གེགས་སེལ་རྡོ་རྗེའི་ཐོལ་གླུ་རིན་པོ་ཆེའི་དྲྭ་བ།

From Khyentse Lineage - A Tsadra Foundation Project
JKW-KABUM-22-ZA-012-090
Wylie title gegs sel rdo rje'i thol glu rin po che'i drwa ba JKW-KABUM-22-ZA-012.pdf
Location mkhyen brtse'i bka' 'bum
Volume 22, sde tshan 12, Text 90, Pages 591-594 (Folios 124a1 to 125b4)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. gegs sel rdo rje'i thol glu rin po che'i drwa ba. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 22: 591-594. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Vajra Songs - rdo rje'i glu

1 Texts in this Section (sde tshan or chos tshan)

[edit]
གེགས་སེལ་རྡོ་རྗེའི་ཐོལ་གླུ་རིན་པོ་ཆེའི་དྲྭ་བ་ཞེས་བྱ་བ། ཨ་ཧོ། གདོད་ནས་རྣམ་པར་དག་པའི་བློ་བྲལ་གྱི་ངོ་བོ། །བཏང་བཞག་ཆེད་འཛིན་ལས་འདས་གཉུག་མ་ཡི་སྦུབས་སུ། །སྒྲོ་འདོགས་སྐུར་འདེབས་འབད་རྩོལ་རང་གྲོལ་དུ་ཞིག་པའི། །སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངོ་བོ་ལ་འདུད་དོ། །གང་ཞིག་བརྗོད་པ་བྲལ་བའི་རང་བྱུང་གི་ཡེ་ཤེས། །འཁོར་ལོའི་མགོན་པོའི་ཐུགས་རྗེའི་རང་བཞིན་ལ་བརྟེན་ནས། །དད་དང་གུས་པའི་རྐྱེན་གྱིས་རང་ངོ་རུ་ཤར་བའི། །ཅེར་མཐོང་རིག་སྟོང་འོད་གསལ་རྫོགས་ཆེན་གྱི་ངོ་བོར། །གེགས་དང་གོལ་ཤོར་ནོར་བའི་ཐ་སྙད་ལས་འདས་ཀྱང་། །དེ་ལྟར་མ་རྟོགས་རིམ་སྐྱེས་མཉམ་རྗེས་ཀྱི་རོལ་པར། །འཛིན་བཅས་སེམས་ཀྱིས་བསླུས་པའི་ལྟ་སྒོམ་དང་སྤྱོད་འབྲས། །རྣལ་མའི་ལམ་དུ་སྒྲུབ་པའི་རྡོ་རྗེ་ཡི་ཐོལ་གླུས། །སྨིན་པའི་མོད་ལས་དགོས་འདོད་ལྷུན་གྲུབ་ཏུ་འབྱུང་ངོ་། །ཧོ་ཧོ། གདོད་ནས་དག་པའི་སྟོང་ཉིད་དེ། །མཚན་མའི་ཆོས་ལ་བརྟེན་པས་མིན། །མེད་དགག་བློ་ཡིས་དཔྱད་གྱུར་ན། །གཅེར་བུ་པ་ཡི་རྗེས་སུ་འགྲོ། །རྟོག་ཚོགས་སེམས་སུ་ཞི་བ་དེ། །རང་སར་དྭངས་གསལ་རྗེན་པ་ཡིན། །དྲན་མེད་ཧད་པོའི་སླད་ཞུགས་ན། །ལུང་མ་བསྟན་གྱི་རྗེས་སུ་འགྲོ། །གནས་འགྱུ་རང་ངོ་ཤེས་པ་དེ། །གསལ་རིག་འཛིན་མེད་ལྷག་མཐོང་ཡིན། །བརྟག་ཅིང་དཔྱད་པའི་རྗེས་འབྲངས་ན། །རྟོག་པའི་འཁོར་ལོ་སྤེལ་ཏེ་མཆི། །ཅེར་མཐོང་ཡེངས་མེད་མཉམ་བཞག་ངང་། །རང་ཤེས་སྤྲུལ་བསྒྱུར་རྗེས་ཐོབ་སྟེ། །སྣང་བའི་ཐག་པས་འཆིང་བ་དང་། །སྒྱུ་མར་སྟོང་ཉིད་རྒྱས་འདེབས་ནོར། །འཁྲུལ་འབྱམས་འོག་འགྱུ་ལས་འདས་པའི། །ཡང་དག་གཉུག་མར་ཡེངས་མེད་དེ། །ཡེངས་ཀྱིས་དོགས་པའི་བྱ་ཤོར་ན། །གཉིས་ཆོས་མཚན་མ་བརྒལ་བ་མེད། །བསལ་བཞག་ལས་འདས་རྗེན་པ་ལ། །ཐ་མལ་རིག་པ་ཞེས་བཤད་དེ། །འཇིག་རྟེན་འཁྲུལ་པའི་བློར་བཟུང་ན། །གཟུང་དང་འཛིན་པའི་དྲྭ་བར་འཐུམ། །ཞེན་འཛིན་དག་པའི་རང་སེམས་ལ། །ཁྱབ་གདལ་ངང་གནས་སྒོམ་མེད་དེ། །དྲན་པས་བཏང་བའི་ཐ་མལ་ནི། །འཇིག་རྟེན་པ་ཡི་འཁྲུལ་པ་ཡིན། །གང་ཤར་དགག་སྒྲུབ་མེད་པ་རུ། །ཤར་མཁན་རིག་ཐོག་ཀློད་པ་དེ། །རང་གར་འཁྲུལ་རྟོག་རྗེས་འབྲངས་ནས། །བརྟག་དཔྱད་རྟོག་པའི་དོ་རར་ལྷུང་། །ཁྱད་པར་བདེ་གསལ་མི་རྟོག་ཀྱང་། །ལམ་གྱི་འཆར་སྒོ་ཙམ་ཉིད་དེ། །དེ་ཡི་ངོ་བོར་ཞེན་གྱུར་ན། །འདོད་གཟུགས་གཟུགས་མེད་དག་ཏུ་གོལ། །ངོ་བོ་གདོད་ནས་དག་པ་ཡི། །ཀ་དག་ཕྱོགས་ཡན་མ་རྟོགས་བཞིན། །སྟོང་པ་ལོག་ནས་བསྒྲུབ་པ་ན། །གཤིས་ལ་ཤོར་བ་ཞེས་སུ་བཤད། །རང་རིག་ཟང་ཐལ་ཆེན་པོ་ལ། །རྒྱུ་འབྲས་ལྷུན་གྲུབ་མ་ཤེས་པར། །སྟོང་ཉིད་ལམ་ནས་འབྲས་བུ་གཞན། །བཙལ་བ་ལམ་དུ་ཤོར་བའོ། །སྤང་གཉེན་གཉིས་ལས་རབ་འདས་པའི། །སྦྲུལ་མདུད་ཞིག་ལྟར་ངང་གནས་ལས། །ཉམས་མྱོང་སྟེང་དུ་གཉེན་པོ་གཞན། །བསྒོམ་པ་གཉེན་པོར་ཤོར་བའོ། །གསལ་སྟོང་ལྷུན་གྲུབ་མ་རྟོགས་བཞིན། །བློ་དང་རྣམ་རྟོག་རྗེས་འབྲངས་ནས། །རྒྱུ་འབྲས་མེད་པར་སྐུར་འདེབས་པ། །འདི་ནི་རྒྱས་འདེབས་སྟོང་ལྟའོ། །ཆེད་དུ་འཛིན་པ་ཞུགས་པ་ནི། །གོལ་ཤོར་ནོར་ས་ཀུན་གྱི་གཞི། །དེས་ན་གང་ལའང་མཆོག་འཛིན་གྱི། །ཞེན་པ་མི་བྱ་རང་སར་ཀློད། །ཁྱད་པར་ཚངས་བ་འི་དཀྱིལ་འཁོར་དུ། །པད་དཀར་ཟླ་སྟེང་རྡོ་རྗེ་འཆང་། །དཔལ་ལྡན་བླ་མ་རྟག་བསྒོམ་ནས། །དབང་བཞི་བླང་ཞིང་ཐུགས་ཡིད་བསྲེ། །ཁྱེད་ཤེས་དད་པས་རྒྱུད་བསྐུལ་ནས། །སྒྲུབ་པས་མཉེས་པའི་མཎྜལ་འབུལ། །ལྟེམ་རྐྱང་མེད་པར་སངས་རྒྱས་ལས། །ལྷག་བའི་བཀའ་དྲིན་དྲན་པར་བྱ། །ལུས་ནི་དབེན་པའི་སྒྲུབ་ཁང་ལ། །ཚོགས་དྲུག་རང་ཤར་རང་གྲོལ་དོན། །སེམས་ཉིད་རིག་སྟོང་མཚམས་བསྡམས་ཏེ། །མ་ཡེངས་དྲན་པའི་བཟླས་བརྗོད་འབུངས། །སྒོམ་མེད་ཡེངས་མེད་སྒྲུབ་པ་ཐེམ། །འཁོར་འདས་མཐའ་ཀུན་རིག་ངོར་ཞིག །སྡུག་བཙིར་ཞེ་ཡུས་དབྱིངས་སུ་ཡལ། །བཟང་ངན་ཆོས་བརྒྱད་མགོ་བོ་བཅོམ། །རྗེས་ཐོབ་དེ་ལྟར་མ་རྟོགས་པའི། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །དམིགས་པ་མེད་པའི་སེམས་བསྐྱེད་ཀྱིས། །མཚམས་སྦྱར་སྨོན་ལམ་རྣམ་དག་གདབ། །ཚོགས་གཉིས་རྫོགས་པའི་ཐབས་འབད་ཅིང་། །རྒྱུ་འབྲས་བླང་དོར་ཞིབ་པར་སྤྱོད། །དེ་དག་ཀུན་ཀྱང་སྒྱུ་མ་དང་། །རྨི་ལམ་ལྟ་བུར་ཞེན་མེད་བྱ། །ཚུལ་འདིར་འབད་པས་ཚེ་གཅིག་གམ། །བརྒྱུད་ནས་རིང་པོར་མི་ཐོགས་པར། །མཆོག་གི་དངོས་གྲུབ་མངོན་བྱས་ཏེ། །སེམས་ཅན་སྒྲོལ་བའི་མཐུ་ཐོབ་འགྱུར། །དེ་སྐད་གང་ཤར་རྡོ་རྗེའི་གླུ། །སྔོན་བྱོན་མཁས་དང་གྲུབ་བརྙེས་པའི། །སྙིང་ཏིག་བསྟན་འཛིན་རྣམས་ཀྱི་རྗེས། །ཞུགས་པར་འདོད་དེ་ཀུན་ཏུ་སྨྲས། །དགེ་བ་ཅུང་ཟད་མཆིས་གང་དེས། །རང་གཞན་མོས་པའི་འགྲོ་རྣམས་ཀུན། །འཁོར་ལོའི་མགོན་པོས་རྗེས་བཟུང་ནས། །ཟབ་དོན་གྲུབ་མཐའ་རྙོག་པར་ཤོག །

Footnotes

Other Information