བོ་དོང་དབྱངས་ཅན་དམར་མོའི་གསང་སྒྲུབ་ལྷ་ལྔའི་སྒྲུབ་རྗེས་འཇིགས་བྲལ་དགྱེས་པའི་ལམ་སྲོལ།

From Khyentse Lineage - A Tsadra Foundation Project
JKW-KABUM-10-THA-004-027
Wylie title bo dong dbyangs can dmar mo'i gsang sgrub lha lnga'i sgrub rjes 'jigs bral dgyes pa'i lam srol JKW-KABUM-10-THA-004.pdf
Location mkhyen brtse'i bka' 'bum
Volume 10, sde tshan 4, Text 27, Pages 361-369 (Folios 90a5 to 94a5)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Associated People བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ (bo dong paN chen phyogs las rnam rgyal)
Citation 'jam dbyangs mkhyen brtse'i dbang po. bo dong dbyangs can dmar mo'i gsang sgrub lha lnga'i sgrub rjes 'jigs bral dgyes pa'i lam srol. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 10: 361-369. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Activity Manual - las byang  ·  Permission to Invoke (anujñā) - rjes gnang  ·  Sadhanas - Evocation Ritual - sgrub thabs
Deity dbyangs can ma dmar mo
Colophon

།ཅེས་པའང་གྲུབ་ཆེན་པདྨ་གར་དབང་གིས་མཛད་པའི་སྒྲུབ་རྗེས་དང་། ལས་ཚོགས་ཡིག་རྙིང་ཐོར་བུ་ལས་བཤད་པ་ལྟར་ཆོ་གའི་ཆིངས་སྦྱོར་ཚུལ་སོགས་བླ་མ་དམ་པའི་ཕྱག་བཞེས་ཇི་ལྟ་བར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤར་མར་སྤེལ་བ་སརྦ་ས་ཏྭ་བཱ་གཱི་ཤྭ་ར་སིདྡྷི་རསྟུ།།

ces pa'ang grub chen pad+ma gar dbang gis mdzad pa'i sgrub rjes dang /__las tshogs yig rnying thor bu las bshad pa ltar cho ga'i chings sbyor tshul sogs bla ma dam pa'i phyag bzhes ji lta bar 'jam dbyangs mkhyen brtse'i dbang pos nyung gsal snying por dril ba'i tshul gyis shar mar spel ba sarba sa twa bA gI shwa ra sid+d+hi rastu

