གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལེ་ལག་དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-014
Wylie title grol thig dgongs pa rang grol gyi le lag dam grib nyes pa kun sel gyi khrus chog
Location 'jigs gling bka' 'bum
Volume 8, Text 14, Pages 463-478 (Folios 1a1 to 8b6)
Author འཇིགས་མེད་གླིང་པ་
Less details More details
Tertön འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་ ('phreng po gter ston shes rab 'od zer)
Citation 'jigs med gling pa. Grol thig dgongs pa rang grol gyi le lag dam grib nyes pa kun sel gyi khrus chog. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 463-478. New Delhi: Shechen Publications, 2025.
Genre Cleansing Ritual - khrus chog
Cycle གྲོལ་ཏིག་དགོངས་པ་རང་གྲོལ་གྱི་ཆོས་སྡེ་ (grol tig dgongs pa rang grol gyi chos sde)
Colophon

ཆོས་ཀྱི་རྒྱལ་པོ་པྲཛྙཱ་རསྨིས་མལ་གྲོ་ཞམ་པའི་གཙུག་ལག་ཁང་ནས་གདན་དྲངས་པ་དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་བཀླག་ཆོག་མར་བཀོད་པ་འདི་ཡང་རིག་པ་འཛིན་པ་མཁྱེན་བརྩེའི་འོད་ཟེར་གྱིས་སྦྱར་བའོ།།

chos kyi rgyal po pradz+nyA rasmis mal gro zham pa'i gtsug lag khang nas gdan drangs pa dam grib nyes pa kun sel gyi khrus chog bklag chog mar bkod pa 'di yang rig pa 'dzin pa mkhyen brtse'i 'od zer gyis sbyar ba'o//

[edit]

༄༅། །གྲོལ་ཐིག་དགོངས་པ་རང་གྲོལ་གྱི་ལེ་ལག་དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་བཞུགས། །

༄༅། །ན་མཿ ཨུ་ཙུཥྨ་བཛྲ་ཀྲོ་དྷ་ཡ། འདིར་དམ་གྲིབ་ཉེས་པ་ཀུན་སེལ་གྱི་སྒོ་ནས་ཁྲུས་ཆོག་བྱ་བར་འདོད་པས། གནས་དབེན་པར་སྟེགས་ཀྱི་ཁར་བུམ་གདན་པདྨ་འདབ་བརྒྱད་དམ། ཚོམ་བུའི་སྟེང་དུ་རིན་པོ་ཆེའི་བུམ་པ་རྒྱུན་འབབས་ཀྱི་ཆུ་དང་རྫས་སོ་ལྔས་གཏམས་པ། མགུལ་ཆིངས། ཁ་རྒྱན། དུང་ཆོས། གཟུངས་རྡོར་དང་བཅས་པའི་མདུན་དུ་གཏོར་ཟླུམ་དཀར་པོ་ཉེར་སྤྱོད་དང་བཅས་པ་བཤམ། བསྒྲུབ་བྱའི་གྲིབ་གླུད། འབྲུ་སྨན། ཟས་སྣ། རིན་པོ་ཆེ། དར་སྣ་སོགས་ཀྱིས་བསྐོར་བ་དང་། སྣོད་གཅིག་ཏུ་ཆངས་བུ་དང་། རིལ་བུ་ཉེར་གཅིག་ཉེ་བར་བསྡོགས། རང་གི་ཉེ་ལོགས་སུ་རྡོར་དྲིལ། ནས་ཟེ། རྨ་བྱའི་སྒྲོ་མདོངས། སོགས་འདུ་བྱས་ལ། ཐོག་མར་རང་ཉིད་བསྙེན་པ་བྱ་བ་ནི། སྐྱབས་སེམས་དང་ཚད་མེད་བཞི་སྒོམ་པ་སྔོན་དུ་བཏང་ནས། སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣ་ཚོགས་པད་ཉིའི་གདན་སྟེངས་སུ༔ རང་ཉིད་ཁྲོ་ཆེན་དམེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་སྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་བསྟིམ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །སོགས་མཐར། བཛྲ་ས་མ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ༔ ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང་། ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། བཟླས་དམིགས་ནི། ཐུགས་ཀར་པད་ཉིའི་ས་བོན་མཐར༔ བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན༔ མེ་ཡི་ཚྭ་ཚྭ་འཁྲུག་ཅིང་འཕྲོ༔ གནོད་བྱེད་ཉམས་ཆག་ཀུན་བསྲེག་གྱུར༔ ཨོཾ་ཨི་ས་ཙི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་མི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ མོན་ཊ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་ཀ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨ་བྷུ་ཀྲོ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨུ་ཊ་ཤ་ཏ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨེ་ལིང་ཨེ་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ལ་མོན་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨས་ནི་པིས་ནི་ཊ་ཡ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ ཨོཾ་བྷུར་ཀུར་མ་ཧཱ་པྲ་ན་ཡེ༔ བྷུར་ཙི་བྷུར་ཀི་བི་མ་ལེ༔ ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ་ཏོར་ཡ་ཏོར་ཡ་སྭཱ་ཧཱ༔ བསྙེན་པ་ཁྲི་ཉིད་སྔོན་སོང་ནས༔ ལས་སྦྱོར་བརྒྱ་ཕྲག་གིས་འགྲུབ་བོ༔ ཞེས་གསུངས་པས་རང་ཉིད་ནུས་ལྡན་དུ་བྱའོ། །དེ་ནས་གཞན་དོན་དུ་བུམ་བསྒྲུབ་བྱ་བ་ནི། མཆོད་པ་ཁ་གསོས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ། བུམ་པ་བསངས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ནི༔ ཡོངས་གྱུར་རིན་ཆེན་བུམ་པ་ཆེ༔ ཚད་དང་མཚན་ཉིད་རྫོགས་པའི་ནང༔ སྣ་ཚོགས་པད་ཉིའི་གདན་སྟེངས་སུ༔ ཁྲོ་བོ་ཆེན་པོ་དམེ་བརྩེགས་ནི༔ མཐིང་ནག་འོད་ཟེར་ཀུན་འཕྲོ་བ༔ ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད༔ ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ༔ གནས་གསུམ་ཡི་གེའི་འཕྲོ་འདུ་ལས༔ ཞི་ཁྲོའི་ཚོགས་ཀུན་སྤྱན་དྲངས་བསྟིམ༔ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༔ སོགས་ཀྱི་མཐར། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ༔ ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བུམ་པའི་བདུད་རྩིའི་དབང་བསྐུར། སྐུ་གང་། ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། དྲིལ་བུ་འཁྲོལ་ཞིང་། བདག་མེད་ལྟ་བའི་ཧེ་རུ་ཀས། །བདག་འཛིན་རཱུ་ཏྲ་བསྒྲལ་བའི་ཚེ། །སྣམ་ནས་ཁྲོ་བོའི་རྒྱལ་པོ་ཕྱུང་། །གདུལ་དཀའ་འདུལ་མཛད་ཉིད་ལ་འདུད། །བསྟོད་པར་འོས་པ་ཐམས་ཅད་ལ། །སོགས་ཀྱིས་བསྟོད། བཟླས་དམིགས་ནི། འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས༔ སངས་རྒྱས་བྱང་སེམས་བླ་མ་དང༔ ཡི་དམ་ཌཱ་ཀྐཱི་ཆོས་སྐྱོང་གི༔ ཐུགས་རྗེ་ནུས་མཐུ་ཐམས་ཅད་བསྡུས༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང༔ བདུད་རྩིས་མེར་གྱིས་གང་བར་གྱུར༔ ཞེས་བརྗོད་ཅིང་བསམ་ནས་བཟླས་པ་ཅི་ནུས་བྱ། མཐར་ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་བསམ་མོ། །དེ་ནས་གཏོར་མ་འབུལ་བ་ནི། རཾ་ཡཾ་ཁཾ་གིས་བསང་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཟག་པ་མེད་པའི་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་གིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་འཁོར་དང་བཅས་པ་གཏོར་མའི་མགྲོན་དུ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བྷུར་ཀུར་མ་ཧཱ་པྲ་ན་ཡེཿབྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་རཱ་ཛཿཨ་ཀཱ་རོ་སོགས་ཀྱི་མཐར། ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། དྲིལ་བུ་འཁྲོལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ། བཛྲ་མུཾ། ཞེས་གཏོར་མགྲོན་གཤེགས། དེ་ནས་ཁྲུས་ཀྱི་ཆོ་ག་ལ། བཀྲུ་བྱབ་གཏོར་གླུད་བསྲུང་བ་སྟེ་རྣམ་པ་བཞི་ལས། དང་པོ་ནི། བསྒྲུབ་བྱ་མདུན་དུ་འཁོད་པའི་དྲུང་དུ་གླུད་ཀྱང་འདུ་བྱས་ལ། སྔོན་གྱི་བསོད་ནམས་ཟབ་མོའི་འཕེན་པས་མཐོ་རིས་ཀྱི་རྟེན་ཁྱད་པར་ཅན་ལ་སྤྱོད་པའང་། མ་རིག་པ་མཚུངས་པར་ལྡན་པ་དང་། ཉོན་མོངས་པའི་ཉེ་བར་ལེན