ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཕྱག་བཤགས་སྐོང་ཆོག་མདོར་བསྡུས་འཁོར་འདས་རང་གྲོལ།

From Khyentse Lineage - A Tsadra Foundation Project
JKW-KABUM-14-PHA-008
Wylie title zhi khro dgongs pa rang grol gyi phyag bshags skong chog mdor bsdus 'khor 'das rang grol JKW-KABUM-14-PHA-008.pdf
Location mkhyen brtse'i bka' 'bum
Volume 14, sde tshan 8, Pages 125-132 (Folios 1a to 4b1)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön ཀརྨ་གླིང་པ་ (karma gling pa)
Citation 'jam dbyangs mkhyen brtse'i dbang po. zhi khro dgongs pa rang grol gyi phyag bshags skong chog mdor bsdus 'khor 'das rang grol. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 14: 125-132. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Confessions - bshags pa  ·  Mending Rituals - bskang chog
Cycle ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ (zab chos zhi khro dgongs pa rang grol)
Deity zhi khro
Colophon

ཞེས་པའང་མཉྫུ་གྷོཥས་སོ། །མངྒ་ལཾ།།

zhes pa'ang many+dzu g+hoShas so/__/mang+ga laM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཕྱག་བཤགས་སྐོང་ཆོག་མདོར་བསྡུས་འཁོར་འདས་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