1 Texts in this Section (sde tshan or chos tshan)

[edit]
༄༅། །བོ་དོང་ལུགས་ཀྱི་དབྱངས་ཅན་མ་དམར་མོ་གསང་སྒྲུབ་ལྷ་ལྔའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་འཇིགས་བྲལ་དགྱེས་པའི་ལམ་སྲོལ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། སྲས་བཅས་རྒྱལ་ཀུན་སྐྱེད་པའི་ཡུམ། །རྡོ་རྗེ་སྒྲ་དབྱངས་ལྷ་མོ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །ཟབ་མོའི་གདམས་པ་ཅུང་ཟད་དབྱེ། འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་ག །ལས་སྦྱོར་གྱི་རིམ་པའོ། །དང་པོ་ནི། སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས་རྡོ་རྗེ་སྲུང་བའི་གུར་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་། གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། བདུད་རྩི་འོ་མའི་རྒྱ་མཚོ་ཆེན་པོ་ཀུན་ནས་འཁྱིལ་ཞིང་ནོར་བུ་སྣ་ཚོགས་ཀྱིས་བལྟམས་པའི་དབུས་ན། དཔག་བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་གཡུར་ཟ་ལྡེམ་པའི་ལྟེ་བར་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་དམར་ལ་དཀར་བའི་མདངས་ཆགས་པ་ཟེའུ་འབྲུ་དམར་སེར་དྲི་ངད་ཕྱོགས་བཅུར་འཕྲོ་བ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་གསལ་ཞིང་དྭངས་པའི་གདན་ལ། ཧྲཱིཾཿཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་ལ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ། དེ་ལས་འོད་ཟེར་ཚད་མེད་གཞལ་དུ་མེད་པ་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཧྲཱིཾཿཡིག་འབྲུ་གསུམ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། རང་སྐད་ཅིག་གིས་རྡོ་རྗེ་ལྷ་མོ་ངག་གི་དབང་ཕྱུག་རྗེ་བཙུན་དབྱངས་ཅན་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་བཞིའི་རྩ་ཕྱག་དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་པ། ལྷག་མ་གཉིས་ཀྱི་གཡོན་ན་རིན་པོ་ཆེའི་རྒྱུད་མངས་དཀུ་གཡོན་དུ་བརྟེན་ནས་འཛིན་པ་ལ། གཡས་པའི་སོར་མོས་དལ་གྱིས་རྡུང་ཞིང་སྒྱུར་བས་སངས་རྒྱས་ཐམས་ཅད་ཀུན་ནས་མཉེས་ཏེ་གསུང་དབྱངས་ཡན་ལག་རྒྱ་མཚོའི་སྒྲ་སྙན་འབྱུང་བ། ཞབས་གཉིས་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་པང་ན་ཡབ་བཅོམ་ལྡན་འདས་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞིའི་རྩ་ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། ལྷག་མ་གཉིས་ཀྱི་གཡས་ན་རལ་གྲི་འོད་ཟེར་དཔག་ཏུ་མེད་པ་འབར་བ་དང་། གཡོན་ན་ཨུཏྤལ་སྔོན་པོ་ཤིན་ཏུ་གསལ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ། གཉིས་ཀའང་སྐུ་བལྟ་བས་ཆོག་མི་ཤེས་པ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འོད་ཟེར་ཀུན་ཏུ་སྣང་བ་འཁྲུགས་པའི་དབུས་ན་བཞུགས་པ། དེའི་ཤར་གྱི་འདབ་མ་ལ་ཤེས་རབ་མ། ལྷོར་བློ་གྲོས་མ། ནུབ་ཏུ་དྲན་པ་མ། བྱང་དུ་ཡིད་གཞུང་མ་སྟེ་དེ་རྣམས་ཐམས་ཅད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རལ་གྲི་དང་། གཡོན་པད་དཀར་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་ཀུན་ནས་སྤྲས་ཤིང་ཡིད་དུ་འོང་བ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། གཙོ་འཁོར་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས། དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་གཙོ་འཁོར་ཐམས་ཅད་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་གྱུར། ཨོཾ་བཛྲ་སྭ་ར་སྭ་ཏཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། །རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །ཤེས་རབ་ལྷ་མོའི་སྐུར་སྟོན་མ། །དྲན་པས་བློ་གྲོས་མཆོག་སྩོལ་བའི། །རྡོ་རྗེ་དབྱངས་ཅན་མ་ལ་འདུད། །ཅེས་བསྟོད། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བ་ལ་ཧྲཱིཾཿཡིག་དཀར་ལ་དམར་བའི་མདངས་ཆགས་པ། དེའི་མཐར་སྔགས་ཕྲེང་ཁ་དོག་སྣ་ཚོགས་པ་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་རྡོ་རྗེ་དབྱངས་ཅན་མའི་གོ་འཕང་ལ་བཀོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་། བརྟན་གཡོའི་དྭངས་བཅུད་ཐམས་ཅད་འོད་ཟེར་དང་། ཧྲཱིཾཿཡིག་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས། རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དང་། མི་ཤེས་པའི་མུན་པ་ཐམས་ཅད་བསལ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཀྱི་སྣང་བ་རྒྱས། རྡོ་རྗེ་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་པར་གྱུར། ཨོཾ་ཨཱཿཧྲཱིཾཿཧཱུྃ་སྭཱ་ཧཱ། ཞེས་གཙོ་བོར་བཟླ། ཐུན་མཐར། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྡྷཱ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་ཝརྡྡྷཱ་ནི། དྷི་རི་དྷི་རི་བུདྡྷི་བརྡྷཱ་ནི་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླས་ལ་མཆོད་ཅིང་བསྟོད། འདོད་པའི་དོན་ལ་གསོལ་བ་གདབ། གཏོར་མ་འབུལ་བར་འདོད་ན་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས་སུ་བཤད་པ་ལྟར་འབུལ། ཡི་གེ་བརྒྱ་པ་དང་། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་མང་དུ་བཟླས་ལ་ནོངས་པ་བཟོད་པར་གསོལ། གནས་གསུམ་བསྲུང་། བསྔོ་སྨོན་ཤིས་བརྗོད་བྱའོ། །བསྙེན་པ་བྱེད་ན་རྩ་བའི་སྔག་འབུམ་ཕྲག་བདུན་དང་། ལས་སྦྱོར་གྱི་སྔགས་དེའི་བཅུ་ཆ་ཙམ་བཟླ། འདི་ཉིད་བླ་མེད་ཀྱི་ཕྱོགས་སུ་གཏོགས་ཀྱང་ཀུན་སྤྱོད་རྒྱུད་སྡེ་འོག་མ་ལྟར་ཁྲུས་དང་གཙང་སྦྲ་ལ་གནས་པར་བྱ་ཞིང་། ཐུན་མཚམས་ཀྱི་རྣལ་འབྱོར་སོགས་ཀྱང་དབྱངས་ཅན་མ་དཀར་མོའི་སྐབས་སུ་བཤད་པ་ལྟར་སྦྱར་ལ་ཉམས་སུ་བླང་ངོ་།། །།

གཉིས་པ་རྗེས་གནང་ནི། སྦྱོར་བའི་སྐབས་མཎྜལ་གྱི་འཁོར་ལོའི་སྟེང་དུ་འབྲས་དཀར་གྱི་ཕྱེ་མའི་ཚབ་སིནྡྷཱུ་རའི་ཕྱེ་མ་དར་ཚགས་ལ་དྲངས་པས་མནན་ཏེ་འཁོར་ལོའི་རི་མོ་དམར་སེར་གསལ་བར་བྱ། གཏོར་མའང་དམར་པོ་མཛད་པ་ཕྱག་ལེན་དུ་སྣང་། གཞན་འདྲ། དངོས་གཞི་བདག་མདུན་སྒྲུབ་ཚུལ་ལྷ་སྔགས་ཀྱི་ཁྱད་པར་མ་གཏོགས་ཆོ་གའི་ཆིངས་དབྱངས་ཅན་མ་དཀར་མོའི་སྐབས་ཇི་ལྟ་བ་དང་། རྗེས་གནང་གི་ཚེ་རས་དཀར་པོའི་སྟོད་གཡོགས་སོགས་ཆས་ཞུགས་མི་དགོས། གསུང་གི་རྗེས་གནང་ལ་བཟླས་ལུང་སྤྱི་འགྲེ་ལྟར་མཛད། གཞན་ལྷ་སྔགས་བརྗེ་བ་མ་གཏོགས་འདྲའོ།། །། གསུམ་པ་ལས་སྦྱོར་ལ་གསུམ། རྫས་ཀྱི་སྦྱོར་བ་དང་། འཕྲུལ་འཁོར་དང་། བུམ་པའི་ཆོ་གའོ། །དང་པོ་ནི། རྒྱལ་ཕུར་འགྲུབ་སྦྱོར་སོགས་གཟའ་སྐར་ཤིས་པའི་ཉིན་སིནྡྷཱུ་ར། ཤུ་དག་དཀར་པོ། ཡུང་བ། གི་ཧཾ། ཤིང་མངར་རྣམས་སོ་སོར་ཞིབ་ཏུ་བཏགས་པའི་ཕྱེ་མ་རིན་པོ་ཆེའི་སྣོད་དུ་དབུས་དང་ཕྱོགས་བཞིར་ཚོམ་བུ་བྱས་ལ་སྤུངས། དེ་རྣམས་ཀྱི་སྟེང་དུ་རྡོ་རྗེ་དབྱངས་ཅན་མ་གཙོ་འཁོར་སོ་སོར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་སྨན་གྱི་ཉེས་སྐྱོན་ཐམས་ཅད་སྦྱངས། ནུས་པ་མཆོག་ཏུ་བསྐྱེད་པར་བསམས་ལ་རྩ་སྔགས་ཅི་ནུས་བཟླ། མཐར་ལྷ་རྣམས་འོད་དུ་ཞུ་བ་སྨན་སོ་སོ་ལ་བསྟིམས་ནས་གཅིག་ཏུ་བསྲེས་ལ་སྦྲང་རྩི་དང་། བ་དམར་མོ་དང་། ར་དཀར་མོའི་འོ་མ་བཅས་སྦྱར་བས་རིལ་བུར་དྲིལ། སླར་ཡང་རིལ་བུ་ཉིད་ལྷར་བསྐྱེད་བསྟིམ་བཟླས་པ་བྱ་བ་དང་། དབྱངས་ཅན་མ་དཀར་མོའི་སྐབས་སུ་བཤད་པའི་རིལ་བུའི་སྔགས་རྣམས་ཀྱང་ཇི་ལྟར་རིགས་པ་བཟླས་ལ་ཚུལ་བཞིན་དུ་བསྒྲུབས་པ་ཉིད་ཐོ་རངས་ཀྱི་དུས་སུ་བསྟེན་པས་བཅུད་ལེན་གྱི་མཆོག་ཏུ་འགྱུར་པ་དང་། ཐོས་པ་འཛིན་པ་དང་། སྨྲ་མཁས་ཤིང་དབྱངས་སྙན་པ་སོགས་བློ་དང་ངག་གི་དངོས་གྲུབ་ལ་དབང་འབྱོར་པར་འགྱུར་རོ།། །། གཉིས་པ་རིག་པའི་འཕྲུལ་འཁོར་ནི། རང་ཉིད་ལྷའི་རྣལ་འབྱོར་དང་ལྡན་པས་གྲོ་གའམ་ཤོག་བུ་གཙང་མ་ལ་གུར་གུམ་དང་། གི་ཧཾ་སྦྱར་བའི་སྣག་ཚས་འཁོར་ལོ་མུ་ཁྱུད་རིམ་པ་ལྔ་ལྟེ་བ་དང་བཅས་པའི་དབུས་སུ་ཧྲཱིཾཿ དེའི་མཐར་རྩ་སྔགས་དང་ལས་སྔགས་ཀྱི་གཤམ་དུ། མ་མ་པྲཛྙཱ་ཛྙཱ་ན་པུཥྟིཾ་ཀུ་རུ་ཨོཾ་ཞེས་བྲི། མུ་ཁྱུད་དང་པོ་ལ་པདྨ་འདབ་མ་བཞི་པའི་དབུས་སུ་ཧྲཱིཾཿ མཐར་ཤར་དུ། ཨོཾ་པྲཛྙཱ་སྭཱ་ཧཱ། ལྷོར། ཨོཾ་མ་ཏཱི་སྭཱ་ཧཱ། ནུབ་ཏུ། ཨོཾ་སྨྲྀ་ཏཱི་སྭཱ་ཧཱ། བྱང་དུ། ཨོཾ་མེ་ངྷཱ་སྭཱ་ཧཱ། ཞེས་སོ་སོའི་མཐར་སྤེལ་ཚིག་སྦྱར་བས་བསྐོར། གཉིས་པ་ལ་དབྱངས། གསུམ་པ་ལ་གསལ་བྱེད། བཞི་པ་ལ་རྟེན་སྙིང་རྣམས་ཀྱི་མཐར་སྤེལ་ཚིག་སྦྱར་བ་སྟེ། ཐམས་ཅད་གཡས་སྐོར་དུ་བཀོད། ལྔ་པ་ལ་རྡོ་རྗེའི་ཕྲེང་བ་དང་། ཕྱི་རོལ་དུ་མེ་འབར་བས་ཁྱབ་པར་འབྲིའོ། །དེ་ནས་སྔགས་བཏབ་པའི་སིནྡྷཱུ་ར། གུར་གུམ། གི་ཧཾ་རྣམས་ཀྱིས་ཁྱབ་པར་བྱུགས། ཡིག་འབྲུ་རྣམས་ལྷ་མོ་འཁོར་བཅས་དང་། མིང་སྤེལ་བསྒྲུབ་བྱར་གསལ་གདབ་ལ་རབ་གནས་སྤྱི་ལྟར་བྱས་མཐར་ལྷ་རྣམས་ཡིག་འབྲུ་དང་། བསྒྲུབ་བྱའི་མིང་སྤེལ་དུ་བསྒྱུར་ལ་ཤིས་པ་བརྗོད། གྲུ་བཞིར་ལྟེ་བ་མཉམས་པར་བལྟ་བ། ཚོན་སྐུད་སྣ་ལྔས་དཀྲིས་ལ་མགུལ་ལམ་དཔུང་པར་བཏགས་ན་རིག་པའི་ལྷ་མོས་དུས་རྟག་ཏུ་བྱིན་གྱིས་རློབ་ཅིང་། ནད་དང་གནོད་པ་ལས་སྲུང་བ་དང་། ཕས་རྒོལ་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་ཤེས་རབ་ཐོབ་པར་འགྱུར་རོ།། །།

