འཇིགས་བྱེད་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་གནན་པའི་ལས་རིམ་རི་རབ་ནག་པོ།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-019
Wylie title 'jigs byed nag po sum sgril gyi sgo nas gnan pa'i las rim ri rab nag po
Location 'jigs gling bka' 'bum
Volume 8, Text 19, Pages 531-569 (Folios 1a1 to 20a4)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. 'jigs byed nag po sum sgril gyi sgo nas gnan pa'i las rim ri rab nag po. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 531-569. New Delhi: Shechen Publications, 2025.
Genre Activity Practices - las tshogs
Deity gshin rje nag po
Colophon

ཞེས་འཇམ་དཔལ་གཤིན་རྗེ་དུག་རི་ནག་པོ་སུམ་སྒྲིལ་གྱི་གནན་པའི་ལས་ཁྲིགས་རི་རབ་ནག་པོ་ཞེས་བྱ་བ་ཝ་གིནྡྲ་དྷརྨ་ཀཱིརྟི་སོགས་དོན་གཉེར་འགའ་དང་རང་ལ་མཁོ་ཕྱིར་གཞུང་གི་དགོངས་དོན་གཙོ་བོར་བཟུང་། ཁོག་འབུབས་ཀྱི་མན་ངག་འགའ་ཞིག་གིས་ཟུར་བརྒྱན། འགུགས་འདྲེན་སོགས་ཀྱི་འདོན་ཆ་བྱང་བདག་རིག་འཛིན་དབང་པོའི་སྡེའི་ལྗགས་བསྒྲིགས་ལ་སྐབས་བབ་ཀྱི་བསྒྱུར་ཁ་བག་ཙམ་རེ་བྱས་ཏེ། ཟབ་ཆོས་འདི་ཉིད་ཀྱི་བཀའ་བབས་གཏེར་ཆེན་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ལོ་ཆེན་བཻ་རོ་གཉིས་པ་རྔ་ཡབ་གླིང་དུ་གཤེགས་ནས་བགྲང་བྱ་རིག་བྱེད་ཀླུ་གཟུགས་སླེབས་པ་འཛིན་བྱེད་ཅེས་མེ་ཕོ་བྱི་བའི་ལོ། དབོ་ཟླའི་དཀར་ཕྱོགས་ཀྱི་སྟོང་པ་གཉིས་པའི་ཚེས་ལ་དམག་དཔོན་ཆུ་ལྷར་འཁྱོག་འགྲོས་རྩོམ་པའི་དུས་ཚེས་རྩུབ་མོར་རིག་པ་འཛིན་པ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་གྱིས་སྤེལ་བ་བསྟན་དགྲ་གཞོམ་པའི་རྒྱུར་གྱུར་ཅིག།

zhes 'jam dpal gshin rje dug ri nag po sum sgril gyi gnan pa'i las khrigs ri rab nag po zhes bya ba wa gin+d+ra d+harma kIrti sogs don gnyer 'ga' dang rang la mkho phyir gzhung gi dgongs don gtso bor bzung /_khog 'bubs kyi man ngag 'ga' zhig gis zur brgyan/_'gugs 'dren sogs kyi 'don cha byang bdag rig 'dzin dbang po'i sde'i ljags bsgrigs la skabs bab kyi bsgyur kha bag tsam re byas te/_zab chos 'di nyid kyi bka' babs gter chen bla ma nges pa don gyi thams cad mkhyen pa lo chen bai ro gnyis pa rnga yab gling du gshegs nas bgrang bya rig byed klu gzugs slebs pa 'dzin byed ces me pho byi ba'i lo/_dbo zla'i dkar phyogs kyi stong pa gnyis pa'i tshes la dmag dpon chu lhar 'khyog 'gros rtsom pa'i dus tshes rtsub mor rig pa 'dzin pa dbang chen mkhyen brtse'i 'od zer gyis spel ba bstan dgra gzhom pa'i rgyur gyur cig/

[edit]

༄། །འཇིགས་བྱེད་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་གནན་པའི་ལས་རིམ་རི་རབ་ནག་པོ་ཞེས་བྱ་བ་བཞུགས། །

༄། །དུས་མཐའི་མེ་ལྟར་རབ་འབར་གཤིན་རྗེ་གཤེད། །འཇིགས་བྱེད་ནག་པོ་སུམ་སྒྲིལ་དམོད་པའི་ཐོག །ལོག་འདྲེན་དགྲ་བགེགས་སྙིང་ལ་འབེབས་པའི་སླད། །གནན་པའི་ལས་རིམ་རི་རབ་ནག་པོ་སྤྲོ། །དེ་ལ་འདིར་ནག་པོ་སུམ་སྒྲིལ་གྱི་སྒོ་ནས་ལས་ཀྱི་མཐའ་སྡུད་གནན་པའི་ཕྲིན་ལས་བྱ་བ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་གཏན་ལ་འབེབས་ཏེ། དེ་ཡང་སྔོན་འགྲོ་བཅས་བཤམ་གྱི་རིམ་པ་ལོགས་སུ་འཆད་པ་ལས་ཤེས་པར་བྱས་ནས། དངོས་གཞི་ཆོ་གའི་གཞུང་ལ་འཇུག་པ་ནི། རང་གཞུང་དུ། དང་པོ་སྔགས་པ་བསྙེན་པར་རྫོགས་པ་ཡིས༔ ཞེས་དང་། རྩ་བ་རྡོ་རྗེའི་མཁར་རྫོང་ལས། རྒྱུད་བཞི་དབང་ཐོབ་དམ་ཚིག་དང་ལྡན་པསཿ ཞེས་གསུངས་པས། དེ་ཡང་ཡི་དམ་འདིའི་བསྙེན་སྒྲུབ་ལས་གསུམ་ཚད་དུ་འཁྱོལ་བའམ། མིན་ན་ཡང་ཡི་དམ་གང་རུང་ལ་བསྙེན་པ་ཐེམ་ཞིང་འདིའི་དབང་ལུང་མན་ངག་ནོད་པའི་སྔགས་པས་དྲག་པོའི་ལས་ལ་ཤིས་པའི་གནས་སུ་དམར་ཕྱོགས་ཀྱི་གཟའ་ཚེས་དུས་སྦྱོར་ཤིན་ཏུ་རྩུབ་ཅིང་། བདུད་ཉི་དང་ཉི་ནག་ལ་ཕུང་གསུམ་ལྕགས་ཁམས་ཀྱི་ལོ་ཟླ་ཉི་ཁྱིམ་སོགས་སྤྱི་བརྩམ་དང་། བྱེ་བྲག་དམིགས་བྱའི་ལོ་ཟླ་ཞག་དུས་ཀྱི་ལོག་སྦྱོར་རྩུབ་མོས་དགྲ་བོར་གྱིམ་ཤང་གནད་དུ་ཕྲད་པའི་དུས་ཚོད་དེ། གང་གི་ཚེ་ནའང་སྙིང་རྗེ་ཁྲོས་པའི་ཞེ་སྡང་ལྡོག་ཏུ་མེད་པའི་གནས་སྐབས་སུ་བརྩམ་དགོས་པ་ནི། ཇི་སྐད་དུ། ཞེ་སྡང་མ་ཡལ་མཐུ་ཡི་མཆོག །ཅེས་པ་བཞིན་བཤད་མ་ཐག་པའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ལས་ལྡང་བའི་གནད་མ་ཤེས་ན་མངོན་པའི་ང་རྒྱལ་ཆེ་བ་ཙམ་ལ་དགོས་པ་མེད་དེ། གཏེར་ཁྱིམ་དུ། ལྟ་བ་རྟོགས་ཤིང་སྙིང་རྗེས་བསྒྲལ་བ་གཅེས༔ ཞེ་སྡང་རང་མཐུ་སྲིན་པོའི་མཐུ༔ ཕྱི་མ་ངན་སོང་དུ་ལྷུང་ངོ༔ ཞེས་གསུངས་པའི་དགོངས་དོན་ཡང་བློ་ལ་མ་ཆུད་ན། སྔགས་འཆང་མཐུ་སྐད་ཅན་ལའང་ལས་འབྲས་ཀྱི་རྣམ་སྨིན་དང་། ཕྱི་མའི་ཕེབས་ལམ་སྤྱི་མཐུན་ཉག་གཅིག་ཏུ་གྱུར་པའང་བསམས་ནས། བདག་གི་རྣལ་འབྱོར་བཟླས་པའི་བར་སྔོན་དུ་གྲུབ་རྗེས། ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་འཁོར་དང་བཅས༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང༔ གཟུགས་སྐུ་འཇིགས་པའི་ཆ་ལུགས་རྫོགས་མཛད་པ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཞི་ཁྲོ་དང༔ འཇམ་དཔལ་གཤིན་རྗེའི་ལྷ་ཚོགས་ཐུགས་དམ་ཅན༔ མི་མངོན་དབྱིངས་ནས་འདིར་གཤེགས་ཐུགས་དམ་བསྐུལ༔ དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབས༔ ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔ ཞེས་བསྐུལ་ལོ། །དེ་ནས་གསེར་སྐྱེམས་བཤམས་ལ་དཀར་ནག་བདེན་རྫུན་གྱི་ཤན་འབྱེད་མཁྱེན་གསོལ་ནི། ཧཱུྃ་བྷྱོ༔ ཐོག་མའི་མགོན་པོ་ཀུན་བཟང་ནས་བཟུང་སྟེ༔དཔལ་མགོན་རྩ་བའི་བླ་མ་ཡན་ཆོད་དུ༔ སངས་རྒྱས་དངོས་དང་སྙན་བརྒྱུད་མ་ཆད་པའི༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང༔ གང་ཟག་སྙན་བརྒྱུད་བླ་མ་སྙན་གསོན་ཅིག༔ གསང་སྔགས་བླ་མེད་དགོངས་པ་སྙིང་པོའི་དོན། །འཁོར་འདས་བྱང་ཆུབ་སེམས་སུ་རོ་གཅིག་པས། །འོད་གསལ་ཐིག་ལེ་ཆེན་པོའི་ངང་ཉིད་ལས། །རིགས་ཅན་རྣམས་ཀྱིས་སྨིན་གྲོལ་བྱེད་པ་ལ། །དམ་ཉམས་ཞིང་བཅུ་རྣམས་ཀྱིས་མ་སྟེར་རོ། །རིག་འཛིན་བླ་མས་གཟུ་དང་དཔང་མཛོད་ཅིག །དབྱིངས་དང་ཡེ་ཤེས་དཀྱིལ་འཁོར་ཀུན་གྱི་བདག །རིགས་ལྔ་རིགས་གསུམ་དུས་གསུམ་རྒྱལ་དང་སྲས། །ཡོན་ཏན་ཕྲིན་ལས་མ་ལུས་འདུས་པའི་སྐུ། །ཞི་ཁྲོ་རབ་འབྱམས་སྒྲུབ་པ་བཀའ་བརྒྱད་དང་། །འཇམ་དཔལ་གཤིན་རྗེ་བསྙེན་ཅིང་བསྒྲུབས་པའི་ལྷ། །ལས་དང་ཡེ་ཤེས་མཁའ་འགྲོ་སྙན་གསོན་ཅིག །བླ་མ་མཆོག་མཇལ་དབང་བསྐུར་མན་ངག་ཞུས། །རྒྱུད་སྡེའི་དགོངས་པ་བསྐྱེད་རྫོགས་ཟབ་མོ་བསྟེན། །བདེ་གཤེགས་བཀའ་བཞིན་བསྒྲུབ་སེམས་རྣལ་འབྱོར་བདག །བསྟན་པའི་དགྲ་བོ་འདི་ཡིས་སེམས་དཀྲུགས་སོ། །ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག །ཀུན་ཏུ་བཟང་མོ་སྤྱན་དྭང་མཱ་མ་ཀཱི། །གོས་དཀར་སྒྲོལ་མ་རིགས་ལྔའི་མཁའ་འགྲོ་མ། །གནས་དང་ཡུལ་གྱི་དཔའ་བོ་མཁའ་འགྲོ་དང་། །སྤྲུལ་དང་ཡང་སྤྲུལ་མ་སྲིང་རྒྱ་མཚོ་དང་། །དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་སྙན་གསོན་ཅིག །བས་མཐའ་ནགས་འདབས་གནས་དང་དུར་ཁྲོད་དུ། །ལྷག་པའི་སེམས་ལ་སྦྱོར་བའི་བརྟུལ་ཞུགས་ཀྱིས། །ཞི་གནས་ལྷག་མཐོང་ཉམས་རྟོགས་སྒོམ་པ་ལ། །ཕུང་བྱེད་དམ་ཉམས་འདི་ཡིས་མ་སྟེར་རོ། །སྔགས་སྲུང་དམ་ཅན་རྒྱ་མཚོ་དྲེགས་པའི་ཚོགས། །དཔའ་བོ་མཁའ་འགྲོས་གཟུ་དང་དཔང་མཛོད་ཅིག །ཆོས་ལོངས་སྤྲུལ་སྐུས་སྟོང་དང་རྟེན་ཅིང་འབྲེལ། །ཟུང་འཇུག་རྒྱུ་འབྲས་འདས་པའི་ཆོས་བསྟན་པ། །གདུལ་བྱའི་བསགས་པས་ཐེག་པ་གྲུབ་མཐའི་སྒོ། །མཐའ་ཡས་དུ་མར་གོ་ཡང་ངོ་བོ་གཅིག །ཀུན་ལ་རིས་མེད་དག་སྣང་རྩལ་སྦྱངས་ཤིང་། །བདག་བསྟོད་གཞན་སྨོད་ཆགས་སྡང་ཚེར་མ་སྤང་། །རང་གིས་ཚུལ་བཞིན་དམ་ཆོས་སྤྱོད་སེམས་ལ། །བན་སྔགས་བོན་དགྲ་ནག་པོའི་འཚེ་བ་དང་། །རང་ཟས་སྨན་ལ་གཞན་ཟས་དུག་ལྟར་བལྟས། །དམན་པའི་ས་བཟུང་ཁ་ཉན་དཔུང་པ་སྨད། །མཐོ་ལ་མ་སྨད་དམའ་ལ་མ་བརྙས་ཤིང་། །བར་དུ་ཕྲག་དོག་རུ་ངའི་སྦྱོར་སྤངས་ཀྱང་། །བསྟན་པའི་རཱུ་ཏྲ་ནག་པོ་གླང་སྙིང་འདིས། །སྤྱིར་ནི་སངས་རྒྱས་བསྟན་པ་ཡོངས་ལ་འཚེ། །སྒོས་སུ་དཔལ་ལྡན་བླ་མའི་ཐུགས་རྒྱུད་དཀྲུགས། །ཡང་སྒོས་བདག་ཅག་ཆོས་སྲིད་བཅས་པ་ལ། །བདེན་པ་ཁྱད་གསོད་རང་གནོད་ཁོང་བསྲན་བཅས། །ངོར་རྩུབ་མ་བདེ་ཐབས་ཀྱིས་མཐའ་ནས་བསྐུལ། །རང་ནུས་མ་ཐོན་ལོག་འདྲེན་གཞན་དག་རྦོད། །ཁ་དཀར་ཞེ་གནག་མགོ་སྨོང་སྒབ་ནས་རྩུབ། །མ་བྱས་བྱས་དང་མ་བྱུང་བྱུང་ཞེས་པའི། །ལེགས་བསུབས་ཉེས་སྒྲོགས་ཡ་ག་ངན་སྨྲས་སྦྱོར། །རྒྱབ་ནས་འདེད་ཅིང་མདུན་དུ་བསྒུག་པ་དང་། །ཟུར་ནས་གསོད་གཅོད་བརྐུ་འཕྲོག་བརྡེག་བྱེད་ཅིང་། །རང་གི་ཆོས་སྲིད་འབྱོར་པས་མི་ངོམས་པར། །གཞན་ལ་ཕྲག་དོག་བསྟན་ལ་བསྙེངས་པ་ཡི། །ཕྱི་དགྲ་ཞེ་སྡང་མེ་ལྟར་འབར་བ་དང་། །ནང་དགྲ་བསམ་ངན་རླུང་ལྟར་འཚུབས་པ་ཡི། །སྔ་དགྲ་ཉེས་བྱེད་ཆུ་ལྟར་རྒྱུག་པ་དང་། །ཕྱིས་དགྲ་བྱེད་སེམས་དུག་ལྟར་ཁོང་ནས་གཡོ། །ད་དགྲ་དྲག་པོ་ཚེར་ལྟར་རྩུབ་པ་ཡི། །བྱད་མ་དགྲ་བོ་ཕྱོགས་མཚམས་གང་གནས་ཀྱང་། །འཇིག་རྟེན་འདས་དང་མ་འདས་ཚུལ་འཛིན་པའི། །བསྟན་སྲུང་དམ་ཅན་རྒྱ་མཚོ་དྲེགས་པའི་འཁོར། །བསྟན་དང་བསྟན་འཛིན་རྣལ་འབྱོར་ལ་གདུངས་པའི། །རྔམས་དྲག་འབར་བ་དཔལ་གྱི་ཕོ་ཉ་རྣམས། །རྒྱལ་བའི་བཀའ་དང་རྣལ་འབྱོར་དམ་བཞིན་འདུས། །ཉེས་བྱེད་དགྲ་བོའི་གཟུགས་ཕུང་རྣམ་ཤེས་བཅས། །ཕ་ཚན་ཡུལ་འཁོར་མི་ནོར་སྡེ་དཔུང་རྣམས། །རང་དབང་མེད་པར་དྲག་པོའི་རྟེན་ལ་ཕོབ། །ཅེས་གསེར་སྐྱེམས་གཤེགས་ཤིང་སྤྲོས་པ་ཆུང་སྐབས་བྱིན་རླབས་ཐུགས་རྗེ་མས་ཀྱང་རུང་ངོ་། །བྲུབ་ཁུང་བསྐྱེད་པ་ནི། ཨེ༔ བདག་ཉིད་འཇམ་དཔལ་གཤིན་རྗེར་གསལ་བ་ཡི༔ ཐུགས་ནས་མཐིང་ནག་ཨེ་ཡིག་ཆད་པ་ལས༔ ཡོངས་གྱུར་གནོད་བྱེད་དགྲ་བགེགས་བྲུབ་པའི་ཁུང༔ གནམ་ལྕགས་ལས་གྲུབ་བཙོན་ཁང་ཟུར་གསུམ་པ༔ ཟིན་ནས་ཐར་པ་མེད་པ་མུན་པའི་གླིང༔ སྟེང་ནས་འདབ་ཆགས་ཤ་ཟན་ཀླད་ལ་ལྡིང༔ འོག་ཕྱོགས་འདོད་ཆགས་ཁྲག་མཚོ་དབའ་རླབས་འཁྲུགས༔ ནང་དམར་ཞེ་སྡང་རང་བཞིན་མེ་དཔུང་འབར༔ ཕྱི་ནག་གཏི་མུག་མུན་པ་སྤྲིན་ལྟར་གཏིབས༔ ཁོར་ཡུག་ལྕགས་བསྲེགས་ས་གཞིར་བཤན་པའི་གྲོང༔ རྩང་དམར་ལས་བྱེད་གཤིན་རྗེའི་ཕོ་ཉའི་ཚོགས༔ ཉི་ཤུ་རྩ་གཅིག་འཁོར་བཅས་གསལ་བར་གྱུར༔ ཅེས་བྲུབ་ཁུང་ཕོ་ཉ་དང་བཅས་གསལ་བཏབ་ནས༔ དམིགས་བྱ་གསལ་འདེབས་པ་ནི། ནྲྀ་ཏྲི། དེ་ནང་བཀོད་པའི་ལིངྒ་བསྒྲལ་བའི་ཞིང༔ བསྟན་པ་སྤྱི་དང་རྣལ་འབྱོར་སྒོས་ཀྱི་དགྲ༔ དམ་ཉམས་གནོད་བྱེད་དགྲ་བགེགས་ཨ་མུ་ཀ༔ གཟུགས་བརྙན་རི་མོར་བྲིས་ལ་མིང་བྱང་བཏབ༔ རྣམ་ཤེས་རྟེན་དང་བཅས་ལ་ཟག་རྫས་བྱུག༔ ཉམ་ཐག་མྱ་ངན་འདུག་སྟངས་རྐང་ལག་བཅིངས༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ཅེས་དངོས་སུ་བསམ༔ དེ་ནས་འགུགས་འདྲེན་བྱ་བ་ནི། ན་མོ༔ རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ༔ མཁའ་འགྲོ་དཔའ་བོ་དམ་ཅན་སྲུང་མར་བཅས༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པ་དང༔ ཁྱད་པར་འཇམ་དཔལ་ཚེ་འཆི་ཨུཥ་གསུམ་ཁྲོས༔ ལས་ཀྱི་མཐའ་སྡུད་འཆི་བདག་མ་ཧེའི་གདོང༔ བླ་འགུགས་མོན་པ་ཕོ་མོ་སྤྲུལ་འཁོར་བཅས༔ བྱེ་བ་དགུ་ཁྲི་དགུ་སྟོང་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་དམོད༔ ཁྱད་པར་སྔགས་འཆང་བདག་དང་སྦྱིན་པའི་བདག༔ རྒྱུ་སྦྱོར་དགའ་་་ཆེ་གེ་མི་ནོར་འཁོར་བཅས་ལ་ཞེས་པ་ལྟ་བུའི་ཚིག་བསྒྱུར་དགོས།་་་ལྡན་ཕོ་བྲང་བོད་ཁམས་སྤྱིར༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས༔ ད་ལྟ་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ སྲི་ཅན་ལ། དུར་སྲི་ཕུང་སྲི་གོད་སྲི་ཆུང་སྲི་དང༔ ཕོ་སྲི་མོ་སྲི་མཚོན་སྲི་དགྲ་སྲི་སོགས༔ ཁ་འཇམ་གཏིང་རྩུབ་ཞེ་ནས་དམོད་པ་དང༔ དོ་བསྡོ་ཕོད་འཛུགས་བསམ་ངན་སྦྱོར་རྩུབ་བྱེད༔ མི་ལ་ལྷ་མེད་ལྷ་ལ་མཐུ་མེད་ཅེས༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་གཤེར༔ འགྲོ་ལམ་རྩང་འཛུགས་ཟ་ལམ་དུག་སྦྱོར་བཤམས༔ དམིགས་ཡུལ་གཟུགས་ལིང་བཀོད་པ་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དང་བཅས་པ་རྣམས༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་སེང༔ ཉི་ཟླའི་གོ་དབར་ཆོས་བོན་སྲུང་མའི་བསྐྱབས༔ གང་ན་གནས་ཀྱང་ལིངྒ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧོཿ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ མྱོས་པར་གྱིས་ཤིག་བཛྲ་གྷཎྜེ་ཧོཿ ལྷ་དང་ཕྱེས་ཤིག་པྲ་ཝེ་ཤ་ཡ་ཕཊ༔ དབྱེར་མེད་སྟིམས་ཤིག་ཨཱ་ཝེ་ཤ་ཡ་ཨ༔ ཞེས་འགུགས་འཆིང་སྡོམ་མྱོས་དབྱེ་སྡོམ་གྱི་ཕྱག་རྒྱ་དང་དམིགས་གནད་ལ་ནན་ཏན་བསྐྱེད་དེ་དགུག་གཞུག་རོལ་མོའི་ཚམ་རྔམས་བཤུགས་སྒྲ་དང་བཅས་བརྒྱའམ་ཉེར་གཅིག་གམ་བདུན་ལ་སོགས་དངོས་ཉམས་དང་སྦྱར་ཞིང་གུ་གུལ་ནག་པོས་བདུག །ཕོ་ཉ་བཀྱེ་བར་གསོལ་བ་ནི། ཧཱུྃ༔ བསྐལ་པ་ཆེན་པོ་བརྒྱད་ཁྲི་ཡི༔ བཞི་སྟོངས་ཁོར་བའི་གཞལ་ཡས་ནས༔ ལྕགས་མཁར་སྒོ་མེད་བཅུ་དྲུག་གི༔ འབར་བའི་དབུས་ཕྱོགས་རྔམས་པ་ནས༔ འོབས་ཆེན་བཅུ་གཉིས་གཏིང་མཐའ་མེད༔ ཐོད་མཁར་འབར་བའི་ནང་ཞིག་ན༔ ཕོ་བྲང་ལྕགས་མཁར་སྤུ་གྲིས་གཏམས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང༔ ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེའི་ཁྲི༔ ཐབས་ཤེས་ཉི་ཟླའི་གདན་སྟེང་ནས༔ སྲོག་བདུད་ཚེ་བདག་ནག་པོ་བཞེངས༔ རྔམས་པའི་ཚུལ་གྱིས་བླ་འགུགས་རྣམས༔ ད་ལྟ་ཁྱེད་ཀྱི་ལས་ལ་ཁྱེ༔ ཞེས་དང་། བསྐུལ་བ་ནི། ཛཿ ཤར་གྱི་ཕྱོགས་ནས་བླ་འགུགས་པ༔ དུང་གི་མོན་པ་སེང་གེའི་མགོ༔ ལྷོ་ཡི་ཕྱོགས་ནས་བླ་འགུགས་པ༔ ལྕགས་ཀྱི་མོན་པ་སྟག་གི་མགོ༔ ནུབ་ཀྱི་ཕྱོགས་ནས་བླ་འགུགས་པཿ བསེ་ཡི་མོན་པ་དྲེད་ཀྱི་མགོ༔ བྱང་གི་ཕྱོགས་ནས་བླ་འགུགས་པ༔ གསེར་གྱི་མོན་པ་ཁྱུང་གི་མགོ༔ བླ་རྐུན་མོན་པ་ཁྱེད་བཞི་ཡང༔ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས༔ ཕྱག་དགུ་ཞབས་དགུ་ཙིཏྟ་དགུ༔ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག༔ སྤྱན་དགུས་དགྲ་བགེགས་བལྟས་ནས་འཛིན༔ སྙིང་དགུས་དགྲ་བགེགས་ཡིད་ལ་བྱེད༔ ཕྱག་དགུས་དགྲ་བགེགས་ཙིཏྟ་འབྱིན༔ ཞལ་དགུས་ཁ་མངར་མེད་པར་གསོལ༔ ལྗགས་དགུས་མྱོས་པའི་ཁྲག་མཚོ་འཐུང༔ དགྲ་བགེགས་མྱུར་དུ་ཁྲིད་ལ་ཤོག༔ ཛཿ ཤར་ཕྱོགས་དྲི་ཟ་མེ་ལྷའི་གཙོཿ ཧེ་ལེ་ཁྱབ་པ་གཏུམ་ཆེན་འཐོམ༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ ཛཿ ལྷོ་ཕྱོགས་གཤིན་རྗེ་སྲིན་པོའི་གཙོ༔ ནག་པོ་འཛུམ་མེད་གཏུམ་ཆེན་འཐོམ༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ ཛཿ ནུབ་ཕྱོགས་ཆུ་དབང་རླུང་ལྷའི་གཙོ༔ ནག་པོ་བཀྲག་མེད་ཆགས་མེད་འཐོམ༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ ཛཿ བྱང་ཕྱོགས་གནོད་སྦྱིན་དབྱུང་པོའི་གཙོ༔ སོ་འདར་འཁྲིག་པ་ཁྲག་ཆེན་པོས༔ དགྲ་བགེགས་སྲོག་དབུགས་རྡུལ་དུ་རློགས༔ བྷྱོ༔ དཔལ་གྱི་ཕྱག་བརྙན་རཀྟའི་དྲི་བསྣམས་མ༔ ཁྲག་མདོག་དམར་པོ་བསེ་ཡི་རལ་པ་ཅན༔ སྡེར་མོ་ལྕགས་ཀྱུའི་རྩེ་ལ་རཀྟའི་མེ་འབར་མ༔ ཉམས་པའི་སྙིང་ཕྱུང་མཆན་ཁུང་ཆུག་ལ་ཤོག༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ རྒྱུག་པའི་སྟོབས་ནི་སྤྱང་མོ་ངར་མ་འདྲ༔ དྲག་པོའི་སྐད་ནི་ནམ་མཁའི་འབྲུག་ལས་ཆེ༔ རྒྱུག་པའི་སྟོབས་ནི་བར་སྣང་གློག་ལས་མགྱོགས༔ ཟངས་ཀྱི་སྡེར་མོ་དམར་མོའི་ཆངས་པ་རུ༔ མགོན་མེད་བྱི་ཕྲུག་ཤ་རྗེན་བཅུག་པ་ལྟར༔ དམ་ཉམས་དགྲ་བོའི་དོན་སྙིང་ཕྱུང་ལ་ཤོག༔ རྣམ་སྨིན་ཕུང་པོ་དུམ་བུར་གཏུབས་ལ་ཤོག༔ གཟུགས་ཀྱི་ཕུང་པོ་དེ་རུ་ཞོག་ལ་ཤོག༔ རྣམ་པར་ཤེས་པ་འདི་རུ་ཁྱེར་ལ་ཤོག༔ དགྲ་བགེགས་གནོད་བྱེད་ཨཾ་ཀུ་ཤ་ཡ་ཛ་ཛ༔ ཞེས་རོལ་མོའི་ཚམ་རྔམས་ཀྱིས་དྲག་ཏུ་བསྐུལ་ལ་གཡབ་དར་གཡོབ་ཅིང་འོད་ཟེར་འཕྲོ་འདུ་དང་ཕོ་ཉས་བཀུག །བླ་འགུགས་ཀྱི་སྔགས་ནི། ནྲྀ་ཤ་ཀུ་རུ༔ ནྲྀ་ཤ་ཀུ་རུ༔ ཁ་སོ་པ་ཏི༔ ཁ་སོ་པ་ཏི༔ ཡཾ་རུ་ཏི༔ ཡཾ་སེན་ཡཾ་སེན༔ མན་ཡཾ༔ སྙིང་ཚལ་པར་རྦད༔ བཾ་རི་ལི་རྦད༔ དམ་ཉམས་དགྲ་བགེགས་ཁྱོད་ཀྱི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཅི་ཡོད་པ་ཐམས་ཅད་འདིར་ཁུག་མྱུར་དུ་ཤོག་ཅིག༔ ཅེས་བླ་ཁུག་པའི་རྟགས་མ་བྱུང་བར་དུ་བཟླའོ། །གལ་ཏེ་ཁུག་པའི་མཚན་མ་ཤིན་ཏུ་བུལ་ན། དམིགས་པ་དྲག་ཏུ་གཞུར་ཞིང་བླ་འགུགས་ཀྱི་ཕོ་ཉ་མོ་མོན་མོའི་ཚོགས་དང་ཁྱི་འགྱེད་སོགས་རྦད་པས་མོད་ལ་ཁུག་པ་ནི། གཞུང་ལས། ལས་ཀྱི་ཕོ་ཉ་འདི་དག་ནི༔ བསྐུལ་དང་རྦད་པས་སྲིད་གསུམ་འཇོམས༔ ལས་བསྒྲུབ་ཐེ་ཚོམ་མེད་པར་ངེས༔ ཞེས་གསུངས་ཀྱང་འདིར་རེ་ཞིག་དེ་ཙམ་མོ། །དེ་ཡང་འགུགས་པའི་དུས་གནད་ནི། དམིགས་བྱ་རང་རང་ལ་བླ་རྒྱུ་དུས་མི་འདྲ་བ་རེ་རེ་སོགས་ཟབ་གནད་མང་དུ་གསུངས་ཀྱང་འདིར་རྒྱས་བཤད་དོར་བའི་རང་གཞུང་གི་དགོངས་པར། སྔ་དྲོ་སྟག་མོ་ལངས་པའི་དུས་དང་ནི༔ ཉིན་གུང་ཁྱིམ་བྱ་གདང་ལ་ཉལ་བ་དང༔ སྲོད་ལ་སྲིན་མོ་ལྟོ་ལ་རྔུབ་པའི་དུས༔ ཁྱད་པར་ཉི་མ་གྲིབ་སོ་འཇུག་དུས་དང༔ ཞེས་གསུངས་པའི་དགོངས་དོན་གཙོ་བོར་བཟུང་ནས། ཐོ་རེངས་གུང་གཉིས། ཤར་ནུབ་གཉིས་ཀྱི་གྲིབ་སོ་བྱུང་སྐབས། སྲོད་གདོང་ནག་དུས་ཏེ་དྲུག་གོ། །རྒྱས་བསྡུས་ཀྱི་གོ་སྐབས་རིག་པའི་མདའ་མོ་འཕངས་པར་བྱའོ། །སྐབས་སུ་རིགས་མཐུན་གྱི་གཞུང་གཞན་ལས་བྱུང་བའི་ཟབ་གནད་འདི་ཡང་བྱ་སྟེ། ཧཱུྃ་བྷྱོ༔ ད་ནི་བསྒྲལ་བའི་ཐུགས་དམ་དུས་ལ་བབ༔ ད་ནི་ནམ་གྱི་སྲོད་ལ་བབ་དུས་འདིར༔ ཆོམ་རྐུན་ལས་ལ་འགྱེད་པའི་དུས་ཡིན་པས༔ དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་གི༔ བླ་ཚེ་འཁྱམས་པོ་ད་ལྟ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ནམ་གྱི་ཐོ་རངས་བབ་དུས་འདིར༔ དགྲ་བོའི་བླ་ཚེ་འཕྱོ་ཞིང་འཕྲོ་བའི་དུས༔ དམ་ཉམས་དགྲ་བོའི་བླ་ཚེ་འཕྱོ་བའི་དུས༔ ལས་ངན་བླ་འཁྱམས་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ནི་ནམ་ལངས་ཉི་མ་ཤར་དུས་འདིར༔ མི་ཕྱུགས་ཐམས་ཅད་ལས་ལ་གྲམ་པའི་དུས༔ དགྲ་བོའི་བླ་ཚེ་སྒོ་རུ་ཐོན་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ལྟ་ཉི་མའི་གུང་ལ་བབ་དུས་འདིར༔ དགྲ་བོའི་རྣམ་ཤེས་བྱིངས་ཤིང་མྱོས་པའི་དུས༔ དགྲ་བོའི་བླ་ཚེ་འཐོམ་ཞིང་འཁྱམས་པའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ བྷྱོ༔ ད་ནི་ཉི་ནུབ་གྲིབ་སོ་འཕོག་པའི་དུས༔ སྙིང་མི་དགའ་ཞིང་ཤེས་པ་འཕྱོ་བའི་དུས༔ དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས༔ བླ་འཁྱམས་ལས་ངན་མྱུར་དུ་ཁྲིད་ལ་ཤོག༔ ཅེས་དང་རང་རང་གི་དུས་དང་བསྟུན་པའི་བསྐུལ་བའམ་ཡང་ན་མཐར་ཆགས་སུ་བྱའོ། །དེ་ནས་རྒྱབ་རྟེན་གྱི་ལྷ་དང་དབྲལ་བ་ནི། གུ་གུལ་གྱིས་བདུག །བྱ་རོག་དང་འུག་པའི་དང་སྒྲོ་གཉིས་ཀྱིས་གཡབ་ཅིང་། སྤྲོ་ན་དགྲ་བོའི་ལྷ་ལྔ་མིང་རུས་དང་བཅས་པའི་བར་དུ་མ་མོའི་སྔགས་བྱང་གཏེམ་ལ་སྒྲོ་ཡིས་གདོན་ཞིང་དབྱེ་རྫས་དམིགས་བསལ་གྱིས་བདུག་པ་དང་བསྐུལ་བྱང་སོགས་གུད་ལས་བྱུང་བ་ལྟར་འདིར་ཡང་སེམས་སོ། །ཧཱུྃ༔ སྡིག་ཅན་དགྲ་བོ་ལས་ངན་འདི༔ དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ༔ སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ༔ ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ༔ མ་ལྷ་གསང་བའི་གནས་ནས་ཕྲོལ༔ ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ༔ མོ་ལྷ་ཕྲག་པ་གཡོན་ནས་ཕྲོལ༔ བང་ལྷ་མཛོད་ཁང་ནང་ནས་ཕྲོལ༔ བན་བོན་ལ་སོགས་བགོ་བའི་ལྷ༔ རིག་འཛིན་ལ་སོགས་སྲུང་བའི་ལྷ༔ མ་ལུས་རྒྱབ་ནས་ཕྲོལ་ལ་ཤོག༔ ཧཱུྃ༔ ལས་ཀྱི་གཤིན་རྗེ་ཐམས་ཅད་དང༔ བདག་གི་སྲུང་མ་དམ་ཅན་རྣམས༔ དགྲ་བོའི་ལྷ་ལྔ་དབང་དུ་སྡུས༔ དགྲ་བོའི་ཡུལ་ལྷ་མནོལ་དུ་ཆུག༔ དགྲ་བོའི་ཕོ་ལྷ་གྱེས་སུ་ཆུག༔ དགྲ་ལྷ་ཕམ་ཞིང་འཐོར་དུ་ཆུག༔ མ་ལྷ་མ་སྨན་ཡར་དུ་ཆུག༔ དགྲ་བོ་ལྷ་དང་ཕྲོལ་ལ་ཤོག༔ བདག་གི་གྲོགས་བྱེད་དམ་ཅན་རྣམས༔ ཉེས་བྱས་དམ་ཉམས་དགྲ་བོ་འདི༔ མགོན་བྱེད་ཡུལ་ལྷ་དབང་དུ་སྡུས༔ མཚོན་བྱེད་ཕོ་ལྷ་དབང་དུ་སྡུས༔ སྐྱོབ་བྱེད་དགྲ་ལྷ་དབང་དུ་སྡུས༔ གྲོགས་བྱེད་མ་ལྷ་དབང་དུ་སྡུས༔ སྲུང་བྱེད་སྲོག་ལྷ་དབང་དུ་སྡུས༔ ལ་དགུའི་ལྷ་སྲུང་བྱད་དུ་ཕོབ༔ ཕན་བྱེད་ཞང་ལྷ་དབང་དུ་སྡུས༔ ཧཱུྃ༔ ཁ་ཁ་མུ་ཁ་མཐུ་མོ་ཆེ༔ མཐིང་ནག་ཆེན་མོ་བྱ་རོག་དབུ༔ རྟོག་མེད་ཟས་སུ་ཤ་ལ་ཟ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཧུ་ལུ་མུ་ཁ་མཐུ་མོ་ཆེ༔ སེར་ནག་ཆེན་མོ་འུག་པའི་དབུ༔ ཁྱོད་ནི་ཉིན་མཚན་མེད་པར་རྒྱུག༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག༔ ལུས་དང་སྲུང་མ་ཕྲོལ་ལ་ཤོག༔ ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག༔ གཉེན་དང་ཉེ་དུ་ཕྲོལ་ལ་ཤོག༔ ཕུ་བོ་ནུ་བོ་ཕྲོལ་ལ་ཤོག༔ མངོན་སྤྱོད་དྲག་པོས་རྡུལ་དུ་རློགས༔ ཨ་ནྲྀ་ཏྲི་ཏྲག་རཀྵ་མཱ་ར་ཡ་ཕྱེ་ཕྱེ༔ མཱ་མ་ཏྲག་རཱུ་ཏྲ་མཱ་ར་ཡ་ཕྱེ༔ ཞེས་བག་ཙམ་རེ་བཟླས་པས་ལྷ་དང་དབྱེའོ། །ཕ་རོལ་པོ་ལྷ་སྲུང་བཟང་ན་ལྷ་ལྔ་དཀྲོག་པའི་དྲག་སྔགས་ཟུར་དུ་གསལ་བ་ལྟར་བྱའོ། །དེ་ནས་དངོས་ཉམས་རྨི་ལམ་གྱི་སྒོ་ནས་བླ་རྟགས་མཐོང་བ་དང་། དེ་ཉིད་གང་དུ་བརྫུ་བ་དེར་མངགས་པའི་ཕོ་ཉ་རྦད་དགོས་པའང་། རེ་ཞིག་འདིར་མ་སྤྲོས་པས་བསྟན་དོན་གལ་ཆེའི་རིགས་ལ་ལོགས་སུ་ཤེས་པར་བྱའོ། །དེ་ལྟར་ཞག་གྲངས་ཇི་ལྟར་ཡང་ཁུག་པའི་རྟགས་མཐོང་ན་གསད་པའི་ལས་ལ་འཇུག་དགོས་ཏེ། སློབ་དཔོན་ཆེན་པོས། བླ་མ་ཁུག་པར་ལས་ལ་སྦྱོར་བ་ནི་དགྲ་བོ་མེད་པར་མཚོན་ཆ་བརྡེག་པ་དང་འདྲ༔ བླ་ཁུག་ནས་ལས་ལ་མ་སྦྱར་ན་བསྐུངས་ར་ནས་དགྲ་བོ་ཤོར་བ་དང་འདྲ༔ ཞེས་སོགས་སྐྱོན་ཡོན་གྱི་རྣམ་གྲངས་ཤིན་ཏུ་མང་བར་གསུངས་པས་གསད་པའི་ལས་ལ་སྦྱར་བ་ནི། ཐུན་སྣོད་གཡག་རྒོད་ཀྱི་རྭ་གཡས་མེ་ཆུས་མ་ཕོག་པའི་ནང་དུ་ཐུན་རྫས་རྣམས་ཚང་བ་ཤོག་བུའམ་གཡག་རྔས་བཀབ་པ་མདུན་དུ་བཤམས་ལ། ཨེ་ཛ་བྷྱོ༔ ཐུན་སྣོད་ནད་མཚོན་དུག་རླངས་ཁོལ་བའི་ཀློང༔ ཐུན་རྫས་ལས་བྱེད་ཕོ་ཉ་ཟ་གསོད་རྔམས༔ གཏུམ་དྲག་རྒྱོབ་སོད་འཇིགས་པའི་འབྲུག་སྟོང་ལྡིར༔ སྟོང་ཁམས་གང་བའི་མཚོན་ཆ་ཐོག་ལྟར་འབེབས༔ ལོག་འདྲེན་གནད་ལ་དབབ་པའི་མཐུ་ལྡན་གྱུར༔ ཅེས་གཟི་བྱིན་བསྐྱེད་ལ་དམིགས་གནད་ནི། གཞུང་ལས། དྲག་སྔགས་མཚོན་ཆའི་འོད་ཟེར་ལས༔ ཤུགས་ལྡན་རི་ཆེན་ཉིལ་ལྟར་འཕྲོས༔ ཤ་ཟ་གསོད་བྱེད་ཕོ་ཉ་བསྐུལ༔ ཁོ་ཡི་བ་སྤུའི་བུ་གར་གདབ༔ སོགས། གནམ་ལྕགས་ཀྱི་འཁོར་ལོ་བསྣོལ་མ་ཤུགས་དྲག་ཏུ་བསྐོར་དམིགས་ཀྱིས་རང་གཤེད་རང་ལ་དབབ་པའི་དམིགས་གནད་ཟབ་མོ་ཞལ་ལས་ཤེས་པར་བྱས་ནས་བཟླ་བྱའི་སྔགས་ནི། ཨྱཻ་ཨྱཻ་ཨྱཻ༔ སོགས་ནས། བི་ཙུར་ཎ་བི་ཙུར་ཎ༔ ཨོཾ་ཨཱཿཨུཥྞི་ཥ་ཡ་རྦད༔ ཡནྟྲ་ཙཀྲ་རྦད༔ མན་ཏྲ་ཡ་ཙམ་རྦད༔ ཁཾ་ཤག་རོ་མྱག་མུག་ཏི་རྦད་ཡཱ༔ ཞེས་བཟླ་ཞིང་མཆིལ་རླངས་མི་ཤོར་བའི་གནད་དང་ལྡན་པས་ཐུན་ལ་ངར་བླུད་ནས་ལིངྒ་ལ་ཐུན་གྱིས་བྲབ་ཅིང་བསྐུལ་བ་ནི། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ དགྲ་དང་བགེགས་ཀྱི་གཉེན་པོ་སྟེ༔ ཡུངས་ཀར་རྒྱལ་པོ་ཤ་རི་རཾ༔ དགྲ་བགེགས་སྟེང་དུ་བྲབ་པར་བྱ༔ ཁྲག་ཐུན་དུག་རླངས་ཆི་ལི་ལི༔ ཚེ་དཔལ་མདའ་འཕེན་ཟངས་སེ་ཟང༔ གནམ་ལྕགས་གྲོག་ཆེན་ཧྲི་ལི་ལི༔ ཡུངས་ཀར་རྦབ་འདྲིལ་ཤ་ར་ར༔ ཕུང་པོའི་སྟེང་དུ་བྲབ་པར་བྱ༔ ཛ་མཱ་ར་ཡ་ཧཱུྃ་ཕཊ༔ དགྲ་བགེགས་ཀྱི་སྲོག་རྩ་ལ་ཏྲིག་ནན་ཨེ་ཧུར་ཐུཾ་ཛཿ མཱ་ར་ཡ་རྦད་སོད༔ ཅེས་དང་། སྤྲོ་ན་འོག་ནས་འབྱུང་བའི་ལོ་དང་ཟླ་བ་ལ་སོགས་ཀྱང་བརྗོད༔ དེ་ནས་བསད་རྟགས་ཀྱི་དྲོད་ཚད་ཤེས་པར་བྱ་དགོས་ཏེ། སྔ་མའི་འཕྲོ་ལས། གསོད་པའི་ནང་རྟགས་མེད་པར་གནན་སྲེག་འཕང་གསུམ་བྱས་ན་དགྲ་མི་འཆིའོ༔ ཞེས་དང་། བསད་ལས་ཚད་ལས་ཐལ་ན་རང་ཉིད་གྲིར་འཆི༔ དྲོད་ཚད་ལ་མཁས་ན་མདའ་དང་འདྲའོ༔ ཞེས་གསུངས་པས་སོ། །དེ་ཕྱིར་སོད་རྟགས་མངོན་དུ་གྱུར་ནས། གནན་པའི་ལས་བསྒྲུབ་པ་ནི། འདིར་དམིགས་སུ་མ་བསལ་ཡང་གཞུང་གཞན་ལས། གནས་ལྔར་གནམ་ལྕགས་ཙཀྲ་ནི༔ རྩིབས་བཞི་སྲ་ཞིང་ལྕི་བ་རེས༔ བསྒུལ་བསྐྱོད་མི་ནུས་མནན་པར་བསྒོམ༔ ཞེས་གསུངས་པས། དམིགས་པ་གསལ་འདེབས་ནི། དགྲ་བགེགས་འབྱུང་པོའི་སྤྱི་མགྲིན་སྙིང་ག་ལྟེ༔ གསང་གནས་གནམ་ལྕགས་ཙཀྲ་རྩིབས་བཞི་པ༔ གནམ་ལྕགས་རྡོ་རྗེས་མཚན་དང་ཚིགས་ཆེན་བཞིར༔ རྒྱ་གྲམ་ལྕི་ཞིང་འཐས་དང་རིག་སྔགས་ཀྱི༔ དམོད་པས་མནན་པས་སྒོ་གསུམ་རྨོངས་ཤིང་འཐིབས༔ བསྒུལ་བསྐྱོད་སྨྲ་བསམ་མེད་པ་ཉིད་དུ་གྱུརཿ ཅེས་དམིགས་པ་གསལ་པོས། ཨྱཻ་རིང་གི་ཤམ་བུརཿ བེ་ཙུར་ཎ་བི་ཙུར་ཎ༔ ཨོཾ་ཨཱཿཨུཥྞི་ཥ༔ དུ་ནས་དུ་ན༔ ཨེ་ཀ་དུན༔ ཤེ་དུ་ནན༔ བཾ་ནི་ར་ཧཱུྃ་ལཾ་སྟམ་བྷ་ཡ་ནན༔ ཞེས་དམིགས་རྟགས་དང་མ་ལྡན་བར་དུ་བསྒྲུབ༔ དེ་ལྟར་འགུགས་གནན་གསད་གསུམ་གྱི་ཐུན་མཚམས་ཀུན་ཏུ་དམར་གཏོར་བཱ་ལ་དང་རཀྟས་བྲན་པར་དམིགས་ནས། ན་མོ། རྩ་བརྒྱུད་བླ་མ་སོགས་དགུག་གཞུག་གི་མཐར། སྨན་རཀ་བྲན་ལ། དམ་ཉམས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་གཏོར་མ་ངོ་བོ་རང་བཞིན་རྣམ་པར་དག་ཅིང་རྨད་དུ་བྱུང་བ་ལས་རྣམ་པ་དགྲ་བོའི་ཤ་ཁྲག་གི་རང་བཞིན་ཡི་དམ་ཞི་ཁྲོའི་ཚོགས་དང་སྲུང་མ་དམ་ཅན་རྒྱ་མཚོའི་དགྱེས་སྐོང་དམ་པར་གྱུར། ཨོཾ་ཨཱཿཧཱུྃ། ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛ་ཛ༔ གསུམ་གྱིས་བརླབ། ཧཱུྃ༔ དགྲ་བགེགས་གདུག་པ་བདུད་ཀྱི་ཚོགས༔ སྡེ་དཔུང་འཁོར་དང་བཅས་པ་ཡི༔ ཤ་ཁྲག་བདུད་རྩིའི་རྒྱ་མཚོ་འདི༔ ཁྲོ་རྒྱལ་འབར་བའི་ཚོགས་ལ་འབུལ༔ ལས་དང་བག་ཆགས་དག་པ་དང༔ རང་གཤེད་བསམ་སྦྱོར་ངན་པ་རྣམས༔ ཁོ་རང་ལ་ནི་བཟློག་པ་དང༔ རང་མཚོན་རང་ལ་ཟུག་པ་དང༔ རང་ཤ་རང་གིས་ཟ་བར་མཛོད༔ རང་སྡེ་རང་གིས་ཕྱེ་མར་ཐོང༔ རྡུལ་ཆ་ཙམ་ཡང་མེད་པར་མཛོད༔ ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་རྗེ༔ ཚེ་བདག་འཆི་བདག་འཁོར་ལོས་སྒྱུར༔ ཁྲོ་བོ་བཅུ་དང་སྤྲུལ་པ་རྣམས༔ འཇིགས་ཚུལ་རྔམས་པའི་ང་རོ་ཡིས༔ དགྲ་བགེགས་གནད་ནས་འགུགས་པ་དང༔ བདག་སྲུང་རྐྱེན་ངན་བར་ཆད་བཟློག༔ ཨོཾ་བཛྲ་ཀྲོ་ཏ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ཅེས་གཏོར་མ་འབུལ། དེ་ལྟར་ཐུན་གྱི་དངོས་གཞི་དགུག་གསད་མནན་གསུམ་གྱི་རྟགས་རྣམས་རྫོགས་པ་དང་ལས་མཐའ་བསྡུ་བ་ནི། གཞུང་གི་ཚོགས་མཆོད་བཤགས་པའི་བར་གྲུབ་རྗེས། རང་ཉིད་ཚེ་འཆི་ཨུཥ་གསུམ་དང་འཁོར་ཚོགས་དམ་ཅན་རྒྱ་མཚོ་རྔོམ་སྟོབས་རིངས་ཤིང་ཁྲོས་པས་རྨོངས་འཆིང་གི་ལས་མཛད་པར་མོས་པའི་ང་རྒྱལ་དང་དགུག་གསད་གནན་གསུམ་གྱི་སྔགས་སྦྲེལ་ནས་བཟླ་བཞིན་དུ་ལིངྒ་བྲུབ་ཁུང་ནས་ཕྱུང་སྟེ་མདུན་དུ་བཀོད་ནས། རང་གྲིབ་ཕར་མི་འཆོར་བ་དང་ལིང་གྲིབ་ཚུར་མི་འགོ་བའི་ཐབས་ཀྱང་གཞུང་གཞན་ལས་འབྱུང་བ་ལྟར་བྱས་ནས། སྤྲོ་ན་གཟུ་དཔང་དང་། དགུག་གཞུག་དྲག་པོ་ལན་གསུམ་གྱི་མཐར། གུ་གུལ་གྱིས་བདུག །ཧཱུྃ་ཁ་ཁ་མུ་ཁ། སོགས་དང་། བསྡུ་ན། ཛྙཱ་ན་ཨ་ཡུ་ཥེ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད། སློབ་དཔོན་གྱིས་ཐུན་རྫས་ཐོགས་པ་བརྡེག་ཅིང་དམོད་མོ་བྱ་བ་ནི། ཧོཿ ཞིང་བཅུ་ཚང་བའི་དགྲ་བོ་འདིས༔ སྔགས་འཆང་བདག་ལ་རྒོལ་བ་དང༔ ཡི་དམ་ལྷ་ལ་ཕོད་བཙུགས་པས༔ གཟུགས་ཕུང་ཤིག་ལ་ཚེ་སྲོག་ཕྲོགས༔ ཡས་ནས་སྟེང་གི་འཇུ་ཐག་ཆོད༔ འོག་ནས་ས་ཡི་རྟེན་ཕུར་ཕྱུངས༔ བར་དུ་རླུང་རྟའི་མཁར་པོ་ཤིག༔ གཤིན་རྗེའི་ཚོགས་ཀྱིས་བཀའ་ཆད་ཕོབ༔ སྐྱེ་མཆེད་མ་ལུས་འགག་ཏུ་ཆུག༔ རྟེན་འབྲེལ་བཅུ་གཉིས་བདུད་དུ་ཕོབ༔ དུག་ལྔའི་རང་མཚང་ཁོང་ནས་ཤིག༔ མི་ནོར་མ་ལུས་ཕྱགས་མས་ཐོབ༔ དུས་ལ་བབ་བོ་ས་མ་ཡ༔ ཞེས་དང་། ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེ་གཤེད༔ དགྲ་དང་བགེགས་ཀྱི་གཉེན་པོ་སྟེ༔ ཡུངས་ཀར་རྒྱལ་པོ་ཤ་རི་རཾ༔ དགྲ་བགེགས་སྟེང་དུ་བྲབ་པར་བྱ༔ ཁྲག་ཐུན་དུག་རླངས་ཆི་ལི་ལི༔ ཚེ་དཔལ་མདའ་འཕེན་ཟངས་སེ་ཟང༔ གནམ་ལྕགས་ཐོག་ཆེན་ཧྲི་ལི་ལི༔ ཡུངས་ཀར་རྦབ་འདྲིལ་ཤ་ར་ར༔ ཕུང་པོའི་སྟེང་དུ་བྲབ་པར་བྱ༔ ཨྱཻ་ཨྱཻ་ཨྱཻ༔ སོགས་ཀྱི་མཐར། ཨོཾ་ཨཱཿཨུཥྞི་ཥ་ཡ་རྦད༔ ཡན་ཏྲ་ཙཀྲ་རྦད༔ མནྟྲ་ཡ་ཙམ་རྦད༔ ཅེས་ཕུར་པ་ཐོགས་ལ། ཧཱུྃ༔ ཧཱུྃ་ལས་བྱུང་བའི་ཡ་མ་ནི༔ ཐུང་ལ་སྦོམ་ཞིང་གསུས་པ་ཆེ༔ འོད་ཟེར་བསྐལ་པའི་མེ་དཔུང་བཞིན༔ དུག་གསུམ་སྲེག་བྱེད་ཀཱི་ལ་ཡ༔ ཧེ་རུ་ཀ་ཡི་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་པ༔ དཀོན་མཆོག་བླ་མ་བརྙས་བྱེད་པ༔ དུས་ལ་བབ་བོ་ཀཱི་ལ་ཡ༔ སྐུ་སྟོད་ཞལ་གཅིག་ཕྱག་གཉིས་པ༔ གཡས་པ་རལ་གྲི་ནམ་མཁར་འཕྱར༔ གཡོན་པ་ཐོད་པ་ཁྲག་བཀང་གསོལ༔ དམ་ཉམས་སྙིང་ལ་ཀཱི་ལ་ཡ༔ སྐུ་སྨད་ཕུར་བུ་ཟུར་གསུམ་དབལ༔ བློ་ལྡན་རྡོ་རྗེའི་ཐོ་བ་ཡིས༔ གནས་བཅུ་རྣམས་སུ་གདབ་པར་བྱ༔ ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ༔ སརྦ་དུཥྚཾ་ཕཊ༔ ཀཱི་ལ་ཡ་ཀཱི་ལ་ཡ༔ སརྦ་པཱ་པཾ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ བཛྲ་ཀཱི་ལ་ཡ༔ བཛྲ་དྷ་རོད་ཨ་ཛྙཱ་པ་ཡ་ཏི༔ སརྦ་བིགྷ་ནན༔ ཀཱ་ཡ་ཝཱཀྐ་ཙིཏྟ༔ བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པས་ཟན་ལིང་བསྒྲལ་ཞིང་མཚོན་ཆས་གཏུབས་པ་ནི། བསད་གྲི་ཐོགས་ལ། ཧཱུྃ༔ སྒྲོལ་བྱེད་གིང་ཆེན་བཅོ་བརྒྱད་པོ༔ བཤན་པ་ཆེན་པོ་སྲོག་གི་གཤེད༔ རྔམས་ཆེན་འཐོམ་པའི་སྙིང་རྗེ་མེད༔ ཤ་ཁྲག་དྲོད་ལ་རྒྱུག་ཅིང་རྔམས༔ ལས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད༔ ཁ་རླངས་ནད་ཀྱི་དབལ་དུ་འཆར༔ ལག་ན་མཚོན་ཆ་སྣ་ཚོགས་བསྣམས༔ གང་ལ་དམིགས་པ་སྔོན་དུ་སྒྲོལ༔ ཙིཏྟ་དང་ནི་ནང་ཁྲོལ་གཏུབས༔ རྣམ་ཤེས་བཀྲག་མདངས་ལུས་སྲོག་དཔྲལ༔ ཤ་ཁྲག་རོ་ལ་སྲེད་ཅིང་ཟ༔ ཁ་གདངས་ལྕེ་བསྒྲིལ་མཆེ་བ་གཙིགས༔ རྐང་པས་བརྒྱུགས་ཤིང་ལག་པས་བརྩེ༔ སྐྱེ་འགྲོ་ཀུན་གྱི་སྲོག་དབུགས་ལེན༔ ཁ་ནས་ཁྲག་འཛག་མྱོས་ཤིང་བརྒྱལ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་སྲོག་གཅོད་གཟིར་ཞིང་གནོན༔ སྡང་དགྲ་གནོད་བྱེད་རྡུལ་དུ་རློགས༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ རིངས་པར་ཁུག་ལ་མྱུར་དུ་སྒྲོལ༔ ཞེས་མཐར་གསད་སྔགས་བཟླ་བཞིན་དུ་ལིངྒ་གཏུབས་ལ་བསྟབ་པ་ནི། ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་ད་ལ་ནས༔ ཚེ་འཆི་ཨུཥ་གསུམ་ཞལ་གདངས་ཤིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ བཅོམ་ལྡན་སྐུ་ཡི་གཡོན་རོལ་ནས༔ རྡོ་རྗེ་ཁྲོས་མ་ཞལ་གདངས་ཤིག༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི༔ རྩ་བའི་ལྟ་དྲུག་རྒྱན་གྱི་ལྷ་བརྒྱད་ཀུན༔ དགྲ་བགེགས་ཤ་ནི་བཟའ་བའི་མཆོག༔ ཞེ་སྡང་རུས་པའི་མཆོད་པ་བཞེས༔ དགྲ་བོའི་གློ་སྙིང་སྨན་གྱི་རྒྱུ༔ ང་རྒྱལ་གློ་སྙིང་མཆོད་པ་འབུལ༔ དགྲ་བོའི་མཁྲིས་པ་ཛ་གད་རྒྱུ༔ ཕྲག་དོག་མཁྲིས་པའི་མཆོད་པར་བཞེས༔ འདི་ནི་དུག་ལྔའི་མཆོད་པ་སྟེ༔ ཟིལ་གནོན་ལྷ་ཚོགས་བཞེས་སུ་གསོལ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་ལིང་རོ་གཏོར་མར་བྲན་ཞིང་སྨན་རཀ་སྒྲོན། དེ་རྗེས་ལྷག་མ་གྱེར། དེ་ནས་གནན་སྔགས་བཟླ་བཞིན་པར་ལིངྒ་ལ་གསད་སྔགས་ཀྱིས་ངར་བཏགས་པའི་དུག་ཁྲག་གིས་ཁྲམ་བཏབ་པ་ལ། དགྲ་འདྲེའི་ལྟེབ་ཚུལ་མང་ཡང་། རང་གཞུང་དུ། གཡས་ཀྱིས་གཡོན་བཀབ། སོགས་གསུངས་པ་བཞིན་ལྟེབ་ནས་ཤི་སྐྲ་དང་ཚོན་སྐུད་ཀྱིས་རྒྱ་གྲམ་དུ་བཅིང་། གཞུང་ལས་གསུངས་པའི་དམིགས་བསལ་གྱི་གནན་ཐོད་འབྱོར་ན་རབ། དེ་མིན་རང་རང་ལ་རུང་མཐུན་དང་། རང་གཤེད་ཀྱི་གནད་དང་ལྡན་པའི་སྣོད་དུ་གཞུག །ཐུན་རྫས་དང་སྲི་ཅན་ལ། ཚྭ་དང་བ་ཚྭ་བུལ་ཏོག་ཀྱང་བསྣན་པས་བར་སེང་མེད་པར་བཀང་སྟེ་ཐལ་ཆེན་གྱི་འདམ་པའམ་ལ་ཆས་བཀག །བཛྲ་ཀརྨ་ཧ་ན་ཧ་ན་བཛྲ་བཛྲ༔ ཞེས་རྡོ་རྗེའི་རྒྱ་རྒྱག །མན་ངག་ལས་གསུངས་པ་ལྟར་རྟེན་འབྲེལ་ནག་པོས་རབ་ཏུ་གནས། ཕུང་རེ་དང་བྱད་ཐག་གིས་བཅིངས་ལ་རྩང་རྒྱ་གྲམ་དུ་གཟེར་ཏེ་ལག་ཚགས་དམ་པར་བྱའོ། །དེ་ནས་སྐབས་འདིའམ་ལོང་ཁྱབ་དང་བསྟུན་པའི་གང་བྱ་བའི་ས་ཕྱོགས་རུང་མཐུན་དམིགས་བསལ་སོགས་ཀྱིས་དེར་བསྐྱོད་ལ། གསེར་སྐྱེམས་དང་དགོས་པའི་ཡོ་བྱད་འདུ་བྱས་ནས། ས་བདག་ལྟོ་འཕྱེའི་ཐིག་རྩ་རང་ལུགས་ཕྲ་ཞིབ་ཀྱི་ལག་ལེན་ལྟར་་་དཔེ་རིས་བལྟས་ཆོག་ལས་ཤེས་སོ།།་་་རམ། ཡང་ན་ལྟ་བ་རྒྱས་ཐེབས་ངེས་པའི་རྣལ་འབྱོར་པས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པར་ཐག་ཆོད་པའི་མོས་པ་བརྟན་པོས་སྟ་རེ་འཇོར་སོགས་རྐོ་བྱེད་ཀྱི་ལག་ཆར་ཁྲོ་བཅུའི་སྔགས་ཀྱིས་ངར་བཏབ་པས་ས་དམིག་དོང་ཚད་སོགས་གསང་སྔགས་ཀྱི་གཞུང་ཆེན་པོ་ནས་གསུངས་པའི་ངེས་པ་བཞིན་མཛད་པ་ལས། བརྐྱང་ཁྲུ་འདྲེ་སྐས་བཙུགས་པ་ལྟ་བུའི་ས་དམིགས་འཚོལ་བ་ལུང་རིགས་གཉིས་ཀས་དབེན་ཏེ་གསང་ཆེན་གྱི་མིག་ལྟོས་ལ་གནོད་པས་དོར་ན་ལེགས་སོ། །དེ་ལྟར་ལེགས་པར་གྲུབ་ནས། ལས་གཞུང་གི་བསྐུལ་དང་ཆད་ཐོ་སྒོ་དབྱེ་སོགས་སྤྱི་འགྲོ་ལྟར་བྱས་ནས། གོང་གནོན་གྱི་གཏོར་མ། གནན་ཆས། མི་ཁའི་རྫས་ཐལ་འདམ་སོགས་ཁྱེར་ནས་གནན་སར་སླེབས་པ་དང་། ཡི་དམ་གྱི་ང་རྒྱལ་བརྟན་པོས་ཐེབས་ཕྱོགས་དང་མཐུན་པར་འདུག་སྟེ་གནས་ཡུལ་གཞིས་བདག་ལོ་ཟླ་ཞག་དུས་ལ་དབང་བའི་རིགས་ལ་གསེར་སྐྱེམས་བཤམས་ལ། ཧཱུྃ་བྷྱོ༔ བྱིན་རླབས་ཐུགས་རྗེའི་སོགས་ཀྱིས་གསེར་སྐྱེམས་ཕུལ། བཀའ་བསྒོ། དེ་ནས་སྒྲུབ་རྟེན་གྱི་རལ་གྲིའམ་ཕུར་བུ་དོང་ཁར་བསྣུན་ལ། ཐོ་ཆེན་དགྲ་སྟ་བསྣུན་པས་ས་གཞི་གས༔ མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར༔ དེ་དབུས་གནམ་ལྕགས་ཁང་པ་སྒོ་མེད་ནང༔ ལས་ཀྱི་གཤིན་རྗེ་ནག་པོ་མ་ཧེའི་གདོང༔ གཏིང་ནས་ཁྲོས་པ་ཞལ་གདངས་མཆེ་བ་གཙིགས༔ ལག་གཡས་དབྱུག་ཐོ་གཡོན་པས་སྦྲུལ་ཞགས་ཐོགས༔ གཅེར་བུ་རྒྱན་མེད་མ་ཧེའི་སྟེང་ན་འགྱིང༔ གཤིན་རྗེའི་འཁོར་ཚོགས་རྔམས་པའི་ཚུལ་གྱིས་བསྐོར༔ མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར༔ ཅེས་གསལ་བཏབ༔ དེ་ནས་བསྐུལ་བ་ནི། ཧཱུྃ༔ འཆི་བདག་ནག་པོའི་ལྷོ་ཕྱོགས་ཀྱི༔ རིམ་པ་བདུན་གྱི་ས་འོག་ན༔ སྲོག་ལ་རྔམས་པའི་གཤིན་རྗེ་ནི༔ ནག་པོ་མ་ཧེའི་གདན་སྟེངས་སུ༔ ཡ་ལས་བྱུང་བའི་དབྱུག་པ་ནི༔ མི་མགོས་མཚན་པ་ལས་བྱུང་བ༔ གཏིང་ནས་ཁྲོས་པ་མ་ཧེའི་གདོང༔ ཟ་བྱེད་ཞལ་གདངས་མཆེ་བ་གཙིགས༔ ཁྲོས་པའི་སྤྱན་གསུམ་དམར་པོ་འཁྲུག༔ སྐྲ་སེར་སྨ་ར་གྱེན་དུ་བརྫེས༔ ལག་གཡོན་ཞགས་པས་དགྲ་བགེགས་འཆིང༔ ལག་གཡས་དབྱུག་ཏོས་རྡུལ་དུ་རློགས༔ ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ཚོགས༔ མ་མོ་ཆེན་མོ་ཙ་མུནྟྲི༔ བྲན་དང་བཅས་པའི་དུས་ལ་བབས༔ ཤ་ཆེན་ཁྲག་ཞག་རྒྱ་མཚོ་ཡི༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ རྒྱལ་བས་བསྒོས་པའི་བཀའ་བཞིན་དུ༔ སྙིང་རྗེས་དགྲ་བགེགས་མྱུར་དུ་སྒྲོལ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས༔ ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས༔ སོད་ཅིག་སྒྲོལ་ཅིག་རེངས་པར་གྱིས༔ ཕྱེས་ཤིག་ནོན་ཅིག་རྨུགས་པར་གྱིས༔ ཐུལ་ཅིག་ཆོམས་ཤིག་རྣམ་པར་ཤིག༔ རྡུལ་ཆ་ཙམ་ཡང་མེད་པར་གྱིས༔ བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས༔ དམར་གཏོར་ཤ་ཁྲག་གིས་བརྒྱན་པར། ན་མོ་སོགས་དགུག་གཞུག་གང་རུང་མཐར། ཨོཾ་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛཿ བརྗོད་ཅིང་། དམ་རྫས་མཐུན་པའི་གཏོར་མ་འདི་བཞེས་ལ༔ བསྟན་པ་འཇིག་པའི་དམ་ཉམས་དགྲ་བོ་དང༔ བར་དུ་གཅོད་པའི་འབྱུང་པོ་ཕོ་མོ་རྣམས༔ ལུས་ངག་ཡིད་གསུམ་ལྡང་དུ་མེད་པར་ནོན༔ རིག་སྔགས་དྲག་པོས་གྲོལ་བ་མེད་པར་ཆིངས༔ བྱས་པའི་ལས་དང་ནུས་མཐུ་གཏན་ནས་སོད༔ རྟག་ཏུ་ཐར་བ་མེད་པའི་གནས་སུ་ཆུག༔ ཅེས་དམར་གཏོར་དོང་ནང་དུ་འབུལ༔ དེ་ནས་གནན་ཆས་ལ་དམིགས་ཏེ། ན་མོ་རྩ་བརྒྱུད་བླ་མ་སོགས་དགུག་གཞུག་དྲག་པོའི་མཐར། ཧཱུྃ་སེམས་ཅན་ལས་ངན་སྡིག་ཅན་ཁྱོད༔ གཏད་དོ་གཤིན་རྗེའི་ལག་ཏུ་གཏད༔ བཅིང་ངོ་རྒྱ་མཚོའི་གཏིང་དུ་བཅིངས༔ མནན་ནོ་རི་རབ་འོག་ཏུ་མནན༔ སྦྱོང་ངོ་འབྱུང་བ་བཞི་ལ་སྦྱངས༔ སྦ་འོ་ཀླུ་རྒྱལ་སྙིང་ལ་སྦ༔ འདི་ལས་འདའ་བར་མ་བྱེད་ཅིག༔ བསྡུ་ན་དེ་ཙམ་གྱིས་ཀྱང་ཆོག་པར་སེམས། ཧཱུྃ་དམ་ཉམས་དགྲ་བོ་ལས་ངན་ཁྱོད༔ ཁྱོད་མདང་སུམ་མདང་གི་རྨི་ལམ་ན༔ རྨི་ལམ་མི་བཟང་རྨི་ལམ་ངན༔ སྟེང་ནས་འབྲུག་སྒྲ་ལྡིར་བ་རྨིས༔ དུང་ཁང་ནང་དུ་ཉལ་བ་རྨིས༔ ལུས་ལ་འཇའ་ཚོན་གྱོན་པ་རྨིས༔ འོག་ཏུ་རྟ་སྔོན་ཞོན་པ་རྨིས༔ བར་ན་གློག་ལྟར་འཁྱུག་པ་རྨིས༔ སྟེང་ནས་དུང་ཆར་འབབ་པ་རྨིས༔ གོས་ནག་ལུས་ལ་གྱོན་པ་རྨིས༔ ཧཱུྃ་ད་ཉོན་ཅིག་སྡིག་ཅན་ལས་ངན་ཁྱོད༔ སྟེང་དུ་འབྲུག་སྒྲ་ལྡིར་བ་ནི༔ སྔགས་འཆང་ང་ཡི་སྔགས་སྒྲ་ཡིན༔ བར་སྣང་གློག་ལྟར་འཁྱུག་པ་ནི༔ སྔགས་ལྕེ་གློག་ལྟར་འཁྱུག་པ་ཡིན༔ དུང་གི་ཆར་པ་འབབ་པ་ནི༔ ཡུངས་ཀར་ཐུན་གྱིས་བྲབ་པ་ཡིན༔ དུང་ཁང་ནང་དུ་ཉལ་བ་ནི༔ ཐོད་སྒང་སྐྱ་མོའི་ནང་དུ་ཚུད་པ་ཡིན༔ འཇའ་ཚོན་ལུས་ལ་གྱོན་པ་དེ༔ བལ་ཚོན་སྣ་ལྔས་བསྡམས་པ་ཡིན༔ འོག་རྟ་སྔོན་པོ་ཞོན་པ་དེ༔ འགལ་བའི་རྟ་ལ་ཞོན་པ་ཡིན༔ ལུས་ལ་གོས་ནག་གྱོན་པ་དེ༔ རོ་རས་ནག་པོས་གཏུམས་པ་ཡིན༔ སྙིང་ལ་འོད་ཟེར་ཕོག་པ་དེ༔ ལྷ་སྲུང་རྫུ་འཕྲུལ་ཕོག་པ་ཡིན༔ ལམ་རོགས་དམག་མིས་བྱེད་པ་དེ༔ ང་ཡི་བཤན་པ་བརྒྱུགས་པ་ཡིན༔ དམ་ཉམས་དགྲ་འདྲེ་བྱུར་གསུམ་ཁྱོད༔ ཁྱོད་མནན་རྟགས་འཆི་རྟགས་ཐམས་ཅད་ཤར༔ སྡིག་ཅན་བྱ་བའི་མནར་མེད་ཁྱོད༔ ལུས་ངག་ཡིད་གསུམ་སྟྭམ་བྷ་ཡ་ནན༔ ཞེས་དང་། སྲི་ཅན་ལ་དཀྱུས་ལས། ཧཱུྃ་སྐྱེས་པ་ཕོ་སྲི་གང་ནས་ལངས༔ ཕོ་སྲི་གངས་དཀར་སྟོངས་ནས་ལངས༔ རྫུ་བ་གཡག་ཕོ་དཀར་པོར་བརྫུ༔ གངས་དཀར་སྟོངས་སུ་ཕོ་སྲི་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་མོ་སྲི་ལངས་པ་གང་ནས་ལངས༔ མོ་སྲི་རྒྱ་མཚོའི་སྟེང་ནས་ལངས༔ རྫུ་བ་ཁྱི་མོ་ནག་མོར་བརྫུ༔ ཁྱི་མོ་ནག་མོའི་ཐོད་པ་རུ༔ རྒྱ་མཚོའི་གཏིང་དུ་མོ་སྲི་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་ཆུང་སྲི་ལངས་བ་གང་ནས་ལངས༔ ཆུང་སྲི་ཉལ་སའི་འོག་ནས་ལྡང༔ རྫུ་བ་ཁྱི་གུ་ཕྲུག་གུར་བརྫུ༔ ཁྱི་གུ་ཕྲུག་གུའི་ཐོད་པ་རུ༔ ཆུང་སྲི་ཉལ་སའི་འོག་ཏུ་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་དགྲ་སྲི་ལངས་པ་གང་ནས་ལངས༔ དགྲ་སྲི་ལ་རྫས་འོག་ནས་ལངས༔ རྫུ་བ་སྤྱང་ཀི་སྔོན་པོར་བརྫུ༔ སྤྱང་ཀི་སྔོན་པོའི་ཐོད་པ་རུ༔ དགྲ་སྲི་ལ་རྫས་འོག་ཏུ་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ ཧཱུྃ་ཕྱུགས་སྲི་གོད་སྲི་གང་ནས་ལངས༔ ཕྱུགས་སྲི་ར་བའི་དཀྱིལ་ནས་ལངས༔ རྫུ་བ་འབྲི་མོ་རོག་མོར་བརྫུ༔ སེམས་ཅན་གང་ཤིའི་ཐོད་པ་རུ༔ ཕྱུགས་སྲི་ར་བའི་དཀྱིལ་དུ་མནན༔ མནན་ནོ་གཟིར་རོ་མ་ལྡང་ཞིག༔ དགྲ་བོ་འཕྱོ་ཞིང་སྨྱོ་རུ་ཆུག༔ དམ་ཉམས་དགྲ་བགེགས་བྱུར་གསུམ་མནན༔ སྟྭམ་བྷ་ཡ་ནན༔ ཞེས་བརྗོད་ཅིང་ལིངྒ་མནན་དོང་དུ་ཁ་ཕྱོགས་མ་འཆོལ་བར་བསྐྱུར། ཇི་བཞིན་བསྡད་ན་ལས་འགྲུབ་བོ། །དམིགས་བྱ་ཁོང་ཆུད་གཤིན་རྗེའི་ཞལ་བསྡམས་ཏེ༔ མནན་པའི་ལས་སྦྱར་དམ་ཉམས་རཱུ་ཏྲ་འདི༔ བསྐལ་པ་མ་སྟོངས་བར་དུ་མི་ཐར་བས༔ མུན་ནག་རུམ་གྱི་ནང་ནས་རྒྱ་མཚོའི་གཏིང༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང༔ ཞེས་མི་ཁའི་རྫས་རྣམས་བླུགས། དུར་གཡམ་ལ་སྟོང་ཁམས་དང་རྒྱ་གྲམ་བྲིས་པས་བཀབ༔ ཐལ་འདམ་གྱིས་ལྕིབས་ལ་ཁྲོ་ཆུས་བསྡམས་པར་བསམས། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། སྲོག་ལུས་དབང་ཐང་ལ་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། རླུང་རྟ་དང་སྨེ་བ་ལ་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། ཁྲམ་ལ་འདེབས་པ་ཐམས་ཅད་ནན་ཆིངས་བྲུབ། མགོ་ཐོག་ནས་རི་ལས་ལྗི་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། རྐང་འོག་ནས་ཚེར་ལས་རྩུབ་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཕྱི་དགྲ་མེ་ལྟར་འབར་བར་བྱེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ནང་དགྲ་རླུང་ལྟར་འཚུབ་པར་བྱེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། རྒྱབ་ནས་འདེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། མདུན་ནས་བསྒུག་པའི་དགྲ་པོ་ཐམས་ཅད་ནན་ཆིངས་བྲུབ། བཟང་དགྲ་གོང་ནས་བསྡིགས་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ངན་དགྲ་འོག་ནས་འཇབ་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ལུས་ལ་སྦྲུལ་ལྟར་འཁྲིལ་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཀླད་ནས་རྦབ་ལྟར་འདྲིལ་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཞབས་སུ་དོང་ལྟར་འདྲུ་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ལོང་བ་བརྒྱའི་མི་ཁ་ཟུག་པ་ཐམས་ཅད་ནན་ཆིངས་བྲུབ། ངན་པ་སྟོང་གི་བྲ་མཆུ་ཐམས་ཅད་ནན་ཆིངས་བྲུབ། སྔ་དགྲ་ལག་གིས་བརྡར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཕྱི་དགྲ་ཡིད་ལ་བརྣག་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ད་དགྲ་མདུན་ནས་བཤམས་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། མདུན་ནས་ཁྱི་ལྟར་ཟུག་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ལོགས་ནས་སྤྱང་ལྟར་འཇབ་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། གཟུགས་ཅན་དགྲ་བོའི་དམག་དཔུང་ཐམས་ཅད་ནན་ཆིངས་བྲུབ། གཟུགས་མེད་ལྷ་འདྲེའི་ཟ་ཁ་བཏོད་པ་ཐམས་ཅད་ནན་ཆིངས་བྲུབ། འབྱུང་བཞིའི་དགྲ་དར་བ་ཐམས་ཅད་ནན་ཆིངས་བྲུབ། སྐྱེས་པ་ཕོ་བརྒྱའི་མདའ་གྲལ་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། ཟ་མ་མོ་བརྒྱའི་འཕོང་ར་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བྱིས་པ་ཆུང་གི་རྩེ་ར་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། མགར་བའི་སོལ་ཁང་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། མཉན་པའི་གྲུ་ཚུགས་སུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། མགྲོན་པོ་ཁ་དལ་གྱིས་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། དགྲ་ཆགས་པ་ཐམས་ཅད་ནན་ཆིངས་བྲུབ། བདུད་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། སྔགས་པའི་སྦྲུབ་ཁང་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བོན་པོའི་གཡང་གྲལ་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བླ་མའི་ཆོས་ར་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བཙུན་པའི་ཚོགས་གྲལ་དུ་