ཟབ་མོའི་ལམ་གྱི་རྡོ་རྗེའི་ཐོལ་གླུ་བྱིན་རླབས་ཆར་རྒྱུན་འཇོ་བའི་སྤྲིན་དཀར།

From Khyentse Lineage - A Tsadra Foundation Project
JKW-KABUM-22-ZA-012-106
Wylie title zab mo'i lam gyi rdo rje'i thol glu byin rlabs char rgyun 'jo ba'i sprin dkar JKW-KABUM-22-ZA-012.pdf
Location mkhyen brtse'i bka' 'bum
Volume 22, sde tshan 12, Text 106, Pages 628-632 (Folios 142b3 to 144b6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. zab mo'i lam gyi rdo rje'i thol glu byin rlabs char rgyun 'jo ba'i sprin dkar. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 22: 628-632. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vajra Songs - rdo rje'i glu
Colophon

།ཞེས་པའང་འཁོར་ལོའི་མགོན་པོ་ལ་མི་ཕྱེད་པའི་དད་ནོར་འཆང་བ་གཞོན་ནུ་ཨ་བྷཱ་ཡས་སོ།།

zhes pa'ang 'khor lo'i mgon po la mi phyed pa'i dad nor 'chang ba gzhon nu a b+hA yas so

1 Texts in this Section (sde tshan or chos tshan)

[edit]
ཟབ་མོ་ལས་ཀྱི་རྡོ་རྗེའི་ཐོལ་གླུ་བྱིན་རླབས་ཆར་རྒྱུན་འཇོ་བའི་སྤྲིན་དཀར་ཅེས་བྱ་བ། ཨེ་མ་ཧོ། བདེ་སྟོང་ཟུང་འཇུག་འོད་གསལ་དབུ་མ་ཡི་སྦུབས་སུ། །སྙིང་དབུས་མི་ཤིགས་གཞོན་ནུ་བུམ་སྐུ་ཡི་ངང་མདངས། །ཆོས་ཉིད་མངོན་སུམ་འཇའ་ཟེར་ཐིག་ལེ་ཡི་ཀློང་ནས། །ཉམས་སྣང་གོང་འཕེལ་ཁྱབ་བདག་དྲིན་ཆེན་གྱི་བླ་མ། །རིག་པ་ཚད་ཕེབས་མཚན་དཔེའི་འཇོ་སྒེག་ལ་རོལ་ཞིང་། །ཆོས་ཟད་བློ་འདས་མཉམ་གཞག་ཕྱག་རྒྱ་ཡིས་མཛེས་པའི། །གཟུགས་སྐུ་རིག་གྲོལ་གཉིས་ལྡན་དགེ་འདུན་གྱི་ངང་ཚུལ། །གསུང་དབྱངས་བདེན་གཉིས་ཟུང་འཇུག་དམ་ཆོས་ཀྱི་རོལ་མོ། །ཐུགས་རྗེ་ཚད་མེད་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད། །རང་བཞིན་ཡོངས་གྲུབ་སྣང་སྟོང་ཟུང་འཇུག་གི་གར་མཁན། །ཁྱེད་ཤེས་དད་པས་བསྐུལ་བའི་སྐལ་ལྡན་གྱི་མོས་ངོར། །རྟག་ཏུ་འདུ་འབྲལ་མེད་པར་དགྱེས་བཞིན་དུ་བཞུགས་སོ། ཨ་ཧོ། །འོད་གསལ་ཟབ་ཞི་སྤྲོས་བྲལ་ཆོས་ཉིད་ཀྱི་ངོ་བོ། །ཁ་སྦྱོར་ཡན་ལག་བཞི་ལྡན་ཟུང་འཇུག་གི་རོལ་པ། །ཚད་མེད་ཐུགས་རྗེས་གང་འདུལ་འགྲོ་བ་ཀུན་སྒྲོལ་བའི། །སྐུ་གསུམ་དབྱེར་མེད་ཁྱབ་བདག་དྲིན་ཆེན་གྱི་བླ་མ། །སྐྱབས་ཀུན་འདུས་པའི་བདག་ཉིད་སྙིང་དབུས་ནས་དྲན་བྱུང་། །ལུས་ཀྱི་བ་སྤུའི་འཁྲི་ཤིང་དབང་མེད་དུ་ལྡང་ནས། །ངག་གི་གདུང་དབྱངས་རོལ་མོའི་མཆོད་སྤྲིན་དང་བཅས་ཏེ། །རྩེ་གཅིག་ཁྱེད་ཤེས་དད་པས་གསོལ་བ་རང་འདེབས་ན། །རྟག་ཏུ་འདུ་འབྲལ་མེད་པར་ཐུགས་རྗེ་ཡིས་གཟིགས་ཤིག །མཐོང་ན་འཁོར་བའི་ལམ་ལས་རང་ཤུགས་ཀྱིས་བཟློག་ཅིང་། །སྣང་སྟོང་ཟུང་འཇུག་ཚུར་མཐོང་གདུལ་བྱ་ཡི་མོས་ངོར། །ཕུང་ཁམས་སྐྱེ་མཆེད་རྣམ་དག་གདན་གསུམ་གྱི་སྒྱུ་འཕྲུལ། །དཔལ་ལྡན་བླ་མའི་སྐུ་ཡི་དཀྱིལ་འཁོར་ལ་འདུད་དོ། །ཐོས་པས་ཐར་པའི་ས་མཁན་གཅིག་པུ་རུ་གྱུར་ཅིང་། །ལུང་རྟོགས་བདེན་གཉིས་དབྱེར་མེད་དམ་ཆོས་ཀྱི་སྒྲ་དབྱངས། །ལོངས་སྤྱོད་འཁོར་ལོའི་རྩ་ཁམས་ཡི་གེ་རུ་སྨིན་པའི། །དཔལ་ལྡན་བླ་མའི་གསུང་གི་དཀྱིལ་འཁོར་ལ་འདུད་དོ། །དྲན་པས་སྲིད་དང་ཞི་བའི་འཇིགས་པ་ཀུན་འཕྲོགས་ཤིང་། །རྟག་ཆད་གཟུང་འཛིན་ལས་འདས་ནང་གསལ་གྱི་ཡེ་ཤེས། །འགྱུར་མེད་བདེ་བ་ཆེན་པོའི་འཇོ་སྒེག་གིས་འཁྱུད་པའི། །དཔལ་ལྡན་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་ལ་འདུད་དོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་ཀྱི་ཕྱག་གིས། །དུས་གསུམ་ཀུན་ཏུ་ཁྱོད་ཀྱི་ཞབས་མཐིལ་ལ་བཏུད་ཅིང་། །གང་གིས་བསྟེན་ན་མྱུར་དུ་ཐར་པ་ལ་སྦྱོར་བའི། །ཡོན་ཏན་མི་བཟད་དཔལ་ལྡན་བླ་མ་ལ་འདུད་དོ། །བྱེ་བ་ཕྲག་བརྒྱའི་ཞིང་གི་འགྲོ་རྣམས་ཀྱི་མོས་ངོར། །སྐད་ཅིག་རེར་ཡང་གཟུགས་སྐུ་དེ་ཉིད་དུ་སྟོན་ནས། །ཕན་དང་བདེ་བའི་ཐེམ་སྐས་ཡིད་འོང་ལ་དཀྲི་བའི། །དཔལ་ལྡན་བླ་མའི་ཕྲིན་ལས་རོལ་པ་ལ་འདུད་དོ། །སྣོད་བཅུད་མི་རྟག་ཆུ་བོའི་མཉེར་མ་ལས་སྐྱེན་ཀྱང་། །རང་ཐོག་ངེས་པར་འོང་སྙམ་མེད་པ་ཡི་སེམས་པས། །ཆོས་བཞིན་སྤྱོད་ལ་བརྩོན་པ་ཕྱི་བཤོལ་དུ་བྱེད་ཚེ། །སྐྱོ་ཤས་གཏིང་ནས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག །འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཕུང་པོ། །བཟོད་དཀའ་ཐར་མེད་ལས་ཀྱི་གཏིང་རུམ་དུ་མཐོང་བཞིན། །རྒྱུ་འབྲས་བླང་དོར་ཚུལ་ལ་འཇོལ་ཉོག་ཏུ་སྤྱོད་ཚེ། །ངེས་འབྱུང་གཏིང་ནས་སྐྱེ་བར་བྱིན་གྱིས་རང་རློབས་ཤིག །བདག་ཅག་ཆོས་བཞིན་འདོད་ཀྱང་ཆོས་བརྒྱད་ཀྱི་དྲྭ་བར། །ལས་ངན་རྣམ་སྨིན་ཐག་པས་དབང་མེད་དུ་བཅིངས་ཚེ། །རེ་དོགས་འདུ་འཛི་བྲལ་བའི་ནགས་ཁྲོད་ལ་གནས་ཤིང་། །རྩེ་གཅིག་ཏིང་འཛིན་བསྒོམ་པར་བྱིན་གྱིས་རང་རློབས་ཤིག །རྟག་ཏུ་ཆགས་དང་སྙོམ་ལས་ང་རྒྱལ་ཀུན་སྤངས་ནས། །བག་ཡོད་ཆོག་ཤེས་རབ་དུལ་དམན་པ་ལ་གནས་ཤིང་། །དགེ་བའི་བཤེས་དང་རབ་འགྲོགས་ཆོས་བཞིན་དུ་སྤྱོད་ནས། །སྡིག་པའི་གྲོགས་དང་བྲལ་བར་བྱིན་གྱིས་རང་རློབས་ཤིག །གཞན་གནོད་གཞིར་བཅས་རབ་སྤངས་སོ་ཐར་གྱི་ཚུལ་ཁྲིམས། །གཞན་ཕན་སྨོན་འཇུག་བསྒྲུབ་པ་བྱང་སེམས་ཀྱི་བསླབ་བྱ། །སྤང་བླང་ཐབས་ཀྱིས་ཟིན་པ་གསང་སྔགས་ཀྱི་དམ་ཚིག །ཉམས་མེད་ཡོངས་སུ་བསྲུང་བར་བྱིན་གྱིས་རང་རློབས་ཤིག །སྣང་སྟོང་ཟུང་འཇུག་ཀུན་བརྟགས་བསྐྱེད་རིམ་གྱི་བསམ་གཏན། །བདེ་སྟོང་དབྱེར་མེད་ཞུ་བདེ་མི་རྟོག་གི་རྫོགས་རིམ། །ཟུང་འཇུག་འོད་གསལ་ཀ་དག་ཁྲེགས་ཆོད་ཀྱི་གསང་ལམ། །ཚེ་འདིར་མངོན་དུ་བརྙེས་པར་བྱིན་གྱིས་རང་རློབས་ཤིག །ཤིན་ཏུ་དབེན་པའི་བས་མཐའི་བྲག་སྐྱིབས་ལ་བརྟེན་ཅིང་། །གསོལ་འདེབས་གདུང་དབྱངས་འོ་དོད་མགྲིན་པ་ནས་བརྩེགས་ཏེ། །རྩ་གསུམ་འདུས་ཞལ་བླ་མ་སྙིང་དབུས་ནས་དྲན་ནོ། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རང་རློབས་ཤིག །མདོར་ན་ས་ལམ་ཡོན་ཏན་མཐར་ཕྱིན་གྱི་བར་དུ། །རེ་ས་ཁྱོད་ལས་མེད་དོ་ཐུགས་རྗེ་ཡིས་གཟིགས་ནས། །གེགས་དང་གོལ་ཤོར་ནོར་བའི་བར་ཆད་ལས་བསྒྲལ་ཏེ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །ཨ་ཧོ། བཅོས་མིན་མོས་གུས་དྲག་པོའི་ཕོ་ཉ་ཡིས་བསྐུལ་ཏེ། །འཁོར་ལོའི་མགོན་པོའི་གནས་གསུམ་ཆུ་གཏེར་གྱི་དབུས་ནས། །ཐུགས་རྗེའི་རང་གཟུགས་ཟླ་ཤེལ་གསར་པ་ཡི་འཛུམ་ཟེར། །བདག་གི་དད་པའི་གནས་བཞིའི་ཀུ་མུད་ལ་ཞུགས་ནས། །སྨིན་བྱེད་དབང་བཞིའི་བདུད་རྩིའི་བཅུད་ལེན་ལ་རོལ་ཞིང་། །གྲོལ་བྱེད་ལམ་བཞིའི་བསྒོམ་རུང་འདབ་བརྒྱ་ཡིས་མཛེས་པར། །ཟུང་འཇུག་སྐུ་བཞིའི་འབྲས་བུ་ཟད་མེད་དུ་འཇོ་བའི། །སྐལ་བཟང་ཐེག་པ་མཆོག་གི་དགའ་སྟོན་ལ་སྤྱོད་ནས། །མཐར་ཐུག་འོད་གསལ་གཉུག་མ་རིག་སྟོང་གི་ངང་དུ། །རྟོག་ཚོགས་ཤར་གྲོལ་དུས་མཉམ་བཟོ་མེད་དུ་ཐིམ་པས། །དཔལ་ལྡན་བླ་མ་རང་ཞལ་འབྲལ་མེད་དུ་མཇལ་ཏེ། །རེ་དོགས་ལས་འདས་ཆོས་སྐུའི་གོ་འཕང་ལ་སྦྱོར་རོ། །དེ་སྐད་གང་ཤར་རྡོ་རྗེའི་ཐོལ་གླུ་ཡི་སྒྲ་དབྱངས། །ལོངས་སྤྱོད་ཡོངས་རྫོགས་ཡི་གེའི་རོལ་མོ་ལས་སྐྱེས་པས། །རྟག་ཏུ་འཁོར་ལོའི་མགོན་པོར་མཆོད་སྤྲིན་དུ་སྤྲོས་ནས། །འགྲོ་ཀུན་རྗེས་སུ་འཛིན་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་འཁོར་ལོའི་མགོན་པོ་ལ་མི་ཕྱེད་པའི་དད་ནོར་འཆང་བ་གཞོན་ནུ་ཨ་བྷཱ་ཡས་སོ།། །། ༈

Footnotes

Other Information