གསུམ་པ་བུམ་པ་སྒྲུབ་པའི་ཆོ་ག་ནི། བུམ་རྫས་ཉེར་ལྔ། བཟང་པོ་དྲུག །སིནྡྷཱུ་ར་རྣམས་སྦྱར་བའི་དྲི་ཞིམ་པོའི་ཆུས་བུམ་པ་དགང་ལ་མཎྜལ་གྱི་དབུས་སུ་བཞག །གཞན་ཡང་མཆོད་གཏོར་སོགས་ཚོགས་པར་བྱ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བུམ་ནང་ལྷ་མོ་གཙོ་འཁོར་ལྔ་བསྐྱེད་ལ་ཆོ་ག་སྤྱི་དང་མཐུན་པས་ཞག་བདུན་སོགས་སུ་ཐུན་དུ་བཅད་ལ་བསྒྲུབ། མཐར་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བའི་ཆུ་བདུད་རྩིར་བསམས་ལ་རང་གཞན་གྱི་དོན་བྱས་པས། ཤེས་རབ་འགྲིབ་བའི་གེགས་སེལ་དང་། རྣོ་མྱུར་ཟབ་ཅིང་རྒྱ་ཆེ་བའི་ཤེས་རབ་འཕེལ་བའི་བོགས་འདོན་དུ་འགྱུར་བར་གསུངས་ཤིང་། གཞན་ཡང་སྦྱིན་སྲེག་དང་། གེགས་སེལ་སྤོགས་ཆོག་སོགས་ཀྱང་དབྱངས་ཅན་མ་དཀར་མོའི་སྐབས་སུ་བཤད་པ་རྣམས་འདིར་ཡང་སྦྱར་དུ་རུང་བར་གསུངས་སོ། །རྡོ༷་རྗེ༷་དབྱང༷ས་ཅ༷ན་སྒྲུབ༷་པའི་ཐབ༷ས། །འཇིག༷ས་བྲལ༷་སློབ་དཔོན་རབ་དགྱེས་པ༷འི། །ལ༷མ་སྲོལ༷་བདུད་རྩིའི་ཟླ་སྣང་གིས། །ས་གསུམ་ཤིས་པ་སྦྱིན་གྱུར་ཅིག །ཅེས་པའང་གྲུབ་ཆེན་པདྨ་གར་དབང་གིས་མཛད་པའི་སྒྲུབ་རྗེས་དང་། ལས་ཚོགས་ཡིག་རྙིང་ཐོར་བུ་ལས་བཤད་པ་ལྟར་ཆོ་གའི་ཆིངས་སྦྱོར་ཚུལ་སོགས་བླ་མ་དམ་པའི་ཕྱག་བཞེས་ཇི་ལྟ་བར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤར་མར་སྤེལ་བ་སརྦ་ས་ཏྭ་བཱ་གཱི་ཤྭ་ར་སིདྡྷི་རསྟུ།། །། ༈

Footnotes

Other Information