རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད། སྨན་བཙུན་མགུལ་རྒྱན།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-028
Wylie title rdo rje g.yu sgron ma'i gsol mchod/ sman btsun mgul rgyan
Location 'jigs gling bka' 'bum
Volume 8, Text 28, Pages 711-719 (Folios 1a1 to 5a4)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Rdo rje g.yu sgron ma'i gsol mchod sman btsun mgul rgyan. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 711-719. New Delhi: Shechen Publications, 2025.
Genre Protector Rituals - gsol mchod
Deity rdo rje g.yu sgron ma
Colophon

ཅེས་པའང་བུ་ཚལ་སྐོར་ལམ་པ་དགེ་འདུན་དོན་གྲུབ་ཀྱི་ངོར་རིག་འཛིན་འཇིགས་མེད་གླིང་པས་ལམ་བར་རྡོ་གཞིས་སུ་སྦྱར་བའོ།།

ces pa'ang bu tshal skor lam pa dge 'dun don grub kyi ngor rig 'dzin 'jigs med gling pas lam bar rdo gzhis su sbyar ba'o//

[edit]

༄༅། །རྡོ་རྗེ་གཡུ་སྒྲོན་མའི་གསོལ་མཆོད། སྨན་བཙུན་མགུལ་རྒྱན་བཞུགས། །

༄༅། །རཏྣ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ། །རྡོ་རྗེ་གཡུ་སྒྲོན་མའི་མཆོད་གཏོར་དཀར་ཟླུམ་པད་འདབ་བཞི་པ་རང་འདྲའི་འཁོར་བཞི་ལྡན། དཀར་གསུམ་མངར་གསུམ། ཤིང་ཏོག་འོ་ཕུད་དང་བཅས་པ་བཤམས་ལ། མཆོད་པ་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ལྷ་རྫས་ལས་གྲུབ་པའི་མཆོད་གཏོར་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པའི་རང་བཞིན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་གྱུར། ཨོཾ་སརྦ་བིད་པུ་ར་པུ་ར་སོགས་དང་། ཨརྒྷཾ་སོགས་ཀྱིས་བརླབ། རྟེན་བསྐྱེད་པ་ནི། རང་ཡི་དམ་དུ་གསལ་བའི་མདུན་དུ་འོད་སྣང་ལས་གྲུབ་པའི་སྐྱེད་མོས་ཚལ་ཆོས་བཟང་ལྷའི་འདུན་ས་ལྟ་བུར་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ། ནེའུ་སིང་སྨན་ལྗོངས་མེ་ཏོག་དུ་མས་བཀྲ་བའི་གནས་རི་དྭགས་སྣ་ཚོགས་བག་ཕེབས་པར་རྒྱུ་ཞིང་། འབབ་ཆུ་ལྷུང་ལྷུང་དང་བྱ་སྐད་སྙན་པར་སྒྲོག་པ། མཐར་སྐོར་གངས་རིའི་ར་བ་དང་། ལྗོན་ཤིང་དུ་མས་བཀྲ་བའི་དབུས་སུ། བཻ་ཌཱུརྱའི་ཁང་བཟང་ཤེལ་གྱི་ཐེམ་སྐས་རིམ་པ་གཉིས་པ་དང་། བྱེ་རུའི་ཁ་བད་ཅན་གྱི་ནང་དུ་རིན་པོ་ཆེའི་ཁྲི་དང་དར་ཟབ་འབོལ་བརྩེགས་ཀྱི་སྟེང་དུ་ཡུམ་ལས་སྨན་བཙུན་ཆེན་མོ་རྡོ་རྗེ་གཡུའི་སྒྲོན་མ་ཆུ་ཤེལ་གྱི་ཕུང་པོ་ལ་ཉི་མ་ཤར་བ་ལྟ་བུ། དར་ཟབ་དཀར་པོའི་རྩེ་གོས་གསེར་གྱི་པདྨ་རིས་དབང་པོའི་ཚོན་ཆ་བཀྲམ་པ་ལྟ་བུའི་གཡང་ལུག་རྨ་བྱའི་མདོངས་ཀྱི་ཆ་ག་ཅན། ཕྱག་གཡས་ནོར་བུ་དབང་གི་རྒྱལ་པོ་དང་། གཡོན་པ་དངུལ་དཀར་གྱི་མེ་ལོང་དང་མདའ་དར་སྣ་ལྔ་འཛིན་པ། ཤིན་ཏུ་མཛེས་ཤིང་འཇོ་སྒེག་འཛུམ་པའི་ཉམས་ཅན། དབུ་ལ་དར་ཐོད་ལྗང་གུ་དང་གསེར་གཡུ་མེ་ཏོག་གི་ཕྲེང་བས་བརྒྱན་པ། མདུན་རྒྱབ་གཡས་གཡོན་བཞིར་རང་འདྲའི་མཆེད་བཞི་དང་མཐའ་སྐོར་དུ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྤྱི་མགྲིན་སྙིང་ག་གསུམ་དུ། ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ནི། ཀྱེ། མདུན་དུ་གངས་རི་སྐྱེད་མོས་ཚལ། །དབུས་ན་རིན་ཆེན་ཁང་བཟང་ཆེ། །དེ་ནང་རིན་ཆེན་ཁྲི་སྟེངས་སུ། །རྡོ་རྗེ་གཡུ་སྒྲོན་དཀར་གསལ་ནི། །དར་དཀར་ན་བཟའ་གསེར་གཡུས་རྒྱན། །ཕྱག་གཡས་ཡིད་བཞིན་ནོར་བུ་དབང་། །གཡོན་པ་དངུལ་དཀར་མེ་ལོང་འཛིན། །དར་ཐོད་རིན་ཆེན་རྒྱན་ཕྲེང་ཅན། །འཛུམ་བཅས་ཕྱེད་ཀྲུང་འོད་ཟེར་འཕྲོ། །ཕྱོགས་བཞིར་མཆེད་བཞི་གཙོ་མོ་འདྲ། །ཀུན་ཀྱང་བཅུ་དྲུག་ན་ཚོད་ལ། །སྒེག་མཛེས་དགྱེས་པའི་ཚུལ་དུ་བཞུགས། །སྙིང་གའི་འོད་ཟེར་རབ་འཕྲོས་པས། །གནམ་སྨན་གངས་རི་ལྷ་ཡི་གནས། །སྤྲིན་དཀར་དག་པའི་ཕོ་བྲང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །ཧཱུྃ། རིག་འཛིན་པདྨ་ཐོད་ཕྲེང་གི། །བཀའ་ཉན་ཆད་ཐོ་ལ་གནས་པའི། །སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ། །སྤྱན་འདྲེན་གནས་འདིར་ད་ཚུར་བྱོན། །བཛྲ་ས་མཱ་ཛཿ མཆོད་པ་འབུལ་བ་ནི། ཧཱུྃ། ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །སྣང་སྲིད་སྣོད་བཅུད་མ་ལུས་པའི། །མཁོ་དགུའི་འབྱོར་ཚོགས་ཇི་སྙེད་པ། །ཡེ་ཤེས་བདུད་རྩིར་འཆར་བས་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིས། །འགལ་འཁྲུལ་ནོངས་པ་དབྱིངས་སུ་བསྐང་། །མཐུན་རྐྱེན་ཚེ་དཔལ་ནུས་སྟོབས་བསྐྱེད། །བདེ་སྟོང་རང་བྱུང་མངོན་མྱུར་སྩོལ། །ཨོཾ་བཛྲ་པྲ་མོ་ཧ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ལྔའམ་བདུན་གྱིས་དབུལ། རྒྱས་པར་སྤྲོ་ན་སྐོང་བཤགས་བྱ་བ་ནི། ཧཱུྃ། འགྱུར་མེད་བདེ་བ་ཆེན་པོའི་ངང་ཉིད་ལས། །ཏིང་ངེ་འཛིན་གྱིས་རྣམ་འཕྲུལ་བཀོད་པ་ནི། །དབང་པོ་དྲུག་ལ་འདོད་དགུར་འཆར་བའི་རྫས། །འབྲུ་བཅུད་སྟོང་ལས་སྦྱར་བའི་ཞལ་སྐྱེམས་དང་། །དཀར་མངར་འོ་ཕུད་སྤྲིས་མར་ཆགས