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བུ་མོའི་བྲོ་ར་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། གཙོ་བོའི་གྲོས་ར་ན་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། བརྒྱ་ཁ་མང་གིས་གླེང་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། སྟོང་མིག་མང་གིས་བལྟ་བའི་མི་ཁ་ཐམས་ཅད་ནན་ཆིངས་བྲུབ། ཟ་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། འཕྲོག་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། བཅོམ་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། བརྡུང་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། གསོད་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། བརྐུ་དགོས་ཟེར་བའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཉེ་བས་དགྲ་ཤོམ་བྱེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། ཁྱིམ་མཚེས་ཀྱིས་རྐུ་ཤོམ་བྱེད་པའི་དགྲ་བོ་ཐམས་ཅད་ནན་ཆིངས་བྲུབ། སྐྱེས་པ་ཕོའི་ཕོ་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། བུད་མེད་ཀྱི་མོ་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། བྱིས་པའི་ཆུང་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། རྒན་པོའི་རྒན་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། གཞོན་པའི་གཞོན་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། དར་མའི་དར་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། ཕུང་སྲི་གོད་སྲི་ལངས་པ་ཐམས་ཅད་ནན་ཆིངས་བྲུབ། བསྟན་དགྲའི་ལུས་ངག་ཡིད་གསུམ་སྟྭམ་བྷ་ཡ་ནན༔ ཞེས་ཐལ་བརྡེབ་བྱ་ཞིང་རྔ་མས་བྲབ། མེ་ཆུ་གོ་ལྡོག་གི་རྒྱ་དང་སས་ཅུང་ཟད་གཡོགས། དེའི་སྟེང་དུ་ཚྭ་ཚྭ་ནག་པོ་གཅིག་བཞག་ལ་སངས་རྒྱས་དོན་ཡོད་གྲུབ་པའི་ཕོ་བྲང་བཏབ་པར་བསམས་ལ། ངག་ཏུ། ནམ་མཁའ་རླུང་མེ་ཆུ་ས་རི་རབ་འོག༔ མནན་པ་ཡིན་གྱིས་ལྡང་བར་མ་བྱེད་ཅིག༔ སངས་རྒྱས་དོན་ཡོད་གྲུབ་པས་རྒྱས་བཏབ་བོ༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མ་དྷིཿ ཞེས་བརྗོད་ས་རིམ་པ་བདུན་གྱིས་གཡོགས། ཁོད་སྙོམས་པར་བྱས་ལ་རྟ་བྲོ་བརྡུང་བ་ནི། སྔགས་སྡེབ་ལས། མི་མཐུན་གླུ་སྣ་བླང་བ་ནི༔ ལས་མཇུག་བྲོ་ཡིས་བསྡུ་བ་ཡིན༔ ཞེས་གསུངས་པ་བཞིན་མཆེད་ལྕམ་རྣམས་མཐེའུ་ཆུང་སྦྲེལ། བྲོ་ར་གྲུ་གསུམ་དུ་བཅས་ལ་ཁྲོ་བོའི་སྟངས་སྟབས་དང་བཅས་ཏེ། གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་ནི་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ༔ བཞི་ནི་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་ནི་མ་མོ་བདུན་གྱི་རྒྱ༔ བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ༔ དགུ་ནི་ཧེ་རུ་ཀ་ཀློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་གདབ༔ རི་རབ་བརྗིད་པས་སྟེང་ནས་མནན༔ དཔའ་བོའི་བྲོ་གར་བཅས་ཏེ་བརྡུང༔ བསྐལ་པ་ཇི་སྙེད་མཐའ་རུ་མནན༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་བྲོ་བརྡུང་། དེ་རྗེས་གོང་གནོན་གཏོར་མ་གཞུང་བཞིན་འཕངས། སྤྲོ་ན་གཏོར་གཞོང་མནན་སྟེང་དུ་ཁ་སྦུབ་ལ། ཧཱུྃ། སུམྦྷ་ནིའི་མཐར། སྟོང་གསུམ་བརྡལ་བ་དཔལ་གྱི་གཞལ་ཡས། སོགས་བརྗོད་མཐར་གནན་བྱ་གནོན་བྱེད་ཐམས་ཅད་གསལ་སྟོང་འཛིན་མེད་ངང་ལ་དར་ཅིག་མཉམ་པར་འཇོག་པ་ནི་དོན་དམ་པའི་མནན་པ་སྟེ་ཚེགས་ཆུང་ལ་དོན་ཆེ་བ་ཞིག་གོ། །རྒྱུད་གཞན་དང་མཁས་པའི་མན་ངག་ཏུ་རང་ལ་ཕྱིར་མི་ཟློག་པའི་གནད་འགག་གསུངས་པའང་སྐབས་འདི་ཉིད་དུ་དྲན་པར་བྱ། སྤྱི་ཆིངས་ལས། དགྲ་བགེགས་ཞི་བའི་རྟགས་ལྡན་ན༔ བཤགས་ཤིང་གསོ་བའི་ཆོ་ག་དང༔ ཚེ་ཆོག་དག་ལ་འབད་པར་བྱ༔ ཞེས་གསུངས་པ་བཞིན་ནང་དུ་ལོག་ནས་ནོངས་བཤགས། གཏང་རག་ཚེ་འགུགས་སོགས་བྱ་བ་ཡང་གནད་འགག་གོ། །འདིར་སྨྲས་པ། རབ་འབར་འཇིགས་བྱེད་འཇམ་དཔལ་ཧ་ལའི་མདོག །རབ་ཏུ་ཁྲོས་པ་ཚེ་འཆི་ཨུཥ་གསུམ་གྱི། །རབ་འབྱམས་ལས་བཞིའི་ཕྲིན་ལས་ན་ཀྲའི་གྲོང་། །རབ་ཡངས་མཐའ་དབུས་གཏིང་མཐའ་མེད་པ་ནས། །མངོན་སྤྱོད་དམོད་པའི་མཐའ་སྡུད་རླུང་ལ་བསྐུར། །བུད་ཤིང་བྱ་དང་རྒྱ་མཚོར་སྦ་བ་ལས། །འདི་ནི་ཕྱི་མའི་བཞེད་གཞུང་གནན་པའི་ཁྲིགས། །གབ་དཀྲུགས་དགོངས་དོན་སྙིང་པོར་དྲིལ་ཏེ་བཀོད། །དེང་དུས་བསྐྱེད་རྫོགས་མན་ངག་གཞུང་དོན་ལས། །ཁམ་རེའི་ཟས་ལ་འདམ་པའི་གནས་སྐབས་སུ། །འདི་འདྲ་གདེངས་ཅན་མདུན་སར་གླ་རྩི་བཞིན། །ཕྱོགས་ལྷུང་ཚིག་གི་ཟུག་རྔུས་གནོད་ལས་ཅི། །འོན་ཏེ་སྐལ་མཉམ་འགའ་ཡིས་བསྐུལ་འདེབས་དང་། །གཏེར་ཆོས་འདི་ལ་བདག་གིར་བྱེད་པའི་སླད། །རྨ་མེད་ལྷག་བསམ་དག་པས་ཉེར་བསྒྲུབས་ལ། །ནོངས་པ་མཆིས་ན་སྙིང་ནས་ལྷ་ལ་བཤགས། །གལ་ཏེ་ཚིག་ཤར་ཀློག་པ་ཙམ་ལ་ཡང་། །རོ་འཛིན་མདུད་པའི་རྒྱར་ཆུད་སྐྱེ་བོ་ཡིས། །སྒྲོས་ངན་ཁ་ཏྭའི་ལོག་སྨྲས་མགྲིན་པ་འདེགས། །དེ་ནི་སྙིང་རྗེའི་གཞི་ལས་དོ་ཟླ་མིན། །ཞེས་འཇམ་དཔལ་གཤིན་རྗེ་དུག་རི་ནག་པོ་སུམ་སྒྲིལ་གྱི་གནན་པའི་ལས་ཁྲིགས་རི་རབ་ནག་པོ་ཞེས་བྱ་བ་ཝ་གིནྡྲ་དྷརྨ་ཀཱིརྟི་སོགས་དོན་གཉེར་འགའ་དང་རང་ལ་མཁོ་ཕྱིར་གཞུང་གི་དགོངས་དོན་གཙོ་བོར་བཟུང་། ཁོག་འབུབས་ཀྱི་མན་ངག་འགའ་ཞིག་གིས་ཟུར་བརྒྱན། འགུགས་འདྲེན་སོགས་ཀྱི་འདོན་ཆ་བྱང་བདག་རིག་འཛིན་དབང་པོའི་སྡེའི་ལྗགས་བསྒྲིགས་ལ་སྐབས་བབ་ཀྱི་བསྒྱུར་ཁ་བག་ཙམ་རེ་བྱས་ཏེ། ཟབ་ཆོས་འདི་ཉིད་ཀྱི་བཀའ་བབས་གཏེར་ཆེན་བླ་མ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་ལོ་ཆེན་བཻ་རོ་གཉིས་པ་རྔ་ཡབ་གླིང་དུ་གཤེགས་ནས་བགྲང་བྱ་རིག་བྱེད་ཀླུ་གཟུགས་སླེབས་པ་འཛིན་བྱེད་ཅེས་མེ་ཕོ་བྱི་བའི་ལོ། དབོ་ཟླའི་དཀར་ཕྱོགས་ཀྱི་སྟོང་པ་གཉིས་པའི་ཚེས་ལ་དམག་དཔོན་ཆུ་ལྷར་འཁྱོག་འགྲོས་རྩོམ་པའི་དུས་ཚེས་རྩུབ་མོར་རིག་པ་འཛིན་པ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་གྱིས་སྤེལ་བ་བསྟན་དགྲ་གཞོམ་པའི་རྒྱུར་གྱུར་ཅིག། །།