་པས་གྲིབ་ཀྱི་རྣམ་པ་ཤིན་ཏུ་ཐ་དད་པར་ཤར་ནས་ལེགས་པའི་ཡོན་ཏན་ཐམས་ཅད་ལ་སྒྲིབ་པར་བྱེད་པ་དེ་དག་བསལ་བའི་ཐབས་ཚུལ་རྒྱ་ཆེ་ལ་གྲངས་མང་བ་རྣམས་ཀྱི་མཐར་ཐུག་པའང་ཧེ་བཛྲ་ལས། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆིང་བར་བྱེད། །དུག་གི་དེ་ཉིད་ཤེས་པ་ཉིད། །དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་པ་ལྟར་དྲི་མས་དྲི་མ་འཁྲུད་པའི་གཉེན་པོ་སྟོབས་ཀྱི་ལྷ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་སྟེ། སྔོན་དཔལ་ཆེན་པོས་རཱུ་ཏྲ་བཏུལ་བའི་ཚེ་བདུད་རྩི་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་འོག་སྒོའི་སྣམ་ཁུང་ལས་འཐོན་ཏེ་དྲི་ཆེན་ལ་སོགས་པ་མི་གཙང་བའི་འདམ་དུ་ཚུད་པ་དག་པར་བྱ་བའི་ཕྱིར། ཁྲོ་བོ་སོ་སོའི་སྣམ་ཁུང་ནས་ཁྲོ་བོ་ཨུ་ཙུཥྨ་ཀྲོ་དྷ་ཕྱུང་ནས་མི་གཙང་བའི་འདམ་ཀུན་འཐུངས་ཏེ་དྲེགས་པ་ཅན་དེ་དག་སླར་དྲན་པ་རྙེད་པར་བྱས་སོ། །དེའི་ཕྱིར་འདམ་ཁུང་ནས་འཐོན་པའི་སྟེང་དུ་འདམ་ཀུན་འཐུངས་པས་དམེ་བ་བརྩེགས་པ་ཞེས་བྱ་སྟེ་གཙང་བ་བརྒྱས་མ་དག་པ་དམེ་བ་གཅིག་གིས་འཇོམས་པ་ཡིན་ནོ། །དེ་ལྟ་བུའི་རྒྱུད་དང་མན་ངག་ཇི་སྙེད་ཅིག་ཡོད་པ་ལས་དེང་ཆེད་དུ་བྱ་བ་ནི་རང་གཞུང་ལས། བདག་འདྲ་པདྨ་འབྱུང་གནས་ངས༔ སླར་ཡང་ཟ་ཧོར་རྒྱལ་ཁམས་ཀྱི༔ འགྲོ་བ་འདུལ་དུ་ཕྱིན་པའི་ཚེ༔ སྔགས་འཁོན་ལོག་ལྟས་དམ་ཉམས་པས༔ རླུང་ཕྱོགས་ཙམ་དུ་ཕྱིན་པས་ཀྱང༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ དགོངས་པ་གཅིག་བསྡུས་བདག་ཉིད་ཀྱི༔ སྣ་ཚོགས་རྩལ་ཁའི་རྫུ་འཕྲུལ་འགྲིབ༔ ཟབ་གནད་འདི་དང་མི་ལྡན་ན༔ མེར་བསྲེགས་ཆུ་རུ་བསྒྱུར་མི་བཏུབ༔ དེ་ཕྱིར་སྙིང་ཁྲག་མཐར་ཐུག་འདི༔ སངས་རྒྱས་ལས་ཀྱང་མི་དཀོན་རེ༔ ཞེས་དང་། བཀླག་ཆོག་དམ་གྲིབ་ཀུན་སེལ་འདི༔ རིགས་སྔགས་རྡོ་རྗེའི་གོ་ཆ་ཞེས༔ འཆི་བདག་འཇོམས་པའི་དཔའ་བོ་ཡིན༔ བསྐལ་ངན་དུས་ཀྱི་ཐ་མ་ལ༔ རིག་པ་འཛིན་པའི་ཚེ་འཐུང་ཡིན༔ བོད་ཡུལ་གཏེར་ཆེན་བརྒྱ་རྩ་བརྒྱད༔ གཏེར་ཕྲན་བྱེ་བ་སྦས་པའི་ནང༔ གྲིབ་སེལ་བསྲུང་ཐབས་མང་བསྟན་ཀྱང༔ འདི་དང་འདྲ་མིན་གཉིས་ལས་མེད༔ ཅེས་ཤིན་ཏུ་ཟབ་པའི་མཐར་ཐུག་ཏུ་གསུངས་པའི་ཆོ་ག་ཟབ་མོ་ལ་བརྟེན་ནས་བཀྲུ་བྱབ་བྱ་བ་ཡིན་པས། སློབ་དཔོན་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པར་བསྒོམས་ནས་དེའི་ཕྱག་གིས་བུམ་ཆུས་བཀྲུས་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་མི་གཙང་བའི་དྲི་མས་གློ་བུར་དུ་གོས་པ་དང་། བག་ལ་ཉལ་དུ་ཡོད་པ་རྣམས་བྱང་ཞིང་དག་པའི་མོས་པ་མཛོད། བཞི་བརྒྱ་རྩ་བཞིའི་ནད་རྣམས་དང༔ འགལ་རྐྱེན་ཉི་ཁྲི་ཆིག་སྟོང་དང༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༔ མི་མཐུན་བྱང་ཞིང་དག་གྱུར་ཅིག༔ ཨོཾ་ཨིས་ཙ་ཊ་ཡ་སོགས་འདོད་གསོལ་དང་སྔགས་སྤེལ་ལན་བདུན་བརྗོད་ཅིང་བཀྲུ༔ གཉིས་པ་བྱབ་པ་ནི། རྡོ་རྗེ་དང་བཅས་པའི་ཐལ་མོས་རྨ་བྱའི་མདོངས་བཟུངས་ལ། འོ་གསང་བ་སྔགས་ཀྱི་ཐེག་པ་ནི་ཉོན་མོངས་པས་འཆིང་བར་མི་ནུས་པ་རྨ་བྱས་དུག་ཟོས་པའི་རོ་ནུས་རྒྱན་དུ་སྨིན་པ་ལྟ་བུ་སྟེ། མཚོན་བྱ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མདོངས་ཀྱི་ཐིག་ལེའི་དབུས་ན་ཟླ་བའི་གདན་ལ་ཧཱུྃ་ཡིག་མཐིང་ནག་ཨུ་ཙུཥྨའི་སྔགས་ཕྲེང་གིས་བསྐོར་བའི་འོད་ཟེར་གྱིས་ཁྱེད་ཅག་གི་ལུས་ངག་ཡིད་གསུམ་ལ་གནས་པའི་ཉེས་སྐྱོན་ཐམས་ཅད་ཕྱག་དར་མཁས་པའི་བྱེད་ལས་བཞིན་དུ་བྱས་ནས་གྲིབ་གླུད་ལ་ཐིམ་པའི་མོས་པ་མཛོད། ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པའི་བྱིན་རླབས་ཀྱི་བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ་འཁོན་རྐྱེན་ངན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཀྱི་རིགས་སུ་གྱུར་པ། རླུང་དང་མཁྲིས་པ་དང་། བད་ཀན་དང་། ལྡན་འདུས་ལ་སོགས་པའི་ནད་རིགས་བཞི་བརྒྱ་རྩ་བཞི། ལྷ་ནད་མྱོས་པ། བདུད་ནད་འཐིབས་པ། རྒྱལ་ནད་སྨྱོ་འབོག །གཟའ་ནད་ལྐུགས་རེངས། བཙན་ནད་གཟེར་ཐབས། མ་མོའི་དལ་ཡམས། ཀླུ་ནད་གདུག་པ། དམུ་ནད་རྨུགས་པ། རྒྱ་ནད་མིག་སེར། བལ་ནད་འབྲུམ་བུ་ལ་སོགས་པ་རྐྱེན་དང་འགྲོགས་པའི་ནད་ཐམས་ཅད་གྲ་ཧ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། དྲི་ཟའི་གདོན་དང་། སྲིན་པོའི་གདོན་དང་། ཤ་ཟའི་གདོན་དང་། གྲིབ་གནོན་དང་། སྨྱོ་བརྗེད་ལ་སོགས་པ། གདོན་ཆེན་པོ་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། གདོན་ཕལ་པ་བཞི་ལ་སོགས་པ་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་དུཥྚཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། བགེགས་ཀྱི་རིགས་སུ་གྱུར་པ་བྱི་ན་ཡ་ཀས་གཙོ་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བདུད་རིགས་སུམ་བརྒྱ་དྲུག་ཅུ། ལྷ་མ་སྲིན་སྡེ་བརྒྱད་གནོད་པ་ལ་སོགས་པ་སརྦ་བིགྣན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྡིག་པའི་རིགས་སུ་གྱུར་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཁ་ན་མ་ཐོ་བའི་རིགས་སུ་གྱུར་པ་ཐམས་ཅད་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྒྲིབ་པའི་རིགས་སུ་གྱུར་པ། ལས་དང་། ཉོན་མོངས་པ་དང་། བག་ལ་ཉལ་དང་། ཤེས་བྱའི་སྒྲིབ་པ། ལྟ་བ་དམན་པའི་སྒྲིབ་པ། ཆོས་སྤང་པའི་སྒྲིབ་པ་ལ་སོགས་པ་མཐོ་རིས་དང་ཐར་བའི་གེགས་སུ་གྱུར་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཉམས་ཆག་གི་རིགས་སུ་གྱུར་པ། མི་ནག་པོའི་མནའ་ཐོ། ཁྲེལ་དང་ངོ་ཚ་ཉམས་པ། ཉན་ཐོས་པ་ལ་སོ་སོར་ཐར་པ་རིགས་བདུན་གྱི་སྡོམ་པ་ཉམས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ། སྨོན་འཇུག་སྡོམ་པའི་ངོ་བོ། ཚུལ་ཁྲིམས་རྣམ་པ་གསུམ་ཉམས་པ་དང་། གསང་སྔགས་ཀྱི་དམ་ཚིག་འབུམ་སྡེ། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། བླ་མ་དང་དཀོན་མཆོག་གི་དཀོར་དང་། སྐུ་གླུད་འབགས་པ་དང་། སྐུར་པ་བཏབ་པ་དང་། ལོག་པར་བལྟས་པ་དང་། ཆོས་མཛད་སྤྱི་དང་མཆེད་ལྕམ་ལ་དགྲ་རུ་བལྟས་པ། རྩ་བའི་ཉོན་མོངས་པ་ལྔ། ཉེ་བའི་ཉོན་མོངས་པ་ཉི་ཤུ། སེམས་དང་སེམས་བྱུང་གིས་ལས་བསགས་པ། དུག་ལྔ་རང་གར་ཤོར་བས་སེམས་ཅན་གྱི་སྤྱོད་པ་རང་འཐད་དུ་གྱུར་ཅིང་མི་དགེའི་ལམ་དུ་ཚུད་པ་དང་། སྡིག་ཅན་དང་། དམ་ཚིག་ཉམས་པའི་མི་དང་འགྲོགས་ཤིང་སྤྱོད་ལམ་འདྲེས་པ་ལ་སོགས་པ་ཐམས་ཅད་ཞི་བར་གྱུར་ཅིག །དུར་མྲིཏི་ཙིཏྟ་བྷྱཿཀུ་ལ་ཨ་པ་ན་ཡེ་སྭཱ་ཧཱ། གྲིབ་ཀྱི་རིགས་སུ་གྱུར་པ། ཕྱི་སྣང་བ་ལ་བདེན་འཛིན་གྱི་གྲིབ། ནང་དུག་ལྔ་རང་རྒྱུད་དུ་ཤོར་བའི་གྲིབ། གསང་བ་མ་རིག་པ་ཁ་འཁྱལ་གྱི་གྲིབ། ཐོ་ཅོ་རྩིང་སྤྱོད་ཀྱི་གྲིབ། བདག་བསྟོད་གཞན་སྨད་ཀྱི་གྲིབ། ཞེ་འདོད་གཞན་བསླུའི་གྲིབ། མི་ཤེས་ཤེས་བརྫུའི་གྲིབ། མ་རྟོགས་ལོག་རྟོག་ཕྱོགས་རྟོག་གི་གྲིབ། ཁ་ལྟ་སྟོང་སྐད་ཀྱི་གྲིབ། ཁ་འཛིན་ཆོས་སྤོང་གི་གྲིབ། ཐེ་ཚོམ་ཡིད་གཉིས་ཀྱི་གྲིབ། དམ་བཅའ་འདོད་ཞེན་གྱི་གྲིབ། སྡིག་ཅན་དང་། དམ་སྡོམ་ཉམས་པའི་གྲིབ། བྱད་གཏད་དང་། རྨུ་གབ་དང་། ཐབ་གཞོབ་དང་། ཕྱྭ་མདངས་ཉམས་པ་ལ་སོགས་སྣོད་བཅུད་ཀྱི་རྒྱུ་རྐྱེན་ལོག་པའི་གྲིབ་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག་རོ་ཥ་ཨ་པ་ན་ཡེ་སྭཱ་ཧཱ། འཁོན་གྱི་རིགས་སུ་གྱུར་པ་བླ་མ་དང་། སློབ་དཔོན་དང་། མཁན་པོ་དང་། ཆོས་མཛད་གོང་མ་དང་གཟུངས་མ་མཆེད་ལྕམ་ལ་འཁོན་པ། དཔོན་པོ་དང་། གྲོགས་པོ་དང་། ཕ་སྤུན་ཉེ་འབྲེལ་ལ་འཁོན་པ། ཡུལ་མི་ཁྱིམ་མཚེས་དང་འཁོན་པ། ལྷ་ཀླུ་གཞི་བདག་དང་འཁོན་པ། ལྷ་མ་སྲིན་སྡེ་བརྒྱད་དང་འཁོན་པ། མི་འཁོན་ལྷ་ལ་ཕོག་པ། ལྷ་འཁོན་མི་ལ་ཕོག་པ། འཁོན་གསེབ་ཏུ་ཕྱིན་པ་དང་སྤྱོད་ལམ་འདྲེས་པ་ལ་སོགས་པ་འཁོན་གྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མི་གཙང་བའི་རིགས་སུ་གྱུར་པ། མཛེ་ཕོ་དང་། ཡུགས་ས་དང་། དམེ་ཕོ་དང་། ཤན་པ་དང་། མནོལ་བཙོག་དང་། རོ་བག་དང་། བཙོན་དོང་དང་། གནས་ཁང་གོས་སྟན་སྣོད་སྤྱད་ལ་སོགས་པ་མི་གཙང་བའི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། མདོར་ན་རྐྱེན་ངན་ཉི་ཁྲི་ཆིག་སྟོང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། གློ་བུར་བརྒྱད་ཅུ་རྩ་གཅིག །དུས་མིན་འཆི་བ་ཅོ་བརྒྱད། སྲི་ཀེག་བྱད་ཕུར་རྦོད་གཏོང་། རྨི་ལྟས་རྟགས་མཚན་ངན་པ། ཕས་ཀྱི་བསམ་ངན་སྦྱོར་རྩུབ། ཚེ་དང་སྲོག་ལ་བསྡོ་བ། འགྱུར་བའི་སྡུག་བསྔལ་ཆེན་པོ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། སྡུག་བསྔལ་ཉིང་འཁྲུལ་དུ་ཤར་ནས་གནས་སྐབས་ཀྱི་བདེ་ལེགས་འཇོམས་ཤིང་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བར་དུ་གཅོད་པའི་རིགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་པས་ལུས་ཤེལ་སྒོང་ལྟར་གྱུར་པར་བསམ་མོ། །གསུམ་པ་གཏོར་གླུད་གཏང་བ་ནི། ཆང་བུ་དང་། རིལ་བུ་རེ་རེ་བཞིན་སྣོད་དུ་བླུག །འབྲུ་གསུམ་གྱིས་སྦྱངས་ནས་སམྦྷ་རས་བསྔོ་བའམ། མ་ནུས་ན་སམྦྷ་ར་གསུམ་མམ་བདུན་བརྗོད། རཾ་ཡཾ་ཁཾ། གཏོར་སྣོད་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཨ་ལས་འདོད་དགུའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་བསྒྲུབ་བྱ་ལ་བསྐོར་ཞིང་གླུད་ནང་དུ་དོར། རྫོགས་པ་དང་། གླུད་བསངས་སྦྱངས། སྟོང་པའི་ངང་ལས་ཏིང་ངེ་འཛིན་གྱི་བྱེད་ལས་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཐམས་ཅད་ཚང་ཞིང་མཛེས་པ་འདོད་དགུའི་འབྱོར་པ་ཅན་དུ་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བྱས་ལ། ཧཱུྃ༔ ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས༔ ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་རྣམས༔ འདོད་ཡོན་གླུད་དང་གཏོར་མས་ཚིམ་པར་བྱོསཿ གནས་སྐབས་རྐྱེན་གྱིས་བསྒྱུར་བའི་གདོན་བགེགས་རྣམས༔ གཏོར་ཀྱུ་ཆངས་བུ་མར་མེ་ཞལ་ཟས་དང༔ འབྲས་ཆན་འབྲས་བུ་ཤ་ཆང་ལ་སོགས་པས༔ ཚིམ་པར་གྱིས་ལ་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་འདི་རུ་འཚེ་བྱེད་ན༔ ཡེ་ཤེས་རོལ་པའི་ཁྲོ་རྒྱལ་རབ་ཁྲོས་ནས༔ རྡུལ་ཆ་ཕྲ་མོ་ཙམ་དུ་བརླག་པར་བྱེད༔ སརྦ་བིགྣན་གཙྪ༔ སུམྦྷ་ནི་སོགས་ཧཱུྃ་བཞི་བརྗོད། ཐུན་གྱིས་བྲབ། གུ་གུལ་བདུག །གཏོར་གླུད་ཕྱི་རོལ་དུ་དོར་རོ། །བཞི་པ་བསྲུང་བ་ནི། བསྒྲུབ་བྱ་ཁྲོ་བོའི་རྒྱལ་པོ་དམེ་བ་བརྩེགས་པ་སྐུ་མདོག་མཐིང་ནག །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད་པར་གསལ་བའི་སྤྱི་བོར་འཁོར་ལོ་དཀར་པོའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པར་བསྒོམ། རང་ཡི་དམ་དུ་གསལ་བའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འོད་ཟེར་གྱི་རྣམ་པར་སྤྲོས་ལ་བསྟིམ་པས་དེ་ཉིད་ཀྱང་ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་གནས་གསུམ་དུ་རྡོ་རྗེ་གཞག །དེ་ནས་གོ་ཆ་བསྐོན་པ་ནི། རང་གི་ཐུགས་ཀ་ནས་རྡོ་རྗེ་རྒྱ་གྲམ་དཔག་ཏུ་མེད་པ་སྤྲོས། བསྒྲུབ་བྱའི་གནས་རྣམས་སུ་རྡོ་རྗེས་རེག་པས་ལུས་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གྱུར་ནས་གདོན་བགེགས་ཀྱིས་གླགས་མི་རྙེད་པར་བསམ་ཞིང་། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། རྡོ་རྗེ་སློབ་མའི་བགེགས་ཐམས་ཅད་རཀྵ་རཀྵ་ཧཱུྃ། སྡིག་པ་ཐམས་ཅད་རཀྵ་རཀྵ་ཧཱུྃ། གྲིབ་ཐམས་ཅད་རཀྵ་རཀྵ་ཧཱུྃ། གདོན་ཐམས་ཅད་རཀྵ་རཀྵ་ཧཱུྃ། རིམས་ཐམས་ཅད་རཀྵ་རཀྵ་ཧཱུྃ། ཉམས་ཆག་ཐམས་ཅད་རཀྵ་རཀྵ་ཧཱུྃ། གྲིབ་འཁོན་ཐམས་ཅད་རཀྵ་རཀྵ་ཧཱུྃ། མི་གཙང་བ་ཐམས་ཅད་རཀྵ་རཀྵ་ཧཱུྃ། རྐྱེན་ངན་པ་ཐམས་ཅད་རཀྵ་རཀྵ་ཧཱུྃ། རྨི་ལམ་ངན་པ་ཐམས་ཅད་རཀྵ་རཀྵ་ཧཱུྃ། དུས་མིན་འཆི་བ་ཐམས་ཅད་རཀྵ་རཀྵ་ཧཱུྃ། སེམས་ཀྱི་རྣམ་གཡེང་ངན་པ་ཐམས་ཅད་རཀྵ་རཀྵ་ཧཱུྃ། བར་དུ་གཅོད་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་རཀྵ་རཀྵ་ཧཱུྃ། ཞེས་དང་། བདེན་སྟོབས་བརྗོད་པ་ནི། ནམ་མཁའ་མེད་པར་གྱུར་ན་ཡང་། །སོགས་མཐར་ཤིས་པ་བརྗོད། བདག་གི་རྣལ་འབྱོར་བསྡུ་ཞིང་དགེ་བ་བསྔོ་བ་རྣམས་སྤྱི་དང་མཐུན་པར་བྱའོ། །ཆོས་ཀྱི་རྒྱལ་པོ་པྲཛྙཱ་རསྨིས་མལ་གྲོ་ཞམ་པའི་གཙུག་ལག་ཁང་ནས་གདན་དྲངས་པ་དམ་གྲིབ་ཉེས་པ་ཀུན་སེལ་གྱི་ཁྲུས་ཆོག་བཀླག་ཆོག་མར་བཀོད་པ་འདི་ཡང་རིག་པ་འཛིན་པ་མཁྱེན་བརྩེའི་འོད་ཟེར་གྱིས་སྦྱར་བའོ།།