ན་མོ། །ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ཆེ། །ཕུང་པོ་འབྱུང་བ་གནས་དག་རིགས་ལྔ་ཡུམ། །ཚོགས་ཡུལ་རྣམ་དག་སེམས་དཔའ་ལྕམ་དྲལ་དང་། །ཉོན་མོངས་དྲུག་དག་བཅོམ་ལྡན་ཐུབ་པ་དྲུག །རྟག་མཚན་བདག་མཚན་སྐྱེ་བཞི་གནས་དག་པ། སྤྲུལ་པའི་སྒོ་བ་མཐར་བྱེད་ཡབ་ཡུམ་བརྒྱད། །ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ལ། །མི་ཕྱེད་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མ་རིག་ཉོན་མོངས་གནས་གྱུར་ཆེ་མཆོག་གཙོ། །དུག་ལྔའི་རྟོག་པ་རང་གྲོལ་ཁྲག་འཐུང་ཡབ། །འབྱུང་བའི་མཚན་མ་གནས་གྱུར་དབྱིངས་ཕྱུག་ཡུམ། །ཚོགས་བརྒྱད་ཡུལ་བརྒྱད་གནས་ཡུལ་མ་མོ་དང་། །སྐྱེ་གནས་བཞི་དག་ནང་གི་སྒོ་མ་བཞི། །རྟོག་ཚོགས་གནས་གྱུར་ཕྱི་ཡི་དབང་ཕྱུག་མ། །རིག་རྩལ་རོལ་པ་ཁྲོ་བོའི་དཀྱིལ་འཁོར་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་ཏུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་དེ། །འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ། །ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་སྤྲུལ་ཏེ། །ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །རྩ་གསུམ་ཞི་ཁྲོ་རབ་འབྱམས་དགོངས་སུ་གསོལ། །ཐུགས་རྗེའི་གདུང་འཚོབ་རྣལ་འབྱོར་བདག་ཅག་གིས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལ། །ཉམས་ཆག་འགལ་འཁྲུལ་གྱུར་པ་མཐོལ་ཞིང་བཤགས། །སྣོད་བཅུད་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདོད་ནས་ཡེ་ཤེས་ཀློང་དུ་རོ་གཅིག་ཀྱང་། །དེ་ལྟར་མ་རྟོགས་གཉིས་འཛིན་འཁྲུལ་པ་ཀུན། །ཞི་བ་དབྱིངས་ཀྱི་ལྷ་ལ་བཟོད་པར་གསོལ། །མ་རིག་ཉོན་མོངས་རྟོག་ཚོགས་ཇི་སྙེད་རྣམས། །རང་གསལ་རིག་པའི་ཀློང་ལས་གཞལ་མེད་ཀྱང་། །གཉིས་སྣང་དག་གི་ལོག་པར་དཔྱད་པ་རྣམས། །འབར་བ་ཁྲོ་བོའི་ཚོགས་ལ་མཐོལ་ལོ་བཤགས། །བདག་དང་བདག་གིར་འཛིན་པའི་གཞན་དབང་གིས། །ཐོག་མེད་དུས་ནས་འཁོར་བའི་རྒྱ་མཚོར་བྱིངས། །ཉོན་མོངས་ལས་ཀྱིས་སྡིག་ལྟུང་གང་བསགས་པ། །གནོད་འགྱོད་སྨྲེ་སྔགས་དྲག་པོས་བཤགས་པར་བགྱི། །གདོད་ནས་རིག་སྟོང་ལྷུན་རྫོགས་ཀུན་ཏུ་བཟང་། །གཉིས་སྣང་སྤྲོས་པའི་མཚན་མ་ལས་འདས་ཀྱང་། །མ་རིག་འཁྲུལ་པས་ལོག་པར་བལྟས་པ་ཀུན། །གཉིས་མེད་ཆོས་ཉིད་མཉམ་པའི་ཀློང་དུ་བཤགས། །མདོར་ན་རྩ་བ་སྐུ་གསུང་ཐུགས་མཆོག་དང་། །ཡན་ལག་དམ་ཚིག་ཉམས་ཆག་ཅི་མཆིས་པ། །སྙིང་ནས་འགྱོད་པས་བཤགས་ཤིང་བསྡམ་བགྱིད་ན། །ཚངས་པར་མཛད་ནས་དངོས་གྲུབ་སྩལ་དུ་གསོལ། །ཡི་གེ་བརྒྱ་པ་བརྗོད། ཧཱུྃ། །རབ་འབྱམས་ཞིང་གི་ལྷ་རྫས་ཉེར་སྤྱོད་ཚོགས། །རྒྱུ་རྐྱེན་རྣམ་དག་བླ་མེད་མཆོད་སྤྲིན་འདིས། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། །སྣོད་བཅུད་ཀུན་གཞི་ཆོས་ཉིད་བྷནྡྷ་རུ། །རང་རྩལ་ཡེ་ཤེས་རོལ་པའི་བདུད་རྩིར་བསྐྱིལ། །སྐུ་གསུམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། །རྩ་གསུམ་འཁོར་ལོ་ལྔ་ལྡན་བྷནྡྷ་རུ། །བདེ་ཆེན་ཡེ་ཤེས་དྭང་མའི་རཀྟས་གཏམས། །རབ་འབྱམས་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། །རང་བྱུང་རྡོ་རྗེ་ལུས་ཀྱི་བྷནྡྷ་རུ། །ཤ་ཁྲག་དྲོད་དབུག་བཀྲག་མདངས་གཏོར་མ་བཤམ། །སྒྱུ་འཕྲུལ་རོལ་པ་རྒྱལ་བའི་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། ཧཱུྃ། །རྩ་རླུང་ཐིག་ལེ་སེམས་ཀྱི་ཀོང་བུ་རུ། །ཡེ་ཤེས་སྒྲིབ་མེད་འོད་གསལ་སྒྲོན་མེ་སྤར། །དཀྱིལ་འཁོར་ལྷ་ཚོགས་རབ་འབྱམས་ཐུགས་དམ་བསྐང་། །སྐོངས་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཉམས་ཆག་སྐོངས་ཤིང་རྟོག་སྒྲིབ་དབྱིངས་སུ་བྱང་། །ལས་ངན་སྡིག་སྒྲིབ་མ་སྤངས་རང་སར་དག །ཁམས་གསུམ་འཁོར་བ་ཆོས་ཉིད་ཀློང་དུ་སྟོང་། །སྐུ་གསུམ་འབྲས་བུ་ཚེ་འདིར་ཐོབ་པར་ཤོག །ཨོཾ་ཨཱཿཧཱུྃ། །དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ། །རྡོ་རྗེ་སློབ་དཔོན་གཉེན་གྱིས་དབུ་བཟུང་ནས། །ཚོམ་བུ་གཅིག་ཏུ་འདུས་པའི་མཆེད་དང་ལྕམ། །མི་འབྲལ་འཐོགས་པའི་ཏིང་འཛིན་རྩེ་གཅིག་གིས། །ནམ་ཞིག་བྱང་ཆུབ་ལྷུམས་སུ་ཞུགས་པའི་ཚེ། །ཡེ་ཤེས་སྒྲོན་མེའི་སྣང་བ་རབ་འབར་བས། །གཉིས་འཛིན་འཁྲུལ་པའི་མུན་པ་དབྱིངས་སུ་སངས། །ས་ལམ་ཡོངས་རྫོགས་འགྲོ་དོན་མཐར་ཕྱིན་ཤོག ཧཱུྃ། །ཡིད་ཆོས་ཕུང་པོ་འབྱུང་བ་གནས་དག་པ། །ཀུན་བཟང་རིགས་ལྔ་ཡབ་ཡུམ་ཐུགས་དམ་བསྐང་། །ཚོགས་བརྒྱད་ཡུལ་བརྒྱད་གཟུང་འཛིན་གནས་དག་པ། །བྱང་ཆུབ་ལྕམ་དྲལ་ཚོགས་ཀྱི༴ །ལུས་ཀྱི་ཆོས་བཞི་ལྟ་བ་གནས་དག་པ། མཐར་བྱེད་ཁྲོ་བོ་ཡབ་ཡུམ༴ །ཉོན་མོངས་རྟོག་ཚོགས་མ་སྤངས་རང་སར་དག །འགྲོ་འདུལ་ཐུབ་པ་དྲུག་གི༴ །ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་ལྷ་ཚོགས་རྣམས། །བསྐང་ངོ་མཆོད་དོ་ཉམས་ཆག་རྟོག་སྒྲིབ་དག །ཁམས་གསུམ་འགྲོ་ཀུན་སྐུ་གསུམ་དབྱིངས་སུ་སྒྲོལ། །དབང་དང་བྱིན་རླབས་མཆོག་ཐུན་དངོས་གྲུབ་སྩལ། ཧཱུྃ། །ཡིད་ཆོས་གཟུང་འཛིན་ཉོན་མོངས་གནས་གྱུར་པའི། །དཔལ་ཆེན་ཆེ་མཆོག་ཡབ་ཡུམ་ཐུགས་དམ་བསྐང་། །ཕུང་པོ་དུག་ལྔའི་རྟོག་པ་གནས་གྱུར་པའི། །ཁྲག་འཐུང་གཙོ་བོ་དགུ་ཡི་ཐུགས་དམ་བསྐང་། །འབྱུང་ཆེན་སྐྱེ་གནས་རྣམ་བཞི་གནས་གྱུར་པའི། །ཁྲོ་མོ་དབྱིངས་ཕྱུག་དགུ་ཡི༴ །ཚོགས་བརྒྱད་ཡུལ་བརྒྱད་རྟོག་པ་གནས་གྱུར་པའི། །མ་མོ་ཕྲ་མེན་ཚོགས་ཀྱི༴ །སྟོང་ཁམས་རིགས་དྲུག་གནས་ནས་སྤོར་བའི་ཕྱིར། །སྤོར་བྱེད་ཆེན་མོ་བརྒྱད་ཀྱི༴ །ཞི་རྒྱས་དབང་དྲག་ལས་རྣམས་མཛད་པའི་ཕྱིར། །དབང་ཕྱུག་ཆེན་མོ་ཉེར་བརྒྱད༴ །སྲིད་པ་ཕུར་བུའི་ཡེ་ཤེས་གྲུབ་པའི་ཕྱིར། །རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་མཆོག་དང་། །ཁྲོ་བཅུ་ཕྲ་མེན་བཀའ་ཉན་ཕོ་ཉར་བཅས། །དམ་ཅན་རྒྱ་མཚོ་ཡོངས་ཀྱི་ཐུགས་དམ་བསྐང་། །རིག་རྩལ་རོལ་པ་ཁྲོ་བོའི་ལྷ་ཚོགས་རྣམས། །བསྐང་ངོ་མཆོད་དོ་ཉམས་ཆག་རྟོག་སྒྲིབ་དག །ཁམས་གསུམ་འགྲོ་ཀུན་སྐུ་གསུམ་དབྱིངས་སུ་སྒྲོལ། དབང་དང་བྱིན་བརླབ་མཆོག་ཐུན་དངོས་གྲུབ་སྩོལ། ཧཱུྃ། །དངོས་པོ་ཆོས་ཉིད་སྣང་བ་ཡེ་ཤེས་དབྱིངས། །གསལ་བ་ཤེས་རབ་སྡུག་བསྔལ་ཀ་དག་ཀློང་། །ལྷག་པའི་བདེན་གཉིས་དབྱེར་མེད་ཆེན་པོའི་ངང་། །ཞི་ཁྲོ་རབ་འབྱམས་རྒྱལ་བའི་ཐུགས་དམ་བསྐང་། །ཡེ་སྦྱོར་ཡེ་སྒྲོལ་དོན་གྱི་དགྱེས་མཆོད་བཞེས། །དམ་ཚིག་ཉམས་ཆག་འགལ་འཁྲུལ་ཉེས་ལྟུང་ཀུན། །ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་བསྐང་། །བདེ་ཆེན་ཆོས་ཉིད་དབྱིངས་སུ་དག་གྱུར་ཅིག །ས་མ་ཡ་ཨ་ཨ་ཨཿ ཞེས་པའང་མཉྫུ་གྷོཥས་སོ། །མངྒ་ལཾ།། །།

Footnotes

Other Information