ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-006
Wylie title jo lugs sgrol dkar maN+Dal gcig pa
Location 'jigs gling bka' 'bum
Volume 8, Text 6, Pages 243-251 (Folios 1a1 to 5a5)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Jo lugs sgrol dkar maN+Dal gcig pa. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 243-251. New Delhi: Shechen Publications, 2025.
Genre Sadhanas - Evocation Ritual - sgrub thabs
Deity sgrol ma dkar mo
Colophon

ཆོས་མཛད་སཱ་རའི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།།

chos mdzad sA ra'i ngor rgyal ba'i myu gu mkhyen brtse'i lhas so//

[edit]

༄༅། །ཇོ་ལུགས་སྒྲོལ་དཀར་མཎྜལ་གཅིག་པ་བཞུགས། །

༄༅། །ན་མ་ཨཱརྱ་ཏཱ་རེ། འདིར་ཇོ་བོ་ལས་བརྒྱུད་པའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་པ་བྱ་བར་འདོད་པས། གནས་དབེན་ཞིང་ཉམས་དགའ་ལ། གཞི་བདག་དང་འབྱུང་པོ་གདུག་པ་ཅན་གྱིས་དབང་དུ་མ་བྱས་པར་བྱི་དོར་ལེགས་པར་བྱ། དཀོན་མཆོག་གི་རྟེན་དགྲམ། ཚེ་སྒྲུབ་སྤྲོས་བཅས་དང་འབྲེལ་ན་སྟེགས་བུ་ཁེབས་ལྡན་པདྨ་འདབ་བརྒྱད་རེ་ཁཱ་ཅན་གྱི་དབུས། སྐུ་རྟེན་ཚེ་བུམ། གསུང་རྟེན་བདུད་རྩི། ཐུགས་རྟེན་ཚེ་རིལ་ཡང་བཤམ། རྒྱུན་བསྙེན་དང་སྒྲུབ་པ་ཇི་ལྟར་ཡང་དཀར་གསུམ་མངར་གསུམ་ཤིང་འབྲས་སོགས་ཀྱིས་བརྒྱན་པའི་དཀར་གཏོར་ཟླུམ་པོ་པད་འདབ་བཞི་པ་དང་། མཐའ་ཉེར་སྤྱོད་ཀྱིས་བསྐོར། གྲུབ་ན་གཏོར་མ་ཆ་གསུམ་དང་། མ་བདེ་ན་གཞི་བདག་ལ་དཀར་གཏོར། འབྱུང་པོ་ལ་ཆངས་བུ། རིལ་བུ། མཐེབ་ཀྱུ་སོགས་བཤམས་ལ་ཆུ་ཆང་གིས་བྲན། ཨ་ཀཱ་རོ་ལན་གསུམ་གྱིས་བརླབ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་བསྔོས་ལ་ཕྱི་རོལ་དུ་གཏོང་། རྡོ་རྗེའི་རྭ་གུར་གྱིས་སྲུང་འཁོར་སྒོམ། དེ་ནས་བྱང་ཆུབ་སེམས་ཀྱི་བསྔགས་པ་བརྗོད་པ་ནི། ངན་འགྲོའི་ལམ་ནི་ལྡོག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་ལ། །རྒ་ཤི་མེད་པར་འདྲེན་བགྱིད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང་། ཚད་མེད་བཞིས་རྒྱུད་ལེགས་པར་སྦྱང་། སྐྱབས་འགྲོ་ནི། སྐྱོབ་པ་མཆོག་དང་བདེན་གཉིས་དམ་པའི་ཆོས། །རིག་གྲོལ་གཉིས་ལྡན་བྱང་ཆུབ་སེམས་དཔའི་ཚོགས། །འཕགས་མའི་སྐུ་གསུང་ཐུགས་ལས་གཞན་མིན་པས། །སྐྱེས་བུ་ཆེན་པོའི་སེམས་ཀྱིས་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་ནི། ཧོ། བདག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀུན། །གནས་སྐབས་བདུད་བཞིའི་འཇིགས་པ་ལས་གྲོལ་ཞིང་། །མཐར་ཐུག་བྱང་གྲོལ་མཆོག་ལ་འདོད་པའི་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་མཆོག་སེམས་བསྐྱེད། །ལན་གསུམ། ཡན་ལག་བདུན་པ་ནི། ཨཱཿ ཡན་ལག་ལྔས་བཏུད་ལུས་དང་ལོངས་སྤྱོད་འབུལ། །ཉེས་ལྟུང་མི་འཆབ་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མྱ་ངན་མི་འདའ་གསོལ། །དགེ་ཚོགས་འགྲོ་ཀུན་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །མཆོད་རྫས་བྱིན་བརླབ་ནི། ཧཱུྃ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ཡིས། །ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །རཱུ་པ། ཤཔྟ། གྷནྡྷེ། རཱ་ས། པརྴེ། དྷརྨ་དྷརྟུ་སརྦ་པཱུ་ཛ་ཨཱཿཧཱུྃ། ལན་གསུམ་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རློབ། དེ་ནས་མངོན་རྟོགས་བསྒོམ་པ་ནི། ཨཱཿ ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་ཀྱང་། །འདི་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ། །སྐྱེ་མེད་ངང་ལས་སྐྱེ་བའི་ཆོ་འཕྲུལ་ནི། །གཡུ་ལོ་བཀོད་པའི་ཞིང་ཁམས་ཉམས་དགའ་བ། །མནན་ན་ནེམ་ཞིང་བཏེག་ན་སྤར་བའི་གཞིར། །རིན་ཆེན་བཻ་ཌཱུརྱ་ཡི་བྲག་རི་ལ། །དྲང་སྲོང་རིག་འཛིན་གྲུབ་པ་མཆོག་རྣམས་གནས། །འབྱུང་བ་ཡོངས་རྫོགས་དྭངས་པའི་མཚོ་རྫིང་ནི། །པུཎྜ་རི་ཀ་ནེའུ་གསིང་དྲ་བས་མཛེས། །རིན་ཆེན་སྣ་ཚོགས་ལྗོན་ཤིང་བལྟ་ན་སྡུག །ཡལ་འདབ་རྣམས་ལ་གསེར་གཡུ་བྱི་རུ་དང་། །པད་རག་ཨིནྡྲ་ནི་ལ་ལ་སོགས་པ། །དབང་གཞུ་ལྟ་བུར་བཀྲ་བའི་བྱ་ཚོགས་དང་། །འཕུར་ལྡིང་ཤིན་ཏུ་གཡོ་བའི་བྷྲཱ་མ་ར། །སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་། །ཀུན་འབྱུང་སྡུག་བསྔལ་སྤངས་པའི་ཆོས་ཀྱི་སྒྲ། །ཐེག་པ་གསུམ་དང་རྒྱུད་སྡེའི་དབྱངས་སུ་སྒྲོག །གཟུགས་སྣང་ཐམས་ཅད་དག་པའི་སྣོད་དང་བཅུད། །ཚོར་བ་ཐམས་ཅད་བདེ་སྟོང་ཕྱག་རྒྱ་ཆེ། །འདུ་ཤེས་ཐམས་ཅད་ཕ་རོལ་ཕྱིན་པ་དྲུག །འདུ་བྱེད་ཐམས་ཅད་ས་བཅུའི་སྤངས་རྟོགས་ཏེ། །རྣམ་ཤེས་ལས་འདས་ཡེ་ཤེས་རོལ་པའི་གདངས། །དག་པ་རབ་འབྱམས་ཞིང་ཁམས་བཀོད་པའི་ཀློང་། །རང་བཞིན་ལྷུན་གྲུབ་སྤྲུལ་པའི་གཞལ་མེད་ཁང་། །རྒྱ་ཁྱོན་བཀོད་པ་བློ་ལས་འདས་པའི་དབུས། །པད་ཟླའི་གདན་ལ་ཏཱཾ་ཡིག་ཡོངས་གྱུར་ལས། །རྗེ་བཙུན་སྒྲོོལ་དཀར་ཡིད་བཞིན་འཁོར་ལོ་ནི། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་མོ་ཀྲུང་། །ཕྱག་གཡས་མཆོག་སྦྱིན་མི་མཐུན་ཕྱོགས་ལས་སྒྲོལ། །གཡོན་པ་སྐྱབས་སྦྱིན་མཐེབ་མཛུབ་ལ་གནས་པའི། །ཨུཏྤལ་ཟེའུ་འབྲུས་དུས་གསུམ་སངས་རྒྱས་མཚོན། །རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་བརྒྱན། །ཚེ་དང་ཡེ་ཤེས་མཆོག་གི་དངོས་གྲུབ་སྟེར། །འགྲོ་ལ་ཐུགས་རྗེས་གཟིགས་པ་མི་ཡོལ་བས། །ཕྱག་ཞབས་མཐིལ་སོགས་ཡེ་ཤེས་སྤྱན་བདུན་སྤྲས། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ནུའི་ངང་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་ལྡན་པ་སྟེ། །ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །མཐའ་སྐོར་སངས་རྒྱས་བྱང་སེམས་རིག་འཛིན་དང་། །གནས་ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །ཀུན་ཀྱང་གདན་གསུམ་རྡོ་རྗེའི་བདག་ཉིད་ཅན། །ཡོངས་གྲུབ་དབང་བསྐུར་རྫོགས་པའི་པྲོག་ཞུས་བརྒྱན། །གནས་གསུམ་ཕྱག་མཚན་གསུམ་དང་ཡིག་འབྲུ་ལས། །འོད་འཕྲོས་རང་བཞིན་སྤྲོས་བྲལ་གདོད་མའི་དབྱིངས། །སྐུ་གསུམ་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །གཡུ་ལོ་བཀོད་སོགས་སྤྲུལ་པའི་ཞིང་ཁམས་ནས། །ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། ཧཱུྃ། མཁྱེན་པས་བྱང་ཆུབ་ཆོས་ཁམས་ཡོངས་གཟིགས་ཀྱང་། །བརྩེ་བས་ཞི་ལ་མི་གཞོལ་འཁོར་བ་སྒྲོལ། །ནུས་པས་བདུད་སྡེ་ཕྱེར་འཐག་བཅོམ་ལྡན་མ། །ཚེ་དབང་བདེ་སྦྱིན་ལྷ་མོ་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ བཞུགས་གསོལ་བསྟོད་ཕྱག་ནི། ཨཱཿ བདེ་གཤེགས་སྙིང་པོའི་རང་བཞིན་ཡེ་ཤེས་སེམས། །གདོད་ནས་དམ་ཚིག་འཁོར་ལོར་རོ་གཅིག་ཀྱང་། །གློ་བུར་སྒྲིབ་གཉིས་སྤངས་བའི་སྟན་བཞུགས་ལ། །མངོན་སུམ་ལྟ་བ་མཇལ་བའི་ཕྱག་གིས་བཏུད། །ན་མོ་ན་མ་ཧཱུྃ། མཆོད་པ་ནི། ཧཱུྃ། ཡུལ་དང་དབང་པོ་འབྲེལ་བའི་སྲེད་ལེན་གྱི། །ཉེར་སྤྱོད་ལས་འདས་མཆོད་པའི་ཕྱག་རྒྱ་ཆེ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་བླ་ན་མེད། །ནམ་མཁའ་མཛོད་ཀྱི་འཁོར་ལོས་མཉེས་གྱུར་ཅིག །བཛྲ་རཱུ་པ། ཤབྟ། གནྡྷེ། རཱ་ས། པརྴེ། དྷརྨ་དྷཱརྟུ་མ་ཧཱ་སརྦ་པཱུ་ཙ་ཨཱཿཧཱུྃ། བསྟོད་པ་ནི། ཨོཾ། ཆུ་སྐྱེས་ཞལ་གྱི་གེ་སར་ལས། །འགྲོ་བ་སྒྲོལ་ཕྱིར་རྣམ་པར་འཕྲུལ། །ཕྲིན་ལས་མྱུར་ཞིང་བདུད་ལ་དཔའ། །བཞད་པ་རབ་བཞད་ཁྱོད་ལ་བསྟོད། །སྦྱིན་པའི་མཆོག་ལྡན་མི་འཇིགས་སྟེར། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་། །བཟོད་པའི་དཀའ་ཐུབ་ཉམས་མི་མངའ། །ཤིན་ཏུ་སྦྱངས་པ་ཁྱོད་ལ་བསྟོད། །སུ་