་པའི་ཞོ། །ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་རིགས། །རང་བཞིན་ལྷན་ཅིག་སྐྱེས་དང་སྦྱར་བའི་སྤོས། །ཉི་ཟླ་ལ་སོགས་སྣང་བྱེད་སྒྲོན་མེའི་འོད། །བཟང་དྲུག་དལ་འགྲོས་བརླན་པའི་དྲི་ངད་ཆབ། །ཤིང་ཏོག་རྩི་ཐོག་གཡོས་སུ་སྦྱར་བའི་ཟས། །འབུད་དཀྲོལ་བརྡུང་དང་གླུ་ཡི་འགྱུར་ཁུག་སྒྲ། །ཉེར་སྤྱོད་འདོད་པའི་ཡོན་ཏན་ཚོགས་ཀྱིས་བསྐང་། །ཕྱེ་མར་བསང་སྤོས་དར་ཚོན་སྣ་ལྔའི་སྤྲིན། །སྐྱེད་ཚལ་མ་རྨོས་ལོ་ཏོག་འབྲོང་གཡག་ཞོལ། །ཐལ་དཀར་གཡང་མོ་ལུག་དང་ཚེ་ཚེ་ར། །མགྱོགས་པའི་བང་དང་རྫུ་འཕྲུལ་རླུང་གི་ཤུགས། །རྩལ་གསུམ་ལྡན་པའི་ཅང་ཤེས་དྲིའུ་སྔོན། །ཤ་རྐྱང་མ་ཧེ་འདོད་འཇོའི་བ་དང་མཛོ། །ནམ་མཁའ་ལྡིང་དང་རྨ་བྱ་ཟློས་གར་ཅན། །ངང་པ་ཁྲུང་ཁྲུང་བཞད་དང་མཁའ་འགྲོའི་བྱ། །གནག་སྣུམ་ཡན་ལག་དམར་དང་སེར་བ་སོགས། །སྲོག་ཆགས་མདངས་ཀྱིས་ཐུགས་དམ་བསྐོངས་གྱུར་ནས། །བྱ་བ་སྤྱོད་ལམ་ཉེས་དང་འབགས་བཙོག་ཤོར། །རྟག་གཏོར་རྒྱུན་གཏོར་ཆག་དང་གསོལ་མཆོད་གཡེལ། །ཐབ་གཞོབ་མི་འཁོན་ལྷ་འཁོན་བྱུང་བ་སོགས། །ཐུགས་དང་འགལ་བ་ཐམས་ཅད་སོར་ཆུད་ནས། །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་བསྟོད་པ་བྱ་བ་ནི། རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་དྲན་མཛོད་ལ། །རྣལ་འབྱོར་བདག་ལ་དགྱེས་པའི་ཞལ་བཟང་སྟོན། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །སྤྲོ་ན་མངའ་གསོལ་བྱ་བ་ནི། ཀྱེ་བདེ་ཆེན་ཀུན་ཏུ་བཟང་མོའི་ཀཻ་ལ་ཤར། །རྗེས་ཆགས་ཉི་གཞོན་འཆར་ཀའི་བརྟུལ་ཞུགས་ཀྱིས། །དམ་པོར་འཁྱུད་པའི་འཇོ་སྒེག་ལང་ཚོའི་ཉམས། །སྨན་བཙུན་རྡོ་རྗེ་གཡུ་ཡི་སྒྲོན་མར་ཤར། །མཐོ་རིས་བུ་མོའི་གྲོང་ཁྱེར་ཉམས་དགའ་བར། །ལྷ་མོ་ཡིད་འོང་མེ་ཏོག་མནྡཱ་ར། །ཤིན་ཏུ་མཛེས་པའི་ལང་ཚོས་འཇིག་རྟེན་གྱི། །བརྟན་པ་འཕྲོག་པའི་བྱེད་པོ་ཁྱོད་ལས་སུ། །དུས་སྦྱོར་བཅུ་གཉིས་དག་པའི་རྟེན་འབྲེལ་རྩལ། །འཇིག་རྟེན་བསྟན་མའི་སྣང་ཆར་བསྟན་མོད་ཀྱང་། །མཁའ་སྤྱོད་དག་པའི་ཞིང་ན་ཝཱ་རཱ་ཧཱི། །དངོས་གྲུབ་ཀུན་གྱི་བྱེད་པོར་མངའ་གསོལ་ལོ། །ཤིན་ཏུ་ཆགས་པ་ཆེན་པོའི་ཡེ་ཤེས་མེས། །ཐབས་མཆོག་བདེ་བ་ཆེན་པོའི་དཔའ་བོ་ལ། །སྦྱར་བས་སྣང་སྲིད་དབུ་མར་དག་པའི་གྲོང་། །ས་ལམ་ཡོངས་བགྲོད་ཕོ་ཉར་མངའ་གསོལ་ལོ། །ཁྱད་པར་ལྔ་བརྒྱའི་ཐ་མར་སྐྱེས་པའི་མཐུས། །ཆོས་བཞིན་སྤྱད་ཀྱང་འགལ་རྐྱེན་དར་བའི་ཚེ། །དབང་དང་དྲག་ཤུལ་སྤྱོད་པའི་ཕྲིན་ལས་ཀྱིས། །རྣལ་འབྱོར་སྐྱོང་བའི་མ་མར་མངའ་གསོལ་ལོ། །མདོར་ན་དུས་གསུམ་ཀུན་ཏུ་ཁྱོད་བསྟེན་ཞིང་། །དུས་མེད་རིག་པའི་ངང་དུ་རོ་གཅིག་ན། །འདུ་འབྲལ་མེད་པའི་དམ་ཚིག་ཉེར་དགོངས་ཏེ། །དངོས་གྲུབ་ཆེན་པོའི་དགའ་སྟོན་གསར་པས་སྐྱོངས། །མཚུངས་པ་མེད་པའི་མཛེས་སྡུག་ལང་ཚོའི་དཔྱིད། །སྙིང་གི་ཐིག་ལེར་རོ་གཅིག་འདྲེས་པའི་མོད། །རང་བྱུང་ཡེ་ཤེས་ཆེན་པོའི་དོན་སྟོན་ཞིང་། །རྣམ་བཞིའི་ཕྲིན་ལས་ཡོངས་འདུའི་འབྲས་སྨིན་མཛོད། །ཕྲིན་བཅོལ་ནི། ཧཱུྃ། སྟོབས་བཅུའི་བདག་ཉིད་སྟོན་པ་སངས་རྒྱས་དང་། །དེ་ཡི་བསྟན་པ་ལུང་དང་རྟོགས་པའི་ཆོས། །དེ་འཛིན་རིག་གྲོལ་གཉིས་ལྡན་དགེ་འདུན་ཏེ། །དཀོན་མཆོག་རིན་ཆེན་གསུམ་གྱི་དབུ་འཕང་བསྟོད། །ཆོས་ཀྱི་རྒྱལ་པོ་མེས་དབོན་རྣམ་གསུམ་གྱིས། །ལམ་སྲོལ་བཏོད་པའི་མདོ་སྔགས་བཤད་སྒྲུབ་སྡེ། །ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱི། །ཡོན་བདག་གྱིས་ལ་རྟག་ཏུ་མེལ་ཚེས་སྐྱོངས། །དཀོན་མཆོག་གསུམ་ལ་བླ་མར་བྱེད་པ་དང་། །འཇིག་རྟེན་ཡང་དག་བལྟ་ལ་གུས་པ་རྣམས། །ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བ་དང་། །ཆོས་ལྡན་བསམ་པ་ཡིད་བཞིན་འགྲུབ་པར་མཛོད། །འཇིག་རྟེན་ཁམས་སུ་ནད་མཚོན་མུ་གེ་དང་། །སད་སེར་བཙའ་ཐན་དུས་ཀྱི་རྒུད་པ་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས་པ་སོགས། །བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་སྤེལ། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །དབང་པོ་དྲུག་ལ་བཞེད་དགུར་འཆར་བའི་རྫས། །འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་ཀུན། །བུམ་པ་བཟང་དང་དཔག་བསམ་ཤིང་ལྟར་སྤེལ། །ཆོས་ཉིད་རང་བཞིན་ཞི་ལས་མ་གཡོས་ཀྱང་། །ལོག་པར་འདྲེན་པའི་དགྲ་འདྲེ་བྱུར་གསུམ་དང་། །རྦད་འདྲེ་རྦོད་གཏོང་བསམ་སྦྱོར་ངན་པ་ཀུན། །རྡོ་རྗེ་དྲག་རྒྱལ་འབར་མའི་མཚོན་ཆས་ཐུལ། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། །ཡིད་ལ་འཁྲུག་པ་སྟེར་བའི་མི་མཐུན་ཕྱོགས། །བསྲུང་ལ་ཚེ་དང་ལོངས་སྤྱོད་དབང་ཐང་ཀུན། །ཟླ་བ་ཡར་གྱིས་གང་བ་བཞིན་དུ་མཛོད། །གཞིས་ལ་བག་ཕེབས་བཀྲ་ཤིས་དགེ་ལེགས་སྤེལ། །བྱེས་སུ་ལ་ཆུ་འཕྲང་དང་ཆོམ་ཀུན་སྲུངས། །ཇི་ལྟར་སྨོན་པའི་རེ་འབྲས་ཡིད་བཞིན་དུ། །འགྲུབ་པའི་ནོར་བུ་རིན་ཆེན་ཁྱོད་ཀྱིས་མཛོད། །ཅེས་པའང་བུ་ཚལ་སྐོར་ལམ་པ་དགེ་འདུན་དོན་གྲུབ་ཀྱི་ངོར་རིག་འཛིན་འཇིགས་མེད་གླིང་པས་ལམ་བར་རྡོ་གཞིས་སུ་སྦྱར་བའོ།། །།