས། །དགྲ་ཤ་དུམ་བུར་གཏུབས་པ་འདིས། །མིང་སྲིད་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་ཁྲག་ནང་རོལ་གཡོས་པ་འདིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་དོན་སྙིང་གློ་མཆིན་གྱིས། །མིང་སྲིད་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་རྩ་ཁྲག་ཁོག་དབུགས་ཀྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་མི་ནོར་ལོངས་སྤྱོད་ཀྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་མཛོ་གཡག་རྟ་ཕྱུགས་ཀྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་བ་གླང་ར་ལུག་གིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་བང་མཛོད་དཀོར་ནོར་གྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །དགྲ་བོའི་ལོ་ཏོག་རྨུག་ཡབ་ཀྱིས། །མིང་སྲིང་བརྒྱད་ཀྱི་ཐུགས་དམ་བསྐང་། །བཞེས་ཤིག་དུར་ཁྲོད་ལྷ་མོའི་ཚོགས། །རོལ་ཅིག་དུར་ཁྲོད་ལྷ་མོའི་ཚོགས། །ཁྱེར་ཅིག་ལས་མཁན་ཤན་པའི་ཚོགས། །ཆོམས་ཤིག་མིང་པོ་སྡེ་བཞི་པོ། །དགྲ་བོའི་མི་ནོར་ལོངས་སྤྱོད་ཀྱི། །ཐུགས་དམ་སྐོང་ངོ་ཕྲིན་ལས་མཛོད། །ཧཱུྃ་ར་ལི་པྲ་མ་ཡ་ཛ་ཛ། མ་ཧཱ་ཀཱ་ལི་པདྨ་ཧུར་ཧུར་ཀྲོ་ཏ་ནི་ཧུར་ཧུར་རྦད་བྷྱོ། དགྲ་བོའི་ཙིཏྟ་ཕྱུང་ཕྱུང་། སྲོག་ལ་རྦད་རྦད། ཙིཏྟ་གཏུབས་གཏུབས། ཙིཏྟ་ལྕིབས་ལྕིབས། ཙིཏྟ་རྨུགས་རྨུགས། ཙིཏྟ་མྱོགས་མྱོགས། ཁྲག་ལ་རྦུད་ལིང་། སྙིང་ཁྲག་རྦུད་རྦུད། སི་ལི་མ་ནི་ཛ་ཛཿ དགྲ་བོའི་ལུས་དང་མཁར་ཁྱིམ་ཀུན། །ཕར་ཐལ་ཚུར་ཐལ་སོང་བར་བསམ། །ལྕགས་ཀྱི་སྲོག་རྩ་ཡོད་ཀྱང་ཆོད། །བབ་ཅོལ་བྱས་ན་རང་ལ་སྡིགས། །བོར་སྟོར་བྱུང་ན་ཆོ་འཕྲུལ་གྱི་སྔགས། ཨོཾ་མ་ཧཱ་ཀཱ་ལི་སི་ལི་སི་ལི་མཱ་ར་ཡ་ཧཱུྃ་ཛཿ སི་ལི་སི་ལི་མ་ནི་ཛཿ མ་ཧཱ་ཀཱ་ལི་པདྨ་ཧ་ར་ཧ་ར་ཀྲོ་ཏ་ནི་ལ་ཧུར་ཧུར། ཆོམ་རྐུན་རྦད་རྦད། དུན་དུན་བྷྱོ་བྷྱོ། །སིང་སིང་། ཡེར་པ་ཡེར་པ། འདུས་པ་འདུས་པ། པྲ་པ་པྲ་པ། ལྷང་ལྷང་། ཙེར་ཙེར། བོས་བོས། རྒྱུག་རྒྱུག །བྲེང་བྲེང་། ངའི་ནོར་ཁྱེར་ལ་ཤོག །ཨོཾ་སརྦ་ཛ་ཡ་རྦད་སྭཱ་ཧཱ། ཞེས་བཟླས་པས་དགྲ་ལ་འདྲེ་འབོད་དངོས་སུ་ཡོང་། ཤིན་ཏུ་ཟབ་པ་ལག་ལེན་གནད་ཡིག་ལ་བརྟེན་པར་གཅེས་སོ། །དུས་ཀྱི་ཐ་མར་དབེན་གནས་གཉན་པོའི་གནས་རྟེན་བསྲུང་བའི་ཆེད་དུ་པདྨ་འོད་གླིང་དུ་བླ་རྡོ་སྲོག་འཁོར་འདུ་བྱས་ཤིང་གཉེར་དུ་གཏད་པའི་ཚེ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་གུ་རུ་པདྨའི་མན་ངག་ལས་ཕྱུང་བ། འཁུ་ལྡོག་དང་ནུས་པ་ཤིན་ཏུ་ཆེ་བར་འདུག་པས་གང་དྲན་དུ་མ་གྱེར་བ་གཅེས་སོ།། །།