ཡིས་ཁྱེད་ལ་གསོལ་བཏབ་དོན། །ཡལ་བར་མི་འདོར་བརྩོན་འགྲུས་དང་། །དེ་བཞིན་གཤེགས་དགའི་བསམ་གཏན་དང་། །བྱང་གྲོལ་ཤེས་རབ་ལྷ་མོར་བསྟོད། །བདག་གིས་ཚེ་རབས་ཐམས་ཅད་དུ། ཁ་ན་མ་ཐོའི་ལས་བསགས་པ། །ལྷ་མོ་ཁྱོད་ལ་མཐོལ་ཟིན་གྱིས། །བདུད་བཞིའི་གཡུལ་ལས་རྒྱལ་བར་མཛོད། །བཟླས་དམིགས་ནི། ཐུགས་ཀར་ཟླ་གདན་ལ་གནས་པའི། །འོད་ཀྱི་རྣམ་པའི་འཁོར་ལོ་ནི། །རྩིབས་བརྒྱད་འབྲུ་བརྒྱད་དབུས་ན་ཏཱཾ། །རེག་ལ་མ་འབྱར་གཡོན་དུ་འཁོར། །འོད་ཟེར་འཕྲོས་པས་རྒྱལ་བ་མཆོད། །སེམས་ཅན་དོན་བྱས་འཁོར་འདས་ཀྱི། །དྭངས་བཅུད་བདག་ལ་ཐིམ་པ་ཡིས། །དུས་མིན་འཆི་བའི་འཇིགས་པ་བསལ། །མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་མ་མ་ཨཱ་ཡུརཔུ་ཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་སྣང་བ་སྐུ་དང་ཞིང་ཁམས། གྲག་པ་སྔགས་ཀྱི་རང་སྒྲ། དྲན་རྟོག་ཆོས་ཉིད་དོན་ལས་མི་འདའ་བའི་ངང་ནས་བཟླས་དམིགས་བྱ་ཞིང་། ཐུན་བསྡུ་བ་ནི། ཚོགས་བསགས་པའི་ཕྱིར་མཆོད་པ་བརྗེ། མཎྜལ་རྒྱས་བསྡུས་ཅི་རིགས་པ་དང་། བསྟོད་བསྔགས་ནི། སངས་རྒྱས་ཐམས་ཅད་ཁྱོད་ལས་སྐྱེས། །དེ་ཕྱིར་རྒྱལ་བ་ཀུན་གྱི་ཡུམ། །ས་དང་ཕ་རོལ་ཕྱིན་བཅུའི་བདག །སྤྲོས་བྲལ་དབུ་མ་ཆེན་པོར་བསྟོད། །གཟུགས་སོགས་ཕུང་པོའི་ཉེར་ལེན་བདུད། །རང་བཞིན་རྣམ་དག་སྟོང་ཉིད་དབྱིངས། །ལྟོས་གྲུབ་མེད་པར་སྦྱོར་མཛད་པའི། །རྣམ་ཀུན་མཆོག་ལྡན་མ་ལ་བསྟོད། །ཀུན་བརྟགས་ལས་རླུང་བཞོན་པ་དང་། །ལྷན་ཅིག་སྐྱེས་པའི་ཉོན་མོངས་བདུད། །མཐོང་སྤངས་བྱང་ཆུབ་ཡན་ལག་གི། །ཡེ་ཤེས་མེ་ལྕེས་བསྲེག་ལ་བསྟོད། །མ་རིག་ལས་ནི་རྣམ་ཤེས་སོགས། །རྟེན་འབྲེལ་ལུགས་འབྱུང་འཆི་བདག་བདུད། །སྒོམ་སྤངས་འཕགས་པའི་ལམ་བརྒྱད་ཀྱིས། །འཆི་མེད་ཞི་བར་སྦྱོར་ལ་བསྟོད། །ཡུལ་དང་ཡུལ་ཅན་འབྲེལ་བ་ལས། །བསླུ་བྲིད་འདུ་བྱེད་ལྷ་བུའི་བདུད། །སློབ་པ་མིན་པའི་ཟུང་འཇུག་ཀློང་། །སྒྲོལ་མཛད་ཡིད་བཞིན་འཁོར་ལོར་བསྟོད། །ནོངས་བཤགས་ནི། མ་འབྱོར་པ་དང་ཉམས་པ་དང་། །སོགས་ཀྱི་མཐར་ཡིག་བརྒྱས་ནོངས་པ་བཤགས། རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ཀྱིས་འདོད་གསོལ་གདབ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་ཀྱིས་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུ་བྱང་ཆུབ་སེམས་ཀྱིས་ཟིན་པའི་བསྐྱེད་རྫོགས་བཟླས་གསུམ་གྱི་ལམ་ཁྱེར་དང་མ་བྲལ་ན། བར་དོར་སྒྲོལ་མའི་ཞལ་མཐོང་བ་ཡིན་ནོ། །ཆོས་མཛད་སཱ་རའི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །།